Jump to content

བོད་ཀྱི་མཛངས་མའི་འགྲན་བསྡུར་ལ་ཕུལ་བའི་ཚིག་ཁ་གཉིས།

ཡོང་ཁུངས་Wikipedia

__བེ་རི་འཇིགས་མེད་དབང་རྒྱལ།

བོད་ཀྱི་མཛངས་མའི་འགྲན་བསྡུར་ནི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པ་ཞིག་ཡིན། ཡ་རབས་དང་བཟང་སྤྱོད་ལ་དགའ་བའི་མི་རིགས་འདིས་ཡ་རབས་དང་བཟང་སྤྱོད་ཀྱི་ས་མཚམས་དང་ཚོད་ཐིགས་ག་འདྲ་ཞིག་ལ་བཞག་གི་ཡོད་དམ། མཛེས་པའི་རྣམ་འགྱུར་དང་། སྒེག་པའི་ཉམས་འགྱུར། ལང་ཚོའི་དཔལ་ཡོན། འདོད་པའི་ཟུར་མིག །ལུས་ཀྱི་སྟངས་སྟབས། ངག་གི་འགྱུར་ཁུག །ཡིད་ཀྱི་དུངས་པ། འདི་དག་ཡ་རབས་ཀྱི་ཚེ་སྲོག་དང་། བཟང་སྤྱོད་ཀྱི་རྣམ་ཤེས་ལ་ཁྲམ་རིས་འདེབས་བྱེད་ཀྱི་མཚོན་ཆ་ཡིན་ནམ། ཡང་ན་མི་རིགས་ཤིག་གི་ཆོས་འདོད་ཐར་ནོར་བཞིའི་ཆ་ལག་ཏུ་གཏོགས་པའི་རིག་གཞུང་ཞིག་ཡིན། དྲི་བ་འདིས་མཚམས་སྦྱོར་བྱས་ནས་སྐྱེས་བུའི་ལུས་ཀྱི་རྣམ་འགྱུར་དང་། ངག་གི་འགྱུར་ཁུག །ཡིད་ཀྱི་དྲན་ཁ་གསུམ་ཀ་མི་རིགས་ཀྱི་ཚེ་སྲོག་དང་འབྲེལ་བའི་སྒྱུ་རྩལ་གྱི་ཆ་ལག་རྩ་ཆེ་ཞིག་ཡིན་པ་དེ། དངོས་ཡོད་ར་སྤྲོད་དང་། ལོ་རྒྱུས་རྒྱབ་ལྗོངས་སུ་བྱས་ནས་དྲིས་ལན་དོན་ཕྲན་གཉིས་ཞུ་འདོད་བྱུང་།

གཅིག།

རྒྱལ་པོ་ལ་དཔོན་པའི་ཉམས་དང་དམག་དཔོན་ལ་དཔའ་བའི་ཉམས། འབྱོར་ལྡན་པ་ཕྱུག་པོའི་ཉམས་དང་དབུལ་པོ་ལ་འཕོང་པའི་ཉམས། བླ་མ་ལ་བྱམས་པའི་ཉམས་དང་བཙུན་པ་ལ་ངེས་འབྱུང་གི་ཉམས། སྔགས་པ་ལ་རྟོགས་པའི་ཉམས་དང་རྟོགས་ལྡན་ལ་གྲུབ་པའི་ཉམས། མཛེས་མ་ལ་སྒེག་པའི་ཉམས་དང་སྐྱེས་པ་ལ་ཕོ་ཡི་ཉམས་ཏེ། མདོ་བསྟན་བཅོས་དང་འཇིག་རྟེན་ལུགས་ཀྱི་བསྟན་བཅོས་གཉིས་ཀའི་ནང་དུ། ཉམས་ཀྱི་ཆ་འདི་དག་རིག་པའི་གནས་སུ་བགྲངས་ནས་གསུངས་ཤིང་། རིག་པའི་གནས་དེ་དང་འབྲེལ་བའི་ཆ་ལུགས་གོས་སྟབས་དང་། འགྲོ་འདུག་སྤྱོད་གསུམ། ཟ་ཉལ་གཏོང་གསུམ་གྱིས་མཚོན་པའི་ཉམས་འགྱུར་རེ་རེ་བཞིན། མི་རིགས་རང་རང་གི་རྣམ་པ་མཚོན་བྱེད་དུ་བགྲང་རུང་བས། དེས་ན་གོང་གསལ་ཉམས་དེ་དག་མི་རིགས་ཤིག་ལ་དགོས་ན་དགོས་མཉམ་དང་འདོར་ན་འདོར་མཉམ་ཞུ་རྒྱུ་ལས། ཡ་རབས་དང་བཟང་སྤྱོད་ཀྱི་དར་ཆ་འཕྱར་ནས་རིག་གཞུང་གི་ཆ་ལག་ཅིག་རྡུང་བརྡེག་གཏོང་ན་འོས་ཤིང་འཚམ་པ་ཞིག་མ་རེད། འཛམ་གླིང་ཤར་ནུབ་གང་སར་ཆེས་སྙན་པའི་སྐད་གྲགས་འབར་དང་འབར་བཞིན་པའི་ “ཧོ་ལི་ཝོ་ཊི” གློག་བརྙན་འཁྲབ་སྟོན་དང་། “གྱོན་ཆས་ཁྱབ་བསྒྲགས་ཀྱི་འཁྲབ་སྟོན་” ནང་གི་བུད་མེད་བརླ་ཤ་དང་ནུ་ཤ་བརྗེན་པར་བསྟན་མཁན་དེ་དག །མཛེས་པའི་ཉམས་དང་སྒེག་པའི་སྒྱུ་རྩལ་གྱི་ཆེ་བ་བསྟན་སྟངས་དང་། ལང་ཚོའི་རིན་ཐང་རྣམ་པར་མངོན་པའི་སྒྱུ་རྩལ་གྱི་ཆ་ལག་བྱེ་བྲག་པ་ཞིག་འབུར་དུ་བཏོན་པས། གློག་བརྙན་དེ་དག་ཀྱང་རིན་ཐང་ལྡན་པའི་ལྟད་མོའི་རྣམ་གྲངས་ཤིག་ཆགས་པ་རེད། དོན་དངོས་ཐོག་འཁྲབ་སྟོན་པ་དེ་དག་སྐུ་སྤྱོད་ཐོག་ཕུལ་བྱུང་དྭངས་གཙང་གི་ཡར་ཐོན་ཅན་ཁོ་ན་ལས། བྱ་སྤྱད་ཐ་ཤལ་སྤེལ་མཁན་ཡ་རབས་བཟང་སྤྱོད་ཀྱི་ཚེ་སྲོག་ལ་རྨ་ཁ་བཟོ་མཁན་ཀུན་སྤྱོད་ཀྱི་ཉེས་ཅན་པ་དེ་འདྲ་མ་རེད། ཐུགས་ཡིད་མ་ཆེས་ན་དེ་ཚོའི་ལོ་རྒྱུས་རེ་རེ་བཞིན་དྲྭ་རྒྱ་ལ་གཟིགས། དེས་ན་མི་རིགས་ཤིག་གི་མཛེས་མཛངས་སྒེག་ཉམས་དང་། དེ་འབྲེལ་ཟས་གོས་གནས་སོགས་ཀྱི་རྣམ་པ་མཚོན་པའི་རིགས་གཞུང་གི་ཆ་ལག་འདི། དགོས་ངེས་པའི་རིག་གཞུང་གི་ཆ་ལག་ཅིག་ཏུ་ངོས་འཛིན་གནང་ན་ཧ་ཅང་རན།

གཉིས།

མེས་པོའི་ཡིག་ཚང་དང་བཙན་པོའི་རྒྱལ་རབས་ནང་དུའང་མཛངས་མའི་འགྲན་བསྡུར་འདི་བྱུང་མྱོང་བ་མ་ཟད། བོད་བཙན་པོའི་ཁྲོད་ནས་ཆོས་རིག་གཉིས་ཀའི་ཐོག་བཀའ་དྲན་གཞན་ལས་ཆེ་བའི་ཆོས་རྒྱལ་མེས་དབོན་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས། སློབ་དཔོན་པདྨའི་ལམ་སྟོན་དང་། བཙན་པོ་རང་གི་བཀའ་བཀོད་འོག །གཞུང་འབྲེལ་རང་གི་ཐོག་ནས་བོད་ཀྱི་མཛངས་མའི་འགྲན་བསྡུར་གྱི་ལས་འགུལ་སྤེལ་ཡོད། དེ་ཡང་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་རིང་ལུགས་གཉིས་ཀའི་ལམ་ནས་ལས་འགུལ་དེ་ལག་བསྟར་བྱས་ཏེ། སྐབས་དེར་བོད་ཀྱི་བུ་མོའི་ཁྲོད་ནས་མཛེས་མ་ཨང་དང་པོ་དེ་ “ཕོ་ཡང་བཟའ” ལ་ཐོབ་ཡོད། དེ་ཡང་དམ་པའི་ལྷ་ཆོས་ལམ་ནས་ཞུས་ནས་བོད་དུ་རང་བྱུང་འབྱུང་བ་དང་སྲོག་ཆགས་ཀྱི་གནོད་བཟློག་ཆེད་སྒྲོལ་མ་དང་རིག་བྱེད་མའི་སྐུ་བརྙན་གསར་བཞེངས་ཀྱི་དཔེ་བལྟ་སར་བྱས་པས། ལོ་རྒྱུས་ཐོག་ནམ་ཡང་ཟུབ་ཐབས་མེད་པ་ཞིག་ཡིན། འཇིག་རྟེན་མི་ཆོས་ཐོག་ནས་ཞུས་ན། ཕོ་ཡང་བཟའ་སྐབས་དེའི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་བཙན་པོ་ཁྲི་སྲོང་རང་ཉིད་ཀྱི་གནའ་མར་བསུས་ནས་ཚེ་མཇུག་གཏན་གྲོགས་སྙིང་ཉེ་ཤོས་དེ་ཆགས་པ་ཡང་ལོ་རྒྱུས་ཐོག་ནམ་ཡང་ཟུབ་ཐབས་མེད་པ་ཞིག་ཡིན། གལ་སྲིད་མཛེས་མའི་འགྲན་བསྡུར་གྱི་ལས་འགུལ་འདི་ཡ་རབས་དང་བཟང་སྤྱད་ཀྱི་རྒྱ་ལས་འགོང་པའི་བྱ་སྤྱོད་ཐ་ཤལ་བ་ཞིག་ལ་བརྩིས་ན། གོམ་པ་ཁ་ཤས་ཕྱིར་གཤིབས་རྒྱབ་ནས་བཀའ་ཐང་སྡེ་ལྔ་ལ་བསྐྱར་ཞིབ་དགག་བཞག་གི་དབུ་ཁྱུད་གསར་པ་ཞིག་འབྲི་ན་མ་གཏོགས། ཆུ་མགོ་གངས་དང་ཆོས་མགོ་སངས་རྒྱས་ཀྱི་དཔེ་ལྟར་ལོ་རྒྱུས་ཀྱི་རྒྱུད་ཁུངས་དུས་རབས་བརྒྱད་པར་ཟུག་ཡོད།

མཁས་པའི་ཉམས་དང་བཙུན་པའི་སྤྱོད་པ་ཟུང་།།

གང་ཟག་སྒེར་གྱི་མི་ཚེའི་གནད་དོན་ཏེ།།

མི་རིགས་ཤིག་ལ་དགོས་པའི་ཆ་ལག་གཞན།།

རྡུང་བརྡེག་གཏོང་པ་སྐབས་དང་ཨེ་འཚམ་གཟིགས།།

2015.6.3.