བོད་ཀྱི་གནའ་དེང་ལྷུག་རྩོམ་གྱི་ཁྱད་པར་དང་དེའི་འབྲི་ཐབས།

ཡོང་ཁུངས་Wikipedia

བེ་རི་འཇིགས་མེད།

བོད་ཀྱི་གནའ་དེང་ལྷུག་རྩོམ་གྱི་ཁྱད་པར་དང་དེའི་འབྲི་ཐབས། ཝཱ་ཎའི་བོད་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོའི་རིག་རླབས་རྩོམ་སྒྲིག་ཁང་གིས་གོ་སྒྲིག་གནང་བའི་ བོད་ཀྱི་གཙུག་ལག་རིག་པའི་ཟབ་སྦྱོང་ཚོགས་ཆེན་ཐོག་ཕུལ་བའི་གཏམ་བཤད། སྤྱི་ལོ་༢༠༡༠ཟླ་༣ ཚེས་ ༥ ཉིན།


རྩོམ་རིག་སྤྱི་བཤད།

མི་ལོ་སྟོང་གི་སྔོན་ནས་གཟིམ་ཟིན་པའི། ། བང་སོའི་སྒོ་གླེགས་དྲག་ཏུ་རྡུང་བྱེད་ན། ། རྣམ་ཤེས་མཁའ་མཐར་རྩེན་པའི་མེས་པོ་ཚོས། ། མི་མངོན་དབྱིངས་ནས་ཕྱིར་མིག་གཟིགས་དང་ཀྱེ། ། དཔའ་བོའི་རྣམ་ཤེས་སྔ་ནས་དུར་སར་ཐིམ། ། མཁས་པའི་མགྲིན་པར་དུས་ཀྱི་མདུད་པས་འགགས། ། མེས་པོའི་ཁྲག་རྒྱུན་འཁྱིལ་བའི་ཚ་བོ་ཚོར། ། གཟིགས་པ་དུས་ལས་མ་གཡེལ་མེས་པོ་ཚོ།།

རྩོམ་རིག་ནི་ལྷ་ཡི་བྱིན་རླབས་ཞུགས་པ་དང་འདྲེ་ཡི་ཆོ་འཕྲུལ་བསྟན་པ་ལྟ་བུ་གང་ཡང་མིན་པར། རྩོམ་པ་པོའི་བསམ་བློའི་འཆར་སྒོ་ནས་བརྡོལ་བའི་ངག་གི་རིག་བྱེད་ཅིག་ཡིན། ངག་གི་རིག་བྱེད་དེ་ཉིད་བསམ་བློའི་ཐོག་འཆར་བ་ནི་རྒྱུ་མེད་རྐྱེན་མེད་ཀྱིས་འཆར་ནུས་པ་ཞིག་མིན་པར་རྒྱུ་ཚང་གྲངས་ཚང་ལ་ལྟོས་དགོས་པའི་རྒྱུ་འབྲས་རྟེན་འབྲེལ་གྱི་གོ་རིམ་ལྡན་པ་ཞིག་ཡིན། ཇི་སྲིད་རྒྱུ་འབྲས་རྟེན་འབྲེལ་གྱི་ཆ་ལག་དང་གོ་རིམ་མ་ཚང་བ་དེ་སྲིད་དུ་བསམ་བློའི་འཆར་སྒོ་ནས་བརྡོལ་བའི་ངག་གི་རིག་བྱེད་འདི་ཉིད་འབྱུང་མི་སྲིད། འོ་ན། བསམ་བློའི་འཆར་སྒོ་དེ་རྒྱུ་གང་གིས་སྐྱེད་པ་དང་རྐྱེན་གང་གིས་གྲོགས་བྱས་ནས་གྲུབ་པ་ཡིན་ཞེ་ན། བསམ་བློའི་འཆར་སྒོ་ནི་མེ་ལོང་ལྟར་གསལ་ཞིང་རིག་པའི་བདག་ཉིད་རྣམ་ཤེས་ཀྱི་ཡིད་བྱེད་དེ་ཡིན་ལ། གལ་ཏེ་ཕྱི་རོལ་གྱི་རི་ར་བ་ཁང་ཁྱིམ་ལྟ་བུའི་གཟུགས་དབྱིབས་ཀྱི་བཀོད་པ་གང་ཡང་མེད་ན། མེ་ལོང་ལ་གསལ་བའི་རང་བཞིན་གྱི་ངོས་འཛིན་བྱེད་པའི་ཆ་རྐྱེན་སུ་ཞིག་གིས་བསྐྲུན་ནུས། གལ་ཏེ་མེ་ལོང་དེ་ཀུན་འགྲོ་ལྔའི་ཕྱི་རས་ཀྱིས་མ་ཕྱིས་ན་ནང་ངོས་ཀྱི་གསལ་ཆའི་རང་གཤིས་དེ་ཉིད་ཕྱི་ལ་མངོན་མི་ཐུབ་པ་ཡང་བཤད་མ་དགོས་པ་ཞིག་རེད། དེར་བརྟེན་ང་ཚོས་རྩོམ་རིག་གི་འཇིག་རྟེན་ཉུལ་བ་ལ། དང་པོ་བསམ་བློའི་འཆར་སྒོའི་དམིགས་རྐྱེན་ཕྱི་རོལ་གྱི་སྤྱི་ཚོགས་འཚོ་བའི་གནས་བབ་དང་འབྲེལ་བའི་གཟུགས་བརྙན་དགའ་ནས་དགོད་པ་དང་། སྐྲག་ནས་འདར་བ། ཁྲོས་ནས་རྔམས་པ། སྐྱོ་ནས་ངུ་བ་ལྟ་བུའི་རྣམ་གྲངས་མ་ངེས་པ་རྣམས་འཆར་བ་ལ་བརྟེན་ནས། ནང་སེམས་ཀྱི་ཚོར་བའི་འགྱུར་འགྲོས་ལ་ཆུ་རླབས་ཀྱིས་འདབ་གཤོག་སྐུལ་བའི་མཆིག་རྡོ་བཞིན་རང་དབང་མེད་པར་བསྐོར་བསྐྱོད་བྱེད་དགོས་པའི་ཚོར་འདུ་ཤུགས་ཆེར་འཁྲུགས་པ་དང་། དབྱུ་གུས་བསྐུལ་བའི་མཁར་རྔ་བཞིན། རང་མལ་བཞག་པའི་གནས་སྐབས་སུ་དྲག་འགུལ་ཅི་ཡང་མེད་པའི་ཅ་དངོས་ཟླུམ་པོ་དེ་ཉིད། དབྱུ་གུས་བརྒྱུད་བསྐུལ་བྱས་པའི་སྒྲ་རླབས་ནམ་མཁའ་དབྲལ་གྲབས་བྱེད་པ་དང་འདྲ་བར། ཚོར་བའི་སྒོ་གླེགས་རྡུང་བའི་བསམ་བློའི་རྒྱ་སྒོ་ནས་བརྡོལ་ཞིང་། ཁོག་པའི་ཚོར་སྙེག་ཁོག་ཏུ་མ་ཤོང་བར་སྨྲ་བརྗོད་ངག་གི་ལམ་ནས་འཕྱུར་འོང་བ་ནི་རྩོམ་རིག་གི་གྲུབ་ཆ་དངོས་གནས་དེ་ཡིན། བསམ་བློའི་འཆར་སྒོ་ལ་ཚོན་རྩི་བྱུག་པ་ལྟ་བུའི་འགྱུར་བ་གཏོང་མཁན་ནི་ཕྱི་རོལ་གྱི་བྱ་འགུལ་ཡིན་ལ། ཕྱི་རོལ་གྱི་སྤྱི་ཚོགས་འཚོ་བའི་བྱ་འགུལ་ནི། སྒྱུ་མ་མཁན་གྱིས་སྤྲུལ་པའི་མིག་འཕྲུལ་དང་འདྲ་ཞིང་། བསླུ་བྲིད་ལ་མཁས་པའི་གཞོན་ནུ་མའི་ཟློས་གར་དང་ཡང་མཚུངས། བསམ་བློའི་འཆར་སྒོ་ལ་ཟ་འཕྲུག་སློང་བ་ལྟ་བུའི་འཕག་འཚག་རྒྱག་ཏུ་འཇུག་མཁན་ནི། ནང་སེམས་ཁམས་ནས་འབྱུང་བའི་ཚོར་བ་ཡིན་ལ། ཚོར་བ་ནི་སྤྲེ་འུས་ཤིང་འབྲས་མཐོང་བ་དང་འདྲ་ཞིང་། རྒྱ་ཁབ་མིག་ལ་ཟུག་པ་དང་ཡང་མཚུངས། གྲོགས་པོ་ཚོ་ང་ཚོ་རྩོམ་རིག་གི་འཇིག་རྟེན་ཉུལ་ནས། ཆེས་ཐོག་མའི་གོམ་པ་མདུན་སྤོ་གནང་ས་དེ། ཕྱི་རོལ་སྤྱི་ཚོགས་ཀྱི་བྱ་འགུལ་དང་ནང་ངོས་ཚོར་སྙེགས་ཀྱི་ཀུན་རྟོག་ཟུང་གིས་སེམས་ཀྱི་རྒྱལ་མོའི་འཛིན་སྟངས་ལ་འགུལ་བསྐྱོད་གཏོང་ཐབས་བྱེད་རྒྱུ་དེ་ཡིན། གྲོགས་པོ་ཚོ། ང་ཚོས་རྩོམ་རིག་གི་འཇིག་རྟེན་ཉུལ་ནས་གོམ་པ་གཉིས་པ་སྤོས་དེ་སེམས་ཀྱི་འགུལ་བསྐྱོད་ལས་བྱུང་བའི་ངག་གི་བརྒྱུད་རིམ་དེ་ཡིན། དེར་བརྟེན་ངག་གི་བརྗོད་པ་དང་འབྲེལ་བའི་སྐད་ཆའི་བབརྒྱུད་རིམ་ནི་རྩོམ་རིག་གི་གཞི་རྐང་འཛུགས་སའི་སྡེངས་ཆ་ངོ་མ་དེ་ཡིན་ལ། སྡེངས་ཆའི་བཟོ་དབྱིངས་གྲུ་བཞི་དང་ཟླུམ་པོ། ནར་ནར་དང་འཇོང་འཇོང་གང་ཞིག་ཡིན་ཡང་རྩོམ་རིག་གི་གཞི་རྐང་འཛུགས་སར་ཁྱད་པར་གང་ཡང་མེད། ། ལྷུག་རྩོམ་གྱི་གོ་དོན། ལྷུག་རྩོམ་ནི། རྐང་པས་ངེས་པར་མ་བཅད་པའི་ཚིག་སྦྱོར་ལྷུག་པོར་སྤེལ་བའི་རིགས་ལ་ཟེར། རྒྱ་གར་བའི་སྔོན་གྱི་མཁས་པ་ཚོས་འདི་ལ་བརྗོད་པ་དང་གཏམ་གཉིས་སུ་ཕྱེ་ནས། སྔ་མ་འདས་པའི་ལོ་རྒྱུས་བརྗོད་པའི་ཚིག་ཕྲེང་དང་། ཕྱི་མ་ད་ལྟའི་གནས་བབ་བརྗོད་པའི་ཚིག་ཕྲེང་དུ་འགྲེལ་བར་སྣང་མོད། བོད་རང་གི་རྩོམ་རིག་ནང་མེ་ལོང་མ་བོད་བསྒྱུར་མ་བྱས་པའི་སྔོན་ལ་ཚིག་ལྷུག་འབྲི་བའི་སྲོལ་ཡོད་པ་ཙམ་ལས། ལྷུག་རྩོམ་ལ་རིག་པའི་གཞུང་ལུགས་ཀྱི་སྒྲོམ་གཞི་ལྡན་པའི་བཤད་པ་ཁ་གསལ་ལྡན་པ་ཞིག་ད་ཕན་མཐོང་མྱོང་མེད། དེ་ལྟར་ནའང་དུས་རབས་ཀྱི་འགྲོས་དང་མཁས་པའི་རྩལ་ལ་བརྟེན་ནས་ལྷུག་རྩོམ་གྱི་རྣམ་པར་མི་འདྲ་བའི་འགྱུར་བ་མི་ཉུང་བ་ཞིག་ཕྱིན་ཡོད་པ་ནི་གསལ་བཤད་ཞིབ་ཕྲ་ཐུབ་པའི་གནས་ལུགས་ཤིག་རེད་སྙམ། འདིར་དུས་རབས་ཀྱི་བྱུང་རིམ་དང་། སྤྱི་ཚོགས་ཀྱི་གནས་བབ། ཚོར་བའི་འགྱུར་འགྲོས་ཅི་རིགས་ལ་བརྟེན་ནས་ཕྱོགས་བསྡོམས་བྱས་ན། (1) གདོད་མའི་ཚིག་ལྷུག་གམ་ཡང་ན་གནའ་རྩོམ་ཚིག་ལྷུག་(གཙོ་བོ་བོད་ཀྱི་གདོད་མའི་དུས་རབས་ནས་གསུང་རབ་བོད་བསྒྱུར་གྱི་འཕེལ་རིམ་ཤུགས་ཆེར་མ་བྱུང་བའི་བར་)དང་། སྲོལ་རྒྱུན་ཚིག་ལྷུག་གམ་ཡང་ན་གཞན་བརྟེན་ཚིག་ལྷུག་(གཙོ་བོ་བོད་བཙན་པོའི་དུས་རབས་ནས་བོད་སིལ་བུའི་དུས་རབས་བར་གྱི་རྒྱ་གར་བའི་ཆོས་ལུགས་བོད་བསྒྱུར་བྱས་པའི་ཚིག་སྒྲོས་དང་སྒོ་བསྟུན་པ)། (2) ཚིག་སྡུད་ལྷུག་རྩོམ་(བོད་བླ་མའི་དུས་རབས་སྤྱི་དང་ལྷག་པར་དགའ་ལྡན་ཕོ་བྲང་སྐབས་ཀྱི་གཞུང་ཡིག་)། (3) དམངས་ཁྲོད་ལྷུག་རྩོམ། (རྒྱ་ཆེ་མང་ཚོགས་ཀྱི་ངག་ནས་རང་བཞིན་གྱིས་རྡོལ་འོང་བའི་སྐད་ཆའི་སྒྲོས། འདི་ནི་མེས་པོའི་ཤུལ་བཞག་གི་ཞལ་རླངས་དྲོན་པོ་དང་ཁ་བའི་བླ་སྲོག་གི་ཟུངས་ཁྲག་ཉག་གཅིག་དེ་ཡིན)། (4) དུས་རབས་ལྷུག་རྩོམ་(ནུབ་ཕྱོགས་པ་དང་རྒྱལ་ཁབ་གཞན་གྱི་ཤན་ཤུགས་ཐེབས་པའི་ལོ་རབས་བརྒྱད་ཅུའི་ཚུན་ཆད་)བཅས་སུ་བསྡུ་ནུས་པར་སེམས།

གཅིག གདོད་མའི་ཚིག་ལྷུག་རྩོམ་རིག

གདོད་མའི་ཚིག་ལྷུག་རྩོམ་རིགནི། རང་རེའི་ཡབ་མེས་ཚོའི་སྐབས་ཀྱི་སྐད་སྲོལ་དང་མཐུན་པའི་ཆེས་གནའ་བོའི་དུས་རབས་གྱི་རྩོམ་སྲོལ་ཏེ། དེ་ལའང་ནང་གསེས་ཕྱེ་ན་བྱུང་བ་བརྗོད་པ་ལོ་རྒྱུས་ཀྱི་རྩོམ་རིག བཀའ་གཙིགས་ཡི་གེར་བརྐོས་པའི་རྡོ་རིང་། སྤང་བླང་ཁྲིམས་སུ་བཅས་པའི་ཞལ་ལྕེ། རྣམ་དཀར་དགེ་བ་སྒྲུབ་པའི་ཆོས་གཞུང་། ལུགས་ཀྱི་བླང་དོར་འབྱེད་པ་བསྟན་བཅོས། ལུས་ཁམས་གསོ་བ་སྨན་གྱི་གཞུང་། རྟོགས་པ་བརྗོད་པ་རྩོམ་གྱི་ཆོས་སོགས་སུ་དབྱེ་རིགས་པར་སེམས་ཏེ།་དེ་དག་རེ་རེ་བཞིན་མཚན་གཞི་དང་བཅས་འཆད་པ། ༡༽བྱུང་བ་བརྗོད་པ་ལོ་རྒྱུས་ཀྱི་རྩོམ་ནི། ཏུན་ཧུང་ཡིག་རྙིང་། དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས་ལས། ཁྱིའི་ལོ་ལ་བབ་སྟེ།བཙན་པོ་མྱེས་ཁྲི་སྲོང་རྩན་གྱི་སྤུར་ཕྱིང་བའི་རིང་ཁང་ནའ་རིང་མཁྱུད་ཆིང་བཞུག་སྟེ། བཙན་པོ་སྦོན་ཁྲི་མང་སློན་མང་རྩན་མེར་ཀེ་ན་བཞུགས་པར་ལོ་གཅིག །ཕགི་ལོ་ལ་བབ་སྟེ། བཙན་པོ་ཉེན་ཀར་ན་བཞུགས་ཤིང་། ཕྱིང་བར། བཙན་ཕོ་མྱེས་ཁྲི་སྲོང་རྩན་གྱི་མདའང་བཏང་བར་ལོ་གཅིག །བྱི་བའི་ལོ་ལ་བབ་སྟེ། བཙན་པོ་ཉེན་ཀར་ན་བཞུགས་ཤིང་། བློན་ཆེ་སྟོང་རྩན་གྱིས་གློ་བོ་དང་རྩང་རྷྱའ་བཀུག་ཕར་ལོ་གཅིག །གླང་གི་ལོ་ལ་བབ་སྟེའ། བཙན་པོ་ཉེན་ཀར་ན་བཞུགས་ཤིང་། བློན་ཆེ་སྟོང་རྩན་གྱིས། གཡུག་ཏུ་གནག་ལིངས་བཏབ། ད་རྒྱལ་མང་པོ་རྗེས་ཞིང་གྱི་ཕྱིང་རིལ་བགྱིས། ར་སང་རྗེའི་བློན་རིང་སྟག་རྷྱ་དང་ཞིང་གྱི་ཚོང་ཆེན་དབྱརད། ཞང་ཞུང་ཡུལ་གྱི་མངན་དུ་སྤུག་གྱིམ་རྩན་རྨ་ཆུང་བཆུག མདོ་སྨདུ་ཀམ་ཁྲི་བཟང་བྱེ་འདའ་ཐོང་མྱིས་བཀུམ་སྟེ་ཤ་གཉེརད་ཕར་ལོ་གཆིག། ལྟ་བུ་སྟེ། གོ་བདེ་རུ་གཏོང་ན། ཁྱི་ལོ(སྤྱི་ལོ་ 650 )སྲོང་བཙན་གྱི་སྐུ་ཕུང་ཕོ་བྲང་ཕྱིང་དབར་སྟག་རྩེར་གསང་རྒྱ་བྱས་ནས་བཞག ཚ་བོ་མང་སྲོང་མང་བཙན་མེར་ཀེ་དབུ་རུ་ན་བཞུགས་པར་ལོ་གཅིག། ཕག་(651)ལོར་བཙན་པོ་མང་སྲོང་ཉེན་ཀ་འཕན་པོའི་ཤར་ཕྱོགས་ན་བཞུགས། ཕོ་བྲང་ཕྱི་དབར་སྟག་རྩེར་མེས་པོ་སྲོང་བཙན་གྲོངས་པ་ཕྱིར་བསྒྲག་གིས་འདས་མཆོད་བཏང་བར་ལོ་གཅིག བྱི་(652)ལོར་བཙན་པོ་མང་སྲོང་ཉེན་ཀར་ན་བཞུགས། བློན་ཆེན་འགར་སྟོང་བཙན་གྱིས། བལ་བོད་ས་མཚམས་ཀྱི་གློ་བོ་དང་། གཙང་གི་རྒྱལ་པོ་དབང་དུ་བསྡུས་པར་ལོ་གཅིག། གླང་(653)ལོར་ བཙན་པོ་མང་སྲོང་ཉེན་ཀར་ན་བཞུགས། བློན་ཆེན་མགར་སྟོང་བཙན་གྱིས། མྱང་པོའི་ཁུལ་ནས་འབྲོག་པའི་ཤ་ཁྲལ་བསྡུས། བློན་ད་རྒྱལ་མང་པོ་རྗེས་ཞིང་པའི་འབྲུ་ཁྲལ་བསྡུས། ཞང་ཞུང་ཡུལ་གྱི་དཔལ་འབྱོར་བློན་ཆེན་དུ་སྤུག་གྱིམ་རྩན་རྨ་ཆུང་བསྐོ་བཞག་བྱས། མདོ་སྨད་དུ་ཀམ་ཁྲི་བཟང་ར་འདའ་བས་བཀྲོང་པའི་དགྲ་ཤ་ལེན་པར་ལོ་གཅིག ཅེས་པའི་དོན་ནོ། ། འདི་ནི་དཔེ་མཚོན་ཙམ་བཀོད་པ་ཡིན་ལ། ཤིན་ཅང་ཏུན་ཧོང་ནས་དོན་པའི་ཡིག་རྙིང་ནང་། གསེར་སྲང་སྟོང་ཕྲག་གིས་གཞལ་ཐབས་མེད་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་གལ་ཆེ་མང་པོ་ཞིག་ཐོན་པ་རྣམས། བར་ལམ་རྒྱ་གར་དབྱིན་ཇི་སྲིད་གཞུང་དང་། ཧྥ་རན་སི་སོགས་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་དུ་མས་ཧབ་ཐོབ་རྒྱབ་ནས་ཁ་འཐོར་ཡ་འཐོར་དུ་སོང་ཡང་། སྟབས་ལེགས་ནས་དེང་ཆར་ལོ་རྒྱུས་ཡིག་ཆ་མང་པོ་ཞིག་རིམ་པར་བཞིན་ལག་སོན་བྱུང་ཡོད་པ་དེ་དག་གི་ནང། བོད་བཙན་པོ་དང་བློན་པོ་རིམ་བྱུང་གི་མཚན་དང་འཁྲུངས་འདས་ཀྱི་ལོ་ཚིགས། དེ་དག་གི་དགྲ་འདུལ་གཉེན་སྐྱོང་དང་། རྒྱལ་སྲུང་དགྲ་འཐབ། ཁྲལ་འཇལ་ཁྲིམས་བསྡུ་སོགས་ཀྱི་ལོ་རྒྱུས་རིན་ཐང་ཅན་དེ་དག་ལ། བྱུང་བ་བརྗོད་པ་ལོ་རྒྱུས་ཀྱི་རྩོམ་རིག་ཅེས་བརྗོད་ན་ཆོག་སྙམ། རྩོམ་གཤིས་ཀྱི་ཆ་ནས་བཤད་ན། བང་རིམ་འབྲེལ་ཆགས་པ། བྱུང་བ་དངོས་ཀྱི་རང་བཞིན་གསལ་བ། གང་ཞིག་གིས། གང་དུ། ཇི་ལྟར། དུས་ནམ་ཞིག རྒྱུ་མཚན་གང་གིས། འཇུག་འབྲས་ཅི་ཞིག བཅས་ཀྱི་ཆ་ལག་ཚང་བ། ཚིག་སྦྱོར་ནི་དེང་སང་བེད་སྤྱོད་མེད་པ་མ་གཏོགས་སྐབས་དེར། རྣ་བར་ཉན་སྤྲོ་བ་དང་། སེམས་ལ་མཇུག་སླ་བ། བློ་ལ་ངེས་བདེ་བ་བཅས་ཀྱི་ཁྱད་ཆོས་ལྡན་པ་བཤད་མ་དགོས་པ་ཡིན་ཏེ། ཚོང་འདུས་ཀྱི་འོ་མ་ནང་བཞིན་སྐད་ཡིག་སྣ་མང་འདྲེས་པའི་ཅོལ་གཏམ་མིན་པར་རྩམ་དྲི་དང་ཤ་དྲི་ལས་གཞན་པའི་དྲི་མ་མི་ཁ་བའི་སྐབས་ཀྱི་རང་སྐད་ཡིན་པའི་ཕྱིར། ༢༽བཀའ་གཙིགས་ཡི་གེར་བརྐོས་པའི་རྡོ་རིང་། བཀའ་གཙིགས་ཡི་གེར་བརྐོས་པའི་རྡོ་རིང་ནི། ཁྲང་ཆིན་མཐུན་འབྲེལ་རྡོ་རིང་དང་། ཞོལ་རྡོ་རིང་ཕྱི་མ། ཞྭ་ལྷ་ཁང་གི་རྡོ་རིང་། མཚུར་ཕུའི་རྡོ་རིང་། ཀོང་པོ་དེ་མོའི་བྲག་བརྐོས་ཡི་གེ། དྲིལ་བུའི་ཁ་བྱང་། སྨན་ཡིག་ཁག ཤན་ཅང་ནས་ཐོན་པའི་ཤིང་ཁྲམ་བཅུ་དྲུག ཡུལ་ཤུལ་རྡོ་བརྐོས་བཟང་སྤྱོད། སོགས་མང་པོ་ཡོད་ལ། དཔེ་མཚོན་ཞིག་བགྲང་ན། ལྷ་སའི་གཙུག་ལག་ཁང་གི་རྡོ་རིང་ནུབ་ལོགས་ཀྱི་ཡི་གེ་ན། བོད་ཀྱི་རྒྱལ་པོ་ཆེན་པོ་འཕྲུལ་གྱྀ་ལྷ་བཙན་པོ་དང་།། རྒྱའྀ་རྒྱལ་པོ་ཆེན་པོ་རྒྱ་རྗེ་ཧྭང་ཏེ་དབོན་ཞང་གཉིས།། ཆབ་སྲིད་གཅྀག་ཏུ་མོལ་ནས།།མཇལ་དུམ་ཆེན་པོ་མཛད་དེ་གཙྀགས་བཅས་པ།། ནམ་ཞར་ཡང་མྀ་འགྱུར་བར་ལྷ་མྱྀ་ཀུན་གྱྀས་ཤེས་ཤིང་དཔང་བྱས་ཏེ།། ཚེ་ཚེ་རབས་རབས་སུ་གཏམ་བརྗོད་དུ་ཡོད་པའྀ་ཕྱིར།། མཇལ་དུམ་གྱི་གཙྀགས་ཀྱྀ་མདོ་རྡོ་རིངས་ལ་བྲིས་པའོ།། འཕྲུལ་གྱྀ་ལྷ་བཙན་པོ་ཁྲི་གཙུག་ལྡེ་བརྩན་ཀྱྀ་ཞལ་སྔ་ནས།། རྒྱ་རྗེ་བྰུན་བྰུ་ཧེའུ་ཏག་ཧྭང་ཏེ་དང་།། དབོན་ཞང་གཉིས། སྒམ་དཀྱེལ་ཆེན་པོས་ནི།། འཕྲལ་ཡུན་ཡུལ་གྱྀ་ལེགས་ཉེས་ཅྀ་ཡང་བསྲུང་སྟེ།། ཐུགས་རྗེ་ཆེན་པོས་ནི།། བཀའ་དྲྀན་གྱིས་དགབ་པ་ཕྱྀ་ནང་མྱེད་པར།། མང་པོ་ཀུན་བདེ་སྐྱིད་པར་བྱ་བ་ལ་ནྀ་དགོངས་པ་གཅྀག་ཡུན་རྀང་པོར་ལེགས་པའྀ་དོན་ཆེན་པོ་ལ་ནྀ་བཀའ་གྲོས་མཐུན་ཏེ།། གཉེན་རྙིང་པའྀ་སྲི་ཞུ་ནྀ་དང་སྔའི་ཁྱྀམ་ཚེས་དགྱེས་པའི་ཚུལ་སླར་དུ་བརྩེགས་པར་མོལ་ནས།། མཇལ་དུམ་ཆེན་པོ་ནི་མཛད་དེ།། བོད་རྒྱ་གཉིས། ད་ལྟར་དུ་མངའ་བའི་ཡུལ་དང་མཚམས་སྲུང་ཞིང་། ། དེའི་ཤར་ཕྱོགས་ཐམས་ཅད་ནྀརྒྱ་ཆེན་པོའི་ཡུལ།། ནུབ་ཕྱོགས་ཐམས་ཅད་ནི་ཡང་དག་པར་བོད་ཆེན་པོའི་ཡུལ་ཏེ།། དེ་ལས་ཕན་ཚུན་དགྲར་མྱྀ་འཐབ།། དམག་མྱྀ་དྲང་།། ཡུལ་མྱྀ་མརྣམ། ། ཡྀད་མ་ཆེས་པ་ཞྀག་ན།། མྱྀ་བཟུང་ཞིང་གཏམ་དྲྀས་ཏེ།། བརྫངས་ནས་ཕྱྀར་བཏང་ངོ།། ད་ཆབ་སྲྀད་གཅིག་ཅྀང་།། མཇལ་དུམ་ཆེན་པོ་འདྀ་ལྟར་མཛད་པས།།དབོན་ཞང་དགྱེས་པའི་བཀའ་ཕྲིནད་སྙན་པས་ཀྱང་འདྲུལ་དགོས་ཏེ།། ཕན་ཚུན་གྱྀ་ཕོ་ཉ་འདོང་བ་ཡང་།། ལམ་རྙིང་བར་བྱུང་ནས།།སྔ་ལུགས་བཞིན་བོད་རྒྱ་གཉིས་ཀྱྀ་བར།། ཙང་ཀུན་ཡོག་ཏུ་རྟ་བརྗེས་ལ།། སྩེ་ཞུང་ཆེག་ཏུ་རྒྱ་དང་ཕྲད་པ་མན་ཅད་ནི་རྒྱས་ཕུ་དུད་བྱ།། ཙེང་ཤུ་ཧྱྭན་དུ་བོད་དང་ཕྲད་པ་ཡན་ཆད་ན་བོད་ཀྱིས་ཕུ་དུད་བྱ་སྟེ།། དབོན་ཞང་ཉེ་ཞྀང་གཉེན་པའྀ་ཚུལ་བཞིན་དུ།། སྲྀ་ཞུ་དང་བཀུར་སྟྀའི་ལུགས་ཡོད་པར་སྦྱར་ཏེ།།ཡུལ་གཉིས་ཀྱི་བར་དུ་དུད་རྡུལ་ནྀ་མྱྀ་སྣང་།། གློ་བུར་དུ་སྡང་བ་དང་དགྲའི་མྱྀང་ནྀ་མྱི་གྲག་སྟེ་ས་མཚུམས་སྲུང་བའི་མྱི་ཡན་ཅད་ཀྱང་དོགས་ཤིང་འཇིགས་པ་མྱེད་པར་ས་ས་མལ་མལ་ན་བག་བརྐྱང་སྟེ།། བདེ་བར་འཁོད་ཅིང་།། སྐྱིད་པའྀ་བཀའ་དྲྀན་ནི་རབས་ཁྲྀའི་བར་དུ་ཐོབ།། སྙན་པའྀ་སྐྲ་སྐད་ནི་གཉི་ཟླས་སླེབས་སོ་ཆོག་ཏུ་ཁྱབ་སྟེ།། བོད་བོད་ཡུལ་ན་སྐྱིད་རྒྱ་རྒྱ་ཡུལ་ན་སྐྱིད་པའྀ་སྲིད་ཆེན་པོ་སྦྱར་ནས་གཙྀགས་བཅས་པ་འདྀ།།ནམ་ཞར་མྱྀ་འགྱུར་བར།། དཀོན་མཆོག་གསུམ་དང་།། འཕགས་པའྀ་རྣམས་དང་གཉི་ཟླ་དང་གཟའ་སྐར་ལ་ཡང་དབང་དུ་གསོལ་ཏེ།། ཐ་ཚྀག་གི་རྣམས་པས་ཀྱང་བཤད།། སྲོག་ཆགས་བསད་དེ་མནའ་ཡང་བོར་ནས།། གཙིགས་བཅས་སོ།། གཙིགས་འདི་བཞིན་དུ་མ་བྱས་སམ།། བཤིག་ན།བོད་རྒྱ་གཉིས་གང་གིས་སྔར་ཉེས་པ་ལ་སྡྀག་ཅིང་། ལན་དུ་དཀུ་སྒྱུ་ཅྀ་བྱས་ཀྱང་གཙྀགས་གཤྀག་པ་ལ་མ་གཏོགས་སོ།། འདི་ལྟར་བོད་རྒྱ་གཉྀས་ཀྱྀ་རྗེ་བློན་གྱིས་ཞལ་གྱིས་བཤགས་མནའ་བོར་ཏེ།། གཙྀགས་ཀྱྀ་ཡྀ་གེ་ཞྀབ་མོར་བྲིས་ནས།། རྒྱལ་པོ་ཆེན་པོ་གཉིས་ཀྱྀ་ནི་ཕྱག་རྒྱས་བཏབ།། བློན་པོ་གཙྀགས་འཛིན་པ་ལ་གཏོགས་པ་རྣམས་ཀྱྀ་ལག་ཡྀག་ཏུ་བྲིས་ཏེ།། གཙིགས་ཀྱི་ཡྀ་གེ་ཡང་སོ་སོའི་ཕྱག་སྦལ་དུ་བཞག་གོ།། ལྟ་བུའོ།། ད་དུང་རྩོམ་རིག་ཙམ་མིན་པའི་བྲག་བརྐོས་རི་མོ་དང་། རྡོ་མཁར། རྡོ་བརྩིགས་ཀྱི་ཐོག་ཁང་སྡོད་ཁང་སོགས་རྡོའི་རིག་གནས་ངོ་མཚར་ཞིང་ཕུན་སུམ་ཚོགས་པ་དེས་མདོ་དབུས་མཐོ་སྒང་གི་རིག་གནས་སྣང་ཚུལ་ཁྱད་པར་བ་ཞིག་གྲུབ་ཡོད་པ་དང་། དེ་ནི་མི་རིགས་འདིའི་རིག་གནས་ཀྱི་མཚོན་ཐབས་ཐུན་མོང་མ་ཡིན་པ་ཞིག་ཡིན་ལ། རྒྱུན་མ་ཉམས་པར་ད་ལྟའི་བར་དར་རྒྱས་བྱུང་སྟེ། བོད་མིའི་འཚོ་བ་དང་སྤྱི་ཚོགས་ཀྱི་ཆ་ཤས་ཤིག་ཏུ་གྱུར་ཡོད་པ་མ་ཟད། སློབ་གསོ་དང་མཛེས་དཔྱོད་ཀྱི་ནུས་པ་མི་དམན་པ་ཞིག་ལྡན་ནོ།། ༣༽ སྤང་བླང་ཁྲིམས་སུ་བཅས་པའི་ཞལ་ལྕེ། སྤང་བླང་ཁྲིམས་སུ་བཅས་པའི་ཞལ་ལྕེ་ནི། རི་དྭགས་བདས་པའི་ཁྲིམས་ཡིག་དང་། ཁྱི་རྦོད་ནས་མི་བསད་པའི་ཁྲིམས་ཡིག བརྐུས་པ་འཇལ་གྱི་ཞལ་ལྕེ། སོགས་མཆིས་ཏེ། དེ་དག་གི་དཔེ་མཚོན་ཙམ་བཀོད་ན། ཏུན་ཧུང་གཏེར་ཡིག བརྐུས་པ་འཇལ་གྱི་ཞལ་ལྕེ་ལས། དུ་མཆྀས་པ་ཚལད་འཇལོ ། སྲང་བཞི་མན་ཅད་སྲང་གསུམ་ཡན་ཅད་གྱི་ཁྲ་ ཞིག་རྐུས་ན་རྐུན་པོ་དུ་མཆྀས་པའྀ་ར་མགོ་ གཅིག་དགུམོ་དེའི་འོག་ན་ར་མགོ་པ་གཅིག་ཤུལ་ཉེ་བར་སྤྱུགོ་དེའི་འོག་དུ་རྐུན་པོ་དུ་མཆྀས་པས་ཚལད་འཇལོ ། སྲང་གཉིས་ཞོ་བདུན་ནམ་གཉིས་མན་ཅད་སྲང་གཉིས་ཡན་ཅད་ཁྲ་ཞིག་མྱིགི་གྱྀས་རྐུས་ན་ཁོ་ན་དགུམོ་མྱྀ་གཉིས་གྱི་རྐུས་ན་ཆལ་འཇལོ ། སྲང་གཅིག །ཞོ་བདུན་ནམ་གཉིས་མན་ཅད ། ནམ་ཅིག་ཡན་ཅད་གྱི་ཁྲ་ཞིག་རྐུས་ན་རྐུན་པོ་དུ་མཆྀས་པ་ཀུན་ཚལ་འཇལོ། … … ལྟ་བུས་མཚོན་ཏེ། སྤྱིར་ཡིག་ཐོག་བཀོད་པའི་ཁྲིམས་ཡིག་དང་པོ་དེ་ནི། སྲོང་བཙན་སྒམ་པོའི་སྐབས་ཀྱི་མི་ཆོས་གཙང་མ་བཅུ་དྲུག་དང་ལྷ་ཆོས་དགེ་བ་བཅུའི་བཀའ་བཙིགས་དེ་ཁོ་ན་ཡིན་མོད། དེ་ནི་ཏུན་ཧོང་ཡིག་རྙིང་ནང་མཇལ་བའི་སྐལ་པ་མི་ལྡན་པས་གནའ་ཡིག་ཇི་འདྲ་ཞིག་བྲིས་མིན་མི་ཤེས་སྟབས་འདིར་ཞུ་བའི་འབྲེལ་བ་ཆེར་མི་འདུག་སྙམ། དེ་ནས་རིམ་པར་བཞིན་བོད་བཙན་པོའི་མངའ་ཐང་རིམ་པར་བཞིན་འཕེལ་རྒྱས་འགྲོ་བ་དང་སྟབས་བསྟུན་ནས་ཁྲིམས་ཡིག་ཞལ་ལྕེ་ཡང་དོན་ཚན་ཇེ་མང་དང་སྤུས་ཀ་ཇེ་དག་ཏུ་སོང་ཡོད་པ་ནི་བཤད་མ་དགོས་པ་ཞིག་རེད། འདིར་བརྐུས་པ་འཇལ་གྱི་ཞལ་ལྕེ་གཅིག་པོར་ཡང་། བརྐུ་བྱའི་རྫས་ཀྱི་ལྗིད་ཚོད་དང་གོང་ཚོད་ལ་དཔག་པའི་ལུས་ཐོག་དང་རྒྱུ་ཐོག་གི་ཆད་པ་ཆེ་ཆུང་རིམ་པར་བཞིན་ཧ་ཅང་གི་ཞིབ་ཚ་བའི་ལུགས་སུ་བྱས་ནས་བཀོད། ཚིག་སྦྱོར་ནི་གནའ་བོའི་རྩོམ་སྒྲོས་དང་མཐུན་པར་བརྗོད་གཞིའི་ཐད་ནས་ནུབ་ཕྱོགས་རོ་མའི་གནའ་བོའི་ཁྲིམས་ཡིག་བཞིན་ཞིབ་ཚའི་རང་བཞིན་ལྡན་པ་འདིའི་ཐོག་ནས་སྐབས་དེའི་བོད་ཀྱི་ཁྲིམས་ཡིག་རྩོམ་རིག་གི་གནས་བབ་དང་མཉམ་དུ། བོད་བཙན་པོའི་སྐབས་ཀྱི་ཁྲིམས་ལུགས་ཇི་ཙམ་གྱི་ཞིབ་ཚགས་ཡོད་པ་དེ་ཡང་རང་བཞིན་གྱིས་ཤེས་འོང་པ་ཞིག་ཡིན། ༤༽རྣམ་དཀར་དགེ་བ་སྒྲུབ་པའི་ཆོས་གཞུང་། རང་རེའི་ཡབ་མེས་གོང་མ་ཚོའི་གདོད་མའི་ཆོས་ལུགས་ངོ་མ་གཡུང་དྲུང་བོན་གྱི་ལྟ་སྒོམ་སྤྱོད་པའི་གཞུངལུགས་རྒྱམཚོ་འཕྱུར་བ་དང་རི་བོ་ཉིལ་བ་ལྟ་བུའི་གླེགས་བམ་དང་ཆོས་ཚན་མང་པོ་ཡོད་པ་ནི་བཤད་མ་དགོས་མོད། དེ་ལྟར་ནའང་ལོ་རྒྱུས་ཀྱི་རླུང་རླབས་དང་། གོད་ཆག་གི་མེ་ལྕེ་གསེབ་ནས་ད་ལྟར་ལུས་པའི་ལྷག་མ་འདི་དག་ལ་ནི། ཏུན་ཧུང་ཡིག་རྙིང་ལྟ་བུའི་ཚིག་སྦྱོར་མི་ལྡན་པས། འདིར་ཏུན་ཧོང་རང་ནས་ཐོན་པའི་སངས་རྒྱས་ཆོས་གཞུང་གི་ལེ་ཚན་ཞིག་བགྲང་པར་འདོད་དེ། ཏུན་ཧོང་ཡིག་རྙིང་ལས། ཆ། །ཆུ་བས་ནི་ལྭ་ དྲག །པསཔ་དང་། །རྒྱལ་པོའི་ཞལ་ནས། །བཙུན་མོ་མ་བསད་ཀྱིས་ཁྱོད་ཀྱི་རྫུན་ར་རམ་ཞེས་བྱུང་བ་དང་། །འུ་ཕྲད་ ཡང་གནའ་ག་ལ་སྲུང་(གསུང་)གཏམ་ ལ་ག་ཤེད་མ། །ནགས་ཀྱི་ནང་དུ་སྟ་རི་ཀླིང་པ། གཅིག་ལྷས་འབ་དང་། །ནགས་ཐ་སྐྱད་ན་རེ་ཡུལ་དུ་དགྲ་བྱུང་ངོ་ཞེས་མཆི་ནས། འཇིགས་པ་སྐྱེས་པ་དང་། །ནགས་ཀྱི་ནང་ནས་ཤིང་ཀོ་ཉེ་ཏི་རྒད་པོ་ཤིག་གི་མཆིད། ནས། ནགས་ཁྱེད་རྣམས་ཅིས་འཇིགས་ཞེ་རྨས་པ་དང་། ནགས་ཀྱི་ཤིང་། རྣམས་ན་རེ་ཡུལ་དུ་དགྲ་འོངས་སོ་ཞེས་མཆི་བ་དང་། །ཀོ་ཉི་ཏི་རྒད་པོ་ན་རེ། ཡུ་བུ་ བདག་ཅག་ལས་མ་འོང་ན་སྟ་རི་ཀླིང་པས་འོ་བུ་ཅག་ མྱི་ཆོད་ཏེ། །དགྲ་ནི་འུ་བུ་བདག་ཅག་ལས་འོངས་ཀྱི། །སྟ་རི་ཀླིང་པ་ལ་མ་འཇིགས་ཤིག་ཅེས་མཆི། ལྟ་བུ། དེ་བཞིན་གཤེགས་པས་རྒྱལ་པོ་གོ་ཕངས་བཏུལ་བ་ཞེས་པ་ནི། རྒྱ་གར་གྱི་རྒྱལ་པོ་གོ་ཕངས་ཞེས་བྱ་བས་རང་གི་བཙུན་མོ་སྦས་པ་ལྐོག་བསད་པ་བཏང་པ་དེ་དེ་བཞིན་གཤེགས་པས་མཁྱེན་ནས། དེ་སྲོག་སྐྱོབ་སླད་འུ་ཕྲད་ཀྱི་གཟུགས་སུ་སྤྲུལ་ནས་རྒྱལ་པོ་གོ་ཕངས་ལ་འཇིག་རྟེན་མི་ཆོས་དང་དམ་པའི་ལྷ་ཆོས་གཉིས་ཀ་དང་མཐུན་པའི་གཏམ་ལན་བྱིན་པས། རྒྱལ་པོ་གོ་ཕངས་ཀྱི་གནད་ལ་ཕོག་ནས་ངོ་ཚ་ཁ་སྐྱེངས་ཀྱིས་འུ་ཕྲད་གསོད་པར་བརྩམ་དུས། དེ་བཞིན་གཤེགས་པས་རང་གི་སྐུ་གཟུགས་དངོས་སུ་བསྟན་ནས་ནམ་མཁའ་ལ་འཕགས་པ་། བཙུན་མོ་སྦས་པ་ཡང་སླར་སོས་པའི་རྫུ་འཕྲུལ་བསྟན་པས། རྒྱལ་པོ་གོ་ཕངས་དད་པ་སྐྱེས་ཏེ། སྔ་བཤགས་ཕྱི་སྡོམ་དང་བྱང་ཆུབ་སེམས་སྡོམ་བླངས་པས། དེ་ནས་བཟུང་བཀྲ་ཤིས་ལམ་ལེགས་བྱུང་བའི་གཏམ་རྒྱུད་འཁོད་ཡོད། འདི་ཉིིད་བོད་རང་གིས་བརྩམས་པ་མིན་ཡང་། ཚིག་སྦྱོར་སྡེབ་སྒྲིག་གི་བང་རིམ་དང་། སྐད་ཆའི་འགྲོས། ཚིག་གི་ཉམས། དོན་གྱི་བབ་གང་ས་ཅི་ཐད་ནས། མི་ལོ་སྟོང་ཕྲག་སྔོན་གྱི་རང་རེ་མེས་པོ་ཞིག་གིས་ཁ་ནས་བཤད་པའི་བཟོ་དང་འདྲ་སེ་འདུག་སྟེ། ཐུགས་ཡིད་མ་ཆེས་ན། དང་པོ་ཏུན་ཧོང་ཡིག་རྙིང་ནང་གི་བོད་རྗེ་བློན་ཚོའི་སྐད་ཆ་བཤད་རིམ་དང་། རྡོ་རིང་དང་བཀའ་བཙིགས་ཡི་གེ་ཚོའི་འབྲུ་དོན། སྨན་གཞུང་དང་བསླབ་བྱའི་གཏམ་གྱི་རྩོམ་སྒྲོས་དེ་ཚོ་ལ་གོམས་པ་ངེས་ཅན་རེ་བྱས་རྗེས། ད་གཟོད་བསྒྱུར་གཞུང་འདི་ཚོ་ལ་གཟིགས་དང་། བོད་རང་སྐད་དང་མཐུན་པའི་རིན་ཐང་དང་ཁྱད་ཆོས་ད་ཚོད་ཡོད་པ་ངེས་ཅན་ཞིག་ཤེས་ངེས་ཡིན། བརྗོད་གཞིའི་ཆ་ནས་ཀྱང་སྒྲུང་ལྡེའུ་བོན་གསུམ་ལས། སྒྲུང་གི་ཆ་ཤས་ལྷ་སྒྲུང་དང་ཁད་ཉེ་བར། ཤི་བོ་གསོན་དུ་འཇུག་པ་དང་། རྐང་འགྲོ་གནམ་ལ་འཕུར་བ། མ་རབས་ཡ་རབས་སུ་བསྒྱུར་བའི་རིམ་པ་འདི་དག རང་རེའི་ཡབ་མེས་ཚོའི་རྟོག་སྒྲུང་དང་ལྷ་སྒྲུང་ནང་དུའང་མང་མ་དྲགས་ན་ཉུང་མི་དྲགས་པའི་ཚད་དུ་ཡོད་པ་དེ་དག་དང་ཧ་ཅང་མཐུན་པར་སེམས།

༥༽ བླང་དོར་འབྱེད་པ་ལུགས་ཀྱི་བསྟན་བཅོས། བླང་དོར་འབྱེད་པ་ལུགས་ཀྱི་བསྟན་བཅོས་ནི། ལེགས་ཉེས་བླང་དོར་བསྟན་པའི་བསླབ་བྱའི་གཞུང་ལུགས་ལ་ཟེར་ཞིང་། རང་རེའི་མེས་པོ་ཚོའི་མི་ཐོག་རྣམས་སུ་སྒྲུང་ལྡེའུ་བོན་གསུམ་གྱི་ལམ་ནས་བསླབ་བྱ་དང་ལམ་སྟོན་གང་ཞིག་བྱེད་སྲོལ་ཡོད་པ་དེ་ཉིད། ནང་ཆོས་བོད་བསྒྱུར་གྱི་ལུགས་སྲོལ་ཆགས་པའི་རྗེས། ཆོས་ལུགས་ཀྱི་རྨང་གཞི་ལྡན་པའི་ལྟ་གྲུབ་གཅིག་གཞི་ལ་བཞག་ནས། བོད་རང་གིས་རྩོམ་པའི་བསླབ་བྱའི་ལམ་སྟོན་གྱི་གཞུང་ལུགས་ཀྱང་དུ་མ་ཡོད་པ་འདྲ་སྟེ། དཔེ་མཚོན་ཞིག་བཀོད་ན། ཏུན་ཧོང་ཡིག་རྙིང་། ཕུ་བོས་ནུ་བོར་<<བཏམས་ཤིང་བསྟན་པའི་མདོ་>>ལས། ༄༅།།གནའ་ཡུལ་གསེར་ཞྭ་གཡུ་སྤྲུན་དུ་འཐམས་པ་ གཉིས་ཤི། །མཆིན་པ་ན་བའྀ་རྩི། ཆུ་འདུག་འདུག་པ་ལས། །ནུ་བོ་ཡུལ་གཞན་དུ་ལས་བསྐོ་སྟེ། བརྙས་པར་གྱུར་ནས།ཿ །ཕུ་བོ་ལོ་ཉི་ཤུ་རྩ་དགུ་ལོན་པས། །(ནུ་བོ) (བཅུ) བརྒྱད་ལོན་བར་འགྲོ་བ་ལ། །བཏམས་ ཤིང་། བསྟན་པའི་མདོ། ལོ་ཉི་ཤུ་རྩ་དགུ་ལོན་པ་ལ།།ནུ་བོ་ན་རེ། བདག་གྱང་ཐོ་དང་སྦྱོང་ཞིང་སློབ་དུ་གཏང་གཏང་ན། །ད་ནི་ཡུལདགོས་ན། །གྲོགས་གྱི་ནང་ན།།ཁྱོད་ལས།།བདག་ལ་བྱམས་པབགྱིས་པ་ ཡང་། །ཤིན་ཏུ་དགའ་སྟེ། །རྟག་ཏུ་དྲན་བ་ནི།།ཞགདུ། རྨྱི་ལམ་ ན་སྣངོ་། །ཡིད་ལ་ཆགས་པའི་ཚད་ནི། །བརྗོད་ཆ་ཀྱང་། །དཀའ་བ་ཚམ་ དུ་སེམས་ཤིང་མཆིས། ད་སླད་ཆད་གཆིག་ལ། །ལས་གྱིས། བསྐལ་པས། །མཇལ་མྱི་མཇལ་པག་ཀྱང་། །ཤིན་ཏུ་དཀའ་ན། །བདག་འདྲ་བའི་རྣམས་གྱིརིགས་པར། །བཤད་དུ་གསོལ། །བྱམས་པའི་བཀའ་དྲིན། ནི་དུ་བསྐྱུད་ ན། །བཏམས་ཤིང་བཀའ་ཆི་སྩལ་པའི་རྣམས་ཀྱང་།སུ་བབ་པ་ལ། །ཆ་ནོད་ཆིང་མཆིས།… … ལྟ་བུ། ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ་ཞེས་པའི་གནའ་བོའི་འཇིག་རྟེན་ལུགས་ཀྱི་བསླབ་བྱ་འདི་ཉིད། ཕོ་བོ་དང་ནུ་བོ་བར་ཕན་ཚུན་དྲི་བ་དྲིས་ལན་གྱི་ཚུལ་དུ་བརྩམས་ཤིང་། སྤྱི་བྱིངས་དྲི་བ་བདུན་ཅུ་རྩ་དགུ་དང་དྲིས་ལན་དོན་དགུ་ཡོད་པའི་ནང་ནས། ལྔ་བཅུ་ང་གསུམ་པ་དང་། ང་བཞི་པ་གཉིས། དཔའ་མཛངས་རྟུལ་ཕོད་དང་། ཡ་རབས་བཟང་སྤྱོད། རྒན་གཞོན་རྩི་འཇོག ཁ་དན་ཚིག་གནས། ཡིད་ཆེས་བློ་འགེལ། ཕན་སེམས་བྱམས་སྐྱོང་། ཕྱི་ཐག་རིང་བ། བློ་རྩེ་སྒྲིམ་པ། སྙིང་རུས་ཆེ་བ། བཟོད་སྲན་ཐུབ་པ། གོ་རྟོགས་ཟབ་པ། སྤྱང་གྲུང་འཛོམ་པ། རང་ཚུགས་ཐུབ་པ་སོགས་བོད་རང་སའི་ས་གཞི་དང་སྲོག་ཆགས་དཔེར་འགོད་པ་ལས་གཙོ་བོ་རྒྱ་གར་ལྟ་བུའི་བོད་ཀྱི་རི་ཆུ་ནགས་གསུམ་ལ་དཔེ་དོན་སྦྱར་བ་མེད་པས་མཚོན། བོད་བཙན་པོའི་སྐབས་ཀྱི་སློབ་གསོ་རིག་པའི་ནང་དོན་མཚོན་ཐབས་བྱས་པའི་ལུགས་ཀྱི་བསྟན་བཅོས་གལ་ཆེ་ཞིག་ཡིན། རྩོམ་གཤིས་ནི་གནའ་རབས་བོད་རང་གི་བོད་གཙང་མའི་ཐོག་བྲིས་པར་མ་ཟད་བརྗོད་གཞིའི་དཔེ་མཚོན་ཚུན་ཆད་བོད་རང་གི་དྲི་མ་མ་ཡལ་བས། སྐབས་དེའི་མི་རྣམས་ཀྱི་རྣ་བའི་བདུད་རྩི་རང་དུ་གྲུབ་ངེས། ས་པཎ་གྱིས། ཏུན་ཧོང་གི་ཕུ་བོས་ནུ་བོར་བཏམས་པའི་མདོ་ཞེས་པའི་རྩོམ་ཚུལ་ལ་དཔེ་བླངས་ནས། ལེགས་བཤད་འཕྲུལ་གྱི་དྲ་བ་བརྩམས་པར་གྲགས་པ་དོན་ལ་གནས་ཏེ། ས་པཎ་ལེགས་འཕྲུལ་གྱི་དབུར། ཀྱེ་མ། གནའ་དུས་བཟང་པོ་ནུབ། ད་དུས་ངན་པ་ཤར། གནའ་མི་མཁས་པ་འདས།ད་ནི་བླུན་པོ་སྐྱེས།ལྷ་ཆོས་དར་གྱི་མདུད་པ་གྲོལ། མི་ཆོས་སོག་མའི་ཕོན་ཐག་ཆད། རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ཆག གཙོ་བོ་གྲོས་ཀྱི་རྒྱ་མཚོ་སྐམས། དཔའ་བོ་སྟག་གི་རི་མོ་ཡལ། མོ་བཙུན་ངོ་ཚའི་གཡང་ལུག་བུད།ཡ་རབས་ཀྱི་སྲོལ་མི་བསྲུང་མ་རབས་ཀྱི་སྤྱོད་པ་བསྐྱང༌། ཕུགས་ཀྱི་ཁེ་མི་བརྩི། འཕྲལ་གྱི་རྩིས་གཏང༌། ལེགས་པའི་སྲོལ་མི་འཛིན། ཉེས་པའི་དཔེ་འདྲེན། མཁས་པའི་གཞུངས་མི་བསྲུང་། རྨོངས་པའི་རྗེས་སུ་འཇུག བཟང་པོའི་དོ་མི་བྱེད། ངན་པའི་ཡ་བ་བྱེད་པ་མང་དུ་མཐོང་བས།མཁས་པའི་རྗེས་སུ་ཞུགས་ནས་ལེགས་པའི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར།ཁོ་བོ་ལ་དམ་པར་འཛིན་པའི་སྐྱེས་བུ་རྣམས་ཀྱི་དོན་དུ།ལྷ་ཆོས་མི་ཆོས་ཀུན་ ལ་ཕན་པའི་གཏམ་འགའ་ཞིག་བརྗོད་པར་བྱའོ། ། ལྟ་བུའི་ཚིག་སྒྲོས་བརྡ་རྙིང་གི་ཐ་སྙད་འགའ་སྐད་གསར་བཅད་ཀྱིས་བཅོས་པར་ཕུད། དེ་བྱིངས་མི་གཅིག་གིས་ཁ་ནས་ཐོན་པ་དང་འདྲ་བ་སྣང་བས་སོ། བོད་བཙན་པོའི་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ཆག་རྗེས་སུ། ལུགས་ཀྱི་བསླབ་བྱའི་བསྟན་བཅོས་འདིས་དྲན་བསྐུལ་གཏོང་ནས་འཕགས་ཡུལ་གྱི་སྐྱེ་བོ་གསོ་ཐིགས་དང་། ཚིགས་སུ་བཅད་པ་བརྒྱ་པ། དྲིས་ལན་རིན་ཆེན་ཕྲེང་བ། ཙནྡྲ་ཀའི་རྒྱལ་པོའི་ལུགས་ཀྱི་བསྟན་བཅོས་སོགས། བོད་བསྒྱུར་བྱེད་རྒྱུའི་བསམ་བློ་འཁོར། དེ་དག་ལ་དཔེར་བལྟས་ནས་ས་སྐྱ་ལེགས་བཤད་དང་། དགེ་ལྡན་ལེགས་བཤད། ཆུ་ཤིང་བསྟན་བཅོས། རྒྱལ་པོའི་ལུགས་ཀྱི་བསྟན་བཅོས། བོད་གངས་ཅན་པའི་ལུགས་ཀྱི་བསྟན་བཅོས་ཆེན་པོ་བཞི་ཞེས་ཡོངས་སུ་གྲགས་པ་དེ་དག་དང་། གཞན་ཡང་ས་རྡོ་རླུང་ལྕགས་ཀྱི་བསླབ་བྱའི་བསྟན་བཅོས་ཤིན་ཏུ་མང་པོ་བྱུང་། དེས་ན་བོད་ཀྱི་ལེགས་བཤད་རྣམས་ཀྱང་མགོ་ཁུངས་དང་པོ་གཏུགས་ས་འདི་ཉིད་ཡིན།


༦༽ལུས་ཁམས་གསོ་བ་སྨན་གྱི་གཞུང་།

མེ་བཙའི་བཅོས་ཐབས་ལས། རྩྀབུ་ཐུང་ཞྀ་གསུམ་གྱྀ་གྱོང་བ ་ར་དུ་བཏབ་ན། ནང་གྲོལ་ནང་དུ་རླུང་ཞུགས་སྟེ་འཁྲོག་པ་དང་མཆྀན་པར་རླུང་ཞུགས་དང་། མཚེར་སྐྲངས་པ་ལ་ཕན་ཏེ་མྱེ་བཙའ་བདུན་ཏབ་བོ ། །རྩྀབ་བུ་ཐུང་གཉྀས་གྱྀ་གོང་བར་གཤུལ་བར་ཉེ་བ་བཏབ་ན། རླུང་ཤོར་ཏེ་ན་བ་དང་། མཁལ་མའྀ་རྩ་གྱེན་དུ་འསྒྲེང ་སྟེ་སྐད་ཐབས་སུ་ན་བ་དང་། རོ་སྟོད་འགོ་གཅོད་དང་རུས་མྱྀག་དུ་རླུང་ཤོར་ཏེ་ན་བ་ལ་ཕན་ཏེ་མྱེ་བཙའ་དགུ་བཏབ་བོ། ནུ་མཛྀང་གཉྀས་གྱྀ་བར་བྲང་གྱྀ་ལྷེའུ ་ཀྱྀབ་ཀྱྀབ་པོ ། དབྱེ་བའྀ་མཚམས་སུ་བཏབ་ན། དབུགས་ཚ་བ་དང་། ཆུ་སེར་སྙྀང་ལ་བྲོས་པ་དང་། བྱྀས་བའྀ་བྲང་ནད་ཕན་ཏེ་མྱེ་བཙའ་བདུན་བཏབ་བོ། … … ལྟ་བུ་བཙན་པོའི་སྐབས་ནས་སྨན་སྦྱོར་རིག་པའི་ལག་རྩལ་ཚད་མཐོར་སླེབས་ཤིང་། ལྷག་པར་མེ་བཙའ་དང་འཕུར་མཉེད་ཀྱི་ལག་རྩལ་ནི་ཆེས་འབུར་དུ་ཐོན་པ་ཞིག་ཡིན། བཅོས་ཐབས་འདིའི་བྱ་སྤྱོད་དང་ཆོ་ག་ཇི་ལྟར་དགོས་པའི་སྐོར་གྱིས་མཚོན། སྐབས་དེ་དུས་ནས་བོད་ཀྱི་གསོ་བ་རིག་པའི་དར་སྲོལ་ཧ་ཅང་ཆེ་བ་སྣང་ལ། ལྷག་དོན་ཆེས་ཡ་མཚན་དགོས་པ་ཞིག་ལ། གནའ་བོའི་ཡིག་རྙིང་ནས་རྙེད་པའི་སྨན་གཞུང་མང་ཆེ་བ་ནི་རྨ་བཅོས་ཁྲག་གཅོད་གི་སྐོར་ཡིན། དེའི་རྒྱུ་མཚན་ཞིབ་ཏུ་འཚོལ་ན། བོད་བཙན་པོའི་སྐབས་དམག་གི་ཡོ་ལངས་ཤིན་ཏུ་ཆེ་བ་ཏུན་ཧོང་ཡིག་རྙིང་ལས་བྱུང་བ་དེ་དག་གི་བདེན་དཔང་དང་མཚུངས་ཏེ། མི་རྣམས་རང་བཞིན་གྱིས་ན་ནས་ཉལ་ས་དྲོན་པོའི་ནང་ཤི་བ་ལས་དམག་སར་ཁྲག་རལ་འཛར་འཛར་གྱིས་ཤི་མཁན་མང་བ་དང་། དེ་གྲས་ལ་དཔའ་བོའི་མཚན་སྙན་དང་བསྟོད་པའི་བྱ་དགའ་ཡང་རག་པ། དེས་ན་སྐབས་དེའི་སྨན་པ་ཚོས་སྐབས་དེའི་སྤྱི་ཚོགས་གནས་བབ་ཀྱི་དགོས་མཁོར་གཙོ་བོར་བལྟས་ནས་བློ་ཡི་ནུས་པ་ཡོད་ཚད་རྨ་གསོ་ཁྲག་གཅོད་ཀྱི་གསོ་རིག་ལག་རྩལ་ལ་གཏོང་བའི་གནས་ལུགས་ཀྱང་རང་བཞིན་གྱིས་ཤེས་འོང་། སྨན་སྦྱོར་རྩོམ་སྲོལ་འདི་དག་ཀྱང་བརྗོད་གཞི་ཞིབ་ཚ་བ་དང་གོ་རིམ་ལྡན་པ། བརྗོད་པ་གནའ་རྩོམ་བྱིངས་དང་མཐུན་པའི་རང་བཞིན་མངོན། དེ་ཡང་(མེ་བཙའི་བཅོས་ཐབས)འདིའི་ནང་དུ་གསང་མིག་ལྔ་བཅུ་ང་གཅིག་འཁོད་ཡོད་ཅིང་ནད་ཀྱི་ལྕི་ཡང་ལ་བརྟག་ནས་མེ་བཙའ་ལ་ཕྲ་སྦོམ་གཉིས་སུ་ཕྱེས་ནས་གནད་ཐོག་ཏུ་གདབ་ཚུལ་ཞིབ་པ་མ་ཟད། ནད་རིགས་མང་པོའི་ནད་རྟགས་དང་བཅོས་ཐབས་བཅས་ལ་ཞིབ་འཇུག་དང་ལན་ལེན་ཟུང་དུ་འབྲེལ་བའི་དཔྱད་བཅོས་གཙོ་བོ་ཞིག་ཡིན། དཔྱད་ཡིག་འདི་ནི་སྔོན་ཆད་ཕྱག་སྤལ་དུ་མེད་ཅིང་། གྲུ་གུའི་དཔྱད་ལྕགས་དང་ཞང་ཞུང་གི་དཔྱད་ཕུགས་དང་དཔྱད་ཡིག་ཐམས་ཅད་ལས་བཏུས་པའི་མན་ངག་གཅེས་བསྡུས་ཤིག་ཡིན་པར་འཁོད་དོ།

༧༽རྟོགས་པ་བརྗོད་པ་སྙན་ངག་གི་རྩོམ་ཆོས། རཱ་མ་ཎའི་རྟོགས་བརྗོད་ལས། ། །མཚེའུ་ལང་ལིང་ ཎིརྔུལད་ཆབ་ ལ་རབ་ཎི་སྒྲ་དང་དང་དྀང་ ། །ལྷ་བྱ་གནམ་ལ༤ངུར་ཐབས་མཁའ་ལ་ཕུར་པ་ནི་བཀྲ་ཡེར་ཡེར་ ། །ན་བུན་ ཪྀ་ལ་སྐྱེདཔག་བསམ་གྱི་ཤིང་། རྀན་པོ་ཆེའི་འབྲས་བུ་འབྲུལ་ ཞིང་། འབོད་ཐོང་ཐོང་ ། རྩྀ་ཤིང་དང་ལྡུམ་བུ་མེན་ཏོག ་རྒྱས་པ་ནྀ། །ཡིད་བཞིན་གྱྀ་ནོར་བུའྀ་སེར་བུ་ ནྀ་ངད་ངད། །རྀན་པོ་ཆེ་སྣ་ཚོགས་འབྱུང་བ་འྀ་རི་ལ།།གཡུ་བྲག་སྔོན་པོས་སྤྲེལ་(སྦྲེལ)་པ་ནིརེ་བ་ཡོངས་སུ་སྐོངས་པས། དགའ་ཡལ་ཡལ། །ནགས་ཚལ་སྟུག་པོ་དག་ན། །སྤོས་ཀྱྀ་རི་དགས འབབ་ཅུ་གཙང་མ་ནི་དབའ་རྒལ ་དང་ལྷག་ལྷག གཡུ་འྀ་གྲམ་བུ་ནྀ་སིལ་… … དེ་ཡང་(རཱ་མ་ཎའི་རྟོགས་བརྗོད)ནི་གནའ་རབས་རྒྱ་གར་གྱི་རིག་བྱེད་གཏམ་རྒྱུད་ལས་བརྩམས་པའི་སྙན་ངག་ཆེན་མོ་ཞིག་ཡིན་ཏེ། ཧ་ལམ་སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པ་ཙམ་ནས་ཁ་རྒྱུན་དུ་གྲགས་པ་དྲང་སྲོང་གྲོག་མཁར་པ་གཙོས་མཁས་དབང་རྣམ་པས་སམ་སྐྲྀ་ཏའི་སྐད་ཀྱིས་གླེགས་བམ་ལ་བྲིས། དེ་ལ་ལེའུ་བདུན་ཡོད་པ་ལས། ལེའུ་དང་པོ་གཞོན་ནུའི་དུས་ཀྱི་རྟོགས་བརྗོད་ལ་ཤླཽ་ཀ་་༡༩༤༡་དང་། ལེའུ་གཉིས་པ་ནགས་སུ་བརྫངས་པའི་རྟོགས་བརྗོད་ལ་ཤླཽ་ཀ་༣༡༧༠། ལེའུ་གསུམ་པ་ནགས་སུ་གྱར་བའི་རྟོགས་བརྗོད་ལ་ཤླཽ་ཀ་༢༠༦༠། ལེའུ་བཞི་པ་སྤྲེའུའི་རྒྱལ་ཁམས་ཀྱི་རྟོགས་བརྗོད་ལ་ཤླཽ་ཀ་༡༩༨༤། ལེའུ་ལྔ་པ་སྤྲེའུ་ཧ་ནུ་མན་ཏའི་རྟོགས་བརྗོད་ལ་ཤླཽ་ཀ་༢༤༨༧། ལེའུ་དྲུག་པ་གཡུལ་གྱི་འཕྲིན་ལས་སྤེལ་བའི་རྟོགས་བརྗོད་ལ་ཤླཽ་ཀ་༤༤༣༥། ལེའུ་བདུན་པ་མཇུག་གི་དགྱེས་འཛོམས་བྱུང་བའི་རྟོགས་བརྗོད་ལ་ཤླཽ་༢༦༦༨་བཅས་ཁྱོན་བསྡོམས་ཤླཽ་ཀ་༡༨༧༤༥་ཡོད་སྐད། ཏུན་ཧོང་གི་བྲག་ཕུག་ནས་ཐོན་པའི་བོད་ཀྱི་གནའ་རབས་ཡིག་ཆར་(རཱ་མ་ཎའི་རྟོགས་བརྗོད)་ཁག་ལྔ་འདུག་ཅིང་། དེ་དག་ཚང་མ་ཕྱི་ལ་ཤོར་ནས་ད་ལྟ་དབྱིན་གོའི་ཤོག་དྲིལ་I.O.737 A དང་། I.O.737 B། I.O.737 C། I.O.737 D། ཤོག་དྲིལ་ I.O.737 D དང་ I.O.737 A གཉིས་གོང་འོག་འཁྲུག་པ་རྣམས་རྒན་དབང་རྒྱལ་དང་རྒན་བསོད་ནམས་སྐྱིད་གཉིས་ཀྱིས་ནོར་བཅོས་བསྐྱར་གསོ་མཛད་ནས་དཀྱུས་སུ་བསྒྲིགས། ཧྥ་གོའི་ཤོག་དྲིལ་ P .T. 983 ཡིན། སྐབས་དེར་ལོ་ཙཱ་བྱེད་སྐབས་བྱྰ་ཀ་ར་ཎའི་ལུགས་དང་མཐུན་པ། དོན་དང་ཡང་མི་འགལ་པ། བོད་ལ་ཡང་གར་བདེ་བར་སྒྱུར་ཅིག་ཅེས་པའི་རྩ་དོན་གཞིར་བཟུང་བ་ཡིན་མོད་རྩ་དོན་དེ་ཉིད་བསྒྱུར་བྱའི་ནང་དོན་དང་དམིགས་ཡུལ་ལ་མ་བལྟས་པར་མཐའ་གཅིག་ཏུ་ལག་ལེན་བྱེད་ཀྱིན་མེད་པར། ཆོས་བསྒྱུར་བ་ལ་དོན་དང་མི་འགལ་བ་གཙོ་ཆེ་ཞིང་། རྩོམ་རིག་གི་ཁོངས་གཏོགས་ཡིན་ན་བོད་ལ་ཡང་གར་བདེ་བར་སྒྱུར་ཤིག་ཅེས་པའི་རྩ་དོན་འདི་གཙོ་བོར་འཛིན་གྱིན་ཡོད་དེ། དཔེར་ན་ཏུན་ཧོང་བྲག་ཕུག་ནས་ཐོན་པའི << ཀྲན་གོ་ཚེ >>དང << ཞང་ཤུ >>དང << ཀོ་ཙེ་འཕྲུལ་རྒྱལ་གྱི་གསུང་སྒྲོས >>སོགས་འགྱུར་མང་པོ་ཞིག་མ་ཡིག་དང་གུང་བསྒྲིགས་ཏེ་དཔྱད་ན། གཏམ་རྒྱུད་ཀྱི་བྱུང་རིམ་ཐོད་ཐུག་ཀྱང་རྗོད་བྱེད་རྒྱས་བསྡུས་གང་འཚམ་དུ་བཅོས་ཡོད་དེ། གཙོ་བོ་ཡིག་སྒྱུར་གྱི་ཐབས་ལས་གཞན་བསྟུན (异化)དང་རང་བསྟུན(归化)གཉིས་ཡོད་པ་ལས་འདི་ནས་གཙོ་བོ་རང་བསྟུན་བྱས་པ་ཞིག་ཡིན། དགེ་འདུན་ཆོས་འཕེལ་གྱིས “ བོད་ཀྱི་རྒད་པོ་རྣམས་ཀྱིས་ཕ་མེས་པོའི་ལུགས་ཀྱི་ཚིག་སྦྱོར་རྒྱུ་བྲིས་པ་ལ་ནི་མང་དུ་སྣང་བ་ངོ་མཚར་ཏེ། དཔེར་ན་མདོའི་ཆོ་ག་སོགས་ན། ཕྱོགས་ཕྱོགས་དེ་ནི་ཕ་གི་ན།།ཉ་མ་ཤར་ཕྱོགས་ཕ་གི་ན།། སྨུག་པོ་མཆོང་གི་ཕོ་བྲང་ན་སོགས་དང་།། དགུང་སྔོན་ཡི་ནི་བདུན་རིམ་ནས།། ལྷ་ཡུལ་ཡི་ནི་གོང་མ་ནས་སོགས་བྱུང་བ་དེ་འདྲ་ཤིན་ཏུ་མང་། དེས་ན་བོད་སྐད་རང་གི་གཤིས་ལ་ཡོད་པ་ཡིན། བོད་ཀྱི་རྩོམ་དངོས་མ་འདི་ཚོ་ཡིན་འདུག ” ཞེས་པ་ལྟར། ཏིན་ཧོང་ནས་ཐོན་པའི་རཱ་མ་ནའི་རྟོགས་བརྗོད་I.O.737Dལས། མཚེའུ་ལང་ལིང་ནྀ་རྔུལ་ཆབ་ལ་ར་བ་ནྀ་སྒྲ་དང་དིང་།། ཞེས་ཚིག་གི་དཀྱིལ་དུ་ནི་སྒྲ་འཇོག་པ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཚིག་གི་སྡེབ་སྦྱོར་ཞིག་ཡིན་པ་ལ། རཱ་མ་ཎའི་འགྱུར་ཡང་ཚུལ་འདི་དང་གཅིག་མཐུན་ཏུ་བྱས་ཡོད་པ་མི་རིགས་རང་གི་མཛེས་འཛིན་གྱི་ལྟ་བ་དང་གོམས་སྲོལ་ལ་སྦྱོར་གང་ཐུབ་བྱས་སྣང་། དེས་ན་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་དབང་རྒྱལ་གྱིས། “ བོད་འགྱུར་མ་དག་རྒྱ་ཡིག་གི་མ་ཡིག་དང་ཐོད་གཏུག་ནས་དཔྱད་ན་བོད་ཡིག་གི་འགྱུར་ལ་རང་དབང་ཆེ་ཞིང་མ་ཡིག་ལ་བསྟུན་དྲག་པ་ཞིག་མིན་པས། གསོན་ཉམས་ལྡན་ཞིང་གཏམ་རྒྱུད་རང་བཞིན་ཆེ་བ་ཞིག་ཡིན་འདུག འདི་ལས་སྐབས་དེའི་བོད་ཀྱི་ལོ་ཙཱ་བའི་འགྱུར་རྩལ་མཐོན་པོར་སོན་པ་ཤེས་ཐུབ ” ཅེས་བྲིས་འདུག་པའང་དོན་ལ་གནས་པའི་ལེགས་བཤད་དོ།། མདོར་ན། ཏུང་ཧུང་ཡིག་རྙིང་ལས་འབྱུང་བའི་ལྷུག་རྩོམ་གྱི་ཚིག་སྦྱོར་འདི་དག་ད་ལྟའི་ཆར་རྒྱུན་ལྡན་དུ་བེད་སྤྱོད་གནང་མཁན་མེད་ནའང་། གནའ་བོའི་ལོ་རྒྱུས་དང་རིག་གནས་ཤུལ་བཞག་གི་རྐང་རྗེས་འཚོལ་དགོས། ཚིག་སྦྱོར་འདིའི་གཞི་རྐང་དུ་ཚུད་པའི་རྩོམ་རྙིང་འདི་དག་མི་ཀློག་ཐབས་མེད་དང་མ་ཤེས་ཐབས་མེད་ཡིན། དེ་བས་གཞན་གྱི་རྩོམ་ལུས་འདི་བེད་སྤྱོད་བཏང་ནས་རྩོམ་ཡིག་གསར་པ་འབྲི་རྒྱུའི་དུས་ཚོད་ལས་ཡོངས་སུ་བརྒལ་ཟིན་པས་འབྲི་གཏོང་ཐོག་དོ་སྣང་དེ་ཙམ་གནང་ནའང་འགྲིགས་སྙམ། མེས་པོས་བཞག་པའི་མདའ་གཞུ་དང་ཁྲག་རྨོག་རྣམས་ཆེས་རྩ་ཆེན་དང་ཆེས་གལ་ཆེའི་གཅེས་ནོར་རང་དུ་བརྩིས་ནས་འདི་མེར་མི་བསྲེགས་པ་དང་ཆུར་མི་བསྐྱུར་བར་དཀོར་མཛོད་དུ་གཡང་རྟེན་ཞིག་ཉར་ན་འོས་པ་ལས། མེས་པོའི་ཤུལ་བཞག་གི་མདའ་གཞུ་ལུས་ལ་བཏགས། ཁྲབ་རྨོག་ལུས་ལ་གྱོན་ནས་འགྲོ་བའི་དུས་རབས་མིན་པས་མདའ་གཞུ་དང་ཁྲབ་རྨོག་གྱོན་སྟངས་མ་བཤད་ནའང་ལོས་འགྲིགས། གཉིས། སྲོལ་རྒྱུན་ཚིག་ལྷུག སྲོལ་རྒྱུན་ཚིག་ལྷུག་ནི། བོད་བཙམ་པོའི་དུས་རབས་ནང་གསུང་རབ་བོད་བསྒྱུར་གྱི་འཕེལ་རིམ་རྒྱ་ཆེར་བརྒྱུད་པ་དང་། འཕེལ་རིམ་དེ་དང་འབྲེལ་བའི་སྒྱུར་གཞུང་དང་། སྒྱུར་གཞུང་དེ་དག་དང་སྒོ་མཐུན་པའི་རྩོམ་སྲོལ་རྣམས་ཡིན། དཔེ་མཚོན་ཙམ་བཀོད་ན། གསུང་རབ་བོད་སྒྱུར་གྱི་ཁྲོད་ནས་འདུལ་བ་ལུང་གཞི་ལས། ཤཱ་རི་བུ་དང་མོ་འགལ་གྱི་བུ་གཉིས་འཕགས་པ་རྟ་ཐུལ་གྱི་སྤྱོདཔས་ཡིད་འཕྲོག་སྟེ་སངས་རྒྱས་ཀྱི་དྲུང་དུ་བཅར་པའི་སྐབས། (དེ་ནས་དེ་གཉིས་བཅོམ་ལྡན་འདས་ཀྱི་དྲུང་དུ་སོང་སྟེ་ཞབས་གཉིས་ལ་ཕྱག་བཙལ་ནས། བཙུན་པ། བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང༌། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་གནང་ན། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚངས་པར་སྤྱོད་པ་སྤྱད་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་དེ་གཉིས་ལ། དགེ་སློང༌། ཚུར་ཤོག ཚངས་པར་སྤྱོད་ཅིག་ཅེས་བཀའ་སྩལ་པས། སྐྲ་དང་ཁ་སྤུ་བྲེགས་ནས་ཞག་བདུན་ལོན་པ་ཙམ་དང༌། ལག་ན་ལྷུང་བཟེད་དང་བྱ་མ་བུམ་ཐོགས་པ་དང༌། དགེ་སློང་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་སྤྱོད་ལམ་ལྟ་བུར་གྱུར་ཏོ། །དེ་བཞིན་གཤེགས་པས་ཚུར་ཤོག་བཀའ་སྩལ་པས། སྐྲ་བྱི་སྣམ་སྦྱར་གྱོན་པའི་ལུས་ལྡན་ཞིང༌། མོད་ལ་དབང་བོ་རབ་ཞི་གནས་གྱུར་ཏེ། སངས་རྒྱས་དགོངས་པས་ལུས་གཟུགས་བཀབ་པར་གྱུར། ཅེས་པ་ལྟ་བུས་མཚོན་ཏེ། དེ་ཡང་གནས་བརྒྱད་རྩ་འགྲེལ་ལས་འབྱུང་བ་ལྟར་གྱིས། གང་བྱས་པ། གང་གིས་བྱས་པ། ཅིའི་ཕྱིར་བྱས་པ། དུས་ནམ་ཞིག་ཏུ་བྱས་པ་ལྟ་བུའི་ཡུལ་དུས་གནས་སྐབས་དང་བྱ་བྱེད་ལས་གསུམ་གྱི་རྣམ་པར་དབྱེ་སྟངས་སྟབས་བདེ་ཞིང་། གོ་སླ་བའི་ཁྱད་ཆོས་རང་བཞིན་གྱིས་འབུར་དུ་ཐོན་པ་མངོན་ཐུབ། ད་དུང་སྒྱུ་རྩལ་གྱི་ཉམས་དང་ལྡན་པའི་བསྒྱུར་རྩོམ་ཚིག་ལྷུག་ནི། སྐྱེས་རབས་ལས། བདག་ཅག་གི་བླ་མ་དཀོན་མཆོག་གསུམ་བླ་མར་བྱེད་པ། སྒྲུབ་པའི་ཡོན་ཏན་རྣམས་ཀྱིས་བླ་མ་མགུ་བར་བྱས་པ། ཡོན་ཏན་གྱི་ཚོགས་ཀྱིས་བླ་མར་གྱུར་པ་རྣམས་ཀྱིས། བཅོམ་ལྡན་འདས་ཀྱི་སྐུ་ཚེ་སྔ་མའི་རྟོགས་པ་བརྗོད་པ་འདི་ཡོངས་སུ་བསྒྲགས་པ་རྗེས་སུ་ཐོས་ཏེ། བྱང་ཆུབ་སེམས་དཔའ་ཡིད་དམ་བཅས་པ་ཁྱད་པར་ཅན་དང་མཐུན་པར་གྱུར་པ། སྦྱིན་པ་དང་། ཚིག་སྙན་པ་དང་། དོན་སྤྱོད་པ་ལ་སོགས་པ་ཤེས་རབ་ཀྱིས་ཡོངས་སུ་ཟིན་པས་སྐྱོན་མེད་ཅིང་སྙིང་རྗེའི་རྒྱུ་མཐུན་པ་རྣམས་ཀྱིས་འཇིག་རྟེན་ཡོངས་སུ་འཛིན་པ་ན། རང་གི་ཆོས་ལ་མངོན་པར་དགའ་བ་ལས་གྱུར་པའི་གཙང་སྦྲ་དང་། སྤྱོད་པ་དང་ལྡན་པའི་བྲམ་ཟེའི་རིགས་ཆེན་པོ་ཇེ་མཐོ་ཇེ་མཐོར་གྱུར་པ་ཞིག་ཏུ་སྐྱེ་བ་ཡོངས་སུ་བཟུང་བར་གྱུར་ཏོ། །ཞེས་གྲགས་སོ། །དེ་སྐྱེས་པའི་ལས་བྱ་བ་ལ་སོགས་པས་སྦྱངས་པ་རིམ་པ་བཞིན་དུ་བྱས་ཤིང་མངོན་པར་སྐྱེས་པ་ནི། རང་བཞིན་གྱིས་ཡིད་གཞུངས་པ་དང་། མགོན་སྐྱབས་ཀྱི་ཁྱད་པར་དང་། ཤེས་པ་ཆེད་ཆེར་འཛིན་པ་དང་། ལེ་ལོ་མེད་པས་རིང་པོ་མ་ཐོགས་པར་རིག་པའི་གནས་བཅོ་བརྒྱད་དང་། བདག་གི་རིགས་དང་མི་འགལ་བའི་སྒྱུ་རྩལ་རྣམས་ལ་སློབ་ཀྱི་སློབ་དཔོན་གྱི་གོ་འཕང་དམ་པ་ཐོབ་པར་གྱུར་ཏོ། ། ལྟ་བུ་སངས་རྒྱས་བཅོམ་ལྡན་འདས་བྲམ་ཟེའི་རིགས་སུ་སྐྱེ་བ་བཞེངས་པའི་སྐབས་ཀྱི་ཀུན་སྤྱོད་དང་། མཁྱེན་ཡོན་གྱི་ཁྱད་པ་དེ་དག་ཞིབ་འབྲིའི་ལུགས་ཀྱིས་གསལ་བ་བསྟན་པ་ཅིང་། སྒྱུར་གཞུང་དེའི་རིགས་དང་སྒོ་མཐུན་པར་བོད་རང་གིས་བྲིས་པ་དཔེར་ན། སྐྱེས་རབས་སོ་བཞི་པའི་མཇུག་སྣེར་ཀརྨ་པ་རང་བྱུང་རྡོ་རྗེས་མཛད་པའི་སངས་རྒྱས་ཀྱི་སྐྱེས་པའི་རབས་ལས། བདག་ཉིད་ཆེན་པོ་དེ་དཀའ་ཐུབ་ཅན་བཞིན་དུ། །ནགས་ཀྱི་ཤིང་གི་ལོ་མ་དང་འབྲས་བུ་ཙམ་གྱིས་འཚོ་ཞིང༌། ཚུལ་དེ་དང་དེ་དག་གིས་སྤྱོད་པའི་སྤྱོད་ཡུལ་དུ་བབ་པའི་སྲོག་ཆགས་རྣམས་ལ་སྙིང་བརྩེ་བར་བྱེད་ཅིང་དགོན་པའི་ས་ཕྱོགས་དེ་ན་གནས་པར་གྱུར་ཏོ། །དེ་ནས་མི་ཞིག་བ་བོར་བ་འཚོལ་བའི་ཕྱིར་ཀུན་དུ་རྒྱུ་ཞིང་སོང་སོང་བ་ལས། ལམ་སྟོར་ཞིང་ཕྱོགས་བསླད་དེ་འཁྱམས་ནས། ས་ཕྱོགས་དེར་འོངས་སོ། །དེ་བཀྲེས་པ་དང༌། སྐོམ་པ་དང༌། ཚ་བ་དང་ངལ་བས་ལུས་ནི་མྱ། ཡིད་མི་དགའ་བའི་མེས་ནི་ཁོག་པའི་ནང་གདུངས། མྱ་ངན་གྱི་ཁུར་ལྕི་བས་ནོན་པ་བཞིན་དུ། །ཤིང་ཞིག་གི་དྲུང་དུ་འདུག་པ་དང༌། ཤིང་ཏིན་དུའི་འབྲས་བུ་སྨིན་ནས་ལྷགས་པ། ཁ་དོག་སེར་པོར་གྱུར་པ་ཅུང་ཟད་ཅིག་མཐོང་ངོ༌། །དེས་དེ་དག་མྱངས་ན་བཀྲེས་པས་ཉེན་པས་རབ་ཏུ་ཞིམ་པར་རྟོགས་སོ། །དེ་དག་གང་ལས་བྱུང་བའི་ཤིང་བཙལ་བའི་ཕྱིར་སྤྲོ་བ་སྐྱེས་ནས་ཀུན་དུ་བལྟས་པ་དང༌། ཤིང་ཏིན་དུ་ཞིག་གད་པ་གཡང་ཟ་བའི་ཁ་ན་འདུག་པའི་ཡལ་ག་འབྲས་བུ་སྨིན་པའི་ལྕིད་ཀྱིས་དུད་ཅིང༌། སེར་པོར་གྱུར་པ་ཞིག་མཐོང་ངོ༌། །དེ་འབྲས་བུ་དེ་འདོད་པའི་ཕྱིར་རིའི་གད་པ་གཡང་ཟ་བ་དེ་ལ་འཛེགས་ཏེ། ཤིང་ཏིན་དུའི་ཡལ་ག་འབྲས་བུ་ཅན་གཡང་ས་ལོགས་སུ་དུད་པར་གྱུར་པ་དེ་ལ་འཛེགས་པ་དང༌། འབྲས་བུ་འདོད་པའི་ཕྱིར་ཤིང་དེའི་ཐོར་ཏེ་ལ་ཐུགས་པར་ཕྱིན་ཏོ། ། ཞེས་སྤྲེའུ་སྙིང་རྗེ་ཅན་གྱིས། གཡང་གཟར་ལ་ལྷུང་བའི་མི་ངན་གྱི་སྲོག་སྐྱོབ་གནང་བའི་སྐབས་ཀྱི། ལམ་བསྟོར་བའི་མི་དེའི་ཉམས་ཉེས་པའི་སྣང་བརྙན་མེ་ལོང་དང་གཟུགས་བརྙན་བཞིན་གསལ་ལྷམ་མེར་ཁྲ་བའི་སྒྱུ་རྩལ་གྱི་ཉམས་དང་། ཚིག་སྦྱོར་གྱི་འགྲོས་ཀུན་རྒྱ་གཞུང་བོད་བསྒྱུར་བྱས་པའི་རྣམ་པ་ལས་བོད་པ་རང་གིས་བྲིས་པའི་བཟོ་འདྲ་མཐོང་དཀའ་བའི་ཚོད་དུ་སྣང་ལ། གཞན་སྲོལ་གྱིས་སླད་པའི་རྩོམ་རིག་ཡིན་པ་ལ་སྡེབ་སྦྱོར་འབྲེལ་ཆགས་ཤིང་། ཀློག་བདེ་བ་དང་བརྗོད་སྙིང་གོ་སླ་བའི་ཁྱད་ཆོས་རང་བཞིན་གྱིས་མངོན་ཐུབ་པར་སེམས། ཀརྨ་པ་ཆོས་དབྱིངས་རྡོ་རྗེས་མཛད་པའི་ཞྭ་དམར་གར་དབང་ཆོས་ཀྱི་དབང་ཕྱུག་གི་རྣམ་ཐར་འདོད་འཇོ་བ་མོ་ལས། དེ་ནས་གྲུབ་པའི་བསྟི་གནས་ལྷོ་གྲོ་བོ་ལུང་བལྟ་བའི་སླད་དུ་བྱང་ཆུབ་སེམས་དཔའ་དགའ་བའི་དབྱངས་འགྲོ་བའི་ཕྱི་བཞིན་དུ་འཇིག་རྟེན་དབང་ཕྱུག་འགྲོ་བར་ཤེས་ནས། བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབང་ཕྱུག་འཁོར་ལྔ་བརྒྱ་དང་ཐབས་གཅིག་ཏུ་གྲུབ་པའི་བསྟི་གནས་ལྷོ་གྲོ་བོ་ལུང་བལྟ་བའི་སླད་དུ་སོང༌། ཉིན་རེ་བཞིན་དུ་ཆོས་སྟོན་པ་དགེ་བའི་བྱ་བ་ལ་ཉིན་དང་མཚན་དུ་བརྩོན་པ་དེའི་ཚེ། ཉང་གི་རྒྱལ་ཕྲན་དེའི་རྒྱལ་བུ་གཞོན་ནུ་རྒྱལ་སྲིད་སྐྱོང་བ་ལས་ཉིན་གཅིག་སྐྱེད་མོས་ཚལ་དུ་སོང་བ་ན་སྐྱེད་མོས་ཚལ་དུ་སུ་ཡང་མི་འདུག་པ་མཐོང་ནས་སྐྱེད་མོས་ཚལ་བསྲུང་བ་ལ་འདི་སྐད་ཅེས་སྨྲས་སོ། །སྐྱེད་མོས་ཚལ་འདི་བཟོས་ནས་ཡུན་ཅི་ཙམ་ལོན། དེས་སྨྲས་པ། འདི་ནི་ཁྱོད་ཀྱི་ཡབ་ཀྱིས་བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་འཁོར་དང་བཅས་པ་ལ་བསྙེན་བཀུར་བར་བྱ་བའི་ཕྱིར། ཀུན་དགའ་ར་བ་འདི་བཟོས་ནས་ཡུན་རིང་བོ་ཞིག་ལོན། ཞེས་གསོལ་བ་དང༌། རྒྱལ་བུ་དེའི་ཡབ་རྒྱལ་པོས་འདི་ལྟར་བྱང་ཆུབ་སེམས་དཔའ་ལ་ཡིད་དད་པས་བསྙེན་བཀུར་ཇི་ལྟར་བྱས་པའི་ལུགས་ཤེས་ནས། བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབང་ཕྱུག་ཉན་ཐོས་ཀྱི་འཁོར་དང་ལྷན་ཅིག་ཏུ་རྒྱལ་ཐབས་ཆེན་པོའི་ཕོ་བྲང་དང་ཉེ་བའི་སྐྱེད་ཚལ་དུ་བོས་ནས་བསྙེན་བཀུར་བ་བྱས་སོ། ། ལྟ་བུ་རྗེ་ཞྭ་དམར་གར་དབང་ཆོས་ཀྱིས་དབང་ཕྱུག་མཆོག །རྗེ་བཅུ་པ་ཆོས་དབྱིངས་རྡོ་རྗེ་རང་ཉིད་དང་མཉམ་དུ་ལྷོ་བྲག་གྲོ་བོ་ལུང་དུ་ཕེབས་སྐབས། གཙང་མྱོང་སྟོད་རྒྱལ་བུས་རྗེ་གར་དབང་ཡབ་སྲས་ལ་སྔ་ས་ནས་དད་པ་ཆེན་པོས། ཕོ་བྲང་གི་ཉེ་འགྲམ་ན་མེ་ཏོག་གི་སྐྱེད་ཚལ་ཕུལ་དུ་བྱུང་བའི་གྲ་སྒྲིག་ཡོད་པ་དེར་གདན་དྲངས་ནས་བསྙེན་བཀུར་ཚུལ་དེ་ཉིད། ཚིག་སྦྱོར་བཅད་ལྷུག་སྤེལ་མའི་སྙན་ངག་གི་ལམ་ནས་སྤེལ་བ་སྟེ། བསྟན་འགྱུར་ཁྲོད་ཀྱི་རྟོགས་བརྗོད་གླེགས་བམ་དག་ལའང་ཅོ་འདྲི་བའི་ཉམས་དང་ལྡན་ཞིང་། ད་ཕན་ཁོ་བོའི་མིག་ལམ་དུ་སོན་བའི་བོད་རྩོམ་ཞིག་ལ་རྒྱ་གཞུང་གི་རྟོགས་བརྗོད་རྩོམ་འགྲོས་དང་ཆུ་ལ་ཆུ་བཞག་པ་ནང་བཞིན་མཐོང་བ་ནི། རྟོགས་བརྗོད་འདི་དང་ཁོང་གིས་མཛད་པའི་རང་རྣམ་ཀ་ལ་པིང་ཀའི་ལམ་གླུ་གཉིས་ཁོ་ན་ཡིན། དེས་ན་ལྷོ་འབྲུག་གི་རྗེ་མཁན་པོ་ཤཱཀྱ་རིན་ཆེན་གྱིས་མཛད་པའི་ཀར་རྣམ་ལས། གསུང་རྩོམ་གནང་བ་དག་ཀྱང་སྙན་ངག་ཕུལ་དུ་ཕྱིན་པ་སྐྱེས་རབས་སོ་བཞི་པ་དང་། དཔག་བསམ་འཁྲི་ཤིང་། ཀླུ་ཀུན་ཏུ་དགའ་བའི་ཟློས་གར་ལ་སོགས་པས་ཀྱང་འགྲན་མི་བཟོད་པ་མཆིས། ། ཞེས་གསུངས་པ་འདི་དོན་ལ་གནས་པའི་གཏམ་ཉིད་དོ། ། རྗེ་བཅུ་པ་ཆོས་དབྱིངས་རྡོ་རྗེའི་རང་གི་རྟོགས་པ་བརྗོད་པ་ཀ་ལ་པི་ཀའི་ལམ་གླུ་ལས། ཆུ་ཀླུང་གི་ངོགས་ན་ངལ་གསོ་ཞིང་འདུག་པ་དེའི་ཚེ་སྐྱེས་བུ་རྣ་བ་འཛིན་པ་ལུས་ཀྱི་མདོག་སྔོ་བ་སྐྲ་ལོ་གཡེངས་པ་འབབ་ཆུའི་རྒྱུན་གྱིས་དག་པར་མ་གྱུར་པའི་དྲི་མ་དང་ལྡན་པ། དཔེར་ན་ཆུའི་ནང་དུ་རྐང་པ་ནུབ་པ་ཁྲུང་ཁྲུང་གི་རྐང་པ་ནི་ནམ་ཡང་ཁ་དོག་བཟང་པོར་མི་འགྱུར་བ་དེ་བཞིན་དུ། སྐྱེས་བུ་དེ་ཡང་ཆུ་ཀླུང་གི་ནང་དུ་པུས་ནུབ་ཙམ་དུ་ཉིན་རེ་བཞིན་འགྲོ་ཡང་དྲི་མ་དག་པ་མེད་པ་དེས་ཆུ་བོའི་ཕ་རོལ་ཏུ་འགྲོ་དགོས་པ་ཤེས་ནས་སྨྲས་པ། ཀྱེ་སྐྱེས་བུ་ཆུ་བོའི་ཕ་རོལ་ཏུ་འགྲོ་བར་འདོད་ན་ངས་གྲུ་བླང་བར་བྱའོ། །ངས་གྲུ་ལོང་ཤིག་སྨྲས་པ་དང༌། སྐྱེས་བུ་དེ་རང་རི་ཁང་པར་སོང་ནས་ལྤགས་པ་ལས་བྱས་པའི་གྲུ་ཆུང་ངུ་ཞིག་བླངས་ཏེ་ཆུ་བོའི་ཐོག་ཏུ་བཞག་ནས་སྨྲས་པ། ཚུར་ཤོག་གྲུའི་ནང་དུ་འདུག་ནས་གླ་བརྔན་བྱིན་པར་བྱ་བ་བྱིན་ཅིག །རྣ་བ་འཛིན་པ་བུ་དང་ཆུང་མ་ཀུན་གྱི་ཚ་བའི་སྣོད་དུ་འོས་པ་འཁར་བའི་སྣོད་ཞིག་བྱིན་པ་བླངས་ནས་ཆུ་སྐྱར་ཆུའི་ནང་དུ་འགྲོ་བ་བཞིན་དུ་ཡུད་ཙམ་གྱི་ཆུ་བོའི་ཕ་རོལ་ཏུ་འདུག་པར་བྱས་སོ།། ལྟ་བུ་བཅུ་པ་ཆོས་དབྱིངས་རྡོ་རྗེ་བོད་ཤར་ཕྱོགས་འཇང་གི་རྒྱལ་ཁམས་ནས། གར་དབང་ཆོས་ཀྱི་དབང་ཕྱུག་གི་ཡང་སྲིད་མགོ་ལོག་ཏུ་འཁྲུངས་པ་དེ་བཞིན་བརྩད་གཅད་ངོས་འཛིན་སླད། མངོན་ཆུང་གསང་བའི་ལམ་ནས་ཕེབས་པར། ལམ་དུ་ཇག་པ་ཐུག་ནས་ཆིབས་རྟ་དང་ཕྱག་རྫས་ཕལ་ཆེ་བ་འཕྲོག་བཅོམ་ཤོར། ཞབས་ཐང་ལ་ཕེབས་པའི་ཤུལ་ལམ་རྒྱལ་ཐང་གཙང་པོའི་འགྲམ་ངོགས་ན་གྲུ་པ་ཞིག་འཕྲད་ནས། དེས་གཙང་པོའི་ཕ་རོལ་དུ་སྒྲོལ་ཚུལ་དེ་ཉིད་གསུངས་ཤིང་། ཚིག་སྦྱོར་གྱི་ཐད་ནས་བཤད་ན་རྒྱལ་ཐང་གཙང་པོའི་འགྲམ་ངོགས་ནས་གཟིགས་པའི་གྲུ་པ་དེའི་མདོག་དང་བཟོ་དབྱིབས་རྣམས་རེ་རེ་བཞིན་སྐྱུགས་བྲོ་བའི་ཁ་ལ་མཛུབ་མོ་བརྒྱུས་པ་ལྟ་བུའི་མི་སྡུག་པའི་མཉམ་འབུར་དུ་འཐོན་པར་བྱས་ཤིང་། གཙང་པོའི་ཕར་ཁར་སྒྲོལ་བྱེད་ཀྱི་གྲུབ་དེ་ཉིད་ཆུ་སྐྱའི་དཔེར་བྱས། གྲུ་གླ་སྤྲོད་པའི་རྒྱུད་རིམ་གྱི་བྱ་བ་རྣམས་རང་བཞིན་བདེན་བརྗོད་ལམ་ནས་གསལ་བར་བྱས་ཤིང་། ཚིག་སྦྱོར་སྤྱི་ཁོག་ནས་མདོ་མཛངས་བླུན་དང་རྒྱ་ཆེར་རོལ་བའི་མདོ་ལྟ་བུའི་ཉམས་དང་ལྡན་པས། ཆེས་ཕུལ་དུ་བྱུང་བའི་གནའ་རྩོམ་ཀྱི་དཔེ་མཚོན་དམིགས་བསལ་བ་ཞིག་ཡིན། རྟག་ཏུ་ངུའི་རྟོགས་བརྗོད་ལས། རྫིང་བུའི་ར་བ་ཐམས་ཅད་ཀྱང་གསེར་དང༌། དངུལ་དང་བཻ་ཌཱུརྱ་དང་ཤེལ་ལས་གྲུབ་པ་ངོས་བཞི་བཞི་དང་ལྡན་པ། ནང་གི་ས་གཞི་ཀེ་ཀེ་རུ་ལས་བྱས་པ་གསེར་གྱི་བྱེ་མ་བདལ་བ། རྫིང་བུ་དེ་དག་རེ་རེ་ལ་ཡང་ཕྱོགས་དང་མཚམས་རྣམས་སུ་ཐེམ་སྐས་བརྒྱད་བརྒྱད་བཙུགས་ཤིང༌། དེ་དག་གི་བར་བར་ན་འཛམ་བུ་ཆུ་བོའི་གསེར་ལས་གྲུབ་པའི་ཤིང་སྐྱེས་པས་མཛེས་པ། རྫིང་གི་ཆུ་རྣམས་ཀྱང་མེ་ཏོག་གི་ཤིང་གིས་གཏམས་པ་དེ་དང༌རླུང་གིས་བསྐྱོད་པའི་ཚེ་མེ་ཏོག་རྣམས་རྫིང་བུའི་ནང་དུ་ལྷུང་བས། རྫིང་བུའི་ཆུ་དེ་དག་ཐམས་ཅད་ཀྱི་ཆུ་ཡང་ཙན་དན་གྱི་དྲི་དང་ལྡན་པར་བྱེད་པ། གྲོང་ཁྱེར་དེ་ན་ཡོད་པའི་སྐྱེས་པ་དང་བུད་མེད་རྣམས་ཀྱང་སྐྱེད་མོས་ཚལ་དང་རྫིང་དེར་འདོད་པའི་ཡོན་ཏན་དང་ལྡན་པས་རྩེ་དགའ་ཞིང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱང༌། བཙུན་མོ་དྲུག་ཁྲི་དང་བཅས་པ་སྐྱེད་མོས་ཚལ་དེར་དུས་དུས་སུ་འདོད་པའི་ཡོན་ཏན་ལྔས་དགའ་མགུར་ལོངས་སྤྱོད་པར་བྱེད་དོ། ། ལྟ་བུ་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ། སངས་རྒྱས་ཆོས་འཕགས་འཚོལ་བར་བསྐྱོད་པའི་ཤུལ་ལམ་བརྒྱུད། ཆོས་འཕགས་དངོས་སུ་བཞུགས་པའི་གྲོང་ཁྱེར་སྤོས་ངད་ལྡན་ཀྱི་ཁོར་ཡུག་མིག་གིས་མངོན་སུམ་དུ་མཐོང་བའི་ཉེ་འགྲམ་ན་བཅར་རྗེས་ཀྱི་ཁོར་ཡུག་དེའི་མཛེས་བཀོད་ཀྱི་སྣང་བརྙན་རི་མོའི་ཟོལ་དུ་ཕབ་པ་ཞིག་ཡིན་ལ། བརྗོད་བྱའི་སྲོག་སྙིང་ཁོར་ཡུག་མཛེས་བཀོད་ལ་བརྗོད་ལུས་ཚིག་ལྷུགས་སུ་བཀྲོལ་ཞིང་། ཚིག་གི་རྒྱན་ནི་རྒྱ་གར་བའི་སྙན་གཞུང་ལས་བྱུང་བའི་སྒྱུ་སྩལ་གྱི་གསོན་ཉམས་ལྡན་ལ་མི་སེམས་འགུག་པའི་མཛེས་རྟོག་གི་འབུར་བརྙན་ཟུབ་ཏུ་མེད་པའི་སྲོལ་རྒྱུན་གྱི་ཚིག་ལྷུགས་སྙན་ངག་གི་དཔེ་མཚོན་ཞིག་ཀྱང་ཡིན།

༣ ཚིག་སྡུད་ལྷུག་རྩོམ། ཚིག་སྡུད་ལྷུག་རྩོམ་ནི། བོད་བླ་མའི་དུས་རབས་སྐབས་དང་། ལྷག་དོན་གཞུང་དགའ་ལྡན་ཕོ་བྲང་བའི་སྐབས་དར་སྲོལ་ཆེས་ཆེར་བྱུང་བའི་ཚིག་སྡུད་དམ་ཚིག་ལྷུག་གི་རྩོམ་སྲོལ་ཞིག་ཡིན། དེ་ཡང་གཙོ་ཆེར་གཞུང་གི་དྲུང་ཡིག་རྩེ་དྲུང་དང་ཤོད་དྲུང་ཚོས་མ་ཤེས་ན་ཐབས་མེད་པའི་གཞུང་བྲིས། གཞུང་འབྲེལ་གྱི་སྙན་ཞུ་དང་ཡིག་ཆ། རྩ་ཚིག་བཀོད་ཁྱབ་གང་ཞིག་འགོད་ནའང་རྩོམ་ལུས་འདིའི་ཐོག་ནས་འབྲི་བ་མ་གཏོགས་འབྲི་སྲོལ་གཞན་མི་ཆོག་པའི་སྲོལ་རྒྱུན་གཏན་འཇགས་སུ་ཕྱིན་པ་ཞིག་ཡིན། དེའི་དཔེ་མཚོན་ཙམ་བཀོད་ན། ༸གོང་ས་བཅུ་གསུམ་པ་ཆེན་པོའི་ཆུ་སྤྲེལ་ལོའི་ཞལ་གདམས་ལས། ངོས་ཐོག་མར་སྔར་སྲོལ་གསེར་བུམ་དཀྲུག་འདོན་མ་དགོས་པར་ལུང་བརྟག་དོན་གསལ། སྲིད་ཞིའི་འདྲེན་མཆོག་༸རྒྱལ་དབང་གི་སྐྱེ་གྲལ་དུ་བརྟག་དཔྱད་ངོས་འཛིན་གྱིས་ གདན་ཁྲིར་འཁོད་པ་ནས་བཟུངས། བར་སྐབས་སྔོན་གྱི་མཛད་ལམ་གཞིར་བཟུང་རྒྱལ་ཚབ་ཡོངས་འཛིན་རྟ་ཚག་ཧོ་ཐོག་ཐུ་དང། མཁན་ཆེན་ཡོངས་འཛིན་རྡོ་རྗེ་འཆང་ཕུར་ལྕོག་རིན་པོ་ཆེས་དབུས་བཤེས་གཉེན་དམ་པ་ གཙུག་བསྟེན་ཆོས་སྤྱོད་ཀྱིས་མཚོན་འདོན་ཁ་ཁྲལ་བློར་འཛིན་སྐྱོར་སྦྱང། རབ་བྱུང་དང། དགེ་ཚུལ་སྡོམ་ནོད། གཞུང་ཆེན་བཀའ་པོད་ལྔར་བརྒལ་བརྟག་རྩོད་གྲྭ མདོ་རྒྱུད་རྒྱ་མཚོའི་རྗེས་གནང། དབང་བཀའ་ཁྲིད་སོགས་རང་གི་བློ་ཚོད་དང་བསྟུན་པ་ཉིན་ལྟར་ཆག་མེད་དུ་སྦྱང་བརྩོན་ གང་འཚམས་བསྐྱེད་ཁུལ་ཡང། རང་ལོ་ཉི་ཤུ་ལ་བབས་མཚམས་སྔར་སྲོལ་ལ་བསྙད་པའི་རྒྱལ་སྲིད་ཆོས་སྲིད་འགན་འཁུར་ ཐོག་ཏུ་བབས་པ་ན། … …བོད་སྡོད་ཨམ་བན་ནས་གཡོ་ཞུས་རྗེས་འབྲངས་ལུའུ་ཅུན་དཔོན་དམག་ལྷ་འབྱོར་བོད་ལྗོངས་ཆབ་སྲིད་དབང་བྱུས་འཕྲོག་ཉེར། ༸རྒྱལ་བློན་ཆབ་སྲིད་ཀྱི་དབང་ལུང་ཡོད་པ་རྣམས་རྒྱ་གར་འཕགས་ཡུལ་དུ་ངལ་བ་རིང་སྤངས་བདེ་བགྲོད་ཀྱིས་དབྱིན་གཞུང་བརྒྱུད་རྒྱ་གཞུང་ལ་གང་ཅིའི་རྒྱུ་རྐྱེན་མཐའ་ འབུད་དང། ཕྱོགས་གཅིག་ནས་བསྟན་སྲིད་བདེ་ཐབས་ཞབས་རིམ་ལྷོད་མེད་བསྒྲུབས་པའི་ལས་འབྲས་མི་ བསླུའི་བདེན་མཐུ་ཟབ་མོས་རྒྱ་ནག་ནང་འཁྲུག་དུས་འགྱུར་དབང་གིས་བོད་ཕྱོགས་རྒྱ་ དཔོན་དམག་ལྟག་ཆུ་ཆད་པའི་རྫིང་བུ་ལྟར་རིམ་གྱིས་མཐར་བསྐྲད་ཐོག རང་གི་སྐྱོང་ཡུལ་བོད་ལྗོངས་ཆོས་ཀྱི་ཞིང་སར་སླར་འཁོད་དེ་ཆུ་གླང་ནས་བཟུང། ཆུ་སྤྲེ་བར་བོད་ལྗོངས་འདི་ཉིད་དུ་བདེ་སྐྱིད་རྫོགས་ལྡན་གསར་དུ་བཞད་པས་མཆོག་དམན་ཚང་མ་དགའ་བདེ་ཅི་དགར་ལོངས་སྤྱོད་བག་ཕེབས་སུ་ཚིམས་… …། ལྟ་བུ། རྒྱལ་མཆོག་བཅུ་གསུམ་པ་རང་ཉིད། བོད་ཀྱི་སྲིད་ཁྲིར་འཁོད་པ་ནས་བཟུང་། འགན་ཁུར་ཇི་ལྟར་གནང་ཚུལ་དང་། དབྱིན་ཇི་དང་མན་ཆིན་གྱིས་བཙན་འཛུལ་བྱས་རིམ་ལ་གདོང་ལེན་གང་ནུས་བྱས་ཚུལ། ད་ཆ་སུ་ལའང་ཐེ་ཏོག་སྤུ་རྩེ་ཙམ་ཡང་མེད་པའི་བོད་རྒྱལ་ཁབ་འདི། ཆོས་རྒྱལ་མེས་དབོན་རྣམ་པའི་སྐབས་ནང་བཞིན་རང་སྐྱོང་གཙང་མ་ཡིན་པའི་ཡོངས་ཁྱབ་བསྒྲགས་གཏམ་སྤེལ་བ་ཞིག་ཡིན་ལ། དེང་གི་ལོ་རྒྱུས་སྨྲ་བ་ཚོས།་འདི་ནི་གོང་ས་བཅུ་གསུམ་པའི་རང་བཙན་སླར་གསོ་བྱས་པའི་བཀའ་ཡིག་ཁྱབ་བསྒྲགས་རེད། ཅེས་གསུང་པའང་ལོ་རྒྱུས་ཀྱི་འགྲེལ་བརྗོད་རྒྱུ་མཚན་ཡོད་པ་ཞིག་རེད་སྙམ། རྩོམ་སྲོལ་འདིའི་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་ཡོད་པ་དེ་ནི་བརྗོད་དོན་མང་པོ་ཞིག་རྗོད་ཚིག་ཉུང་ཉུང་ཞིག་ཏུ་བསྡུ་ཐུབ་པ། ཚིག་རྙོག་མང་པོ་མི་དགོས་པར་སྐབས་འགར་ཚིག་སྡུད་རེ་རེའི་ནང་ཚིག་ལྷུག་གཞན་གྱི་ཐིག་ཕྲེང་གཉིས་ཙམ་འདུ་འགྲོ་བ་ལྟ་བུའི་ཁྱད་ཆོས་ལྡན་པ་མ་ཟད། ཞིབ་ཏུ་བཀླགས་ཤིང་འདྲིས་ན་ཚིག་གི་བརྗིད་ཉམས་ལྡན་ལ། བསྡུ་ཤུགས་ཆེ་བས་དཔོན་ཉམས་རིང་ལུགས་ཀྱི་རྣམ་པའང་ཚིག་བརྗོད་ཀྱི་ཐོག་ནས་རང་བཞིན་གྱིས་ཐོན་འོང་། རྩོམ་བྲིས་དེར་མ་འདྲིས་པ་དང་མ་གོམས་པ། ད་དུང་རྩོམ་སྲོལ་དེར་ཆ་རྒྱུས་མེད་པའི་མི་ཞིག་གིས་བཀླགས་ན། དོན་གྱི་གོ་བ་ཕར་ཙམ་བཞག་ནས་ཚིག་གི་གཅོད་མཚམས་ཙམ་ལ་ཡང་མགོ་བ་རྨོངས་ནས་དབུགས་ངལ་གསོ་ས་མི་རྙེད་པ་ལྟ་བུར་འགྱུར་སྲིད། བར་ལམ་རང་གཞུང་དགའ་ལྡན་ཕོ་བྲང་པའི་གཞུང་འབྲེལ་ཡིག་ཆར་ཚིག་སྡུད་ཧ་ཅང་མང་བའི་ལྷུག་རྩོམ་འབྲི་སྲོལ་གསར་པ་འདི་དར་བ་དེ་ཉིད་ཡིག་ཚོགས་ཉུང་བར་བརྗོད་དོན་ བསྡུ་ཆེ་བ་དང༌། ཚིག་སྦྱོར་བརྗིད་ཅིང་གོ་བ་ཟབ་པ་སོགས་ཀྱི་ཁྱད་ཆོས་ལྡན། མྱོང་ཅན་གྱི་ཞལ་ལས་གཞུང་ཡིག་ཀློག་ན་འབྲུག་དང༌། བསམས་ན་ཆར། ལག་ལེན་དུ་འགལ་འདུ་མེད་པ་ཞིག་དགོས་ཞེས་གསུངས་པ་ཐོས་ཤིང༌། དེ་ཡང་གཞུང་ཡིག་ཀློག་སྐབས་རྗོད་བྱེད་ལ་འབྲུག་གྲགས་པ་ལྟ་བུའི་བརྗིད་ཉམས་དང༌། དོན་ལ་བསམས་ན་ཞུ་དོན་ཞལ་བཞེས་བྱུང་ན་བརྗོད་མེད་ཐོག མ་བྱུང་ཚེ་རྒྱུ་མཚན་གསལ་བཀྲོལ་གྱིས་ཆབ་འབངས་བློ་མི་ཕམ་པར་གཙོ་འདོན་བྱེད་ དགོས་པ། འབྲེལ་ཡོད་དོན་གནད་ཐོག་ཐག་གཅོད་གཙང་མ་ཡུག་གཅིག་ཏུ་བྱེད་པ་ལས་དོན་རྩ་གཅིག་ལ་ ཐག་གཅོད་སྣ་ཚོགས་དང༌། སྔ་ཚིག་ཕྱི་འགལ་སོགས་ལག་ལེན་དུ་འགལ་འདུ་མེད་པ་གཙོ་འདོན་དགོས་པར་བཤད། (ད་ལྟའི་༸གོང་ས་མཆོག་གི་མཛད་རྣམ་ཡང་རྩོམ་སྲོལ་གཙོ་བོ་འདིའི་ཐོག་ནས་བྲིས་ཡོད།) ཉེ་རབས་བོད་ཀྱི་གཞུང་འཛིན་མི་སྣའི་ཁྲོད་ནས་ཐོན་པའི་རྩོམ་པ་པོ་མི་ཉུང་བ་ཞིག་གིས་གཞུང་འབྲེལ་ཡིག་ཆ་ཙམ་མིན་པར་རང་ཉིད་ཀྱི་མི་ཚེའི་ལོ་རྒྱུས་དང་རྒྱལ་རབས་ལོ་རྒྱུས་ཀྱིས་མཚོན་པའི་བརྩམས་ཆོས་མང་པོ་ཞིག་རྩོམ་སྲོལ་འདིའི་ཐོག་ནས་བྲིས་པའང་ཉུང་ཉུང་མིན། ༤ སྲོལ་རྒྱུན་གྱི་སྒྱུ་རྩལ་ཚིག་ལྷུག སྲོལ་རྒྱུན་གྱི་སྒྱུ་རྩལ་ཚིག་ལྷུག་ནི། གསུང་རབ་བོད་བསྒྱུར་གྱི་འཕེལ་རྒྱས་ཤུགས་ཆེར་ཕྱིན་རྗེས་ཀྱི་རྩོམ་སྲོལ་དང་སྒོ་བསྟུན་ནས་བོད་རང་གིས་བྲིས་པའི་ཚིག་རྒྱུན་གྱིས་སྤྲས་པའི་ལྷུག་རྩོམ་སྟེ། དཔེར་ན། འབྲུག་པ་པདྨ་དཀར་པོའི་རྟོགས་བརྗོད་ལས། འབྲུག་པ་པདྨ་དཀར་པོ་རང་ཉིད་གང་དུ་སྐྱེ་བ་བཞེངས་སའི་ཀོང་པོའི་ཁུལ་གྱི་ཡུལ་ཁམས་ངོ་སྤྲོད་དུ། ཁ་བ་ཅན་གྱི་ཤར་ཕྱོགས་ཀོང་པོའི་ཡུལ་ལྗོངས། རྩྭ་ལྗང་སེར་ཡིད་དུ་མཆིས་པས་ནི་ས་ཕྱོགས་ཐམས་ཅད་ཁེབས། །མདངས་བཀྲ་བ་སྣ་ཚོགས་པའི་མེ་ཏོག་གིས་བརྒྱན་པ་བཞིན་འདུག །དེ་ལ་འདུས་པའི་བུང་བ་གཞོན་ནུ་གླུ་ལེན་པ་ནི་ལང་ལོང་དུ་རྒྱུ། གཟུགས་མཛེས་ཤིང་ལྟ་ན་སྡུག་པའི་རི་དགས་མང་པོ་ནི་དོགས་པ་མེད་པས་དུལ་བར་གནས། ནེ་ཙོ་དང་། རི་སྐེགས་དང་། ཁུ་བྱུགས་དང་། སྤུ་སྡུག་ཅིང་མཛེས་པའི་བྱ་སྣ་ཚོགས་པ་འཇོ་སྒེག་ལྡན་པའི་རོལ་རྩེ་དཀྱིལ་རྒྱུ་བས་ཕན་ཚུན་འབྲེལ་བའི་གཏམ་བགྱིད། ཁ་དོག་བཟང་པོ་ཡལ་ག་དང་ལོ་མ་རྒྱས་པ་འབྲས་བུ་ཕུན་སུམ་ཚོགས་ཤིང་། བསུང་བཟང་པོའི་ངད་ལྡང་བའི་འཁྲི་ཤིང་སྣ་ཚོགས་པས་གང་བར་བྱས། སྨིག་མ་དང་། རྐང་འཐུང་གསར་བུ་སྐྱེས་པ་སིར་བུས་བསྐྱོད་པ་དག་ཤུག་གླུ་ལེན་ཞིང་བྲོ་གར་བྱེད། ཡན་ལག་བརྒྱད་དང་ལྡན་པའི་ཆུ་བོ་ཆེན་པོ་ལོ་ཧི་ཏ་བཻ་ཌཱུ་རྻ་ཞུན་མ་ལྟར་སྔོ་ཞིང་དངས་མ་ནི་དལ་གྱིས་འབབ། ལྷུང་ལྷུང་ཟེར་ཞིང་རི་བོའི་ངོགས་སུ་རིངས་པར་རྒྱུག་པའི་ཆུ་བྲན་གྱིས་དང་བར་བྱས། དུར་པ་དང་། ཁྲུང་ཁྲུང་དང་། དང་པ་དང་། མཛེས་པའི་ཆུ་བྱ་མང་པོ་ནི་ཁྲུས་ཀྱི་ཆེད་དུ་འཇུག་ཅིང་བྱི་རུ་ལྟར་དམར་བའི་སོར་མོས་འཐོར་བར་བྱེད། བྲག་རི་དང་། ནགས་ཚལ་དང་། སྨན་ལྗོངས་སྣ་ཚོགས་པས་ཡིད་ངོམས་པས་མེད་པར་བྱས་པ། ལྷའི་དགའ་ཚལ་བཞིན་ཡུལ་བདེ་བ། ལོ་ལེགས་པ། སྐྱེ་བོ་མང་པོས་གང་བ། ལོངས་སྤྱོད་ཕུན་སུམ་ཚོགས་པ་ལ་སྤྱོད་ཅིང་། ཀུན་དགའ་བསྐྱེད་པའི་གཏམ་དང་གླུ་གར་གྱིས་གང་བར་བྱས་པ། མཐོ་རིས་ཀྱི་གྲོང་གི་འགྲན་ཟླར་འོས་པ་ཞིག་ཡོད་དོ། ། ལྟ་བུ་རང་ཉིད་གང་དུ་འཁྲུངས་སའི་ཀོང་པོའི་ཁུལ་དེ་ཉིད་བོད་ཀྱི་ས་ཁུལ་གང་གི་ཕྱོགས་སུ་ཡོད་པ་དང་། དེའི་རི་ཀླུང་ཆུ་གསུམ་གྱིས་བསྡུས་པའི་ཡུལ་ལྗོངས་མཛེས་བཀོད་དང་། བྱ་བྱིའུ་རི་དྭགས་སོགས་དེ་ལ་གནས་པའི་སྲོག་ཆགས་རྣམས་ཀྱི་སྣང་བརྙན་ལྷ་རིིས་མཁས་པའི་འབུར་རིས་བཞིན་བཏོན་ཏེ། གསན་ཉམས་ལྡན་པའི་ཉམས་འགྱུར་གྱི་སྒྱུ་རྩལ་ལ་བརྟེན་ནས་ཚིག་རིས་དེ་དག་རེ་རེ་བཞིན་ཀློག་གིན་ཀློག་གིན། ཀློག་པ་པོའི་སེམས་སུ་རང་ཉིད་ཁོར་ཡུག་དེར་དངོས་སུ་སླེབས་སོང་པའི་ཚོར་སྣང་བརྗེན་པ་སྟེར་ཐུབ་པ་ལྟ་བུ་ཡང་། ཆེས་ཕུལ་དུ་བྱུང་བའི་སྙན་ངག་པ་ཆེན་པོ་ཚོའི་སྒྱུ་རྩལ་གྱི་ཉམས་འགྱུར་ལས་བྱུང་བའི་ཚིག་ལྷུག་སྙན་ངག་སྲོལ་རྒྱུུན་ཚིག་ལྷུག་གི་ཆེ་བའི་མཚོན་གཞི་དང་། རང་ཉིད་ལྷུག་རྩོམ་སྙན་ཚིག་ལ་འཇུག་ན་དཔེ་ལྟ་ས་དང་རྩོམ་རིག་གི་ཞིང་ཁམས་འགྲིམས་པ་གོམ་པའི་རྡོག་སྣེ་གཟུང་སར་མེད་ཐབས་མེད་པའི་དཔེ་མཚོན་ཞིག་རེད་སྙམ་ནས་འདིར་བགྲངས་པ་ཡིན། མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་གྱིས་ མཛད་པའི་གཞོན་ནུ་ཟླ་མེད་ཀྱི་རྟོགས་བརྗོད་ལས། གཞོན་ནུ་ཟླ་མེད་གང་དུ་འཁྲུངས་སའི་རྒྱལ་ཁབ་ཀྱི་ཁོར་ཡུག་ཡུལ་ལྗོངས་དང་ཕོ་བྲང་སོགས་སྣོད་བཅུད་ཀྱི་བཀོད་པའི་ཁྱད་ཆོས་ངོ་སྤྲོད་སྐབས། དེ་ཡང་སྔོན་བྱུང་བ་འདས་པའི་དུས་ན། རྒྱ་གར་འཕགས་པའི་ཡུལ་ནས་བྱང་ཕྱོགས་སུ་ས་འཛིན་གྱི་འཕྲེང་བ་རིམ་པ་འགའ་ཞིག་འདས་པའི་ས་ན་ཀུན་དགའི་ཚལ་ཞེས་བྱ་བའི་ཡུལ་ཁམས་སུ། གྲོང་ཁྱེར་ཆེན་པོ་པད་མ་རྒྱས་པ་ཞེས་པ་ཀུན་གསལ་གྱི་ལམ་དུ་རྒྱུ་སྐར་འཕྲེང་བས་མཛེས་པར་བྱས་པ་ལྟ་བུ་མངོན་པར་བཀྲ་བ། ནོར་དང་སྐྱེ་བོས་ཡོངས་སུ་གང་བས་ཁོ་ར་ཁོར་ཡུག་ཏུ་དཀྲིགས་པའི་དབུས་སུ་རྒྱུ་ སྐར་གྱི་རྒྱལ་པོ་ཆ་ཤས་ཡོངས་སུ་རྫོགས་པའི་དགེ་མཚན་དངོམས་པ་ལ་དོ་ཟླར་ཆས་པ། འཆི་མེད་བདག་པོའི་མདུན་ས་ནོར་འཛིན་དཔལ་མོའི་རྒྱན་དུ་བྱིན་པ་དང་ཀུན་ནས་འདྲ་བའི་ཕོ་བྲང་མཐོ་ཞིང་ཡངས་པ་ལྟ་བས་ཆོག་མི་ཤེས་པ་ཡང་དག་པར་སྦྱངས་པའི་ས་ལེ་ སྦྲམ་གྱི་རྒྱ་ཕིབས་དང༌། མདའ་ཡབ་དང༌། བྱ་འདབ་འོད་སྟོང་འབར་བས་ཕྱོགས་ཀྱི་འཁོར་ལོ་འགེངས་པ། གདུགས་དང་རྒྱལ་མཚན་དང༌། བ་དན་གྱི་ལྷབ་ལྷུབ་གཡོ་བ་ལས་དཔྱངས་པའི་གཡེར་དྲིལ་གྱི་སྒྲ་དབྱངས་ཀྱིས་རྣ་བ་ བདུད་རྩིའི་བང་མཛོད་དུ་བྱེད་པ། ….སྲིད་པའི་རྒྱན་ཞེས་གྲགས་དཀར་གྱི་བ་དན་རིང་ནས་རིང་དུ་སྐྱོང་བ་དེ་ན། ཆོས་བཞིན་དུ་སྤྱོད་པའི་སའི་འབྱོར་ཕྱུག་ཆེན་པོ་རྒྱལ་པོ་ཉི་མའི་བློ་གྲོས་ཞེས་བྱ་བ་སློང་བ་པོའི་གདུང་བ་འཕྲོག་ཅིང་དགོས་འདོད་ཀྱི་འབྲས་བུ་འབད་མེད་དུ་སྟེར་བ་དཔག་བསམ་དབང་པོའི་མཚན་ཉིད་དང་མཚུངས་པ་གྲགས་པའི་མེ་ཏོག་དང་བསོད་ནམས་ཀྱི་ དྲི་བཟང་རྒྱས་པས་རྣམ་པར་མཛེས་པ་ཞིག་བྱུང་བར་གྱུར་ཏོ། །

ལྟ་བུ་དུས་ནམ་ཞིག་ཏུ། གནས་གང་ཞིག་ཏུ། མི་སུ་ཞིག་ལ། ལོངས་སྤྱོད་གང་ཞིག་ལྡན་པའི་ཚུལ་དེ་དག། རྣམ་པར་བཀྲ་བའི་ཚིག་རྒྱན་གྱི་རི་མོའི་ལམ་ནས། གསན་ཉམས་ལྡན་པའི་གཟུགས་བརྙན་ཁྱད་པར་བ་ཞིག་གི་རྣམ་པར་སྤྲུལ་ཏེ། དོན་དངོས་ལ་གནམ་སྔོན་པོ་འདིའི་འོག ཁོང་གིས་བྲིས་པ་ལྟར་གྱི་གཞོན་ནུ་ཟླ་མེད་ཟེར་བ་ཞིག་བྱུང་མྱོང་མེད་ནའང་། རྩོམ་པ་པོས་འཆར་ཡན་གྱི་རྟོག་པའི་བཟོ་བཀོད་ལས་བྱུང་བའི་གཞོན་ནུ་ཟླ་མེད་ཀྱི་ཁྱིམ་བརྒྱུད་འདི། དངོས་སུ་བྱུང་མྱོང་ཡོད་པའི་རྒྱ་གར་གྱི་རྒྱལ་པོ་སྟོབས་ཆེན་ཚོས་ཀྱང་འགྲན་པ་མི་བཟོད་པའི་སྟོབས་འབྱོར་མངའ་ཐང་གི་འབུར་བརྙན་རེ་རེ་བཞིན་ཀློག་པ་པོའི་སེམས་ངོར་ཁད་ཀྱིས་ཟུག་ནས། ཁོར་ཡུག་དེའི་མཛེས་བཀོད་དང་། ཕོ་བྲང་དེའི་བཟོ་བཀོད་དང་མཛེས་རྩལ་གྱི་ཁྱད་ཆོས་རྣམས། མིག་སྔར་གཟུགས་བརྙན་བཞིན་འཆར་བའི་ཚོད་ཀྱི་རྣམ་པར་གསལ་འོང་བ་ཡང་། རྩོམ་པ་པོའི་བསམ་བློའི་འཆར་འགོད་དང་སྲོལ་རྒྱུན་ཚིགས་ལྷུག་གི་རྩོམ་རྩལ་ལས་བྱུང་བ་ཞིག་ཡིན་ལ། ད་དུང་འོག་ནས་འབྱུང་བའི་ཡིད་འོངས་མ་དང་ཕན་ཚུན་བཅིངས་པའི་མཛའ་སེམས། དཔའ་བོ་སྲིད་པ་གཞོན་ནུ་དང་ཐོབ་ཤོར་རྩོད་པའི་འཁོན་འཛིན། སྟོབས་ཀྱི་དཔུང་པས་རྒྱལ་ཁམས་དབང་དུ་བསྒྱུར་བའི་དཔའ་སྤོབས། ངེས་པར་བྱུང་ནས་དབེན་པའི་ནགས་སུ་འགྲིམས་པའི་དཀའ་སྤྱད་སོགས། སྲིད་པ་འཇིག་རྟེན་འདི་ན་འབྱུང་སྲིད་པ་དང་འབྱུང་ངེས་པའི་གནས་ལུགས་མང་པོ་ཞིག་རྩོམ་པ་པོས་རྟོག་པས་བཟོ་བཀོད་ཞིབ་ཚགས་བྱས་པ་འདི་དག་རེ་རེ་བཞིན། དངུལ་གྱི་མཆོད་རྟེན་ལ་གསེར་གྱི་འབུར་འཚག་གཡོགས་པ་དང་གཡུ་ཡིས་ཁྲ་རྒྱན་བཏབ་པ་ནང་བཞིན། བང་འགྲིགས་ཤིང་གྲ་མཉམ་པ། བཀོད་པ་ལེགས་ཤིང་དབྱིབས་བཟོ་དོད་པ། ལྟ་ན་དང་བ་འདྲེན་ཞིང་བསམ་ན་སེམས་ལ་འཐད་པ། ལྷུག་རྩོམ་འདི་དག་གི་རིན་ཐང་དངོས་གནས་དེ་ཤེས་དགོས་ན། ལྷ་སའི་ཁྲོམ་གཞུང་གི་ཚོང་ཟོག་ལ་རིན་ཐང་ཇི་ཙམ་ལྡན་མིན་ཤེས་དགོས་ན་དང་པོ་རང་ཉིད་དངོས་སུ་ཁྲོམ་གཞུང་དུ་སོང་ནས། མིག་མཐོང་ལག་ཟིན་གྱིས་ཚོང་ཟོག་རེ་རེ་བཞིན་ཉམས་དཔྱད་ན། ད་གཟོད་ཚོང་ཟོག་གི་རིན་ཐང་ངེས་ཅན་ཤེས་ངེས་མོད། ཇ་ཁང་ཆང་གང་བྱུང་དུ་ཇ་རྒྱག་ཆང་རྒྱག་འདྲ་བྱས། ཁ་ཐོག་ཚོད་ལ་རྩོད་རྒྱག མིག་མཐོང་ཚོད་ལ་སྐྱོན་བཙུགས། མིས་བཤད་ཚོད་རྫུན་དུ་སྒོམ། རང་གིས་དྲན་ཚད་བདེན་པར་རློམ་མཁན་ཚོས། རྩོམ་ཡིག་འདི་རིགས་ཀྱི་རིན་ཐང་ནམ་ཡང་མཐོང་མི་སྲིད། མཚམས་འདིར་ཟམ་གདོང་པཎྜི་ཏས་གཏམ་བརྒྱུད་འདི་བཀླགས་པའི་མྱོ་བྱང་གང་ཞིག་དགོངས་ངོ་ན་བརྐོས་པའི་སྣང་བརྙན་ཞིག་ཀྱང་ངོ་སྤྲོད་ཞི་འདོད་བྱུང་། ཁོང་གིས། གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་ལ་སོགས་པ་དེ་ཚོའི་ནང་ལ་ཆོས་ཀྱི་གནས་ཚུལ་མཚམས་མཚམས་ལ་རྙེད་སྲིད་པ་མ་གཏོགས། དེ་མ་ཡིན་པ་མགོ་ནས་མཇུག་བར་དུ་འདོད་པའི་གཏམ་དང་འཐབ་རྩོད་ཀྱི་གཏམ་མ་གཏོགས་ཆོས་ཀྱི་བསམ་ཚུལ་གྱི་གནས་ཚུལ་གང་ཡང་མེད། དེ་འདྲའི་འདོད་པ་དང༌། འཐབ་རྩོད་དང༌། ཕྲག་དོག་གི་གཏམ་ལ་སོགས་པ་དེ་ཚོ་ཅིའི་ཕྱིར་ཡོང་བ་ཡིན་ཞེ་ན། རང་གི་མི་ཚེའི་ཚོར་བ་དང་སྤྱི་ཚོགས་ཀྱི་ཚོར་བ་ལ་བརྟེན་ནས་ཡོང་བ་ཤ་སྟག་མ་གཏོགས། རང་གི་མི་ཚེའི་ཚོར་བ་སྤྱི་ཚོགས་ཀྱི་ཚོར་བ་ཕར་བཞག་ནས་ཐེག་པ་གསུམ་དང་རྒྱུད་སྡེ་བཞིའི་གསུང་རབ་ཀྱི་ནང་ནས་དྲངས་ཡོང་བ་གཏན་ནས་མེད། གཅིག་ཏུ་ན་རྩོམ་རིག་མང་པོ་མ་ཀློག་པ་དང༌། གཞན་ཡང་དང་པོ་ནས་བློ་གཟུ་བོར་མ་གནས་པར་དེ་འདྲ་ཞིག་ཡོད་པ་གཞིར་བཞག་ནས་དཔེ་ཆ་ཀློག་མི་དགོས་པར་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་འདྲ།  ཞེས་གསུངས་འདུག ད་དུང་མདོ་མཁར་བས་མཛད་པའི་མི་དབང་རྟོགས་བརྗོད་དང་།  བཀའ་བློན་རྟོགས་བརྗོད་  རྣམས་ཀྱང་རྩོམ་གཞི་སྒྱུ་འཕྲུལ་དངོས་ཡོད་ཀྱི་ལམ་ནས་བྲིས་ཀྱང་རྩོམ་པ་པོ་ཚོད་མཐོའི་ངག་གི་རང་བཞིན་གྱི་སྒྱུ་རྩལ་བ་ཡིན་པས། གཞན་དང་གཞན་ལས་འབུར་དུ་ཐོན་པའི་ཁྱད་ཆོས་ལྡན། 

དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོའི་གསུང་རྩོམ་ལྷ་ཆོས་དང་མཐུན་པའི་གཏམ་པདྨའི་ཚལ་གྱི་ཟློས་གར་ནི། དངོས་བྱུང་གི་འགྲོ་བ་མིའི་འཁོར་བའི་དཀའ་རྙོག་མང་པོ་ཞིག་མགོ་ཐོག་ཏུ་ལྷུང་བ་ནས་ངེས་པར་འབྱུང་བའི་རིམ་པ་མཐའ་དག་སྲོག་ཆགས་གཞན་དང་གཞན་གྱིས་ཚབ་མཚོན་བྱས་ནས་བསྒྲིགས་པའི་སྒྱུ་རྩལ་གྱི་ཁྱད་ཆོས་གཞན་ལས་ཁྱད་དུ་ཞུགས་པ་ཞིག་ཡིན་ལ། འདི་གའི་མཐོ་སློབ་ཀྱི་སློབ་ཚན་ཡང་ཡིན་པས། འགྲེལ་བརྗོད་རགས་ཙམ་ཞུ་ན། བསྟན་བཅོས་འདིའི་བརྗོད་བྱ་གཙོ་བོ་ནི་དུས་རབས་བཅུ་དགུ་བའི་ནང་ཁམས་སྡེ་དགེའི་འདན་ ཁོག་ཏུ་གཟིམ་དཔོན་ཚང་གི་བུ་བཀྲ་ཤིས་དགེ་ལེགས་དང་འཇུ་ཆང་མགོན་པོ་དར་རྒྱས་ ཀྱི་བུ་མོ་རང་ལོ་ཉེར་ལྔ་སོན་པ་གཉིས་འཇིག་རྟེན་མཐུན་སྣང་གི་ཁྱོ་ཤུག་ཏུ་གྱུར་ ནས་མངའ་ཐང་ལོངས་སྤྱོད་ཀྱི་དཔལ་ལ་རོལ་བའི་དུས། ཡུལ་དེར་རིམས་ནད་སྐེ་སྐྲངས་ཀྱི་ན་ཚས་ཁྱབ་ཏེ་མི་རྣམས་ཀྱི་ཚེ་སྲོག་འཕྲོག་པའི་སྐབས། གཟིམ་དཔོན་ཚང་གི་བུའི་ཆུང་མ་ཡང་འཇིག་རྟེན་མི་ཡུལ་དང་ཁ་བྲལ་དགོས་བྱུང་པས། བུ་བཀྲ་ཤིས་དགེ་ལེགས་ཀྱིས་སེམས་ལ་སྐྱོ་ཤས་ཚད་མེད་སྐྱེས་ནས་འདན་པདྨའི་རི་ངོས་ ཀྱི་པདྨ་ཤེལ་ཕུག་ཏུ་མཚམས་བསྙེན་སྒྲུབ་ལ་བཞུགས་པའི་རྫ་དཔལ་སྤྲུལ་རིན་པོ་ ཆེའི་མདུན་དུ་བཅར། འཇིག་རྟེན་འཁོར་བ་ལ་སྙིང་པོ་མེད་པའི་ངེས་འབྱུང་རྣམ་མའི་རྒྱུ་བྱས་ཏེ་རབ་བྱུང་གི་སྡོམ་པ་བླངས། སྤྱིར་འཇིག་རྟེན་འཁོར་བའི་སྣང་ཚུལ་ནི་སྒྱུ་མ་མཁན་གྱིས་མིག་འཁྲུལ་དང༌། བདེ་ སྡུག་གི་འགྱུར་བ་རྣམས་ནི་མི་རྟག་སྟོན་ཁའི་སྤྲིན་དང་མཚུངས་པ་སོགས་འཁོར་བའི་ རང་བཞིན་འདི་ཀུན་གྱིས་རྟོགས་ན་ཅི་མ་རུང་སྙམ་ནས་རྫ་དཔལ་སྤྲུལ་རིན་པོ་ཆེར་མི་ རྟག་འཁོར་བའི་ཆོས་ཉིད་དང་སྦྲགས་ནས་བསླབ་བྱའི་རྩོམ་ཐུང་ཞིག་འབྲི་དགོས་ཞེས་ཡང་ཡང་ནན་གྱིས་བསྐུལ་ངོར། རྫ་དཔལ་སྤྲུལ་རིན་པོ་ཆེ་མཆོག་ནས་བརྗོད་བྱ་དམ་པའི་ཆོས་ཀྱི་སྔོན་འགྲོའི་རིམ་པ། དལ་འབྱོར་རྙེད་དཀའ་བ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་བཅས་བློ་ལྡོག་རྣམ་པ་བཞི་གཙོ་བོར་བྱས་ཏེ། རྗོད་ བྱེད་མཚོན་བྱེད་ཅན་གྱི་རྩོམ་རིག་སྒྱུ་རྩལ་ཐབས་ལམ་སྤྱད་ནས་བཅད་ལྷུག་སྤེལ་མའི་བདག་ཉིད་ཅན་གྱི་སྒྲུང་ཐུང་གཏམ་པདྨ་ཚལ་གྱི་ཟློས་གར་ཞེས་པ་འདི་བརྩམས་པར་གྲགས་སོ། དཔེ་དོན། ༡ ཤེལ་དཀར་པདྨའི་ཕུག་པ། འདན་པདྨ་ཕུག་པའི་བྲག་ཕུག་ཅིག་ཡིན། ༢ བྱང་ཐང་མེ་ཏོག་སྐྱེས་ཚལ། བྱང་སྡེ་རྫ་ཆུ་ཁ་བའི་གྲོང་ཚོ། ༣ བྲམ་ཟེའི་ཁྱིའུ་པདྨ་དགྱེས་པ། རྫ་དཔལ་སྤྲུལ་རིན་པོ་ཆེ། ༤ པདྨ་སྤུངས་པའི་སྐྱེས་ཚལ། ༥ འདན་ཁོག་ཁེངས་པའི་པདྨ། ༦ རྒྱས་པའི་པདྨ། འབྱོར་ཕྱུག་གི་འཁོས་ཀ་མི་འདྲ་བའི་དུད་ཚང་སོ་སོ་ལ་གོ ༧ སྨིན་པའི་པདྨ། ༨ ཁེངས་ཤིང་སྨིན་པའི་པདྨ་གསུམ། འདན་ཨ་སྡུག་ཚང༌། ཆུ་རྡོ་ཚང༌། གཟིམ་དཔོན་ཚང་བཅས་ཡིན། ༩ རྒྱས་པའི་པདྨ་གཉིས། གཟིམ་དཔོན་ཚང་དང༌། ཆུ་རྡོ་ཚང་གཉིས་ཡིན། ༡༠ ཁེངས་ཤིང་བཀོད་པའི་པདྨ་གཅིག ཨ་སྡུག་ཚང༌། ༡༡ བུང་བའི་ཚོགས་ནི། ཡུལ་དེར་གནས་པའི་ཡུལ་མི་རྣམས། ༡༢ གསེར་གྱི་སྦྲང་ཆུང་པདྨའི་འདབ་ཡངས། འདན་གཟིམ་དཔོན་ཚང་གི་བུ་བཀྲ་ཤིས་དགེ་ལེགས། ༡༣ གཡུ་ཡི་སྦྲང་ཆུང་པདྨའི་ངག་སྙན། མགོན་པོ་དར་རྒྱས་ཀྱི་བུ་མོ་རང་ལོ་ཉེར་ལྔ་པ། ༡༤ གློ་བུར་དུ་བྱུང་བའི་སྤྲིན་ནག་གི་གྲིབ་མ། སྐེ་སྐྲང་གི་ནད་རིམས། ༡༥ མིག་སྨན་ཐིག་ལེའི་དགོན་པ། བྱང་སྡེ་རྫ་རྒྱལ་དགོན་པ། ༡༦ འབུ་སྦྲང་སྲིན་བུ་དག བཀྲི་ཤིས་དགེ་ལེགས་ཀྱི་འཁོར་འབངས། ༡༧ ནག་ཆུང་ཕོ་རོག རག་དོའི་བླ་མ། ༡༨ མཆིལ་བ་རྒྱ་བོའི་མང་ཚོགས་འདུས་པ། འདན་ཆོས་འཁོར་དགོན་པའི་དགེ་འདུན་པ་རྣམས། ༡༩ སྦལ་བ་ནི། དཔལ་ཡུལ་རག་ཆབ་ཡུལ་སྲུའི་གཅོད་པ། ༢༠ དུག་སྦྲུལ་ནག་པོ། སྨན་པ་ཚེ་དཔག ༢༡ འཕྱི་བ་སྒོམ་ཆེན། དེའི་ཉེ་འཁོར་དུ་མཚམས་ལ་བཞུགས་པའི་བླ་མ་ཆོས་དར། ༢༢ གཡུ་བྱ་ཁུ་བྱུག མོ་མ་བཀྲ་ཤིས། ༢༣ ཁ་དཀར་རྐྱང་ཆུང༌། སྨན་པ་ཕན་བདེ་རྒྱ་མཚོ། ༢༤ སྡོམ་ནག་ལག་དགུ། མདོས་པ་སངས་རྒྱས་སྐྱབས། ༢༥ འོལ་བ་སྨུག་ཆུང༌། འདན་ཤུལ་རི་གཅོད་པ་ཞིག ༢༦ གནས་ལ་རྩེ་མཐོ་པདྨའི་རི། ལྷ་གཅིག་སྒྲོལ་མའི་ཞིང་ཁམས། མི་རིགས་སོ་སོར་བརྩམས་སྒྲུང་བྱུང་འཕེལ་གྱི་ལོ་རྒྱུས་ཡོད་པ་གཞིར་བཞག་གི་སྟེང་དུ། བརྩམས་སྒྲུང་དེ་ཡང་དུས་དང་སྒྱུ་རྩལ་མཚོན་ཐབས། བསམ་བློའི་ནང་དོན་བཅས་ཀྱི་ཁྱད་གཞི་མི་འདྲ་བར་གཞིག་ནས་སྲོལ་རྒྱུན་དང་དེང་རབས། དེང་རབས་ཕྱི་མ་སོགས་སུ་དགར་བའི་ཁྲོད་ནས། སྲོལ་རྒྱུན་བརྩམས་སྒྲུང་གི་ཁོངས་སུ་འདུ་ཞིང་། དེ་ལ་ཡང་ནང་གསེས་ཀྱི་དབྱེ་བ་མང་དུ་དགར་རྒྱུ་ཡོད་པ་ནི་སྨྲོས་མ་དགོས། འདིར་དཔྱད་བྱར་གྱུར་བའི་གསུང་རྩོམ་གཏམ་པདྨའི་ཚལ་གྱི་ཟློས་གར་ནི། སྲོལ་རྒྱུན་བརྩམས་སྒྲུང་གི་ནང་གསེས་རབ་རྟོག་བརྩམས་སྒྲུང་གི་ཁོངས་སུ་གཏོགས་སྙམ། འོ་ན་ཅི་ཞིག་ལ་རབ་རྟོག་བརྩམས་སྒྲུང་ཟེར་ཞེ་ན། “རབ་རྟོག་བརྩམས་སྒྲུང་ནི་མི་མ་ཡིན་པ་སེམས་ལྡན་ནམ་སེམས་མེད་གང་རུང་ཞིག་བརྩམས་སྒྲུང་གི་བརྗོད་བྱར་བཀོད་ནས། དེ་དག་ལ་མིའི་བསམ་སྤྱོད་དང་འཚོ་བའི་ཁྱད་པར་སྦྱིན་ཞིང་མི་རུ་རྟོག་སྟེ། བྱུང་རིམ་དང་དོན་དག་ཅིག་གི་སྟེང་ནས་རྩོམ་པ་པོའི་བསམ་བློ་མཚོན་པར་བྱེད་པའམ་རྗོད་པར་བྱེད་པའི་བརྩམས་སྒྲུང་གི་ཐོག་མའི་རིགས་ཤིག་ལ་གོ་བ་ཡིན། ”ཞེས་པའི་མཐའ་སྡོམ་འདི་ལ་ཧ་ཅང་འཐད་པ་ཡིན། ད་དུང་རང་རེ་བོད་དུ་རྒྱལ་བ་ཀློང་ཆེན་རབ་འབྱམས་པས་མཛད་པའི་པོ་ཏ་ལ་ཀུན་ཏུ་དགའ་བའི་གླུ་དང་ ། དུས་རབས་བཅུ་དགུ་བ་ནས་བཟུང་སྲོག་ཆགས་ལ་སྦྱར་བའི་རབ་རྟོག་གི་བརྩམས་སྒྲུང་ཐུང་ངུ་མང་དུ་བྱུང་ཡོད་དེ། <<བྱ་སྤྲེལ་གཏམ་རྒྱུད>>། <<ཇ་ཆང་ལྷ་མོའི་བསྟན་བཅོས>>། <<གཡག་ལུག་ར་ཕག་གི་གཏམ་རྒྱུད>>། <<བསམ་ཡས་བྱ་དེ་དཀར་པོ>>། <<རྫ་ཙིག་གཏམ་རྒྱུད>>། <<སྲིད་པའི་བྱ་སྒྲུང་མཐོང་བ་འཛུམ་ཤོར>>། བཅས་ཡོད་ལ། རབ་རྟོག་བརྩམས་སྒྲུང་ཐུང་ངུ་འདི་དག་ལ་བོད་ཀྱི་ཟློས་གར་བརྩམས་ཆོས་ལྟར་དུ་གཏམ་རྒྱུད་ཀྱི་བྱུང་རིམ་ལ་མི་རིགས་གཞན་གྱི་བསྲེས་བསླད་མ་ཞུགས་པས་བོད་རྩོམ་རྣལ་མའི་དྲི་བསུང་འཐུལ་ལ། ཚུར་སྣང་བྱས་པའི་འཚོ་བ་རང་རེའི་མི་རིགས་ཀྱི་འཚོ་གནས་དང་ཁ་འཕྲོད་པས། བསམ་བློའི་བཅུད་ཀྱིས་བལྟམས་ནས་ཡོད་སྙམ། ད་དུང་། རྗེ་བཅུ་པ་ཆོས་དབྱིངས་རྡོ་རྗེས་མཛད་པའི་ཞྭ་དམར་གར་དབང་གི་རྟོགས་བརྗོད་འདོད་འཇོ་བ་མོ་དང་།་རང་རྣམ་ཀ་ལ་པིང་ཀའི་ལམ་གླུ། རྗེ་ཙོང་ཁ་པའི་རྟག་ཏུ་ངའི་རྟོགས་བརྗོད་དང་། སྤྱན་སྔ་གྲག་པ་བྱང་ཆུབ་ཀྱི་རྣམ་ཐར། གོང་ས་ལྔ་བའི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས། སོགས་ཤིན་ཏུའང་མང་བས་སྨོས་ཀྱིས་མི་ལངས་པས། འདིར་མཚན་གཞི་འགའ་ཞིག་བཀོད་ཁུལ་བྱས།

དུས་རབས་ཀྱི་སྒྱུ་རྩལ་ཚིག་ལྷུག དུས་རབས་ཀྱི་སྒྱུ་རྩལ་ཚིག་ལྷུག་ནི་ནུབ་ཕྱོགས་པའི་རྩོམ་རིག་སྒྱུ་རྩལ་གྱི་ཤན་ཤུགས་ཐེབས་པའི་རྒྱ་ནག་གི་སྒྱུར་རྩོམ་ལ་བརྟེན་ནས་གསར་དུ་དར་ཞིང་འཕེལ་བའི་དེང་སང་བོད་དུ་དར་བའི་རྩོམ་སྲོལ་གསར་པ་ཞིག་སྟེ་ཚིག་ལྷུག་གི་བརྩམས་ཆོས་རྣམས་ཡིན། དེ་ཡང་ནུབ་ཕྱོགས་འཆར་ཡན་རིང་ལུགས་ཀྱི་རྩོམ་རིག་གསར་པའི་མགོ་ཁུངས་གང་ལས་འབྱུང་བའི་གཞི་ནི། གནའ་བོའི་གྷིརིསུའི་རིག་པའི་གཞུང་ལུགས་ཀྱི་ཆ་ཤས། མི་ལོ་སྟོང་ཕྲག་བཞིའི་སྔོན་ནས་དངོས་སུ་གྲུབ་ཟིན་པའི་རྩོམ་རིག་གི་སྒྲོམ་གཞི་ལ་དགའ་སྐྱོ་ཁྲོ་ཆགས་ཀྱི་འགྱུར་འགྲོས་ཅི་རིགས་སྣ་ཚོགས་རྩེན་པའི་མཇུག་སྣེར་ཉམས་དམས་སུ་གྱུར་པ་དེ་ཉིད། ཨ་རག་དང་ལར་ཊི་སྐད་ཡིག་ནས་བརྒྱུད་དེ། དུས་རབས་བཅུ་གསུམ་དང་བཅུ་བཞི་སྟེ་དུས་རབས་བར་མའི་ཁྲོད་ཀྱི་མགོ་སེར་པོ་དང་མིག་སྔོན་པོའི་སྤྱི་ཚོགས་ནང་། གཅིག་གྱུར་གྱི་སྐད་ཡིག་ལ་ཆག་གྲུམ་ཐེབས་ཏེ་ལཊི་ལས་གྱེས་པའི་འཇའ་མན་དང་། ཧྥ་རན་སི། ཨིཊ་ལི། ཨིན་ལི་ཤི་སོགས་ཀྱི་སྐད་ཡིག་དུ་མ་འཕེལ་རྒྱས་བྱུང་། དེ་དང་ཆབས་གཅིག་ཏུ་གནའ་བོའི་ཆོས་ལུགས་ལྟ་གྲུབ་དང་འབྲེལ་བའི་རྩོམ་རིག་ཀྱི་མུ་མཚམས་ནས། ངོ་བོ་དང་རྣམ་པ་མི་འདྲ་བའི་རྩོམ་རིག་འདྲ་མིན་གྱི་རྩྭ་ལྡུམ་ཁེངས། དུས་རབས་བཅུ་དགུ་པ་ཡན་མན་ནས། ཨ་རི་དང་ཧྥ་རན་སི་སོགས་ནས་རྣམ་རྟོག་གསར་པ་དང་སྒྱུ་རྩལ་གསར་པའི་སྒོ་གླེགས་ཕྱེས་པའི་ནང་ནས། རྩོམ་རིག་གསར་པའི་ཁ་བྱང་གི་དབུ་ཁྱུད་རེ་རེ་བཞིན་ནུབ་ཕྱོགས་ཀྱི་ཡུལ་གྲུ་གང་སར་བྲིས་ཤིང་བྲི་བཞིན་བསུབ། བསུབ་ཅིང་བསུབ་བཞིན་བྲིས་ཏེ། དུས་རབས་ཉི་ཤུ་པའི་ནང་རྩོམ་སྲོལ་དེའི་རླུང་རླབས་ནུབ་ཕྱོགས་ནས་དཀྱིལ་ཤར་ཨི་ཤི་ཡ་ལའང་གཡོ་མགོ་ཚུགས། མགོ་ནག་ནག་དང་སྣ་ཉག་ཉག་ཡིན་པའི་རྒྱ་ཕྲུག་མང་པོ་ནུབ་ཕྱོགས་ལ་ཚང་ཁ་ཀྱེད་པའི་དུས་རབས་ནང་། ཨ་རི་དང་ཧྥ་རན་སི་ནས་རྒྱ་ཕྲུག་ཁྱུ་གཅིག་གིས་རྩོམ་སྲོལ་འདི་དག་རྒྱ་ནག་ཏུ་བོར་འདྲེན་བྱས་པ་དང་ཆབས་གཅིག རང་གི་མེས་པོ་དང་རང་གི་མེས་པོའི་བླ་སྲོག་གི་མཆོད་སྟེགས་ལ་སྡང་མིག་དང་མཆིས་ཞགས་གི་མཆོད་སྤྲིན་འཐིབ་མགོ་བརྩམས། དེ་དང་མཉམ་དུ་ནུབ་ཕྱོགས་པའི་ཚན་རིག་དང་ལག་རྩལ། ནུབ་ཕྱོགས་པའི་གུ་ཡངས་ཀྱི་བྱ་སྤྱོད་དག་ཀྱང་རྒྱ་ནག་པོའི་ཡུལ་དུ་ཆར་པ་ལྟར་འབབ་ཅིང་ཤ་མོ་བཞིན་སྐྱེས་པས། རྩོམ་རིག་གསར་པ་སྨྲ་བའི་རྒྱ་ཕྲུག་གཞོན་སྐྱེས་ཁག་གཅིག་གིས། འདི་ལྟར་སྨྲ་སྟེ། རྒྱ་ནག་རྨོངས་གཉིད་ལས་བཀྲོགས་པ་དང་། རྟ་བོང་དྲེའུ་གསུམ་གྱི་དམ་སྐྱེལ་འགྲུལ་བཞུད་དེ་དག་འཁོར་ལོ་བཞིས་བཏེགས་པའི་མོ་ཊའི་འཁོར་བསྐྱོད་ལ་བསྒྱུར་བ་དང་། དཔོན་པོས་གཡོག་ཁོལ་ཁྱི་ཡི་རྩིས་ལའང་མི་གཏོང་བའི་གནའ་སྲོལ་དེ་དག་འདྲ་འདྲ་མཉམ་མཉམ་ཀྱི་དཔུང་པ་གཤིབ་སའི་གདེང་ཆར་བསྒྱུར་བ། ཕག་ཚང་ལས་བཙོག་ཅིང་ཁྱི་ཚང་ལས་དོགས་སའི་གནའ་མིའི་སེམས་ཁམས་རེ་རེ་བཞིན་གངས་རི་ལྟར་གཙང་ཞིང་ནམ་མཁའ་ལྟར་ཡངས་པའི་འཆར་སྒོ་གསར་བསྐྲུན་བྱས་པའི་ལག་ཆ་ཡག་ཤོས་དང་། རྨོངས་གཉིད་ལས་དཀྲོགས་པའི་དུང་བརྡ། མགོ་འཐོམ་པ་ལ་ཁ་ཕྱོགས་གསལ་བའི་ཕྱོགས་བསྟན་འཁོར་ལོ་ཡག་ཤོས་དེ། རྩོམ་རིག་གསར་པ་དང་རྩོམ་པ་པོ་གསར་པ་ཚོ་ཡིན་པའི་ངོས་འཛིན་བྱས་ཏེ། རྒྱ་ནག་ལྷོ་བྱང་གང་སར་ཁ་གཡང་གི་རྒྱངས་གླུ་ལེན། གསར་བརྗེའི་རུ་དར་འཕྱར།། ཁོང་རྣམ་པས་བཤད་པའི་འགྲེལ་བརྗོད་ལ་གནས་ལུགས་ངེས་ཅན་ཞིག་ཡོད་པ་ཚད་འཛིན་ལོས་ཞུ། གནས་ལུགས་འདི་ཞིབ་ཚགས་ཁུངས་བཙན་ཞིག་འཚོལ་དགོས་ན། ཐོངས་ཁྱེར་གྱི་དམ་ཕྲུག་དང་། གནམ་གྲུའི་འཛིན་བྱང་། དུས་ཚིགས་ཀྱི་བཀོད་སྒྲིག་གསུམ་ཀ་སྟབས་བདེས་དབང་བསྒྱུར་ཆོག་ཆོག་ཅིག་མིན་པས། དཔྱོད་མཚམས་འདི་ནས་གོམ་པ་གཉིས་པའི་ལམ་སྣེ་གཟུང་རྩིས་མེད། རང་རེ་བོད་དུ་རྩོམ་རིག་གསར་པ་ནི། ལོ་རབས་བརྒྱད་ཅུ་པ་ནས་མགོ་བཙུགས་ཏེ། སྐབས་བཅུ་གཅིག་པའི་རྒྱ་ནག་མི་དམངས་ཐེངས་མི་ཚོགས་ཆེན་ཐོག གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གོམས་སྲོལ་རྒྱུན་འཛིན་སྲུང་སྐྱོབ་དགོས་པའི་གྲོས་ཆོད་འབྲུ་དོན་བཞིན། བོད་ཀྱི་སྐད་ཡིག་སློབ་ཚན་མགོ་འཛུགས་བྱས་པའི་སྐབས། རྒྱ་ཡིག་དང་རྒྱ་སྐད་ལ་ནང་བྱན་ཆུབ་པའི་བོད་རིགས་གཞོན་སྐྱེས་ཁྱུ་གཅིག་གིས། རྒྱ་ཡིག་ཐོག་ཡོད་པའི་འཛམ་གླིང་ཤར་ནུབ་ཀྱི་རྩོམ་ཡིག་མང་པ་ཞིག་ལ་དཔེར་བལྟས་ནས་གསར་སྐྲུན་བྱས་པའི་རྩོམ་རིག་གི་རིག་གཞུང་གསར་པ་ཞིག་ཡིན། དེང་རབས་བོད་ཀྱི་རྩོམ་པ་པོ་མང་ཆེ་ཤོས་སློབ་གྲྭ་ཆེན་མོ་ཐོན་མཁན་ཡིན་པས། ཁོང་ཚོས་ཕྱི་གླིང་གི་རྩོམ་རིག་གཞུང་ལུགས་པ་དང་རྩོམ་པ་པོ་གྲགས་ཅན་ཡ་ལི་སི་ཏོད་དང་པུའུ་ཝ་ལའོ། མའོ་པོ་སར་། ཐོར་སི་ཐའེ། ཏི་ཏེ་ལོ། ཀོ་ཏེ། ཝུའེ་ཐུ་མན། པའེ་ལན། ཞུའེ་ལའེ། ཅི་ཚེ། ཐའེ་ཀོར། ཕུའུ་ཞེ་ཅིན། ཉའེ་ལུའུ་ཏ་སོགས་ཀྱི་སྒྲུང་གཏམ་དང་སྙན་ངག རྩོམ་རིག་གཞུང་ལུགས་བཅས་ལ་བལྟས་ནས་བསམ་བློ་དང་སྒྱུ་རྩལ་མཚོན་ཐབས་ཀྱི་ཤན་ཞུགས་ཐེབས་པ་དང་། དེ་བཞིན་དུ་རྒྱ་ནག་གི་སྙན་ངག་པ་ཀུའོ་མོ་རུའོ་དང་། ཞུས་ཀྲི་མའོ། ཝུན་དབྱི་ཏུའོ། ལི་ཅིན་ཧྥ། ཏའི་ཝང་ཧྲུའུ། པེན་ཀྲི་ལིན། ཧོ་ཆི་ཧྥང་། ཨའེ་ཆིང་། ཀུའོ་ཞའོ་ཁྲོན། པའེ་ཧྭ། ལིའུ་ཧྲ་ཧོ། ཧོང་ཞང་། ཧྲི་ཀྲི། པེ་ཏའོ། ཀུའུ་ཁྲེང་། ཧྲུའུ་ཐིང་སོགས་ཀྱི་རྩོམ་ཆོས་ལ་བརྟེན་ནས། བོད་ཀྱི་དེང་རབས་རྩོམ་རིག་དང་ལྷག་པར་སྙན་ངག་གསར་པའི་བཟོད་བཀོད་བཞེངས་སྐྲུན་བྱས་པ་ཞིག་ཡིན་པས། དེ་དག་གི་བསམ་བློ་དང་སྒྱུ་རྩལ་གཉིས་ཐད་ནས་ཤན་ཤུགས་གང་འཚམ་རེ་ཐེབས་ཡོད། བོད་ཀྱི་དེང་རབས་རྩོམ་རིག་འདི་རྒྱུ་མེད་རྐྱེན་མེད་དུ་གནམ་ནས་ལྷུང་འོངས་པ་ཞིག་ག་ལ་ཡིན། དེ་ནི་འཛམ་གླིང་མི་རིགས་ཀུན་གྱི་རྩོམ་རིག་གི་རྐང་ལ་རོལ་ཞིང་བཅུད་ཀྱིས་གསོས་པ་ཞིག་ཡིན། ཕྱི་རྒྱལ་རྩོམ་པ་པོ་གྲགས་ཅན་དེ་དག་གི་རྩོམ་ཆོས་བཀླགས་པའི་སྐལ་པ་ལྡན་པ་དག་གི་སྒྱུ་རྩལ་དང་རྩོམ་ཉམས་ཞུགས་པའི་ཁྱད་ཆོས་ཀྱང་ལྡན་པས། བོད་རང་གི་རྩོམ་སྲོལ་ནས་བརྒལ་བའི་རྩོམ་རིག་གི་གོམ་པ་གསར་པ་ཞིག་སྤོས་པ་ཡིན། ལོ་རབས་བརྒྱད་ཅུ་པའི་དཀྱིལ་ཙམ་ནས་བོད་ཀྱི་རྩོམ་སྟེགས་སུ། ཕྱི་གླིང་བའི་མཚན་ཉིད་རིག་པ་དང་རྩོམ་རིག སྙན་ངག་སྐོར་གྱི་རིགས་པའི་གཞུང་ལུགས་དང་གསར་རྩོམ་བྱེད་ཐབས་སྐོར་གྱི་རྩོམ་ཡིག་དང་བརྩམས་ཆོས་གྲགས་ཅན་མི་ཉུང་བ་ཞིག་བོད་ཡིག་ཏུ་བསྒྱུར་བ་ནས། དེང་རབས་བོད་ཀྱི་རྩོམ་པ་པོའི་མཐོང་རྒྱ་དང་ཐོས་རྒྱ་ཇར་ཆེར་སོང་ཡོད། དཔེར་ན། ༼ཤེག་སི་ཕིར་གྱི་ཟློས་གར་སྒྲུང་གཏམ།༽ ཚེ་དབང་རྣམ་རྒྱལ་གྱིས་བསྒྱུར་དང་། རྗ་མེ་སི་ཐེ་ལར་གྱི་ ༼ཨ་མའི་སྙན་ངག༽འཇུ་སྐལ་བཟང་གིས་བསྒྱུར། ༼བདག་གི་ཁུ་བོ་ཡུས་ལི་༽སངས་རྒྱས་ཀྱིས་བསྒྱུར། ༼དུས་རབས་དང་རིག་གནས། མཚན་ཉིད་རིག་པ་དབང་འབུམ་གྱིས་བརྩམས།༽ ༼ཨའེ་མིར་གསང་ཞིབ་པ་༽ ཐང་ཧྲེ་ཙེས་བསྒྱུར། ༼ཁ་བ་ལྷབ་ལྷུབ་ཏུ་འབབ་པ་༽འཇམ་དཔལ་རྒྱ་མཚོས་བསྒྱུར། ཡི་དམ་ཚེ་རིང་གི་༼སྙན་ག་གི་བླ་སྲོག་བསད་པ་༽དང་༼ཡེ་ཧོའི་མཚོ་མོ་ལ་བསྔགས་པའི་བྲག་ཅའི་དབྱངས་སྙན༽། ཨོ་ཧིན་རོས་༼མའེ་ཇིའི་ལེགས་སྐྱེས་༽། མོ་པོ་སང་གི་༼མགུལ་རྒྱན༽། ཆི་ཁི་ཧྥུའི་༼མདོག་འགྱུར་བའི་འབྲུག༽། ཀོར་ཅིའི་༼རྒྱ་མཚོའི་ཁུག་རྟ་༽སོགས་༼བོད་ཀྱི་རྩོམ་རིག་སྒྱུ་རྩལ་༽དང་༼སྦྲང་ཆར་༽སྟེང་སྤེལ་བ་དེས་བོད་ཀྱི་ན་གཞོན་རྩོམ་པ་པོའི་ལྗང་མྱུག་རྒྱས་པར་ཆར་ཆུའི་ནུས་པ་ཐོན་པ་བསྙོན་མི་ནུས་ལ། དུས་རབས་སྔོན་མའི་མཇུག་ཏུ་ནུབ་གླིང་དང་རྒྱ་ནག་ནས་འོངས་པའི་སྒྲུང་གཏམ་དང་སྙན་ངག ལྷུག་རྩོམ་ཕུལ་བྱུང་ཅན་དང་། རྩོམ་རིག་གི་གཞུང་ལུགས་དག་བོད་ཀྱི་དེང་རབས་རྩོམ་རིག་གི་ཐོན་ཁུངས་གལ་ཆེན་ཞིག་ཡིན་གྱུར་ཡོད། བོད་ཀྱི་དེང་རབས་རྩོམ་རིག་བརྩམས་ཆོས་ལས་སྒྲུང་རིག་གི་བརྗོད་སྙིང་ལ་སྔོག་འདོན་དང་གསར་འབྱེད་ཆེས་པོ་བྱས་ཡོད་དེ། རྩོམ་པ་པོ་རྣམས་ཀྱི་རྩོམ་འབྲིའི་སྨྱུག་རྩེ་དེ་ནམ་ཡང་གྲུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་རིགས་མི་དམངས་འཚོ་བ་གསར་པའི་བདག་པོར་གྱུར་པའི་ཚུལ་ལ་བསྟོད་བསྔགས་དང་། མི་རིགས་མཐུན་སྒྲིལ་དང་མཉམ་འབྲེལ་ལ་བསྟོད་བསྔགས། སྤྱི་ཚོགས་རིང་ལུགས་ཀྱི་མི་གསར་དོན་གསར་བཅས་ལ་བསྟོད་བསྔགས་བྱེད་པའི་ཕྱོགས་སུ་གཏད་པ་དང་། ཚ་ཚ་འུར་འུར་གྱི་སྤྱི་ཚོགས་འཚོ་བ་དངོས་དེ་ནི་བྲི་བྱའི་ནང་དོན་གཙོ་བོ་བྱས་ནས་སྲོལ་རྒྱུན་གྱི་རྩོམ་རིག་ལྟར་དཔེ་གཞིའི་སྣང་བརྙན་རྒྱལ་པོ་དང་བཙུན་མོ། ཡང་ན་ལྷ་དང་ལྷ་མོ་བྱེད་པའི་རྩོམ་ཚུལ་རྩ་བ་ནས་བསྒྱུར་བ་རེད། དེ་ལས་ལྡོག་སྟེ་མེས་རྒྱལ་འཛུགས་སྐྲུན་དང་སྲུང་སྐྱོབ་བྱེད་པའི་བྱ་བཞག་ཁྲོད་ཀྱི་སྔོན་ཐོན་མི་སྣ་དག་བརྩམས་སྒྲུང་རིང་པོའི་ནང་གི་མི་སྣ་གཙོར་བོར་བཟུང་ནས་འབྲི་བཞེངས་བྱས་པས་བརྩམས་ཆོས་ཀྱིདངོས་ཡོད་དོན་སྙིང་ཆེེས་ཆེར་ལྡན་པར་བྱས། མདོར་ན། བོད་ཀྱི་དེང་རབས་རྩོམ་རིག་ལ་དུས་རབས་ཀྱི་ཁྱད་ཆོས་ཤུགས་དྲག་པ་དང་རིན་ཐང་གི་ཚད་གཞི་གསར་པ་ལྡན་པ་ནི། དུས་སྐབས་གསར་པའི་བརྩམས་ཆོས་ཀྱིས་ཐོག་མའ་བར་གསུམ་དུ་མི་དམངས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་བའི་དར་ཆ་མཐོན་བསྒྲེངས་བྱེད་བཞིན་པའི་མཚོན་རྟགས་དེ་ཡིན། རྩོམ་རིག་ནི་སྒྱུ་རྩལ་གྱི་སྣང་བརྙན་ལ་བརྟེན་ནས་དོན་དངོས་མཚོན་པར་བྱེད་པ་དང་། དེང་རབས་ཅན་བཞི་འཛུགས་སྐྲུན་བྱེད་པའི་དུས་རབས་ཀྱི་རེ་བ་དང་། སྤྱི་ཚོགས་འཚོ་བའི་འཕེལ་ཕྱོགས་གཙོ་བོ་རྣམས་སྒྱུ་རྩལ་གྱིས་མཚོན་པར་བྱ་དགོས་པ་ལྟར། བོད་ཀྱི་སྒྲུང་རིང་གཙུག་གཡུ་དང་ལྷིང་འཇགས་ཀྱི་རྩྭ་ཐང་། རྐྱལ་བའི་འཇིག་རྟེན་དུ་མྱུལ་བའི་གཏམ་རྒྱུད་སོགས་ལས་གཞས་དང་གཏམ་རྒྱུད། ཀ་བཤད། བསང་མཆོད་སོགས་བཀོལ་ཅིང་། རྩོམ་གྱི་ཉམས་འགྱུར་ཐད་དེང་རབས་ཀྱི་ཁྱད་ཆོས་དང་རྒྱུན་སྲོལ་རིག་གནས་ཀྱི་འདུ་ཤེས་ཟུང་འབྲེལ་གང་ལེགས་བྱས་ཡོད་པ་རེད།



རྩོམ་རིག་གསར་པའི་ཁྱད་ཆོས་ཕྱོགས་བསྡོམས་བྱས་ནས་མཛུམ་མོ་རི་སྟོན་གྱི་ཚུལ་དུ་འགོད་ན། ༡ དངོས་ཡོད་རང་བཞིན། ༢ བསྐྱར་མཚན་རང་བཞིན། ༣ དངོས་འབྲི་རང་བཞིན། ༤ ཕུག་འདུན་རང་བཞིན། ༥ ཕྱིར་འདོན་རང་བཞིན། ༦ འཕྲུལ་རྟོག་རང་བཞིན། ༧ བསྡུས་བརྗོད་རང་བཞིན། ༨ ཟུར་ཤུགས་རང་བཞིན། ༩ རབ་རིབ་རང་བཞིན། དབྱེ་སྒོ་མི་འདྲ་བ་དགུ་ཙམ་གྱི་སྒོ་ནས་བཤད་སྣང་མོད། གང་ལྟར་ཡང་ནུབ་ཕྱོགས་པའི་འགྲེལ་བརྗོད་ལྟར་ཚིག་སྦྱོར་མཛེས་དཔྱོད་ཀྱི་རང་བཞིན་དང་། བརྗོད་གཞི་དོན་བརྗོད་ཀྱི་རང་བཞིན། འཆར་ཡན་གྱི་རང་བཞིན། དངོས་ཡོད་ཀྱི་རང་བཞིན་བཅས་ཀྱི་ཁྱད་ཆོས་ལྡན་པའི་རྩོམ་སྲོལ་ལ་ཟེར་བ་ཡིན། འདི་དག་ཕལ་ཆེ་བ་སྐད་ཡིག་གཞན་ཞིག་གི་ཐོག་ཏུ་ཡོད་པའི་ཚིག་བརྗོད་འགའ་ཞིག་བོད་ལ་བསྒྱུར་ནས་ཐ་སྙད་གསར་པ་རེ་བཟོས་པ་ལས། དོན་དུ་རང་རེའི་བོད་ཀྱི་སྔོན་བྱོན་མཁས་པའི་གསུངས་ལས་འགོང་པ་ནི་ཆེས་ཉུང་ཉུང་ལས་མེད་པས། དེས་ན་རྩོམ་རིག་གསར་པ་སྨྲ་མཁན་ཚོས། དང་པོ་རང་གི་མེས་པོའི་རྩོམ་སྲོལ་གྱི་གཞི་རྐང་ལེགས་པ་ཞིག་བཙུགས་ཐུབ་ན། གསར་བྱུང་རྩོམ་རིག་ཏུ་སྒྲོགས་པའི་རྩོམ་སྲོལ་དེ་རིགས་ལ་དེ་ཙམ་ཧ་ལོན་དགོས་པ་དང་ཧང་སང་དགོས་པ་ཞིག་ཡིན་མིན་པ་ཡང་སྦྲུལ་མདུད་སྦྲུལ་གྱིས་གཤིགས་པ་ནང་བཞིན་ཆགས་ངེས། དེ་ལྟར་ནའང་དུས་རབས་དང་སྤྱི་ཚོགས་ཀྱི་འགྱུར་འགྲོས་ལས་འཕོས་པའི་མིའི་བསམ་སྤྱོད་ཀྱི་གནས་བབ་འདྲ་མིན་འགྱུར་བ་དང་སྟབས་བསྟུན་ནས། རྩོམ་རིག་གསར་པའི་ལམ་དུ་མ་ཞུགས་ཐབས་མེད་ཡིན་པ་ནི་དུས་ཚིགས་ཀྱིས་བྱིན་པའི་ལས་དབང་ཡིན་པས་གཡོལ་ས་གཟུར་ས་གང་ཡང་མེད། རང་རེའི་བོད་དུ་དོན་འགྲུབ་རྒྱལ་གྱིས་སད་ཀྱིས་བཅོམ་པའི་མེ་ཏོག་དང་སྤྲིན་དཀར་གྱི་འདབ་མ། རྐང་ལམ་ཕྲ་མོ་སོགས་ཁྱད་ཆོས་དེ་དག་མི་འགངས་པའི་རྩོམ་རིག་གསར་པའི་སྒོ་འབྱེད་དང་གསར་རྩོམ་གྱི་ཤིང་རྟའི་སྲོལ་འབྱེད་ཀྱི་རིག་པའི་གཞུང་ལུགས་ཀྱི་ཆ་ལག་ཅིག་ཏུའང་ངོས་འཛིན་གནང་ན་མི་འགྲིགས་པ་མེད་སྙམ། རྩོམ་རིག་འདི་དག་གི་ཁྱད་ཆོས་སྙིང་བསྡུས་རེ་འགྲེལ་བརྗོད་ཞུ་བ་འདོད་ཀྱང་དུས་ཀྱིས་གཏུགས་ནས་ཞུ་ལོངས་མ་བྱུང་བར་དགོངས་སེལ་ཞུ་རྒྱུ་ཡིན། འདིར་རང་གིས་བྲིས་པའི་ལྷུག་རྩོམ་གྱི་དཔེ་མཚོན་ཞིག་བཀོད་ན། གུང་ཐང་རྗེས་དྲན་བྱང་ཆུབ་མཆོས་པའི་མེ་ཏོག་ཐོག་བཀོད་པའི་ཕྲན་གྱི་རྩོམ་ཡིག <<ཤར་མཐའི་རྡོ་རིང༌།>>ཞེས་པ་ལས། ༡ ལོ་དེར་ཆེས་ཐོག་མའི་མིག་འོད་དང་ངུ་སྒྲས་སྟོང་སངས་ཀྱི་ནམ་མཁའ་ཚལ་བར་གཤགས་ཏེ་ཁྱོད་ཀྱི་རྣམ་ཤེས་སེར་པོས་གཟུགས་མེད་ཀྱི་ཐེམ་པ་བརྒལ་ནས་མི་ཡུལ་གྱི་ཞིང་ཁམས་ཉུལ། ༢ གསེར་མདོག་གི་ཞིང་ཁམས་དེའི་སེང་ཁྲི་ལ་ཞབས་ཟུང་གི་རི་མོ་བཀོད་ཅིང་གསེར་མདོག་གི་པཎ་ཞྭའི་གཟི་མདངས་ཉི་འོད་དང་འདྲེས་དུས། ཁྱོད་ཀྱིས་མ་ཎི་ཡིག་དྲུག་དང་ཁ་བ་འདྲེས་པའི་འཇིག་རྟེན་དེར་དྲོད་ཁོལ་གྱི་འོད་སྣང་ལྷམ་མེར་སྤར། ༣ སྤྲིན་ནག་དང་སྨུག་ཀློང་གིས་ཤར་མཐའ་སྒྲིབ་ཅིང་རི་སྤྱང་གི་ངུ་སྒྲས་སྟོང་སངས་ཀྱི་ནམ་མཁའ་དབྲལ་དུས། ཁྱོད་ཉིད་བྱང་ཐང་གི་འབྲོང་རྒོད་ཅིག་དང་འདྲ་བར་གངས་རི་དང་རྫ་འཕྲང་ལ་རྨིས་རྗེས་བཀོད་ནས་རྭ་དབར་གྱིས་ཉི་ཟླ་དགུང་ལ་འདེགས། ༤ མེ་སྒྱོགས་ཀྱི་ལྡིར་སྒྲ་དང་གངས་ལྷའི་ངུ་སྒྲའི་ཁྲོད་ཡར་ཀླུང་གཙང་པོས་མཚལ་གྱི་ཁ་དོག་འཛིན་ཅིང༌། དགའ་ལྡན་ཕོ་བྲང་དང་པོ་ཏ་ལར་ཁྲག་དམར་གྱིས་འཚོས་པའི་རས་ཡུག་གི་ཡོལ་བ་འཐེན་དུས། ཁྱོད་ཀྱིས་རྐང་ལག་ལ་ལྕགས་སྒྲོགས་གོན་ནས་ཉི་འོད་དང་དྲོད་ཁོལ་མེད་པའི་འཇིག་རྟེན་ཉུལ། ༥ མུན་པ་དང་བཀྲེས་ལྟོགས་སྔས་སུ་བྱས་ཏེ་ལོ་ཟླའི་ཕྲེང་བ་བགྲང་སའི་མུན་དོང་གི་དམྱལ་ཁམས་དེ་ནས། ཁྱོད་ཀྱིས་གངས་རི་དང་ཉི་འོད་ལ་དུང་པའི་སྨྲེང་སེམས་ལྕི་བོས་ཚེ་སྲོག་གི་རིན་ཐང་ཡོངས་རྫོགས་སོར་རྩེར་བླངས། ༦ གསར་བརྗེ་ངོ་ལོག་དང་ལྷ་འདྲེ་གདོན་བགེགས་ཀྱི་ཤོག་ཞྭ་རིང་པོའི་འོག་བླ་དྲག་དང་མི་དྲག་གི་ཉེས་མིང་བགྲངས་ནས་རྟ་ལྕག་དང་འཐབ་རྩོད་ཀྱི་རླུང་དམར་ཁྲོད། ཁྱོད་ཉིད་བྱམས་རྩེ་དང་བཟོད་སྒོམ་བརྟན་པོས་གཡོ་འགུལ་ཅུང་ཟད་ཀྱང་མི་ནུས་པའི་ཁྲོ་ལྕགས་ཀྱི་རི་བོ་ཟླུམ་པོ་ཞིག ༧ ཞི་བདེའི་དེད་དཔོན་གྱི་ཉི་འོད་མཚོ་བཞི་གླིང་ལྔ་ཡོངས་སུ་ཁྱབ་དུས། ཁྱོད་ཀྱིས་འོད་དཔག་མེད་དང་ལག་གདངས་སྦྲེལ་ཏེ་ཤི་གསོན་བྱེ་མའི་ལ་ཁར་ཞབས་ཀྱིས་བཅགས་ནས་གངས་ལྷ་སྒེག་མོའི་ཚེ་སྲོག་འཚོལ། ༨ རི་སྤྱང་དམར་པོས་ར་གན་ལ་གསེར་མིང་འདོགས་རྒྱུའི་བཙན་བཀའ་ཕབ་དུས། ཁྱོད་ཀྱིས་སྨིག་སྒྱུ་དང་འཇའ་ཚོན་ཀྱི་དར་ཡུག་ཚལ་བུར་དབྲལ་ཏེ་གངས་ཅན་མགོན་པོའི་སྤྱན་སྟོང་གི་གཟིགས་པ་ལ་ཐལ་མོ་སྦྱར་ཞིང་མཚལ་གྱི་མཚན་བྱང་དམར་པོར་དཔྲལ་གཉེར་དང་མིག་ཆུས་བདེན་ཁ་སྦྱིན། ༩ མེས་པོའི་རྐང་རྗེས་དང་གངས་རིའི་ཚེ་སྲོག་ལ་དུང་བའི་ཁྱོད་ཀྱིས་སྐུ་ཚེ་ལ་བཞི་ཤད་འཐེན་ནས་མི་ཡུལ་འདིར་གྱེས་མཇལ་ཞུས་དུས། ལ་རྒྱའི་དྲོད་ཁོལ་སྙིང་ལ་སིམ་པའི་སྤྲེལ་ཚ་འབུམ་ཕྲག་མང་པོས་ཁྱོད་ལ་སྙིང་ཁྲག་དང་མིག་ཆུའི་ཞལ་འདེབས་ཕུལ། ༡༠ ཀྱེ། ཤར་མཐའ་ནས་འཚར་ཞིང་ཤར་མཐའ་ནས་བཞུད་པའི་གངས་རིའི་སྒྲོན་མེ། ཁྱོད་ནི་ང་ཚོའི་སྙིང་ཁོང་གི་སྒྲོན་མེ་ཡིན་ལ། ཁྱོད་ནི་ང་ཚོའི་བདེན་དཔང་གི་རྡོ་རིང་ཞིག་ཀྱང་ཡིན་པས། ཁྱོད་ཉིད་དག་ཞིང་དུ་གཤེགས་ཀྱང༌། ཁྱོད་ཀྱིས་བསླངས་པའི་རྡོ་རིང་ས་ཡ་དྲུག་གི་སེམས་ཁོང་ནས་དུས་ནམ་ཡང་འགྱེལ་མི་སྲིད། ཀྱེ། ཤར་མཐའ་ནས་ཚར་ཞིང་ཤར་མཐའ་ནས་བཞུད་པའི་གངས་རིའི་སྒྲོན་མེ་ལགས། ལྟ་བུ་སྟེ། ཚིག་སྦྱོར་འདིའི་ཐོག་ནས་གནའ་དང་དེང་གི་ཚིག་ལྷུག་སྙན་རྩོམ་བར་ཁྱད་པར་ཇི་ཙམ་ཡོད་པ་གསལ་པོར་མཐོང་ངེས་སྙམ་སྟེ། འགྲེལ་བརྗོད་ཟུར་དུ་ཞུ་ཆོག།

གངས་ཅན་རྩོམ་རིག་རྒྱ་མཚོ་འཁྱིལ་བའི་འཇིངས། ། སྒྱུ་རྩལ་གཤོག་དྲུག་གཡོ་བའི་གསེར་མིག་ཉ། ། དུས་ཀྱིས་གཏུགས་པས་ལྕེ་མེད་འཕར་འགྲོ་ཡིས། ། རྐྱལ་འགྲོས་རྩེན་པ་རིག་པའི་ཞེན་ཁོག་ཙམ། ། ཝཱ་ཎའི་བོད་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོའི་རིག་རླབས་རྩོམ་སྒྲིག་ཁང་གིས་གོ་སྒྲིག་གནང་བའི་བོད་ཀྱི་གཙུག་ལག་རིག་པའི་ཟབ་སྦྱོང་ཚོགས་ཆེན་ཐོག་ཏུ་འབུལ་རྒྱུའི་གཏམ་བཤད་དུ། སྤྱི་ལོ་༢༠༡༠ཟླ་༣པའི་ཚེས་༤ཉིན་ནཻརུ་མགྲོན་ཁང་དུ་བྲིས་པ། ཕྱིས་སྣོན་འཕྲི་དང་བཟོ་བཅོས་ཅུང་ཟད་བྱས་པ་དགེའོ། །