Jump to content

བོད་ཀྱི་གདོད་མའི་མངའ་མཛད།

ཡོང་ཁུངས་Wikipedia

དེ་ཡང༌། ཆོས་འབྱུང་མཁས་པའི་དགའ་སྟོན་ལས། བོད་ཁམས་ཡུལ་དུ་རུང་བར་གྱུར་ནས་ཀྱང༌། །དང་པོ་མི་མ་ཡིན་གྱི་ཡུལ་དུ་གྱུར། །གནོད་སྦྱིན་ལ་སོགས་བཅུ་གཉིས་དབང་བྱས་སྐད། །ཅེས་སོགས་གསུངས་པ་ལྟར་རང་རེའི་བོད་ཀྱི་ཡུལ་འདིར་སྤྱི་ལོའི་སྔོན་གྱི་ལོ་ངོ་སུམ་སྟོང་ལྷག་ཙམ་གྱི་གོང་ན། བོད་ཀྱི་ལོ་རྒྱུས་ཐོག་ཏུ་མངའ་མཛད་ཀྱི་ཐོག་མ་ནི་གནོད་སྦྱིན་ནག་པོའི་དུས་རབས་ནས་འགོ་ཚུགས་པ་ཞིག་ཡིན།

བཀའ་ཐང་སྡེ་ལྔ༌ལས། སྤུ་རྒྱལ་གོང་དུ་མངའ་མཛད་དྲུག་ཏུ་བྱུང༌། ཞེས་དང༌། དེའི་རྗེས་སུ་བྱུང་བའི་གཉིས་པ་བདུད་ཀྱི་དུས་རབས། གསུམ་པ་སྲིན་པོའི་དུས་རབས། བཞི་པ་དམར་འཇམ་ལྷ་ཡི་དུས་རབས། ལྔ་པ་རྨུ་ཡི་དུས་རབས། དྲུག་པ་ཀྲོག་ཀྲོག་འདྲེ་ཡི་དུས་རབས། བདུན་པ་མ་སངས་རུས་དགུའི་དུས་རབས། བརྒྱད་པ་ཀླུ་བཙན་གྱི་དུས་རབས། དགུ་པ་རྒྱལ་པོའམ་འགོང་པོ་སྤུན་དགུའི་དུས་རབས། བཅུ་པ་ཟ་རམས་སྐྱེས་དྲུག་གི་དུས་རབས། བཅུ་གཅིག་པ་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་དུས་རབས། བཅུ་གཉིས་པ་རྒྱལ་ཕྲན་སིལ་མ་བཞི་བཅུའི་དུས་རབས་བཅས་བྱུང་ངོ༌།།

ཚལ་པའི་དེབ་དམར༌ལས། སྔོན་གྱི་ཡིག་ཚང་རྣམས་ལས་བྱུང་བ། བོད་ཀྱི་ཡུལ་འདིར། དང་པོར་མི་མེད་དེ། མི་མ་ཡིན་དུ་མས་གང་བར་གྱུར་བ་ལ། སྲིད་པ་ཆ་མཁན་རྗེས་དབང་བྱས་སྐད། དེ་ནས་རིམ་གྱིས་དབུ་རྗེ་བཙན་པོ། བདུད་པོ་མ་ཏྲང་རུ་ཏྲ། སྲིན་པོ་ཡ་ཀྵ་དེ་བ། ཀླུ་རྒྱལ་གང་བ་རྣམས་ཀྱིས་དབང་བྱས། དེ་ནས་སྤྱན་རས་གཟིགས་ཀྱིས་སྤྲུལ་པ་སྤྲེའུ་བྱང་ཆུབ་སེམས་དཔའ་དང༌། སྒྲོལ་མའི་སྤྲུལ་པ་བྲག་སྲིན་མོ་ལས། བོད་ཀྱི་མི་རྣམས་བྱུང་སྟེ། མ་སངས་སྤུན་དགུ། རྒྱལ་ཕྲན་ཉི་ཤུ་རྩ་ལྔ། རྒྱལ་ཕྲན་བཅུ་གཉིས། རྒྱལ་ཕྲན་སིལ་མ་བཞི་བཅུས་རིམ་གྱིས་དབང་བྱས་སྐད་དོ༑ ༑ཞེས་གསུངས་པས་ཕལ་ཆེར་སྤྱི་ལོའི་སྔོན་གྱི་ལོ་ངོ་ཉིས་སྟོང་ཙམ་ནས་རྒྱལ་རབས་སིལ་མ་བཅུ་གཉིས་དང༌། སིལ་མ་བཞི་བཅུ་སོགས་རིམ་པར་བྱུང་བས་ད་ཕན་མི་ལོ་སྟོང་ཕྲག་དུ་མའི་གོང་རོལ་དུ་བོད་ཁམས་སྟོད་སྨད་བར་གསུམ་དུ་རྒྱལ་ཕྲན་མིང་བགྲང་ཐུབ་པ་གོང་སྨོས་དེ་ཙམ་ལགས་སོ།།

ལྷོ་བྲག་ཆོས་འབྱུང་ལས། དང་པོ་གནོད་སྦྱིན་ནག་པོས་དབང་བྱས་ཏེ། །ཡུལ་གྱི་མིང་ཡང་བཟང་ཡུལ་རྒྱན་མེད་ཟེར། །མཚོན་ཆ་མདའ་གཞུ་དེ་ཡི་དུས་སུ་བྱུང༌། །དེ་ནས་རི་ཏེ་མགོ་ནག་བདུད་ཀྱིས་བྱས། །མིང་ཡང་བདུད་ཡུལ་ཁ་རག་རོང་དགུར་བཏགས། །སྟ་རེ་དགྲ་སྟ་དེ་ཡི་དུས་སུ་བྱུང༌། །དེ་ནས་སྲིན་པོ་གཉའ་རེངས་ཁྲག་མིག་བྱས། །ཡུལ་མིང་སྲིན་པོ་ནག་པོ་དགུ་ཡུལ་ཟེར། །སྲིན་མོ་རྐང་དང་སྒྱོགས་གཉིས་ལག་ཆར་བྱུང༌། །བཞི་པ་དམར་འཇམ་ལྷ་ཡི་དབང་བྱས་ཏེ། །ཡུལ་གྱི་མིང་ཡང་ལྷ་ཡུལ་གུང་ཐང་ཟེར། །དེ་ཡི་དུས་སུ་ལག་ཆར་ཞགས་པ་འཕེན། །དྲུག་པ་ཀྲོག་ཀྲོག་འདྲེ་ཡིས་དབང་བྱས་ཏེ། །ཡུལ་གྱི་མིང་ལ་ལང་ཏང་ལིང་ཏང་ཟེར། །ལག་ཆར་བེར་ཀ་འུར་རྡོ་འཕེན་པ་བྱུང༌། །བདུན་པ་མ་སངས་རུས་དགུས་དབང་བྱས་ཏེ། །ཡུལ་གྱི་མིང་ནི་བོད་ཁ་ཉག་དྲུག་ཟེར། །ལག་ཆར་དོང་རལ་གོ་ཆ་ཕུབ་ཆུང་བྱུང༌། །བརྒྱད་པ་ཀླུས་བཟུང་བོད་ཁམས་གླིང་དགུར་བཏགས། །དགུ་པ་རྒྱལ་པོས་དབང་བྱས་ངམ་པོ་ཆེ། །བཅུ་པ་འགོང་པོ་སྤུན་དགུས་དབང་བྱས་ཏེ། །ཡུལ་གྱི་མིང་ཡང་སྟོང་སྡེ་བཅོ་བརྒྱད་ཟེར། །ཞེས་མངའ་མཛད་བཅུ་བྱུང་བ་ལྟར་མངའ་མཛད་དེ་ཚོས་ས་གནས་བཅད་བཟུང་གི་ཚུལ་དུ་མདོ་དབུས་ཁམས་གསུམ་དུ་ཁྱབ་ཡོད།

དེའི་སྐབས་སུ་ལག་ཤེས་བཟོ་ལས་སྣ་ཚོགས་དར་ཏེ་ལྕགས་ཀྱི་མཚོན་ཆ་དང་ཡོ་བྱད་མདའ་མདུང་གཞུ་གསུམ་དང༌། སྟ་རེ། དགྲ་སྟ། སྒྱོགས། ཞགས་པ། བེར་ཀ འུར་རྡོ། ཆུ་གྲི། དོང་རལ། ཕུབ་ཆུང༌། གོ་ཆ་སོགས་བཟོས་ཤིང༌། དེས་ཕྱིའི་དགྲ་འགོག་ཅིང་ནང་གི་འབངས་སྐྱོང་བར་ཕན་ནུས་ཆེན་པོ་ཐོན་ཡོད་ལ། མངའ་མཛད་བཅུའི་དབར་དུ་འཐབ་རྩོད་སྣ་ཚོགས་བྱུང་སྟེ་གཅིག་འོག་གཅིག་གིས་མ་བསྡུས་པར་སོ་སོར་གྱེས་པས་རྒྱལ་ཕྲན་སིལ་མ་བཅུ་གཉིས་སུ་གྱུར། རྒྱལ་ཕྲན་རེ་ལ་རྗེ་བོ་རེ་དང་བློན་པོ་གཉིས་རེ་ཡོད་པར་བཤད། ཚན་སྐོར་དེ་ཡང་རིམ་གྱིས་རྒྱལ་ཁབ་ཀྱི་རྣམ་པར་གྱུར་ནས་དམག་དང་ཁྲིམས་སོགས་ཀྱི་སྒྲིག་གཞིའང་ཡོད་སྐད། རྒྱལ་ཕྲན་དེ་དག་བྱུང་ནས་རིང་མོ་ཞིག་འདས་པ་ན། དཔུང་སྟོབས་ཀྱི་ཚད་མི་འདྲ་བ་བྱུང་སྟབས་རྒྱལ་པོ་བྱུང་ཞིང༌། བློན་པོས་ཀྱང་ཕྱིའི་སོ་ཁ་སྲུང་བའི་དམག་ལ་ཁ་ལོ་བསྒྱུར་བ་ན་དགྲ་འགོག་གཉེན་སྐྱོང་གི་ལས་ལ་བརྩོན་ཞིང༌། ནང་བློན་གྱིས་ནང་གི་བྱ་བ་ཚང་མ་ལག་བསྟར་དང་རྒྱལ་པོར་ཞབས་གཏོགས་སྒྲུབ་པའི་ལས་ལ་གཞོལ་བར་གྲགས་སོ།།