བོད་ཀྱི་གཟའ་སྐར་འཕྲོད་སྦྱོར་

ཡོང་ཁུངས་Wikipedia

བོད་ལུགས་རྩིས་ཀྱི་གཟའ་སྐར་འཕྲོད་སྦྱོར་གྱི་བརྩི་ཚུལ་འདི་ནི་རང་རེའི་ལྗོངས་ཀྱི་སྔོན་བྱོན་མཁས་དབང་དམ་པ་རྣམས་དང་། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་བཅས་ཀྱིས་དུས་ཡུན་རིང་པོའི་ནང་རང་བྱུང་ཁམས་ཀྱི་འབྱུང་བ་ཆེན་པོ་བཞིའམ་ལྔ་པོ་དེ་དག་ནང་ཕན་ཚུན་འཕྲད་པའི་ཚེ་ཕན་གནོད་ཀྱི་བྱ་བ་བྱེད་ཚུལ་ཐད་ལ་ཞིབ་འཇུག་དང་ཉམས་མྱོང་བསགས་པ་བཅས་ལས་ཤེས་རྟོགས་བྱུང་བ་ཞིག་ཡིན་ཏེ། དཔེར་ན། རེས་ལ་འཆར་བའི་གཟའ་བདུན་དང་། རྒྱུ་སྐར་ཉེར་བདུན་ནམ་གྲོ་བཞིན་བྱི་བཞིན་གཉིས་པོ་རེ་རེ་བགྲང་བས་རྒྱུ་སྐར་ཉེར་བརྒྱད་པོ་རྣམས་གཙོ་ཆེ་བའི་དབང་དུ་བྱས་ཏེ། ཉི་མ་དང་མིག་དམར་གཉིས་ནི་འབྱུང་བ་མེ་ཡི་ཁམས་དང་། ཟླ་བ་དང་ལྷག་པ་གཉིས་ནི་འབྱུང་བ་ཆུའི་ཁམས། ཕུར་བུ་ནི་འབྱུང་བ་རླུང་གི་ཁམས། པ་སངས་དང་སྤེན་པ་གཉིས་ནི་འབྱུང་བ་ས་ཡི་ཁམས་དང་། དེ་བཞིན་དུ་རྒྱུ་སྐར་ཉེར་བརྒྱད་ལས། སྨིན་དྲུག་དང་། རྒྱལ། མཆུ། གྲེ། ས་ག ཁྲུམས་སྟོད། བྲ་ཉེ་བཅས་བདུན་ནི་འབྱུང་ཁམས་མེ་དང་། སྣར་མ། ལྷག་མཚམ། སྣྲན། ཆུ་སྨད། གྲོ་བཞིན། བྱི་བཞི། མོན་གྲུ་བཅས་བདུན་ནི་འབྱུང་ཁམས་ས། མགོ་དང་། ནབས་སོ། དབོ། མེ་བཞི། ནག་པ། ས་རི། ཐ་སྐར་བཅས་བདུན་ནི་འབྱུང་ཁམས་རླུང་། ལག སྐག སྣྲབས། ཆུ་སྟོད། མོན་གྲེ། ཁྲུམས་སྨད། ནམ་གྲུ་བཅས་བདུན་ནི་འབྱུང་ཁམས་ཆུ་བཅས་སོ་སོའི་ཁམས་གང་ཡིན་བརྟག་ཅིང་རྟོགས་པའི་རྗེས་འབྱུང་བ་རྣམ་པ་ལྔ་ཡི་ཁོངས་སུ་བསྡུས་པ་དང་། འབྱུང་བ་དེ་དག་ནང་ཕན་ཚུན་འཕྲད་པའི་སྐབས་ཁམས་མཐུན་མིན་དབང་གིས་དགེ་དང་མི་དགེའི་བྱ་བ་སྣ་ཚོགས་འབྱུང་བ་ཕྱི་རོལ་ཡུལ་གྱི་དངོས་པོར་མངོན་སུམ་དུ་མཐོང་རྒྱུ་ཡོད་པ་དེ་བཞིན་དུ། ཉིན་ཞག་ཕྲུག་གཅིག་གམ་ཆུ་ཆོད་དྲུག་ཅུའི་(དེང་དུས་འཁོར་ལོའི་ཆུ་ཚོད་ཉི་ཤུ་རྩ་བཞི་ཡིན)རིང་ལ་དབང་བྱེད་པའི་གཟའ་དང་སྐར་མ་གཉིས་པོ་ཕན་ཚུན་སོ་སོའི་འབྱུང་བའི་ཁམས་མཐུན་མིན་ལ་བརྟེན་ནས་ཉིན་ཞག་དེ་དང་དེའི་རིང་ཕན་གནོད་ཀྱི་བྱ་བ་བྱེད་པ་སྟེ། དཔེར་ན། ཉིན་ཞག་གཅིག་གམ་ཆུ་ཚོད་དྲུག་ཅུའི་རིང་ལ་རེས་གཟའ་ཕུར་བུ་ལྟ་བུ་རླུང་ཁམས་ཤིག་དང་། རྒྱུ་སྐར་ནབས་སོ་ལྟ་བུ་རླུང་ཁམས་ཤིག་བཅས་རླུང་ཁམས་གཉིས་མཉམ་དུ་འཛོམས་ཤིང་ལོངས་སྤྱོད་པ་ན་རེས་གཟའ་དང་རྒྱུ་སྐར་གཉིས་ཀྱི་ཁམས་མཐུན་པ་སྟེ། ལྔ་པ་འཕྲོད་ལས། རླུང་གཉིས་ནང་འཕྲད་ཕུན་ཚོགས་སྦྱོར།།ཕུན་ཚོགས་སྦྱོར་བས་བསམ་མྱུར་འགྲུབ།། བསྒྲུབ་བྱ་དོན་གཉེར་ཁ་མཆུ་བསྡུམས།། གཡོ་དྲག་མྱུར་མའི་ལས་རྣམས་བཟང་། །ཞེས་གསུངས་པ་ལྟར་ཉིན་དེར་འབྱུང་བ་དེའི་ངོ་བོ་དང་ཆོས་མཐུན་པའི་བྱ་བ། གཡོ་བ་དང་། དྲག་པོ། མྱུར་བའི་བྱ་བ་སོགས་གང་སྒྲུབ་ན་འགྲུབ་པར་འགྱུར་ཏེ། རྒྱུ་མཚན་ནི་ཉིན་དེར་ལོངས་།སྤྱོད་བྱེད་པའི་གཟའ་དང་རྒྱུ་སྐར་གྱི་ཁམས་ནི་འབྱུང་བ་ལྔ་ལས་རླུང་གི་ཁམས་ཡིན་པ་དང་། རླུང་དང་རླུང་ནང་ཕན་ཚུན་འཕྲད་པའི་ཚེ་ཕྱི་རོལ་ཡུལ་གྱི་དངོས་པོར་ལྷགས་པ་རྒྱག་པ་སོགས་ཡང་ཞིང་གཡོ་ལ་མྱུར་བ་སོགས་ཀྱི་བྱ་བ་རྣམས་བྱེད་ཀྱི་ཡོད་པའི་ཕྱིར། ནང་སྐྱེ་འགྲོ་རྣམས་ལའང་དེ་ལྟ་བུའི་ཕན་གནོཛ་ཀྱི་བྱ་བ་བྱེད་པ་དང་། ཡང་ཉིན་ཞག་གཅིག་གི་རིང་ལ་རེས་གཟའ་ཟླ་བ་ཆུ་ཁམས་ལྟ་བུ་ཞིག་དང་། རྒྱུ་སྐར་གྲོ་བཞིན་ས་ཁམས་ལྟ་བུ་ཞིག་མཉམ་དུ་འཛོམས་ཤིང་ལོངས་།སྤྱོད་པ་ན་རེས་གཟའི་ཁམས་ཆུ་དང་། རྒྱུ་སྐར་གྱི་ཁམས་ས་གཉིས་འཕྲད་པར་བརྟེན་ས་ཆུ་འཕྲད་པ་ཞེས་བྱ་ལ། ཇི་སྐད་དུ། ས་ཆུ་འཕྲད་པ་ལང་ཚོ་སྦྱོར། །ཞེས་འབྱུང་འཕྲོད་མཐུན་པ་སྟེ། ཉིན་དེར་གོས་གསར་གྱོན་པ་དང་། རྒྱན་འདོགས་པ། དགའ་སྟོན་བྱ་བ་སོགས་ཀྱིས་གཙོས་པའི་བྱ་བ་གང་དང་གང་བྱས་པ་རྣམས་འགྲུབ་པར་འགྱུར་ཏེ། རྒྱུ་མཚན་ནི། ཉིན་དེར་ལོངས་སུ་སྤྱོད་པའི་གཟའ་ཡི་ཁམས་ཆུ་དང་། རྒྱུ་སྐར་གྱི་ཁམས་ས་ཡིན་པ་དང་། འབྱུང་བ་ས་དང་ཆུ་གཉིས་ནི་ངོ་བོ་མཐུན་པ་ཡིན་ཏེ། དཔེར་ན་ང་རང་ཚོས་རྒྱུན་དུ་མཐོང་རྒྱུ་ཡོད་པའི་རང་བྱུང་ཁམས་ཀྱི་དངོས་པོ་ས་ཞིང་ལྟ་བུ་ཞིག་ལ་མཚོན་ན་ས་ཞིང་དེར་ས་བོན་སྐྱོན་དང་བྲལ་བ་གང་ཡང་རུང་བ་ཞིག་བཏབ་ཀྱང་འབྱུང་བ་ཆུ་ཡི་ཁམས་མེད་ན་མྱུ་གུ་དང་འབྲས་བུ་སོགས་གང་ཡང་མི་འབྱུང་ཞིང་། (སྤྱིར་འབྱུང་བ་ལྔ་མ་ཚང་ན་འབྲས་བུ་མི་འབྱུང་ཡང་འདི་གཙོ་ཆེ་བའི་དབང་དུ་བཤད་པ་ཡིན) གལ་ཏེ་དེ་ལ་འབྱུང་བ་ཆུ་ཡི་ཁམས་ལེགས་པོ་ཞིག་བྱུང་ན་མྱུ་གུ་དང་འབྲས་བུ། མེ་ཏོག་དང་ལོ་འདབ་སོགས་ཚུལ་བཞིན་དུ་སྐྱེད་པར་བྱེད་པ་དེ་བཞིན་དུ་ས་ཆུའི་འབྱུང་བ་འཕྲོད་པའི་ཉིན་དེར་སྐྱེ་འགྲོ་གང་ཞིག་གིས་ལང་ཚོ་དང་འབྲེལ་བའི་བྱ་བ་གང་དང་གང་བྱས་པ་རྣམས་འགྲུབ་པར་འགྱུར་བ་དང་། དེ་ལས་ལྡོག་སྟེ་ཉིན་ཞག་གཅིག་གི་དུས་སུ་གཟའ་ཉི་མ་ལྟ་བུ་མེ་ཁམས་ཤིག་དང་། རྒྱུ་སྐར་ནམ་གྲུ་ལྟ་བུ་ཆུ་ཁམས་ཤིག་མཉམ་དུ་འཛོམས་ཤིང་ལོངས་སྤྱོད་པ་ན་དེ་ནི་མི་མཐུན་པ་འཆི་བའི་འཕྲོད་སྦྱོར་ཞེས་ཉིན་དེར་བྱ་བ་སྒྲུབ་ན་དོན་ལེགས་པར་མི་འགྲུབ་སྟེ། རྒྱུ་མཚན་ནི། ཉིན་དེར་ལོངས་སུ་།སྤྱོད་པའི་གཟའ་ཡི་ཁམས་མེ་དང་། རྒྱུ་སྐར་གྱི་ཁམས་ཆུ་ཡིན་ཞིང་། འབྱུང་བ་མེ་དང་ཆུ་གཉིས་ནི་ངོ་བོ་མི་མཐུན་ཏེ། དཔེར་ན་དངོས་ཡོད་ཀྱི་གནས་ཚུལ་ཐོག་མེ་དགྲ་ཆུ་ཞེས་པ་ལྟར་མེ་རབ་ཏུ་འབར་བའི་དཀྱིལ་དུ་ཆུ་མང་པོ་བླུགས་ན་མེ་དེ་མྱུར་བ་ཉིད་དུ་འཇོམས་པ་དང་། ཚགྲང་གཉིས་སམ་མེ་ཆུ་གཉིས་ནི་འཇིག་རྟེན་གྱི་ཆོས་ཉིད་དུ་དུས་ནམ་ཡང་མཉམ་དུ་གནས་མི་སྲིད་པ་བཞིན་ནོ།། དེ་ལྟར་གཟའ་དང་རྒྱུ་སྐར་གཞན་དག་གི་འཕྲོད་སྦྱོར་གྱི་ཕན་གནོད་རྣམས་ཀྱང་རྒྱུ་མཚན་དེ་བཞིན་དུ་བསྟན་པ་ཡིན་ནོ།།