བོད་ཀྱི་གནའ་མིའི་རུས་ཚན་གྱེས་ཚུལ་

ཡོང་ཁུངས་Wikipedia

བོད་ཀྱི་གནའ་མི་རྣམས་ཀྱི་རྒྱུད་པ་རིམ་བཞིན་འཕེལ་བ་ལས་བོད་ཀྱི་མིའུ་རིགས་བཞི་ཞེས་སེ་དང་ རྨུ་དང་ ལྡོང་དང་ སྟོང་སྟེ་རུས་ཚན་ཆེན་པོ་བཞི་ཆགས་པ་དང་ ཡང་དེའི་སྟེང་་དབྲ་དང་འགྲུ་གཉིས་བསྣན་པས་མིའུ་རིགས་དྲུག་བྱུང་ཞེས་ཀྱང་གྲགས་། བོད་ཀྱི་གདོད་མའི་རུས་ཚན་གྱེས་ཚུལ་སྐོར་ལའང་བཤད་སྲོལ་འདྲ་མིན་སྣ་ཚོགས་མཆིས་ཀྱང་ རུས་ཚན་གྱི་མ་ལག་འདྲེན་ཚུལ་ཅུང་ཆ་ཚང་བ་ཞིག་ལ་འདི་ལྟར་སྣང་སྟེ་ཕ་སྤྲེལ་རྒན་བྱང་ཆུབ་སེམས་དཔའ་དེའི་རྒྱུད་རིམ་པར་འཕེལ་ཞིང་ རུས་རིགས་བཞི་རུ་དབྱེ་བ་ལ་ སེ་དང་ རྨུ་ ལྡོང་དང་ སྟོང་སྟེ་བཞིའོ་

          དེ་ལས་སོ་སོར་ཕྱེ་བ་ལ་
             ལེ་ལས་བྱུས་ལེགས་བུ་བཞི་སྲིད་
            རྨུ་ལས་ཀོད་ལེ་ཁྲ་བརྒྱད་སྲིད་
            ལྡོང་ལས་རུས་ཆེན་བཅོ་བརྒྱད་སྲིད་
            སྟོང་ལས་རྗེ་བཞི་ཁོལ་བརྒྱད་སྲིད་

ཅེས་སེ་ལས་གྱེས་པའི་རུས་རིགས་ནི་ རྒྱལ་ནང་རྗེ་ གྲོ་ནང་ཉེད་བ་ འོ་གོག་བཙན་ དེ་སྟོང་སེ་དང་བཞིའོ་ སྟོང་ལ་རྗེ་བཞི་ཁོལ་བརྒྱད་སོ་སོར་གྱེས་པའི་རུས་ཀྱི་མིང་ནི་ ཅོག་ས་རྗེ་ ཆང་རྗེ་ཐོད་དཀར་རྗེ་ ཏེ་ཅོག་ཉལ་པོ་རྗེ་ སྙགས་རྗེ་ཐོག་སྒམ་རྗེ་དང་བཞིའོ་ འབངས་ནི་དམར་དང་ མར་མ་དང་ སྙལ་དང་ སྙལ་དབེན་ རྔོག་དང་ ཁྲོག་ རོག་དང་ སྦད་ཏེ་བརྒྱད་ཡིན་ནོ་ རྨུ་ལས་ཀོད་ལེ་ཁྲ་བརྒྱད་སོ་སོར་གྱེས་པའི་རུས་ཀྱི་མིང་ནི་ ངབ་དང་ གཞུབ་དང་ བཞུ་དང་ སྨོན་དང་ འགར་དང་ དཀར་དང་ སྒོ་དང་ ངན་ལམ་སྟེ་བརྒྱད་ཡིན་ནོ་ ལྡོང་གི་རུས་ཆེན་བཅོ་བརྒྱད་སོ་སོར་གྱེས་པའི་རུས་ཀྱི་མིང་ནི་ ཅོག་དང་ ཅོག་རྩེ་ ཅོག་རོ་དང་ འབྲོམ་དང་ ཁྱུང་པོ་ ཟླ་བ་དང་ འབྲིང་ ལྷ་ལུང་ ལྷ་རྩེ་དང་ གྲང་དང་ དགེས་པ་ ཁུ་ན་དང་ ཉ་དང་ ཚེ་སྤོང་ འུ་ནག་དང་ སྙི་དང་ཕོ་གོ་ ཐག་བཟང་ལ་རུས་ཆེན་བཅོ་བརྒྱད་ཟེར་བ་ཡིན་ སྔོན་གྱི་དུས་སུ་བོད་ཀྱི་རུས་མིང་གི་རྩ་བ་དེ་རྣམས་ལས་མེད་ཀྱང་ ཕྱིས་ནས་མི་རྒྱུད་དང་ལུང་ཕྲན་གྱེས་པ་ལས་བྱ་བའི་གནས་སྐབས་དང་སྦྱར་བའི་རུས་ཀྱི་མིང་དང་ ཡུལ་སྐད་སོ་སོའི་སྨྲ་གཏམ་གྱི་སྐད་ཟུར་ཆག་པ་དང་རིགས་རུས་ཀྱི་མིང་སོ་སོ་ལྟ་བུ་སྣང་བ་ཡིན་”ཞེས་གསལ་བ་ལྟར་གནའ་དུས་སུ་རང་རེ་བོད་མི་ཚང་མར་རང་རང་གི་རུས་མིང་ཡོད་པ་ནི་ལུ་རྒྱུས་ཀྱི་ཡིག་རྙིང་མཐའ་དག་ལས་གསལ་པོ་མཐོང་ཐུབགཅིང་ བོད་སིལ་བུ་ཁ་ཐོར་གྱི་དུས་མཇུག་ཏུ་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་མང་པོ་དར་རྒྱས་བྱུང་སྟེ་ཆོས་ཀྱི་དགོངས་དོན་དང་མཐུན་པའི་མི་མིང་འདོགས་སྲོལ་དར་ཁྱབ་ཏུ་གྱུར་པ་ནས་བཟུང་རུས་མིང་རྣམས་རིམ་བཞིན་འབོད་སྲོལ་མེད་པར་གྱུར་ འོན་ཀྱང་མདོ་སྨད་དང་ཁམས་ཁུལ་ས་ཁུལ་ལ་ལར་ད་ལྟའང་རུས་མིང་གི་འབོད་སྲོལ་མ་ཉམས་པའང་ཡོད་པར་སྣང་ དེ་དག་ཐམས་ཅད་ཀྱི་ཐོག་ནས་རང་ཅག་བོད་མི་རིགས་ཀྱི་རྩ་བ་ནི་ས་གནས་འདི་རང་དུ་བྱུང་ཞིང་འཕེལ་བའི་ལོ་རྒྱུས་ཡུན་ཧ་ཅང་རིང་པོ་ཡོད་པ་གླེང་མེད་ཀྱི་སྒོ་ནས་ར་འཕྲོད་ཐུབ་པ་ཡིན་