Jump to content

བོད་ཀྱི་ཇོ་བོ་རིན་པོ་ཆེ་བཞི་

ཡོང་ཁུངས་Wikipedia

བོད་ཀྱི་ལོ་རྒྱུས་སྟེང་གི་ཇོ་བོ་རིན་པོ་ཆེ་བཞི་ངོ་སྤྲོད།

[རྩོམ་སྒྲིག]

སྤྱིར་བོད་ཀྱི་ལོ་རྒྱུས་སྟེང་ན་ཇོ་བོ་ཆེན་པོ་བཞི་ཡོད་དེ། དེ་དག་གི་ལོ་རྒྱུས་ཉུང་བསྡུས་སུ་བཀོད་ན།

ལྷ་སའི་ར་ས་འཕྲུལ་སྣང་གཙུག་ལག་ཁང་དུ་བཞུགས་པའི་ཇོ་བོ་རིན་པོ་ཆེ་སྟེ། སངས་རྒྱས་ཞལ་དངོས་སུ་བཞུགས་པའི་སྐབས་སུ་བཞེངས་པའི་དགུང་ལོ་བཅུ་གཉིས་ཀྱི་སྐུ་ཚད་ཅན་དེ་ཡིན་ཞིང་། དེ་ལ་དུས་ད་ལྟའི་བར་དུ་ལོ་ངོ་ཉིས་སྟོང་དྲུག་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པ་དང་། འདི་ལས་རང་རེའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ངོ་བོ་དང་ལོ་རྒྱུས་མཚོན་ཡོད་པར་མ་ཟད། འཛམ་གླིང་སངས་རྒྱས་ཆོས་ལུགས་ཀྱི་ལོ་རྒྱུས་དང་རྩ་ཆེ་བའི་རང་བཞིན་ཡང་མཚོན་ཡོད།

ར་མོ་ཆེ་གཙུག་ལག་ཁང་དུ་བཞུགས་པའི་དགུང་ལོ་བརྒྱད་ཀྱི་སྐུ་ཚད་ཅན་ཇོ་བོ་མི་བསྐྱོད་རྡོ་རྗེ་ཡིན་པ་དང་།གོང་གི་ཇོ་བོ་འདི་རྣམ་གཉིས་ནི་རྒྱ་བཟའ་ཀོང་ཇོ་དང་བལ་བཟའ་ཁྲི་བཙུན་རྣམ་གཉིས་ཀྱིས་བོད་དུ་གདན་དྲངས་པའི་རྟེན་མཆོག་ཏུ་གྱུར་བ་ཞིག་ཡིན་པར་མ་ཟད། དེང་སྐབས་འཛམ་གླིང་སྟེང་གི་རྟེན་གཙོ་བོའི་གྲས་ཡིན།

བསྟན་པ་ཕྱི་དར་གྱི་མགོར་ལོ་ཙཱ་བ་རིན་ཆེན་བཟང་པོས་བཞེངས་པའི་མངའ་རིས་ཇོ་བོ་ཡིན། ཇོ་བོ་འདི་བཞེངས་བྱེད་ཀྱི་རྒྱུ་ཆའི་ཐད་ནས་གསེར་དངུལ་དང་གཡུ་བྱུར། མུ་མེན། མུ་ཏིག་ལ་སོགས་པ་འཇིག་རྟེན་ན་རྙེད་པར་དཀའ་བའི་རིན་པོ་ཆེ་འབའ་ཞིག་ལས་གྲུབ་པས་རིན་ཐང་གཞལ་དུ་མེད་ལ། ལོ་རྒྱུས་ཀྱི་ཐད་ནས་བསྟན་པ་ཕྱི་དར་གྱི་མགོ་ནས་ད་ལྟའི་བར་དུ་ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ལྡན་ལ། བྱིན་རླབས་གྱི་ཐད་ནས་བརྗོད་ནའང། ལོ་ཙཱ་བ་རིན་ཆེན་བཟང་བོ་དང་མཉམ་མེད་ཇོ་བོ་རྗེ་ལ་སོགས་པའི་སངས་རྒྱས་དངོས་དང་མཚུངས་པའི་སྐྱེས་ཆེན་དམ་པ་དག་གིས་བྱིན་གྱིས་རླབས་པའི་རྟེན་མཆོག་བླ་ན་མེད་པ་ཞིག་ཡིན།

མདོ་སྨད་ཀྱི་ཁྲི་ཀའི་ཇོ་བོ་ཡིན། ཇོ་བོ་འདི་ནི་འཇམ་མགོན་ས་སྐྱ་པཎ་ཆེན་མཆོག་གོང་མ་གོ་དན་རྒྱལ་པོས་གདན་ཞུས་སྐབས། གོང་མས་ཁོང་ལ་མུ་ཏིག་དྲེལ་ཁལ་གཅིག་ཕུལ་ཏེ། ཕྱིར་ཁྲི་ཀའི་གནས་འདི་བརྒྱུད་ནས་ཕེབས་སྐབས་དྲེལ་ཉལ་བསྡད་ནས་མ་སོང་པར། ཁོང་གིས་རྟེན་འབྲེལ་འགྲིག ཇོ་བོ་རིན་པོ་ཆེའི་གདུལ་བྱ་གནས་འདིར་ཡོད་གསུང་ནས། མུ་ཏིག་རྡོག་པོ་སྦྲེལ་ཏེ་ཇོ་བོ་ཞིག་བཞེངས་པ་དེ་ཡིན་ལ། འདི་ལ་ཕལ་ཆེར་ལོ་ངོ་བརྒྱད་བརྒྱ་ཡས་མས་ཀྱི་ལོ་རྒྱུས་ལྡན་མོད། ཡིན་ནའང་རིག་གནས་གསར་བརྗེའི་སྐབས་སུ་འཇིག་པར་སོང་ངོ།།