བོད་ཀྱི་རྩོམ་རིག་གི་ཁ་ཕྱོགས་དང་གཞུང་ལུགས།

ཡོང་ཁུངས་Wikipedia

[ཝཱ་ཎ་རིག་རླབས་རྩོམ་རིག་ཟབ་སྦྱོང་སྐབས་ཀྱི་གཏན་བཤད་ཟིན་བྲིས] (2014.9.19)


བེ་རི་འཇིགས་མེད་དབང་རྒྱལ།

བོད་བཙན་པོའི་དུས་རབས་སྐབས་ཀྱི་རྩོམ་རིག་གི་ཁ་ཕྱོགས་དང་གཞུང་ལུགས།

རྩོམ་རིག་ནི་མིའི་བསམ་བློའི་ཁ་ཕྱོགས་ཀྱི་རླུང་རླབས་དང་འགྲོགས་པའི་དར་ཆེན་ནང་བཞིན་ཡིན་ལ། མིའི་བསམ་བློ་ནི་སྤྱི་ཚོགས་ཁོར་ཡུག་གི་དྲག་ཆར་རླུང་འཚུབ་དང་འགྲོགས་པའི་ཚོར་སྙེགས་སྐྱུར་མོ་ཞིག་ཡིན་ཟེར་ན་འགྲིགས། གདོད་མའི་སྤྱི་ཚོགས་ནས་བོད་བཙན་པོའི་དུས་རབས་བར་གྱི་སྤྱི་ཚོགས་ཁོར་ཡུག་གི་འགྱུར་འགྲོས་སྤྱི་དང་། ལྷག་དོན་མེས་དབོན་བཙན་པོ་ཚོས་ས་ཁྱོན་གཅིག་གྱུར་དང་སྟོབས་ཤུགས་གཅིག་གྱུར་གྱི་ནུས་པའི་མགོ་འཛུགས་བྱས་པ་ནས་བཟུང་། མཐོ་སྒང་གངས་རིའི་དབུ་རྩེ་ན་སྐྱེས་ཤིང་འཚོ་བའི་མི་རིགས་འདིའི་སྤྱི་ཚོགས་འཚོ་བའི་ཁྲོད། འབུར་དུ་ཐོན་པའི་ཁ་ཕྱོགས་ཀྱི་ཀྱོག་མཚམས་ནི། ཐོབ་ཤོར་དང་འཐབ་རྩོད། དམག་དོན་དང་ཆབ་སྲིད། དཔྱ་ཁྲལ་དང་ཁྲིམས་ལུགས། སྨན་བཅོས་དང་རིམ་གྲོ་བཅས་ཀྱིས་བསྡུས་ཡོད། སངས་རྒྱས་ཆོས་གཞུང་བོད་ལ་དཔེར་འདྲེན་བྱས་པ་ནས་བཟུང་། ནང་ཆོས་གཞུང་ལུགས་ཀྱི་ལྟ་གྲུབ་ཀྱང་སྤྱི་ཚོགས་དེའི་ཁ་ཕྱོགས་ཀྱི་ཆ་ལག་གལ་ཆེ་ཞིག་ཏུ་གྱུར་ཏེ། སྤྱི་ལོ་མ་ཚུགས་གོང་ལོ་བརྒྱ་ཕྲག་ལྷག་ནས་བཟུང་སྤྱི་ལོ་དུས་རབས་བཅུ་པའི་བར་དུ་བོད་ཀྱི་རྩོམ་རིག་གི་བརྗོད་གཞིའི་ཁ་ཕྱོགས་ནི། གོང་དུ་བྱས་པ་ལྟར་གྱི་ཐོབ་ཤོར་དང་འཐབ་རྩོད། དམག་དོན་དང་རྒྱལ་སྲུང་། ཆབ་སྲིད་དང་དཔལ་འབྱོར། འཛུགས་སྐྲུན་དང་ཡར་རྒྱས། དཔྱ་ཁྲལ་དང་ཁྲིམས་སྒྲིགས། སྐད་ཡིག་དང་རིག་གཞུང་། ཆོས་ལུགས་དང་ལྟ་གྲུབ་བཅས་ཀྱིས་བསྡུས་ཡོད། དེ་ནི་བོད་ཙམ་མ་ཡིན་པར་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་དུ་མའི་རྩོམ་རིག་གི་བརྗོད་གཞིའི་ཁ་ཕྱོགས་བྱུང་རིམ་ཡང་དེ་དང་ཕྱོགས་མཐུན་པ་ཡིན། བོད་བཙན་པོའི་དུས་སྐབས་ཀྱི་རྩོམ་རིག་སྒྱུ་རྩལ་དང་ཚིག་སྦྱོར་ཉམས་འགྱུར་ཐོག་ནས་ཞུས་ན། འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་གཞན་དང་འདྲ་བར། ཟློས་གར་དང་གླུ་གཞས་ལས་མང་ཚོགས་ཀྱི་སེམས་ཁམས་ལ་དགའ་སྐྱོ་ཁྲོ་ཆགས་ཀྱི་བག་ཆགས་མི་འདྲ་བ་དུ་མ་སྐྲུན་པའི་ནུས་པ་ལྡན་པ་དེ་ཉིད་དང་སྙན་ངག་གི་བར་དུ་ཁྱད་པར་འབྱེད་པའི་ལྟ་གྲུབ་མེད་པས་ངོ་བོ་གཅིག་ཉིད་དུ་འཛིན་ཏེ། བསྐལ་པ་ཡར་ཐོག་གི་སྐབས་སུ་ཤོན་དང་བྲོ་གར་གླུ་དང་འགྲོགས་ནས་འཁྲབ་པའི་སྲོལ་རྒྱ་ཆེར་དར་བ་དེ་ག་རང་ལ་སྙན་ངག་གི་ངོས་འཛིན་བྱས། དུས་ཕྱིས་ལུས་ཀྱི་རྣམ་འགྱུར་དང་སྒྱུ་རྩལ་ལ་གར་དང་། ངག་གི་རྣམ་འགྱུར་ལས་འཕྲོས་པའི་འགྱུར་ཁུག་གི་སྒྱུ་རྩལ་དམིགས་བསལ་བ་ལ་མགུར་གྱི་ཐ་སྙད་སྦྱར་ནས་ནང་བསྲེས་ཀྱི་དབྱེ་བ་ཕྱེས། འགྱུར་ཁུག་གི་སྒྱུ་རྩལ་དམིགས་བསལ་བ་དེ་ལ་ཡང་ཚིག་དོན་གྱི་སྒྱུ་རྩལ་དམིགས་བསལ་ལྡན་མིན་གྱི་སྒོ་ནས་གླུ་དབྱངས་ཙམ་དང་མགུར་གླུའི་ཁྱད་པར་ཕྱེས་ཏེ། སྔ་མ་གདངས་ཀྱི་སྙན་ཆ་ཙམ་དང་ཕྱི་མ་སྙན་ངག་གི་རྨང་གཞི་ངོས་འཛིན་ཐུབ་པ་ནས་ཟློས་གར་དང་སྙན་ངག་བར་གྱི་ཁྱད་པར་ཕྱེས་པར་མ་ཟད། དབྱངས་ཀྱི་འགྱུར་ཁུག་ཙམ་གྱི་གླུ་དབྱངས་དང་མགུར་གླུའི་བར་གྱི་ཁྱད་པ་ཕྱེས་ནས། རིམ་གྱིས་གོང་དཔོན་པོའི་ཁྲིམས་ར་ནས་དམན་བུ་མོའི་འཕང་ར་བར་དུ་མགུར་དང་སྙན་ངག་གི་རྣམ་པ་གཉིས་ཉ་འདྲེས་ཆུ་འདྲེས་བྱས་ནས་སླེབས་པ་མ་ཟད། དར་སྲོལ་ཡང་ཧ་ཅང་ཆེ་བ་བྱུང་། དར་སྲོལ་ཆེ་བ་དེ་ཡང་མང་ཚོགས་ཀྱིས་སེམས་ཁོང་ནས་འཕྱུར་བའི་ཚོར་བའི་རླབས་རིས་གསོན་པོ་དེ་ཡིན་པས་མང་ཚོགས་ཀྱིས་མགུར་ལ་ཆེས་ཕུལ་དུ་བྱུང་བའི་རིན་ཐང་གཞལ། དུས་རབས་དེའི་མིང་ཚིག་ཐ་སྙད་དང་དག་ཆ་སྡེབ་སྦྱོར་སྒྲིག་སྟངས། ཚིག་རྒྱན་སྤྲས་སྟངས་གང་ཐད་ནས། བྲམ་ཟེ་ལྟག་སྤུ་ཅན་ཚོའི་ལེགས་སྦྱར་གྱི་ཁ་རླངས་མ་ཕོག་པའི་སྐབས་ཡིན་པས། མི་རིགས་རང་གི་བརྗོད་པ་ངག་ལ་ལྷན་སྐྱེས་སུ་གནས་པའི་སྒྲ་དབྱངས་ཀྱི་འགྱུར་ཁུག་དེ་ག་རང་མགུར་དབྱངས་ཀྱི་མ་ལག་དང་སྲོག་ཤིང་བྱས་པས། སྟབས་བདེ་ལ་ལས་སླ་བ། བརྗོད་པ་དེ་ལ་གོ་སླ་བ། ཚིག་སྦྱོར་རྒྱས་སྤྲས་ཀྱི་མཐའ་ལ་མ་ལྷུང་བས་ཞྭ་མོ་ལས་ཏོག་གིས་ཆེ་བ་དང་། ཁུར་པོ་ལས་ཐག་པ་ལྕི་བ་ལྟ་བུའི་ཚིག་རྒྱན་སྙོག་གྲ་ཅན་དེ་ཚོ་མེད་པ་དང་། གང་ཞིག་ཚིག་རྒྱན་དུ་སོང་བ་དེ་ཀུན་མི་རིགས་རང་གི་བརྗོད་པ་ངག་ལ་ཧ་ཅང་བྱང་པའི་ངག་གི་སྒྱུ་རྩལ་བ་ཚོའི་དབྱངས་ཀྱི་འགྱུར་ཁུག་ནས་རང་བཞིན་གྱིས་འབྱུང་བ་མ་གཏོགས་མི་རིགས་གཞན་གྱི་གཞུང་ལུགས་ནས་བཏུས་ཏེ་བཙན་སྒྲིག་བྱས་པའི་དྲི་མ་མེད་སྟབས། ཚིག་རྒྱན་གྱི་སྤྲོས་པ་ཇི་ཙམ་ལྡན་ནའང་ཆེས་གསོན་ཉམས་ལྡན་པའི་ཆ་ལག་ཏུ་འགྱུར་བ་ལས་བརྗོད་དཀའ་བ་དང་མགོ་རྙོག་པ། གོ་དཀའ་བ་དང་ཚིག་རྙོག་པའི་ཞན་ཆ་དེ་རིགས་མེད། ལོ་རྒྱུས་ཐོག་མི་རིགས་གཞན་གྱི་སྐད་ཡིག་འོག་ཏུ་འཛུལ་དགོས་མ་བྱུང་བ་དང་སྐད་ཡིག་གཞན་གྱི་བཙན་འཛུལ་མ་ཐེབས་པའི་རྒྱ་ཡིག་ཐོག་ཏུ་ཡོད་པའི་ཟའོ་དང་ཐང་གི་སྙན་ངག་ཕལ་ཆེ་བ་གོ་བདེ་བ་དང་། དོན་ལ་འབྱོར་བས་རྒྱ་ཆེར་མང་ཚོགས་ཀྱི་དགའ་བསུ་ཐོབ། སྙན་ངག་མཁན་པོ་གང་ཞིག་གིས་ཚིགས་བཅད་གཅིག་ཙམ་མ་གཏོགས་བྲིས་མེད་ནའང་ཚིགས་བཅད་དེ་ད་ལྟའི་བར་སྤྱི་ཚོགས་ཀྱི་སྣང་བརྙན་གསལ་བའི་མེ་ལོང་དང་། མི་རབས་ཕྱི་མ་ཚོའི་ལམ་སྟོན་གསལ་བའི་སྒྲོན་མེ་ནང་བཞིན་འཚེར་བཞིན་པའི་རྒྱུ་མཚན་ཡང་དེ་ལ་ཐུག་ཡོད། མདོར་བསྡུས་ནས་ཞུ་ན་བོད་བཙན་པོའི་སྐབས་ཀྱི་རྩོམ་རིག་ནི། མི་རིགས་གཞན་གྱི་ཁ་རླངས་ཀྱི་གྲིབ་ནག་མ་ཕོག་པའི་མེས་པོ་ཚོའི་ལྷན་སྐྱེས་ངག་གི་འདུ་བྱེད་ཁོ་ན་ལས་བྱུང་བས། འགྱུར་ཁུག་གི་དབྱངས་རྟ་སྙན་པ། ཚིག་གི་རྒྱན་ཆ་དོན་དང་འཚམས་པ། དོན་གྱི་བརྗོད་གཞི་སྤྱི་ཚོགས་ཚོར་བའི་བབ་དང་མཐུན་པས། བོད་ཀྱི་རྩོམ་རིག་ཉམས་ཞིབ་གནང་མཁན་ཚོར་ནམ་ཡང་ཡིད་སྨོན་འཆོར་དགོས་པའི་རྩོམ་རིག་ནི་བོད་ཀྱི་གདོད་མའི་རྩོམ་རིག་གམ་བོད་བཙན་པོའི་དུས་རབས་སྐབས་ཀྱི་རྩོམ་རིག་རྣམས་ཡིན། མི་རིགས་འདིས་སྐད་ཡིག་གཞན་གྱི་རྩོམ་སྲོལ་ལ་འགྲམ་ཆུ་མ་ལྡང་བ་ནས་བཟུང་། རང་སྐད་རང་སྐྱོང་གིས་མི་རིགས་རང་ཉིད་ཀྱི་བརྗོད་པ་ངག་གི་རང་བཞིན་ལ་རང་ཆས་སུ་གནས་པའི་སྙན་ངག་དང་མགུར་གླུའི་བཞུར་རྒྱུན་དེ་ཉིད་མུ་མཐུད་ཡོད་ན། རྩོམ་རིག་དང་མི་རིགས་གཉིས་ཆུ་དང་འོ་མ་ནང་བཞིན་འདྲེས་ཏེ་ཐང་གི་སྙན་ངག་ཚོ་ལ་རྒྱ་མིས་རིན་ཐང་ཇི་ཙམ་སྤྲོད་བཞིན་པ་དེ་ཙམ་ཞིག་བོད་པས་ཀྱང་སྤྲོད་ངེས།


བོད་སིལ་བུའི་དུས་རབས་སྐབས་ཀྱི་རྩོམ་རིག་གི་ཁ་ཕྱོགས་དང་གཞུང་ལུགས།

བོད་སིལ་བུའི་སྐབས་ཀྱི་རྩོམ་གཞུང་དང་རྩོམ་རིག་གི་ཁ་ཕྱོགས་ནི། དུས་རབས་བཅུ་གཅིག་པ་ནས་བོད་ཀྱི་སྐད་བསྒྱུར་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་ཀྱིས་རྒྱ་བལ་ལི་གསུམ་ལ་མཆོངས་ཏེ། སྐད་བསྒྱུར་ཡིག་བསྒྱུར་འདྲ་མིན་བྱས་པའི་ཤན་ཤུགས་ཀྱིས། སྐད་ཡིག་དང་རྩོམ་རིག་ལའང་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ཏེ། རྒྱ་གར་བའི་སྡེབ་སྦྱོར་རིན་ཆེན་རྒྱ་མཚོའི་ལྕགས་དྲ་ནང་། མེས་པོའི་ལྷན་སྐྱེས་ཀྱི་མགུར་དབྱངས་རེ་རེ་བཞིན་རྒྱ་སྟག་བཞིན་བཅུག་ཏེ་འཛུམ་དྲུག་དང་སྦར་ཁྱིམ་གྱི་རང་དབང་ཡོངས་སུ་ཤོར་ཏེ་གྲག་འགུལ་མེད་པའི་རྒྱ་བཏབ། བོད་དབུས་སྟོད་ཕྱོགས་ཀྱི་ལུང་ཚན་མི་དཔོན་ཁག་གིས་ནི། ཆོས་ལུགས་དང་བླ་མའི་གཟི་བརྗིད་ལ་བརྟེན་ནས་རང་རང་གི་སྟོབས་ཤུགས་འབྱུང་ཐབས་བྱས། ཡུལ་གྱི་དབང་ཆ་ཕལ་ཆེ་བ་བླ་ཆེན་རྣམ་པས་བཟུང་། ཆོས་ཚན་དང་མན་ངག་ཇི་ཙམ་མང་བར་མཁས་པའི་ཚད་དུ་བྱས། བོད་ཀྱི་གསེར་དངུལ་ཕལ་མོ་ཆེ་བསྡུས་ཏེ་རྒྱ་གར་ལ་བསྐྱལ། ལུང་དང་མན་ངག་འཚོལ་བར་འགྲན་བསྡུར་བྱས་ཏེ་བོད་ལ་ཆོས་བརྒྱུད་མི་འདྲ་བ་ཁག་དུ་མར་བྱུང་ཞིང་། དེ་དག་གི་བར་དུ་ང་གཉན་ཁོ་ཟབ་ཀྱིས་རིས་སུ་བཅད་པའི་འཁྲུག་ཟིང་ལུ་གུར་བརྒྱུད་དེ་འཕེལ། སྒྲ་བསྒྱུར་མར་པ་ལོ་ཙཱ་བ་དང་མི་ལ་བཞད་པའི་རྡོ་རྗེ་སོགས་བཀའ་བརྒྱུད་སྐྱེས་ཆེན་གསེར་རིའི་ཕྲེང་བ་ལྟར་བྱོན་པ་དེ་ཚོའི་བཀའ་དྲིན་ལས། བོད་བཙན་པོའི་དུས་སྐབས་ཀྱི་མགུར་རྩོམ་རིག་པའི་ཚེ་སྲོག་བསྐྱར་གསོ་བྱས་པའི་རྒྱུད་རིམ་དང་། བྲམ་ཟེ་ལྟག་སྤུ་ཅན་གྱི་ཚིག་སྡེབ་རྡོ་ཆག་ལྷུ་སྒྲིག་གི་དཔེ་ལྟར་བོད་སྐད་དུ་སྦྱོར་པའི་རྩོམ་སྲོལ་གཉིས་ཀ་ཉ་གཤིབ་ཆུ་གཤིབ་བྱས་ནས་དར་མགོ་ཚུགས། བོད་བཙན་པོའི་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ཆག །ཆོས་ཁྲིམས་དར་གྱི་མདུད་པ་ཞིག་པའི་དུས་རབས་དེར། རིམ་གྱིས་རྒྱལ་ཁབ་གཞན་གྱི་བསམ་བློ་དང་དམག་ཤུགས་ཀྱི་བཙན་འཛུལ་འོག །བོད་རིགས་འབུམ་ཕྲག་དུ་མའི་ཚེ་སྲོག་ལ་གད་ཆག་བྱས། དགོན་སྡེ་བརྒྱ་ཕྲག་དུ་མ་གཏོར་བཤིགས་ཐེབས་པའི་འོག །ཆབ་སྲིད་དང་དམག་དོན། དཔྱ་ཁྲལ་དང་ཁྲིམས་ཡིག དཔལ་འབྱོར་དང་འཛུགས་སྐྲུན་བཅས་བཤད་པའི་ཁོར་ཡུག་མེད་པས། སྐབས་དེའི་རྩོམ་རིག་གི་ཁ་ཕྱོགས་ནི་ལྷ་ཆོས་ཀྱི་ཕན་ཡོན་དང་མི་ཆོས་ཀྱི་ཉེས་དམིགས། འཇིག་རྟེན་བློས་བཏང་དང་ཕྱི་མའི་ཕུགས་རེ། རྣམ་དཀར་དགེ་སྒྲུབ་དང་ཆོས་ལུགས་ལྟ་གྲུབ། ལྷ་བླའི་བསྟོད་ཚོགས་དང་རང་ལྟ་དྲིལ་སྒྲོག་བཅས་ཡིན། ཚིག་སྦྱོར་གྱི་ཐད་ནས་བཤད་ན་རྗེ་མི་ལ་ནས་བཟུང་། དཔེ་དོན་མཚུངས་སྦྱོར་གྱི་སྒྱུ་རྩལ་ཐད་བཙན་པོའི་དུས་རབས་ལས་མདུན་མཆོངས་ཆེན་པོའི་སྒོ་ནས་སྔོན་ཐོན་བྱས་ཡོད། གཞན་ཇོ་བོ་བཀའ་གདམས་པ་ཚོས་ནི་གཞུང་ཆེན་པོའི་དགོངས་དོན་རྣམས་རྒྱ་གར་གྱི་ཚིག་སྒྲོས་ནང་འཇུག་ནས་འབྲི་ཐབས་གཙོ་བོར་སྤྱོད་ཀྱང་ཚིག་སྦྱོར་གྱི་སྒྱུ་རྩལ་ཐད་ནས་དེ་ཙམ་ཡར་རྒྱས་སོང་བའི་སྐབས་མིན།

བོད་བླ་མའི་དུས་རབས་སྐབས་ཀྱི་རྩོམ་རིག་གི་ཁ་ཕྱོགས་དང་གཞུང་ལུགས། བོད་བླ་མའི་དུས་རབས་ཀྱི་རྩོམ་རིག་གི་གཞུང་ལུགས་དང་ཁ་ཕྱོགས་ནི། འཇམ་མགོན་ས་པཎ་གྱིས་རྒྱ་གར་པའི་རྩོམ་རིག་གི་སྒྲོམ་གཞི་ལ་ཁུངས་བཅོལ་ཏེ། ལུས་རྒྱན་སྲོག་གསུམ་གྱི་བདག་ཉིད་ལ་ལམ་རྣམ་པར་ཕྱེ་བ་ནས་མཇུག་སྐྱོན་སེལ་བར་གྱི་གཞུང་ལུགས་སུ་བཅོས་པའི་བསྟན་བཅོས་མེ་ལོང་མ་བལྟས་ནས། འཆད་རྩོད་རྩོམ་གསུམ་མཁས་པ་ལ་འཇུག་པའི་སྒོ་མཛད། འགྲོ་མགོན་འཕགས་པའི་བཀའ་བསྒོས་ལྟར་ཤོང་ལོས་མེ་ལོང་མ་བོད་བསྒྱུར་བྱས། དཔང་ལོས་འགྱུར་བཅོས་དང་ཊིཀྐ་མཛད་དེ་འཆད་ཉན་གྱི་གཏན་ལ་ཕབ་པ་ནས་བཟུང་། བོད་ཀྱི་མཁས་པ་སྤྱིའི་རྩོམ་རིག་གི་ཁ་ཕྱོགས་ལ་དབྱར་དགུན་བརྗེས་པ་ལྟ་བུའི་འགྱུར་བ་ཆེན་པོ་ཐེབས། དེ་ནས་དགའ་ལྡན་ཕོ་བྲང་པའི་བར་འཕེལ་རྒྱས་ཀྱི་རང་བཞིན་ཇི་ཙམ་སོང་ན་ཡང་རྣམ་པར་འགྱུར་པའི་འཕེལ་རིམ་གསར་པ་ཞིག་ནི་སུས་ཀྱང་གསར་བསྐྲུན་བྱས་མེད། སྐབས་དེའི་རིང་གི་རྩོམ་གྱི་བརྗོད་གཞིའི་ཁ་ཕྱོགས་ནི། ནང་ཆོས་ཏེ་དེའི་ཆ་ལག་ཏུ་གཏོགས་པའི་ཚིག་འགྲེལ་དང་དོན་འགྲེལ། སྤྱི་དོན་དང་མཐའ་དཔྱད། བསྟོད་ཚོགས་དང་རྣམ་ཐར། ཆོ་ག་དང་ཕྱག་ལས། དགག་སྒྲུབ་དང་རྩོད་གླེང་། དེ་ལས་གཞན་སྨན་རྩིས་དང་གཏན་ཚིགས་ལྟ་བུ་ལས་གཞན་ཕལ་ཆེ་བ་ཞིག་ནང་དོན་རིག་པའི་ཁྱབ་ཁོངས་སུ་གཏོགས། ཚིགས་སྦྱོར་གྱི་ཆ་ནས་བཤད་ན་རྒྱ་གར་བའི་སྙན་གཞུང་ལ་གཞི་བཅོལ་ནས་ཚིག་རྒྱན་རྣམ་གྲངས་ཧ་ཅང་མང་ཞིང་། སྦྱོར་ཚུལ་གྱི་འཇུག་པ་ཤིན་ཏུ་དོག་པའི་ལྷུ་ལག་སྒྲིག་དགོས་པས། ཆེད་དུ་སྦྱངས་པའི་སྙན་ངག་ཤེས་མཁན་ཞིག་ཡིན་ན་མ་གཏོགས། མི་རང་དགའ་བས་གོ་བ་ལེན་མི་ཐུབ། ཇི་ཙམ་གོ་དཀའ་བ་དེ་ཙམ་གྱིས་སྙན་ངག་གི་ཚད་གཞི་འཐོན་པོ་དང་རྩོམ་པ་པོ་མཁས་པའི་གྲས་ལ་འཇོག་པས། རྒྱ་ཆེར་མང་ཚོགས་ཀྱི་བསམ་བློའི་ཆུ་ཚོད་དང་སྙན་ངག་དབར་ཁ་བསུམ་ཐབས་མེད་པའི་བར་སྟོང་ཇེ་ཆེར་སོང་སྟེ། རྒྱ་ཆེར་མང་ཚོགས་ཀྱི་ཁྲོད་དུ་སྙན་ངག་ལྐུགས་པའི་ལོག་སྐད་ཡིན་ཞེས་པའི་ཁ་རྒྱུན་དང་གཏན་དཔེ་དེ་བྱུང་། བོད་ཀྱི་རྩོམ་རིག་གི་གཞུང་ལུགས་དང་ཁ་ཕྱོགས་མདོ་བསྡུས་སུ་བཀོད་པ་འདི་ནི་མཛུབ་མོ་རི་བསྟན་གྱི་ཚུལ་དུ་ཟིན་བྲིས་ཙམ་ཞིག་ལགས་སྟེ། ཞིབ་ཕྲ་ངག་ཐོག་ནས་ཞུ་ཆོག་པ་མཁྱེན། ཞུ་དག་བཟོ་ལོང་མ་བྱུང་བར་དགོངས་སེལ་ཞུ།་བེ་རི་འཇིགས་མེད་དབང་རྒྱལ་བས། ༢༠༡༤ ༩ ༡༨