བོང་བུ།

ཡོང་ཁུངས་Wikipedia
བོང་བུ།

བོང་བུ་ནི་འུ་འཐུང་སྲོག་ཆགས་ཀྱི་རིགས་གཅིག་རེད།



བོང་བུའི་བསྟན་བཅོས།[རྩོམ་སྒྲིག]

དོ་རྒྱ་དགེ་བཤེས་བསོད་ནམས་ཡེ་ཤེས།

དང་པོ་བོང་བུའི་མིང་གི་རྣམ་གྲངས་དང་བོང་བུ་ཞེས་པའི་མིང་ལ་དཔྱད་པ།

དུང་མཁན། མགྲིན་བཟང། ཕུར་སྣ་ཅན། རྡོ་རྗེ་ཅན། བོང་བུ། གུ་རུ་སོགས་འབོད་སྲོལ་འདུག དཔེར་ན། གུ་རུ་མ་འགྲོ་ན་ཆབ་མདོ་ནས་མི་འགྲོ་ཅེས་པ་ལྟ་བུ། གཞན་ཡང་འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་(ཆབ་མདོ་ས་ཁུལ་སྨན་རྩིས་ཁང་གིས་བསྒྲིགས་པ་)ལས། བོང་བུ། བོང་བུ་ནི་ལྗོངས་ཡོངས་ཀྱི་ཞིང་ཁུལ་ཕལ་ཆེར་མིས་བདག་གསོ་དང་བཀོད་སྤྱོད་བྱེད་ཅིང་། ཟས་ནི་རྩ་ལྡུམ་དང་། གཟན་ཆས། འབྲུ་རིགས་སོགས་བཟའ། སྤུ་མདོག་ནི་རྫ་སྐྱ་དང་ཐལ་མདོག ནག་པོ་སོགས་ཅི་རིགས་ཡོད་པ་དང་། རྣ་བ་རིང་ཞིང་རྐང་ལག་ཕྲ་ལ་ཅུང་ཟད་ཐུང་བ། རྨིག་པ་ཟླུམ་པོ་ཡིན་པ་སོགས་དཔེ་རིས་ལྟར་ལ། ཀུན་གྱིས་རྒྱུས་མངའ་ཆེ་བས་ཞིབ་པར་མ་བཀྲལ། མིང་གཞན་སྣ་ཆེན་དང་། སྐད་ཆེན། ཤུགས་འགྲོའི་ཕ། ཆོས་ཅན་རིང་། བྱིན་པ་གཙང་། བཟོད་པའི་མུ་ཁྱུད། གྲོང་དུ་འདྲེན། མགྲིན་བཟང་བོ་བཅས་སོ། བོང་བུ་ཅེས་པའི་མིང་གི་ཐད་ལ་བསམ་ཚུལ་མ་འདྲ་བ་འགའ་བཀོད་ན། ༡༽ རྣམ་པ་རྟ་དང་འདྲ་ལ་དེ་ལས་ཅུང་ཟད་ཆུང་བའི་སྒོ་ཕྱུགས་ཤིག སྒྲ་བཤད་ནི་རྟ་ལས་བོང་ཚོད་ཆུང་བའི་ཆ་ནས་བོང་བུའམ་བོང་གུ་ཞེས་བཏགས་ཏེ། དེ་ཡང་བོང་ནི་གཟུགས་པོའི་བོང་ཚད་དང་། བུའམ་གུ་ནི་ཆུང་བའི་དོན་ནོ། འོ་ན་བོངས་ཚོད་ཅེས་ས་མཐའི་ཡང་འཇུག་འབྲི་དགོས་པ་མ་ཡིན་ནམ་ཞེ་ན། དེ་ནི་གདམ་ང་ཡིན་པར་སེམས་ཏེ། འདུལ་བ་གཞི་རྒྱ་ཆེར་འགྲེལ་ལས། མི་ཆེའམ་ཞེས་བྱ་བ་ནི་ཚད་གསུམ་པ་དག་ལས་བོང་ཚོད་མ་ལྷག་གམ་ཞེས་བྱའོ། ཞེས་དང་། ཚནྡྲ་ད་སའི་བོད་དབྱིན་ཚིག་མཛོད་དུ་བོང་ཚོད་ཅེས་ས་མཐའ་མེད་པ་སྣང་། ༢༽ ར་ཕོ་ན་རེ། བོང་གསེབ་ལགས། བོང་མ་ཤི་སོང་། བོང་གསེབ་བོང་བོང་བོང་ཟེར་ནས་ཅེ་ཕེ་འདེབས། (ཕེ་འདེབས་པ་ནི་ཨ་མདོའི་ཡུལ་སྐད། ངུས་པའི་དོན།) ར་ཕོ་སེམས་འཚབ་ནས་རྟབ་རྟབ་པོར་བོང་གསེབ་ཀུ་རེ་རྩེ་བ་ཡིན་ཅེས་བཤད། བོང་བུས་བུ་ཆི་བུ་ཆི་བུ་ཆི་ཟེར་ནས་ཟེར་ཞོར་ཕེ་འདེབས་(ངུ) མཚམས་བཞག་པའི་ངུ་བའི་གོ་རིམ་གྱི་སྒྲ་གདངས་ལ་རྟེན་ནས་མི་རྣམས་ཀྱིས་བོང་བུ་ཅེས་མིང་བཏགས། ༣༽ འཛམ་གླིང་སྐད་བརྡ་རིག་པའི་ངོས་ཐད་ནས་བཤད་ན་སྐད་རིག་རྙིང་བ་དག་ན་བོང་བུ་ལ་མིང་ཡག་སྡུག་གཉིས་རེ་ཡོད་མོད། བོང་བུ་ཅེས་པའི་སྒྲ་དང་འདྲ་བ་ནི། བོང་བུའི་མིང་ལ་སྒི་རིག་སྐད་ལ་གྷ་རྡི་རོ་སི། ( gaidaros) དེ་སིང་ཀྲི་ཏའི་སྐད་དང་འདྲེས་ནས། གྷ་དྷ་བྷ། (gardabha) ངོ་བོར་གྱུར། དེ་ཡང་རིམ་གྱིས་ཁ་ཆེའི་ཨུར་རྡོ་དང་། ཧིན་རྡིའི་སྐད་ཐོག་གི་གྷ་དྷ་( gadha) ཡི་ངོ་བོར་གྱུར། དེ་བོད་སྐད་ཐོག་སླེབས་པ་ན་གུ་རུ་འམ་གྭ་བ་ཡི་ངོ་བོར་གྱུར་པར་འདོད། དཔེར་ན་དཔལ་ལྡན་ལྷ་མོའི་ཆོ་ག་ན། ལ་ལ་བོང་བུ་གྭ་བ་ལ་ཞོན་པ།། ཞེས་པ་ལྟ་བུའོ།། (2)ཡོ་རོབ་དང་ཨ་རི་གླིང་ན་ཁྱབ་རྒྱ་ཆེ་བའི་སྐད་ཡིག་ སི་པན་སྐད་ཐོག་གི་བྷོ་རོ་( burro) དེ་སིང་ཀྲི་ཏའི་སྐད་ཐོག་གི་བྷོ་རེ་མ། (bhurriama) ངོ་བོར་གྱུར་དེ་རིམ་བཞིན་བོད་ལ་སླེབས་པ་ན་བོང་བུའམ་བོང་གུའི་ངོ་བོར་གྱུར་བའོ། སྐད་རིགས་རྙིང་བ་དེ་དག་ལ་བོང་གི་སྒྲ་འདྲ་ཙམ་ཡོད་པས་སྒྲིག་ནུས་བ་ཙམ་དུ་མ་ཟད། བོད་ཀྱི་ལོ་རྒྱུས་ལྟར་ན་ཡང་། བོད་མི་ཡི་འབྱུང་ཁུངས་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་གི་སྲིན་མོ་ལས་བྱུང་བའི་རིགས་གཅིག་དང་། ཡང་རྒྱ་གར་གྱི་དགྲ་ངན་དཔུང་ཚོགས་བཅུ་གཉིས་སྲིད་སྒྲིབ་ལས་ཕམ་ནས། རི་བོ་གངས་ཅན་ཕྱོགས་ལ་བྲོས་བྱོལ་དུ་འོང་བའི་རིགས་ལས་མཆེད་པ་གཉིས་བཤད་པ་ལས། ཕྱི་མ་དེས་རང་རང་གི་འཚོ་རྟེན་བོང་བུ་དང་དེའི་མིང་དང་བཅས་པ་རྒྱ་གར་ནས་སྐབས་དེ་དུས་ཁྱེར་ཡོང་བ་ཡིན་ཟེར་ན་འབྲེལ་མེད་པ་གཏན་ནས་མིན། དེ་ལྟར་བྱས་ན་བོད་ལ་བོང་བུ་སླེབས་པ་ཤིན་ཏུ་སྔ་བར་སེམས།

གཉིས་པ་བོང་བུའི་བྱུང་བ། བོང་བུའི་འབྱུང་ཁུངས་ནི་དམ་པའི་ཆོས་མངོན་པ་མཛོད་ཀྱི་གསུངས་ཚུལ་ལྟར་ན་ཐོག་མར་དུད་འགྲོ་གཞན་དང་འདྲ་བར་རྒྱ་མཚོ་ལས་བྱུང་བ་ཡིན་དེ་མཛོད་འགྲེལ་ལས། དུད་འགྲོ་ནི་ཐང་དང་ཆུ་དང་ནམ་མཁའི་སྤྱོད་ཡུལ་བ་དག་ཡིན་ནོ། དེ་དག་གི་གནས་ཀྱི་རྩ་བ་ནི་རྒྱ་མཚོ་ཆེན་པོ་ཡིན་ཏེ། གཞན་ནི་དེ་ལས་འཕྲོས་པ་དག་ཡིན་ནོ་ཞེས་གསུངས་པ་ལྟར་རོ། འདི་ནི་དེང་སང་གི་ཚན་རིག་པའི་ནང་ཚན་སྲོག་ཆགས་རིག་པ་བ་རྣམས་ཀྱི་བཤད་ཚུལ་དང་མཐུན་ནམ་སྙམ་ལ། ༢༽ ཡང་དེང་སང་གི་བཤད་སྟངས་ལྟར་རམ་ཉེ་བརྒྱུད་ལྟར་བཤད་ཚུལ་ལྟར་ན་The wild ancestor of the donkey is the African wild ass, E. africanus. The donkey has been used as a working animal for at least 5000 years. བོང་བུ་ནི་ཐོག་མར་ཨ་ཧྥི་རི་ཀའི་རྐྱང་རྒོད་ཡིན་ལ། ཁྱིམ་སྤྱོད་སྲོག་ཆགས་སུ་གྱུར་ནས་ལོ་ལྔ་སྟོང་ཙམ་འདས། Asses were first domesticated around 3000 BC, probably in Egypt or Mesopotamia,[6][7] and have spread around the world.གཞན་ཡང་སྤྱི་ལོ་སྔོན་གྱི་ལོ་སུམ་སྟོང་གི་སྔོན་དུ་ཨ་རབ་གླིང་གི་ཨི་རྗི་ཕུ་ནས་བྱུང་བ་ཡིན་པར་བཤད་ལ། དེ་ཡང་རྐྱང་ཁྲ་ལས་མཆེད་ཅིང་རིམ་གྱིས་འདུལ་སྦྱོང་བྱས་པ་ལས་སྒོ་ཟོག་ཏུ་གྱུར། དེ་རིམ་གྱིས་རྒྱ་གར་དང་ཁ་ཆེ། དཀྱིལ་ཤར་ཨེ་ཤ་ཡའི་གླིང་དུ་ཁྱབ་ཅིང་རིམ་གྱིས་བོད་ལ་འོང་བར་བཤད། འཇིགས་བྱེད་རྒྱུད་ལས་བྱུང་བར་དཔག་ན་མ་མཐའ་ཡང་ལོ་ཉིས་སྟོང་དྲུག་བརྒྱའི་སྔོན་དུ་རྒྱ་གར་ལ་ཡོད་པ་གཏན་འཁེལ་ཐུབ་ལ། བོད་ལ་དུས་ནམ་ཞིག་ནས་འོང་མིན་ཐད་ལ་ད་ལྟའི་ཞིབ་འཇུག་གི་གཞི་རྩ་འོག་ནས་འབྱུང་བའི་རྒྱུད་བཞི་རྩ་འགྲེལ་ལ་དཔག་ན་ལོ་སྟོང་ཕྲག་གི་སྔོན་དུས་བོང་བུ་ཡོད་དགོས་སམ་སྙམ། དེ་ལས་ཀྱང་སྔ་བར་ལོ་ཉིས་སྟོང་ལྷག་གི་སྔོན་དུ་ཡོད་པར་ཡང་སེམས་དེ། སྔ་ས་ནས་བྱུང་བའི་བོན་གཞུང་འོག་ཏུ་འགོད་འགྱུར་ལྟར་དྲེའུ་དང་བོང་བུའི་གཟུངས་ཡང་ཡོད་པས་སོ། བན་དེའི་གཟུངས་འདུས་ན་ཡང་རྟ་བོང་གི་གཟུངས་ཡོད་པ་ཡང་འོག་ཏུ་འགོད་པར་བྱའོ། བན་བོན་གྱི་བོང་བུའི་གཟུངས་གཉིས་ཀ་ལྟར་ན་ཡང་བོད་པས་བོང་བུ་སྒོ་ཕྱུགས་གལ་ཆེན་དུ་བརྩི་བའི་སྒྲུབ་བྱེད་དུ་འགྲོའོ། There are more than 40 million donkeys in the world, ད་ལྟའི་ཆར་འཛམ་བུ་གླིང་འདིར་བོང་བུ་ས་ཡ་བཞི་བཅུ་ཙམ་ཡོད་པར་བཤད། བོང་བུའི་ཤ་ཁྲག་རུས་གསུམ་གྱི་འབྲེལ་བའི་གཉེན་ཚན་ནི། བོང་བུའི་པ་མེས་ཀྱི་བརྒྱུད་པ་ནི་ ass རྐྱང་ཡིན། ཡང་བུ་བརྒྱུད་ཀྱི་ཆ་ནས་བཤད་ན་རྟ་དང་བོང་མ་འདྲེས་པ་ལས་jackབོང་དྲེལ་སྐྱེས། བོང་བུ་དང་རྐྱང་འདྲེས་པ་ལས་རྐྱང་མ་བོང་སྐྱེས་པ་ཡིན། བོང་གསེབ་དང་བོང་མ་སྡེབ་པ་ལས་donkey བོང་བུ་སྐྱེས་པ་ཡིན། Jack donkeys are often used to mate with female horses to produce mules. བོང་གསེབ་དང་རྒོད་མ་འབྲེལ་བ་ལས་བྱུང་བའི་དྲེའུ་འམ་དྲེལ།


གསུམ་པ་བོང་བུ་དང་འབྲེལ་བའི་སྨན་བཅོས་དང་རྨི་ལམ་བརྟག་ཐབས་སྐོར།

རྒྱུད་བཞི་ལས། ༡༽ བོང་བུའི་ལྕེ་ཡིས་འཁྲུ་བ་གཅོད། བོང་བུའི་ཤ་ཡིས་སྐྱུག་པ་གཅོད། བོང་ཁྲག་བྲུམ་བུ་ཚིགས་མིག་ཆུ་སེར་བཅོས།། བོང་བུའི་རྨིག་པས་ཆུ་འགག་སེལ། ཞེས་དང་ཡང་། ༢༽ རྟ་བོང་འོ་མས་གློ་གསོ་གློ་རྣག་འདྲེན།། ༣༽ གཞན་ཡང་རླུང་ནད་སེལ་བ་ལ་དཔལ་ལྡན་རྩ་བའི་རྒྱུད་ལས། “དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །ནད་ལ་གསོ་བར་བྱེད་པའི་གཉེན་པོ་ནི། །ཟས་དང་སྤྱོད་ལམ་སྨན་དཔྱད་བཞི་ཡིན་ཏེ། །རྟ་བོང་འཕྱི་བ་ལོ་ཤ་ཆེན་དང༌། འབྲུ་མར་ལོ་མར་བུ་རམ་སྒོག་སྐྱ་བཙོང་། །འོ་མ་ལྕ་བ་ར་མཉེ་ཟན་ཆང་དང༌། །བུར་ཆང་རུས་ཆང་རླུང་ནད་ཅན་གྱི་ཟས།། ཞེས་གསུངས། ༤༽ ཡང་བཤད་པའི་རྒྱུད་ལས། དེ་ནས་ཡང་དྲང་སྲོང་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག ཁྱད་པར་ཉེར་གསུམ་སོ་སོར་བཅོས་པ་ནི།།། ཟུང་འཇུག་རླུང་ལ་དུལ་མར་མཆོག་ཡིན་ཏེ།། བུ་རམ་ཆང་དང་མར་རྙིང་ལུག་ཤ་ཡིབ།། འཕྱི་བ་རྟ་བོང་མི་ཤ་སྒོག་ཙོང་སོགས། ལྕི་སྣུམ་འཇམ་པོའི་ཟས་ཀྱིས་བཅོས་པར་བྱ།། ཞེས་དང་ཡང་། ༥༽ མན་ངག་རིན་ཆེན་འབྱུང་གནས་ལས། བོང་ཁྲག་བཅུ་གཅིག་དང་། ཡང་ན་བུང་བུ་ནག་པོའི་གསོན་ཁྲག་ལ།། སུག་སྨེལ་སྒ་ཏིག་ཆུ་སེར་སྨན་གསུམ་དང་།། ཟི་ར་དཀར་པོ་དབང་ལག་སྔོ་ལྕགས་ཀྱུ།། ཀྱི་ལྕེ་དཀར་བོ་གསེར་གྱི་བྱེ་མ་སྦྱར།། སོགས་གསུངས། ༦༽ དྲི་མེད་ཤེལ་གོང་ལས། བོང་ཁྲག་གྲུམ་བུ་ཚིགས་ཀྱིས་ཆུ་སེར་སེལ།། ཞེས་གསུངས། དེ་བཞིན་དུ་ཡང་འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་(ཆབ་མདོ་ས་ཁུལ་སྨན་རྩིས་ཁང་གིས་བསྒྲིགས་པ་)ལས། བོང་བུ།…….. སྨན་དུ་སྦྱར་བྱ་དང་རོ་ནུས། 1 ཤ་རོ་མངར། ཞུ་རྗེས་དྲོད། ནུས་པས་མེ་དྲོད་སྐྱེད་ཅིང་ལུས་ཟུངས་འཕེལ། 2 ཚིལ་གོང་མཚུངས། ནུས་པས་བྱུགས་པས་པགས་ནད་ཟ་ཕྲུག་དང་གླང་ཤུ། བས་ལྡག་སོགས་ལ་ཕན། 3 ཁྲག་རོ་མངར། ཞུ་རྗེས་སྙོམས། འདི་ལ་མིང་གཞན་མགྲིན་མཚལ་ཞེས་ཀྱང་བྱ་སྟེ། ནུས་པས་གྲུམ་བུའི་ཟུག་གཟེར་གཅོག ཡན་ལག་ཚིགས་ཀྱི་ཆུ་སེར་སེལ། མཇུག་མའི་ཁྲག་གིས་རྨ་ལ་ཕན། 4 འོ་མ་རོ་མངར། ཞུ་རྗེས་སྙོམས། ནུས་པས་བློ་གཅོང་གི་ནད་སོགས་གསོ་ཞིང་། ཡན་ལག་གི་ཚིགས་ལ་ཞུགས་པའི་རླུང་ནད་སེལ། 5 རྨིག་པས་༼བོང་ཐོར་གྱི་ལག་པ་གཡས་པའི་རྩི་བཞར་བ་དང་རྒྱ་ཚ། ལྕམ་པ་སྦྱར་བ༽ དྲི་ཆུ་འགག་པ་འབྱིན། 6 བོང་གསེབ་ཆུ་ཡིས་སྣའི་ནད་སེལ། 7 བོང་བུ་ནག་པོའི་སྦངས་ཀྱིས་འབྱར་བྱས་པས་རྨ་ལ་ཕན། 8 ལྕེ་རོ་མངར། ཞུ་རྗེས་སྙོམས། ནུས་པས༼ ལ་ཕུག་སྐམ་པོ་དང་སྦྱར་ནས་གཏོང་༽ འཁྲི་བ་གཅོད། 9 བོང་གསེབ་ཀྱི་རླིག་འབྲས་ཆགས་པ་མ་སྤྱད་སྔོན་བླང་བ་བོང་བུའི་འོ་མར་བཙོས་པས་རོ་ཙ་བསྐྱེད། སོགས་གསུངས་ཡོད་པས་མཚོན་སྨན་སྦྱོར་བྱེད་སྟངས་ཤིན་ཏུ་མང་ངོ་། ཀློང་རྡོལ་བླ་མའི་ལྟས་སྣ་ཚོགས་བརྟག་ཐབས། གསེར་གྱི་ཕྱེ་མ་མང་དུ་ལོངས་སྤྱོད་དང་།། རྟ་བོང་སྒ་མེད་ཞོན་དང་གཅེར་བུ་སོགས།། སྔར་བསམ་ལས་ལ་གཞོལ་བའི་ཕྱི་ཐལ་ཡིན།། ཞེས་དང་། ༢༽ གཅེར་བུར་བོང་ཞོན་ལྷོ་ཕྱོགས་འགྲོ་བ་དང་།། མེ་ཏོག་དམར་བོ་ཤ་སྟག་རྨིས་པ་སོགས།། ཚེ་ཡི་བར་ཆད་འབྱུང་བའི་སྔ་རྟས་ཡིན།། ༣༽ བནྡེ་བོང་བུ་སྤྲེའུ་བྱི་ལ་རྟ།། ཁྱི་སོགས་རྨིས་ཚེ་རྒྱལ་བོའི་ཆོ་འཕྲུལ་ཡིན། ༤༽ རྔ་མོང་ཁ་ལྷོར་བུང་བུ་ཁ་ཤར་དང་།། སྤྲེའུ་ཁ་བྱང་བལྟས་ནས་གཞོན་པས་འགྲོ། གོས་དམར་གྱོན་དང་མེ་ཏོག་དམར་བོ་འཐུས།། ཐང་ལ་འགྲོ་དང་ཐོད་བཅིང་རྨིས་པ་འཆི།། གཤིན་དང་མཉམ་པོར་ཆང་འཐུང་གར་བྱེད་པ།། དེ་དག་འཆི་ལྟས་རྨི་ལམ་བརྟག་པའོ།། གསུངས་སོ། ༥༽ དེ་བཞིན་དུ་རྒྱུད་བཞི་ལས་མ་ཧེ་རྟ་ཕག་བོང་བུ་རྔ་མོང་ལ། །གཅེར་བུར་ཞོན་ནས་ལྷོ་ཕྱོགས་འགྲོ་རྨིས་འཆི། །ཞེས་གསུངས་པ་སོགས་བོང་བུ་དང་འབྲེལ་བའི་ནད་བཅོས་སྨན་སྣ་བཟོ་སྟངས་ཡོད་པར་མ་ཟད། རྨི་ལམ་བརྟག་ནས་འཛིག་རྟེན་གྱི་ལེགས་ཉེས་འབྱེད་པ་ཡང་ཡོད་དོ། དེ་མིན་དེང་སང་གཅིན་པ་མངར་འགྱུར་ནད་ལ་བོང་བུའི་འོ་མས་ཧ་ཅང་ཕན་གིན་འདུག་ཟེར། གཞན་རྒྱ་ནག་གི་ས་ཆ་ལ་ལར་སྔོན་དུས་བྱིས་བ་མ་སྐྱེས་ན། བོང་བུའི་རྡོ་རྗེ་གོས་ཀྱིས་བཏུམས་ནས་ཕྱག་འཚལ་སྲོལ་ཡོད་གྲགས། དེ་བཞིན་དུ་ཟི་ཁྲོན་གི་ཀ་ལི་ཁྱིག་ཚོས་ནི་བོང་བུའི་རླུག་པས་བཟོས་པའི་ཟས་རིགས་ཤིག་ཡིན་ལ། བྲོ་བ་ཆེ་བར་མ་ཟད་སྐྱེས་པ་ཚོའི་ཆགས་སྤྱོད་ནུས་ཤུགས་གསོ་བར་ཡིད་ཆེས་བྱེད། སྔོན་མ་ཟི་ཁྲོན་རྒྱ་མང་པོ་འབའ་མང་ར་ལས་ཀ་ལས་གི་ཡོང་སྐབས་ཅཱིན་མཱ་ཁྲང་(དམག་རྟ་གསོ་ར) གི་རྟ་རྒན་ཚང་མའི་རྡོ་རྗེ་བོར་སོང་སྐབས་ཁོ་ཚོས་རྐུ་མ་རྒྱབ་ནས་ཚལ་བཟོ་བཞིན་པ་ཤེས།།

བཞི་བ་བོང་བུའི་གཏམ་དཔེ་བསླབ་བྱ་སྐོར།

༡༽ བོང་མཇེ་ལངས་ཀིན་མ་འདུག་ད། དེ་ནི་ག་ལེར་བྱོས་དང་ཟེར་པའི་དོན་ཡིན ༢༽ བོང་བུ་དར་ཐོག་ལ་མ་འདེད་རོགས། ང་ལ་བཙུར་ཡོང་གིན་མ་འདུག་ཅེས་བའི་དོན་རེད། ༣༽ ཁྱོད་བོང་གསེབ་མ་རེད་མོད།ཟེར་ན་ངོ་ཚ་ཡོད་ཀིན་ཆུགས་ཟེར་པའི་དོན་རེད། ༤༽བོང་མ་བྲག་ཁར་དེད། ཟེར་ན་བོང་བུ་གཙམ་གཡེམ་བྱེད་ཀིན་འདུག་ཟེར་པའི་དོན་རེད། ༥༽ ནམ་ཚོད་བྱ་ཡིས་བཟུང་ཡང། རྒྱལ་ཁ་བོང་བུའི་འཕྲོག་སོང་། ༦ ༽བོང་སྐྱ་ལུའི་བསྟན་པ་དར་འདུག་ག། ༧༽ བོང་སྐྱ་ལི་གོམ་པ་རླུང་རེད། རྟ་འདོ་བ་དགོས་དོན་མེད་ཁུ། ༨ ལས་ཀ་ཐམས་ཅད་བོང་བུས་བྱེད་ནས། གཟི་བརྗིད་དང་སྙན་གྲགས་ཐམས་ཅད་རྟ་དང་དྲེལ་གྱིས་ཁྱེར་འགྲོ་བ་ཞིག་ཡིན། ༩༽ ངན་པའི་བཟང་བསྟོད་མི་ཐེག བོང་བའི་གསེར་སྒ་མི་ཐེག ༡༠༽ཕོ་རབས་དང་རྒོད་པོ་ཤ་ཡིས་གསོས། ཕོ་འབྲིང་དང་ཉ་མོ་ཆུས་གསོས། ཕོ་ངན་དང་བོང་བུ་རྩམ་པས་གསོས། ༡༡༽ ང་ཚོའི་ཡུལ་དུ་རིག་གནས་གསར་བརྗེའི་སྐབས་ཀྱི་གཏམ་དཔེ་ཞིག་ལ། བོང་རྒན་ལ་གོང་ཆེ་དུས། ཀློའི་རྒན་ལ་དབང་ཆེ་དུས།ཅེས་བཤད་སྲོལ་ཞིག་དར་ཡོད། ༡༢༽ འབྲས་ལྡན་བོང་གསེབ་སྐྱ་རིང་བོ།།བོང་ཁྱུར་ཧོ་སྐད་དི་རི་རི།།ཆགས་ལྡན་བན་ཆུང་བློ་ཡང་པོ།།ནག་མོའི་ཁྲོད་ན་ཀུ་རུ་རུ། ༡༣༽ བོང་བུའི་ནང་ཁྲོལ་མ་སྟོན། ༡༤༽ སྐྱིད་མྱི་ལ་རེ་ན་གྱ་ལ་གྱི་ལེ།། ཁལ་བོང་བུ་བཀལ་ན་ལྡ་ན་ལྡེམ་ནེ། ། ༡༥༽ བྱང་སྟོན་བསྟན་པ་རྒྱ་མཚོས། རྒྱ་ཁེ་པའི་བོང་རྒན་རྒྱབ་མེད་པོ།། ཁོ་ཀུམ་མེ་ཀུམ་མེ་འདུག་དབང་མེད།། ཞེས་དང་ཡང་ཁོང་གིས། དབྱར་སོ་ཀའི་དུས་ཀྱི་བོང་བུ་དེ།། ཕོ་རེང་ངེ་རེང་ངེ་འདུག་དུས་མེད།། ༡༦༽ ས་སྐྱ་བླ་མས། གཟིག་ལྤགས་བཀབ་པའི་བོང་བུ་ཡིས།། ལོ་ཏོག་ཟོས་མཐར་གཞན་གྱིས་བསད་།། ཞེས་དང། ༡༧༽ ཡང་རྣལ་འབྱོར་བ་རུས་པའི་རྒྱན་ཅན་གྱིས། “མཁར་ཟུར་བཞི་ལོགས་བརྒྱད་རྩེ་དང་དགུ། །དུས་དེང་སང་བོང་བུའི་རྣ་བ་འདྲ། །འདི་ཡང་མི་རྟག་སྒྱུ་མའི་དཔེ། །དཔེ་འདིས་ཀྱང་རྣལ་འབྱོར་ང་སྒྲུབ་པ་བྱེད། ། ཞེས་དང་ཡང་། ༡༨༽ཁོང་གིས། ཁ་ནས་དགོས་པའི་ཆོས་སྐད་ཀྱི་ལན་འདོན་རྒྱུ་མེད་པའི། མི་དགོས་པའི་འདོམས་ནས་ཆས་རྟ་བོང་བུ་བས་ཆེ་བ་དེ་མ་སྟོན་པར་སྦོས་ལ་ཁ་རོག་པར་སྡོད་”སོགས་ཀྱིས་མཚོན་བོང་བུ་དང་འབྲེལ་བའི་གཏམ་དཔེ་བསླབ་བྱ་ཤིན་ཏུ་མང་པོ་ཡོད་པ་མང་ཆེ་བ་ངན་པའི་དཔེར་བཀོད་ཡོད་ན་ཡང་། བཟང་བོའི་དཔེར་བཀོད་པ་ཡང་གཏན་ནས་མེད་པ་མིན་ཏེ། ༡༽ འཇིག་རྟེན་གཏམ་གྱི་དཔེ་ལ། བོང་བུ་བོང་བུ་མ་ཟེར།། སྨུག་ཆུང་དྲེལ་གྱི་ཨ་ཕ།། གླང་ངུ་གླང་ངུ་མ་ཟེར།། མཛོ་དཀར་ཁྱུང་གི་ཨ་ཕ།། ཞེས་དང་། ༢༽ རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མི་ལ་རས་པའི་རྣམ་མགུར་ལས། བུ་བྱ་རྒྱལ་རྒོད་པོ་དང་འདྲ་བ་དབུས་སུ་ཐལ། །ཕ་ཅོང་རོང་བོང་བུ་དང་འདྲ་བ་ཤུལ་དུ་བོར། །” ཞེས་དང་། ༣༽ ཡང་ནུབ་གཅིག་གི་རྨི་ལམ་དུ་བོང་བུ་ཞིག་ལ་ཁ་ཕྱིན་ཅི་ལོག་ཏུ་ཞོན་ནས་རེ་བའི་གོས་གྱོན་པ་རྨིས་པ་རྗེ་བཙུན་ལ་ཞུས་པས། ཐེག་ཆེན་བོང་བུའི་རྟ་ཞོན་པ། །འཁོར་བ་དག་ལ་རྒྱབ་ཕྱོགས་ཏེ། །མྱང་འདས་མདུན་དུ་བསུ་བར་བྱེད། །རེ་བ་ཀུན་གྱི་རེ་གནས་པ། །ཞེས་ནང་བ་སངས་རྒྱས་པའི་ལམ་གྱི་མཆོག་ཏུ་གྱུར་བ་ཐེག་ཆེན་གྱི་ལམ་ལ་ཞུགས་པ་དང་བོང་བུ་ལ་ཞོན་པའི་མཚུངས་དཔེར་བཀོད་ནས་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་དང་ཐར་བར་བགྲོད་པའི་དཔེར་ཡང་བཀོད་ཡོད་དོ།།

ལྔ་བ་བོང་བུ་དང་འབྲེལ་བའི་ལྷ་འདྲེ་སྐོར་དང་བོང་བུའི་ཁྱད་ཆོས་སྐོར།

༡༽ དཔལ་ལྡན་ལྷ་མོའི་ནང་ལ་ལ་བོང་བུ་གྭ་བ་ལ་ཞོན་པ། ༢༽ རྙིང་མའི་སྒྲུབ་པ་བཀའ་བརྒྱད་ཀྱི་གཏོར་བཟློག་འདོན་སྐབས་ལྟས་ངན་བོང་ཞོན། ༣༽ དགེ་ལུགས་འཇང་དགུན་ཆོས་ཚོགས་སྐབས་བོང་མགོ་སུག་ཏི། ༤༽ ད་དུང་དཔལ་རྡོ་རྗེ་འཇིགས་བྱེད་འདོན་སྐབས་དང་བློ་ངོར་བཞེངས་སྐྲུན་བྱེད་སྐབས། ཡི་དམ་དེ་ཉིད་ཀྱི་“ཞབས་གཡས་ཀྱི་དང་པོས་མི། གཉིས་པས་མ་ཧེ། གསུམ་པས་གླང་། བཞི་པས་བོང་བུ། ལྔ་པས་རྔ་མོང༌། དྲུག་པས་ཁྱི། བདུན་པས་ལུག བརྒྱད་པས་ཅེ་སྦྱང༌། ཞབས་གཡས་པས་འདི་དག་མནན་པའོ། །” ༥༽ དཔལ་རྡོ་རྗེ་འཇིགས་བྱེད་ལྷ་ཞེ་དགུ་མའི་ནང་དུ་“རྡོ་རྗེ་བོང་བུ་བརྒྱད་དང་།”ཞེས་པ་ལྟར་འབྲས་བུའི་འཇིགས་བྱེད་རྡོ་རྗེ་བོང་བུ་བརྒྱད་ཀྱང་ཡོད་དོ།། ༦༽ འབྲུམ་གྱི་མ་མོ་ཤི་ཏ་ལ་བོང་ཞོན་་ཅན་ཡང་ཡོད་པར་བཤད། ༧༽ རྡོ་རྗེ་མཁའ་འགྲོ་རྒྱ་མཚོའི་རྒྱུད་ན། བདེ་མཆོག་བོང་ཞལ་ཅན་བཞུགས། ༨༽ བདེ་མཆོག་ན་མཁའ་འགྲོ་མ ་བོང་ཞལ་མའི་སྒྲུབ་ཐབས་ དང་དེའི་ལས་ཚོགས་ཡོད། དེ་བཞིན་དུ་བདེ་མཆོག་རབ་འབྱམས་ཀྱི་དབང་ལ་ལྷ་གྲངས་བཅུ་བདུན་ཡོད ། ཡབ་དཀའ་བཅུ་གསུམ་དང ། ཡུམ་དཀའ་བཞི་ཡོད ། ཡབ་དཀའ་བཅུ་གསུམ་གྱི་ནང་ལ་བདེ་མཆོག་བོང་ཞལ་ཅན་ཞིག་འདུག ། བོང་བུའི་ཁྱད་ཆོས་བཅུ་གཉིས་ནི། ༡༽ སྟོན་ཀ་རང་གིས་བཏང་བའི་གཡག་(སྟུག་དྲི་འམ་འཕྱན) ལ་རང་ཉིད་འདྲོགས་པ། ༢༽ དཔྱིད་ཀ་དབྱུག་པས་བརྒྱབ་ཀྱང་འགུལ་བསྐྱོད་མི་བྱེད་པ། ༣༽ དབྱར་ཀ་ཁལ་བཀལ་ཡོད་ན་ཡང་འཛག་༼འཁྲིག་པ་སྤྱོད༽་འེ་ཐུབ་བལྟ་བ། ༤༽ དགུན་ཁ་ཆབ་༼འཁྱག་པའམ་དར་༽ ཐོག་ལ་འདར་ནས་གོམས་པ་སྤོ་མི་ནུས་པ། ༥༽ འཕྲང་འགག་དོག་སའི་ལམ་ཁ་ནས་ཁལ་རྫོག་པ། ༦༽ མིང་སྲིང་ཡོད་ས་ནས་མཇེ་སྟོན་པ། ༧༽ སྐྲག་ས་འཚེར་ས་ནས་ཧེ་༼སྐད་བརྒྱབ་པ༽ འདེབས་པ། ༨༽ གཙང་སྦྲ་བྱེད་ས་ནས་སྟི་ལུ་གཏོང་བ། ༩༽ གཅིག་གིས་གཅིན་པ་གཏོང་སར་ཚང་མས་གཏོང་བ། ༡༠༽ ཞོན་མ་ཐག་ཏུ་ཁ་ཐུར་ལ་བང་རྒྱུགས་བྱེད་པ། ༡༡༽ སྤྱང་ཀི་མཐོང་ན་ཉལ་བའམ་སྤྱང་ཀི་ཡོད་སར་བཏུད་ནས་འགྲོ་བ། ༡༢༽ རྗེས་ལ་བཏུད་པ་ལ་འཕྲ་ཡིས་རྒྱགས་པ། བཅས་ཁྱད་ཆོས་བཅུ་གཉིས་པོ་འདི་བོང་བུའི་ཁྱད་ཆོས་ཡིན། བོང་བུའི་འོ་མའི་ཁྱད་ཆོས་ནི། ༡༽ བཞོ་མ་ཐག་ཁ་དོག་ཡག་ན་ཡང་ཅུང་མ་འགོར་བར་རུལ་འགྲོ་བ། ༢༽ རུལ་དྲི་ཁ་ན་ཡང་སིད་སོགས་ནད་ངན་རིགས་རྩ་ནས་འཇོམ་པ། ༣༽ གཅིན་སྙིའི་ན་ཚ་ལ་ཕན་པ། ༤༽ སྐྱེ་བ་ཕོ་ཡི་བསམ་སེའུ་ན་ཚ་སྨན་མཆོག་ཡིན་པ་བཅས་ནི་བོང་བུའི་འོ་མའི་ཁྱད་ཆོས་ཡིན།།

དྲུག་པ་ནང་པ་སངས་རྒྱས་པའི་ལུང་དུ་བསྟན་པའི་བོང་བུ།


༡༽ འདུལ་བ་ལུང་ཕྲན་ཚེགས་ཀྱི་སྐབས་སུ། “བ་ལང་དང་མ་ཧེ་དང་ར་དང་ལུག་དང་གླང་པོ་ཆེ་དང་རྟ་དང་རྔ་མོང་དང་བོང་བུ་དང་འབྲུ་ཙམ་པ་དང་། སྣོད་ཀྱང་དགེ་འདུན་གྱི་ཆེད་དུ་བླང་ངོ་།” ཞེས་གཙོ་བོར་དགེ་འདུན་པས་ཀྱང་སྤྱི་བའི་ཆེད་དུ་བླང་རུང་བར་གསུངས་ཡོད།

༢༽ འདུལ་བ་ལུང་རྣམ་འབྱེད་ཀྱི་འཁྲིག་ཚིག་སྨྲ་བའི་ལྷག་མའི་སྐབས་སུ།  ་“ཁྱོད་ལ་བོང་བུ་དག་དེ་བྱེད་པར་གྱུར་ཅིག ཁྱོད་ཀྱི་དེར་མགལ་དུམ་དག་ཆུག་ཅིག་ཅེས་གཤེ་བ་དང་། བུད་མེད་ཀྱིས་བསྔགས་པ་དང་བསྔགས་པ་མིན་པ་སོགས་དགེ་སློང་ལ་བརྗོད་པ་ན། དགེ་སློང་གིས་དེ་ཉིད་ཕྱིར་སྨྲ་བ་བསྒྲུབ་པ་དག་ལ་ནི་སྦྱོར་བ་ཡིན་པར་བྱེ་བྲག་མེད་དོ། ” འདི་ནི་བོང་བུས་འཁྲིག་སྤྱོད་བྱེད་སྟངས་ཀྱི་ཆ་ནས་བལྟས་ཡོད།

༣༽ འདུལ་བ་ལས་རྫས་དབང་མི་དབང་གི་ཚད་བཤད་པའི་སྐབས་སུ། “གསུམ་པ་ནི། གླང་པོ་ཆེ་དང་རྟ་དང་བོང་བུ་དང་དྲེའུ་དང་གོ་ཆ་རྣམས་ནི་རྒྱལ་པོ་ལ་འབུལ་ལོ། །དབྱིག་དང་གསེར་དང་ཟངས་ལ་སོགས་པ་གཞན་བརྡུངས་སུ་བྱས་པ་དང་མ་བྱས་པ་རྣམས་ནི་དཀོན་མཆོག་གསུམ་ལ་འབུལ་ལོ། །ནོར་བི་དུརྱ་ལ་སོགས་པ་རིན་པོ་ཆེ་རྣམས་ཀྱང་དགོན་མཆོག་གསུམ་ལ་འབུལ་ལོ། །” མི་ཤི་ཟིན་པ་ཞིག་གིས་རྫས་རྣམས་དགེ་འདུན་ལ་བསྔོས་ན་ཅི་ལྟར་བདག་བྱེད་སྟངས་ཀྱི་ཆ་ནས་གསུངས་ཡོད།

༤༽ འདུལ་བ་ལས་ཤ་ཟ་མི་རུང་བ་བཤད་པའི་སྐབས་སུ། “སྟག་གི་གོད་མའི་ཤ་མི་བཟའ་སྟེ། དེ་ནི་ལྟོས་པ་དང་བཅས་པའི་ཕྱིར་བཀག་གོ །གླང་པོ་ཆེ་དང་རྟ་དང་ཀླུ་རྣམས་ཀྱི་ཤ་མི་བཟའོ། །རྟ་དང་བོང་བུ་ལ་སོགས་པའི་རྨིག་གཅིག་པ་དང་། ཝ་དང་སྤྲེའུ་དང་། བྱ་ཤིང་རྟ་མོ་དང་། ཁ་དང་བྱ་རོག་དང་། བྱ་རྒོད་དང་། ཆུ་སྐྱར་དང་། ཁྱི་དང་། བྱི་ཁྲ་དང་། འུག་པ་དང་། དེ་དག་ལས་གཞན་པའི་བྱ་མི་རོ་ཟ་བ་དག་དང་། བྱ་གར་དང་། ཕ་ཝང་དང་། ཆུ་དང་སྐམ་ལ་གནས་པའི་སྐྱིན་ཀོར། སྦལ་པ་དང་། དྲེའུ་སྲིན་ས་ལས་སྐྱེས་པའི་སྲིན་རིང་པོ་དང་། སྲིན་བུ་པད་པ་ལ་སོགས་པ་རྣམས་ཀྱི་ཡང་ཤ་ཤེས་ན་མི་བཟའོ། །” ཞེས་གསུངས་པ་ལྟར་གཙོ་བོར་ཤ་ཟ་རུང་མི་རུང་གི་ཆ་ནས་བོང་བུ་ལ་ལྟ་ཚུལ་བཏོན་ཡོད།

༤༽ “སྟུག་པོ་བཀོད་པའི་མདོ་ལས། གོ་ཀརྞ་དང་ཁྱུ་མཆོག་གི། །རུ་ཆེན་རྣམ་པར་མཐོང་བ་དང༌། །འདི་བདེན་གཞན་དུ་མི་འགྱུར་ཞེས། །སེང་སྟག་བོང་བུ་ལ་སོགས་པའི། །རྭ་རྣམས་ལ་ནི་མེད་ཅེས་སྟེ། །ཡོད་དང་མེད་པའི་ལྟ་བ་ཡང༌། །མི་མཁས་རྣམས་ལ་རབ་ཏུ་འབྱུང༌། །དེ་ལྟར་གཞན་གྱི་རྭ་མཐོང་བས། །བོང་བུའི་མེད་ཅེས་རྣམ་རྟོག་འབྱུང༌། །ཇི་སྟེ་གཞན་གྱི་མ་མཐོང་ན། །བོང་བུའི་མེད་སྙམ་དེ་མི་འབྱུང༌། །ལོག་པར་དམིགས་པའི་རྒྱུ་ཡི་ཕྱིར། །འདི་ན་མེད་ཅེས་རྟོག་པ་འབྱུང༌། །” ཞེས་བོང་བུ་ལ་རྲ་གནས་ནས་མེད་པར་གསུངས་ཡོད།

༥༽དཔའ་བོ་གཙུག་ལག་ཕྲེང་བའི་སྤྱོད་འཇུག་རྣམ་བཤད་ཟབ་རྒྱས་མཐའ་ཡས་སྙིང་པོ་ལས། “་སྤྱིར་ངན་སོང་པ་ཐམས་ཅད་གང་དུ་ཕྱིན་ཡང་སྡུག་བསྔལ་བ་འདི་ལྟ་བུའི་ཆོས་ཅན་སྟེ་དཔེར་ན་རྟ་དང་བོང་བུ་དང་དྲེའུ་ལ་སོགས་པ་གང་དུ་སོང་ཡང་བྲན་དུ་བཀོལ་བ་དང་ལུག་ལ་སོགས་པ་གང་དུ་ཕྱིན་ཡང་གསོད་པར་འགྱུར་བ་ལྟ་བུ་བདག་ཅག་གིས་ཀྱང་མངོན་སུམ་དུ་མཐོང་བའི་ཕྱིར་རོ། །” ཞེས་དང་ཡང་ལམ་རིམ་ཆེན་མོ་ལས། ༦༽ བོང་བུའི་བཀོད་སྤྱོད་ནི། ལམ་རིམ་ཆེན་མོ་ལས་རྡོག་པས་བཏབ་སྟེ་བཀོལ་བ་ནས་གདབ་པས་བཏབ་སྟེ་བཀོལ་བ་ལྔ་ནི། རིམ་པ་བཞིན་དུ་རྟ་དང་མ་ཧེ་དང་བོང་བུ་དང་གླང་བོ་ཆེ་དང་གླང་ལ་སོགས་པའོ། གསུངས་པ་ལྟར་རོ། ཞེས་བློ་སྦྱོང་གི་གཞུང་ལུགས་ཁག་ནས་གཙོ་བོར་བོང་བུའི་བཀོད་སྤྱོད་ཆ་ནས་བཤད་ཡོད།

༨༽ ལྷུན་འགྲུབ་པན་ཊི་ཏའི་འཇིགས་བྱེད་བསྐྱེད་རྫོགས་ལས། ༡༽ “གལ་ཏེ་མཆོག་གི་དངོས་གྲུབ་འདོད་ན། མར་ཁུ་ཆེན་པོའི་མར་མེ་དབུལ། མི་དང༌། བོང་བུ་དང༌། རྔ་མོང་དང༌། ཁྱི་དང༌། ཝ་དང༌། མ་ཧེ་དང༌། གླང་པོ་དང༌། བ་ལང་དང༌། ལུག་དང༌། རི་དྭགས་དང༌། ཕག་ལ་སོགས་པའི་ཤ་རྣམས་དབུལ་བར་བྱའོ།” ཞེས་མཆོག་གི་དངོས་གྲུབ་སྒྲུབ་པའི་རྫས་སྦྱོར་ལ་བོང་བུའི་ཤ་དགོས་པར་བསྟན་ལ། ༢༽ཡང་གཞུང་དེ་ཉིད་ལས། “ཕྱི་ནས་བོང་བུའི་གཅིན་དང༌། རྣམ་པར་སྣང་མཛད་དང་ལྷན་ཅིག་ཏུ་བརྫིས་ལ་བླུགས་མ་ཡང་དག་པར་དགང་བར་བྱ་སྟེ། དེ་རུ་འཁོར་ལོ་བཅུག་ལ་རོ་བསྲེགས་པའི་མེ་ལ་བཞག་སྟེ་རྐང་པ་གཡོན་པས་མནན་ལ། གཤིན་རྗེའི་སྦྱོར་བས་ཡི་གེ་བཅུ་པའི་སྔགས་བཟླས་པ་བྱས་ན་ཞག་གཅིག་གིས་རེངས་པར་བྱེད་དོ། །འདི་ནི་ཕྱིས་མི་འགྲུབ་པའི་རབ་ཏུ་སྦྱོར་བའོ། ༈ །”ཞེས་གསུངས་པ་ལྟར་རེངས་པར་བྱེད་པའི་རྫས་སྦྱོར་ལ་བོང་བུའི་གཅིན་དགོས་པར་ཡང་བསྟན། ༣༽ དེར་མ་ཟད་གཞུང་དེ་ལས། “དེ་ལ་ལས་ནི་འདི་རྣམས་ཡིན་ཏེ། གལ་ཏེ་གསད་པར་འདོད་ན། དེར་མིའི་རུས་པ་དང༌། རྣམ་པར་སྣང་མཛད་དང༌། བོང་བུའི་སྤངས་དང༌། ཚེར་མ་དང༌། སྐྲ་དང༌། སེན་མོ་དང༌། དེ་དག་ཐམས་ཅད་མར་ཁུས་སྤྲུས་ལ། མ་ཧེའི་ཞལ་གྱི་སྦྱོར་བས་ཤིན་ཏུ་མཉམ་པར་བཞག་པ་ཁ་ལྷོར་བལྟས་ཏེ། རོ་བསྲེགས་པའི་མེ་ལ་གང་གི་མིང་དང་བཅས་པ་བརྒྱ་རྩ་བརྒྱད་བསྲེགས་ན་དེ་ཞག་བདུན་གྱིས་འཆིའོ། །”ཅེས་གསོད་པར་བྱེད་པའི་རྫས་སྦྱོར་ལ་བོང་བུའི་སྦང་མ་དགོས་པར་ཡང་བསྟན་ཏོ། སྔགས་ཀྱི་སྐབས་སུ་བསྟན་པ་ཕལ་ཆེར་རྫས་སྦྱོར་སྡེབ་ཕྱོགས་ཐད་ནས་བོང་བུ་ཁ་དང་རུས་པ། ཁྲག་དང་ཁུ་བ། གཅིན་དང་སྦང་མ་སོགས་རྫས་སྦྱོར་གྱི་སྡེབ་ཕྱོགས་ཐད་ནས་གསུངས། མདོར་ན་འཛམ་གླིང་གི་ཆོས་ལུགས་ཆེ་ཁག་ལས་བོང་བུ་ནི་བརྗོད་བྱ་གལ་ཆེན་ཞིག་ཏུ་བཟུང་ཡོད་པ་ལྟར་ནང་བ་སངས་རྒྱས་པའི་གཞུང་ལུགས་ཁག་ན་ཡང་བོང་བུ་དང་འབྲེལ་བའི་བརྗོད་བྱ་མང་པོ་ཡོད་དོ།།


བདུན་པ་བོད་པའི་བོང་བུའི་གཏམ་རྒྱུད།

༡༽ བོད་ཀྱི་གནའ་སྒྲུང་ཉི་ཆོས་བཟང་པོའི་སྒྲུང་ནས་བོང་བུ་དང་འབྲེལ་བའི་སྒྲུང་། མར་ཁྲལ་ཆག་ཡངས། དེ་ཡང་ལྷོ་ཁ་སྣེ་དོང་རྫོང་གི་རྒྱལ་པོ་དེས་མི་སེར་ཚོའི་ས་ནས་མར་ཁྲལ་ཤུགས་ཆེན་པོ་བསྡུ་ལེན་བྱས་པས་མི་སེར་ཚོའི་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད། ཁོང་ཚོས་མི་མང་མཉམ་ཆུང་ཚོར་དཀའ་སྡུག་མཉམ་མྱོང་གནང་མཁན་རྒྱལ་པོའི་བློན་པོ་ཉེ་ཆོས་བཟང་པོར་དཀའ་ངལ་དེ་དག་ཞུས་ནས་རོགས་རམ་ཡོང་བའི་སྐྱབས་འཇུག་ཞུས། བློ་རིག་བཀྲ་བའི་ཉི་ཆོས་བཟང་པོས་ཉིན་ཞིག་རྒྱལ་པོ་ཐོག་སྐོར་ལ་ཕེབས་པའི་སྐབས་དང་བསྟུན་ནས། ཕྱི་རོལ་དུ་རྩེད་མོ་རྩེད་ནས་བསྡད་ཡོད་པའི་བྱིས་པ་ཚོར་སྐད་ཤུགས་ཆེན་པོས། ལྦའི །བོང་བུ་ཨོང་རྟེའུ་ཡིས་བོང་བུ་ཨ་མའི་འོ་མ་འཐུང་གི་འདུག ཁྱེད་ཚོ་མགྱོགས་པོ་ཁ་ཕྲལ་བར་འགྲོོ་ཡི་མིན་ནམ། རྒྱུག་པ་དགོས་འདུག་གམ། ཞེས་ངར་སྐད་སྒྲགས་ནས་སྐད་བརྒྱབ་པ་རྒྱལ་པོས་གསན་ནས། ཀའི། ལྐུགས་པ། བོང་བུ་ཨོང་རྟེའུ་ཡིས་བོང་བུ་ཨ་མའི་འོ་མ་མ་འཐུང་ན་ག་རེ་འཐུང་དགོས་རེད་དམ། ཞེས་བཤད། ཉི་ཆོས་བཟང་པོས་མགོ་བོ་ཕུར་ཕུར་བྱེད་བཞིན། ལགས་རེད། ལགས་རེད། ཡིན་ནའི་༌༌༌ཞེས་བཤད། རྒྱལ་པོས་བཤད་མི་ཤེས་པའི་གནས་ཚུལ་ཞིག་ཡོད་པ་ཤེས་ནས། བསྐྱར་དྲི་བྱས་པས་ཉི་ཆོས་བཟང་པོས། ལགས་ང་ཚོའི་མི་མང་ཚོས་རྒྱལ་པོའི་མར་ཁྲལ་ཆེ་ཐག་ཆོད་ནས་འབྲི་མར་འདེངས་ངེས་མེད་ཙང་བོང་བུའི་འོ་མའི་མར་བཏོན་ནས་ཕུལ་གྱི་ཡོད། ཅེས་ཞུས། རྒྱལ་པོ་ཧང་སངས་པ་དང་རྫོར་ཐག་ཆོད་ནས་མཛོད་ཁང་ནང་གི་བོང་བུའི་མར་ཚང་མ་ཕྱིར་གཡུག་དགོས་པའི་བཀའ་གནང་བ་མ་ཟད་དེ་ནས་བཟུང་མར་ཁྲལ་ཆག་ཡངས་གནང། ཉི་ཆོས་བཟང་པོས་མི་མང་ཚོར་བརྡ་ལན་སྤྲད་ནས་མཛོད་ཁང་ནང་གི་འབྲི་མར་དེ་ཚོ་བོང་བུའི་མར་ཡིན་ཁུལ་གྱིས་ཕྱིར་གཡུག་ནས་མི་མང་ཚོའི་འཚོ་བར་ཕན་ཐོག་ཆེན་པོ་བྱུང་ཡོད་པའི་སྒྲུང་དེ་ལྷན་དུ་ཀློག་ན་སྤྲོ་བ་འཕེལ་ཐུབ་པའི་རེ་བ་ཡོད།

༢༽ བོད་དམངས་ཁྲོད་ཀྱི་བོང་བུའི་མཚར་སྒྲུང་།

གྲོགས་པོ་ཉི་མས་ཡིས་རང་གི་གྲོགས་པོ་ཟླ་བ་རི་ལ་སོང་བ་དང་བསྟུན་ནས་གྲོགས་པོ་ཟླ་བའི་ཆུང་མ་ཡོད་སར་སོང་། གྲོགས་པོའི་ཆུང་མ་དང་ལྷན་དུ་ཉལ་ནས་ཅུང་མ་འགོར་བར་གྲོགས་པོ་ཟླ་བས་་སྒོ་རྡུང་། གྲོགས་པོ་ཉི་མ་རྟབ་རྟབ་པོར་གབ་ས་ཡིབ་ས་བཙལ་མཐར་ཁང་བའི་སྦུག་ན་སླེ་བོ་ཞིག་གནམ་ལ་བཏགས་ཡོད་པ་མཐོང་། ཡར་འཛེགས་ནས་སླེ་བོ་ནང་ལ་འཛུལ་དེ་སྦས་ནས་བསྡད། གྲོགས་པོ་ཟླ་བ་ཡོང་ནས་དགོང་ཟས་ཟས་རྗེས་སྐྱེས་སྨན་དང་ལྷན་དུ་ཉལ། ཟླ་བས་ཆུང་མ་ལ་བཤད་རྒྱུར། ངེད་གཉིས་ཀྱིས་ད་ལྟའི་བར་དུ་འཁྲིག་པ་སྤྱད་ན་ཡང་། བོང་བུའི་འཁྲིག་པ་སྤྱོད་སྟངས་རྩ་ནས་བྱས་མྱོང་མི་འདུག་པས། ངེད་གཉིས་ཀྱིས་དེ་དགོང་ཡིན་གཅིག་མིན་གཅིག་བོང་བུའི་སྤྱོད་པ་ལྟར་བྱའོ་ཟེར། སྐྱེས་སྨན་ཡང་བོང་མ་ཡི་བཟོ་བལྟ་བསྟན་ནས་མར་ཀོག་ནས་བསྡད། ཟླ་བས་བོང་གསེབ་གྱི་བཟོ་བསྟན་ནས་བོང་བོང་བོང་ཅེས་སྐད་རྒྱབ་ནས་སྐྱེས་་སྨན་གྱི་རྐུབ་ཡོད་སར་ཕར་རྒྱུགས་ཚུར་རྒྱུགས་བྱས། གྲོགས་པོ་ཟླ་བ་ཡ་མཚན་ནས་སླེ་བོ་ཁ་ནས་སྐེ་བསྲིངས་ནས་སྐེ་སོ་བལྟས། ཡིན་ན་ཡང་སྟབས་མ་ལེགས་པར་སླེ་བོའི་ལུང་ཐག་ཆད་ནས་ཁྲོག་སེ་ས་ལ་ལྷུང་། གྲོགས་པོ་ཟླ་བ་ཧང་སང་ནས་རྒྱུགས་ནས་ཁྲོག་སྒྲ་གྲགས་སར་རྒྱུགས་ནས་སོང་དེ་བལྟ་སྐབས། གྲོགས་པོ་ཉི་མས་ལག་ཏུ་སླེ་བོ་བཟུང་ནས་ཡར་ལངས་བསྡད་ཡོད་པ་མཐོང་། ཟླ་བས་ཁྱོད་འདིར་ཅིའི་ཕྱིར་ཡོང་བ་ཡིན་ཅེས་དྲིས། ཉི་མས་འདིར་བོང་བུ་མང་པོས་སྐབས་རྒྱག་གི་ཡོད་པ་གོ་བས། རྟི་ལུད་༼སྦང་མ༽ འཐུ་རུ་ཡོང་བ་ཡིན་ཅེས་བཤད་པས། ཟླ་བ་ངོ་ཚ་ནས་བཤད་རྒྱུ་གང་ཡང་མ་རེག་པར་ངོ་ཚ་ནས་པུས་མོ་ས་ལ་བཙུགས་ནས་གཞན་ལ་བཤད་མི་རུང་བའི་ཞུ་བ་བྱས། ཉི་མས་ཀྱང་གཞན་ལ་མི་བཤད་རྒྱུར་ཁས་བླངས་ནས་མནའ་བསྐྱལ། དེ་ནས་རང་ཡུལ་དུ་ལོག ཟླ་བ་བློ་རྩ་ནས་མ་བདེ་བར་ཉི་མའི་ནང་ལ་ཁུ་སུམ་སུམ་འཛུལ། ཁང་པའི་ནག་ཁུང་ཞིག་ལ་འཛུལ་ནས་ལྐོག་བལྟ་བྱས། ཉི་མས་རང་གི་ཆུང་མར་བཤད་རྒྱུར། ངེད་གཉིས་ཀས་ད་ལྟའི་བར་དུ་འཁྲུག་པ་སྤྱད་ན་ཡང་རྟ་ཡི་སྤྱོད་པ་ལྟར་བྱས་མྱོང་མི་འདུག་པས། ཡིན་གཅིག་མིན་གཅིག་དེ་དགོང་རྟ་ཡི་སྤྱོད་སྟངས་ལྟར་བྱེད་དགོས་ཞེས་ཨུ་ཚུགས་བྱས། སྐྱེས་སྨན་གྱིས་ཀྱང་དེ་ཡ་མཚན་དུ་རྩིས་ནས་རྟ་འདོགས་སར་སོང་ནས་ཕར་འཁོར་ནས་ཨི་ཧི་ཧི་ཅེས་རྒོད་མའི་སྐད་རྒྱབ། ཉི་མ་་ཡང་རྟ་གསེབ་ཞིག་དང་འདྲ་བར་རྐང་ལག་བཞི་ཀའི་ཐོག་ནས་ཀོག་ནས་རྟ་འདོགས་སར་རྒྱུགས། སྟབས་མ་ལེགས་པ་ཞིག་ལ་ཟླ་བའི་མགོ་ཀ་བ་ལ་་གདོང་གཏུགས་བརྒྱབ་པས། མིག་ལམ་ནས་སྐར་མ་ཁྲི་སྟོང་མང་པོ་ཤར་བཞིན་དྲན་པ་བརྒྱལ། ཡུད་ཙམ་ནས་དྲན་པ་སོས་སྐབས། ད་དུང་སྐྱེས་སྨན་གྱིས་རྟ་འདོགས་ས་ན་ཁ་ཕར་འཁོར་ནས་ཨི་ཧི་ཧི་ཅེས་སྐད་རྒྱབ་ནས་མགྱོགས་སུ་ཡོང་དགོས་པའི་འབོད་པ་གཏོང་བཞིན་པ་ཐོས། ཟླ་བ་ཁོང་ཁྲོ་རབ་ཏུ་འབར་ཏེ། རྒྱུགས་ནས་སོང་དེ་ཆུང་མ་ལ་རྡུང་། ཉི་མས་སེམས་ཀྱིས་མ་བཟོད་པར་རྒྱུགས་སོང་ནས་ཁོ་གཉིས་བཀག ཟླ་བས་ཉི་མར་ཅིའི་ཕྱིར་ཡོང་བ་ཡིན་ཅེས་དྲིས། ཉི་མས་རྟ་རྒོད་མ་མང་པོས་འཚར་སྐད་གོ་བས་རྟ་ལུད་༼རྟ་སྦང་༽ འཐུ་རུ་ཡོང་བ་ཡིན་ཅེས་ལན་བཏབ་པས། ཟླ་བ་ཡང་ཁ་སྐྱེངས་ནས་ཅི་བཤད་འདི་བཤད་མ་བྱུང་བར་ལུས་སོ།། ཅེས་བོང་བུའི་མཚར་སྒྲུང་རྒྱ་མཚོ་ལྟ་བུ་ལས་མཚོན་ཙམ་བཀོད་པའོ།།

བརྒྱད་པ་བོང་བུ་དང་འབྲེལ་བའི་གླུ་དང་ཤགས།

༡༽ བོང་ལི་མགོའི་གསེར་སྒ་དེ།།རྟ་མདོ་བ་མིག་གིས་མ་རིག་རྟགས།།རང་ཐག་སྟེང་གི་གསེར་ཏོག་དེ།།དཀར་ལྷ་ཁང་མིག་གིས་མ་རིག་རྟགས།། ༢༽ བོང་སྐྱ་ལི་ཕར་ལ་གཡབ་ཟིག་བྱོས།། ནམ་ལངས་ཁ་ཙུག་ཀ་ཧོས་ལོང་ལོང་།། ཁལ་བཀལ་ན་རྟུ་ལི་ཐ་ར་ར།། ཁྱོད་ཐལ་སྤུང་ནང་ན་རྡུལ་ལྷོག་ལྷོག། ༣༽ ཁྱོད་བོང་རྒན་སྐྱ་ལི་རྟ་ལ་འགྲན།། ཁྱོད་རྟ་ལ་འགྲན་རྒྱུ་གང་ན་ཡོད།། སྡུག་སོག་པ་ཐོག་ན་ཐིག་ལེ་ཞིག། ཁྱོད་ཙེག་གུ་ར་མ་ལུག་ལ་འགྲན།། ཁྱོད་ལུག་ལ་འགྲན་རྒྱུ་གང་ན་ཡོད།། སྡུག་མ་ནེ་འོག་ན་ཙོམ་ཙོམ་ཞིག། ༤༽ བོང་སྐྱ་ལི་ཅི་ལི་མ་བོ །། ཇག་བཅའ་རྒྱུ་མ་ཟེར་ངའི་སྐེ །། དྲུག་རིལ་ལུ་མ་ཟིག་ཡོད་རུང་།། ཁྱོད་སྐྱེ་གི་སྐྱེས་འགང་དམའ་གི ། ༥༽ བོང་སྐྱ་ལི་ཕྱུགས་ཀྱི་ཐ་མ་སྟེ།། རྩྭ་ཁམ་ཉག་ཅིག་གི་རྗེས་ལ་བསྙེགས།། དུས་དེང་སང་ངན་པ་མགོ་མཐོ་ན།། བོང་སྐྱ་ལིའི་བསྟན་པ་ཇེ་དར་རེད།། ༦༽ རྟ་འདོ་བ་ལག་ལ་མི་ཡོང་ཀི། བོང་སྐྱ་ལིར་ཞོན་ན་མི་འདོད་ཀི། ས་དེང་སང་ཨ་ཁུ་རྐང་ཐང་རེད།། ཁྱོད་རྐང་ཐང་ལ་ཁ་རྐང་རྗེན་རེད།། ཁྱོད་དགེ་བ་རེད་ལ་སྡིག་ཀ་རེད།། སོགས་ཤིན་ཏུ་མང་མོད་ཀྱང་འདིར་མཚོན་ཙམ་བཀོད་པ་ཡིན། གང་ལྟར་ན་ཡང་བོང་བུ་དང་འབྲེལ་བའི་གླུ་དང་ཤག་གང་གི་སྐབས་སུ་ཡང་བོང་བུ་ནི་དཔེ་ངན་པ་ཞིག་ཏུ་བརྩི་བའི་སྲོལ་ཞིག་ཡོད་འདུག།

དགུ་བ་དྲེའུ་དང་བོང་བུའི་གཟུངས་བཞུགས།

1] ༼བན་དེའི་གཟུངས་འདུས་ན་ཡོད་པའི་༽ བོང་བུའི་གཟུངས་བཞུགས་སོ། རྒྱ་གར་སྐད་དུ། ཨཱརྱ་ནི་ཏ་ཡ། བོད་སྐད་དུ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། བོང་ཕྱུགས་འདི་རྣམས་ལ་གློ་དང་རྒྱུ་ནད་ལག་ནད་དང་རྐང་ནད་བྱུང་བ་འདི་རྣམས་ཞི་བར་བྱེད་པའི་གཟུངས། འདི་ལྟ་སྟེ། ཨོཾ་བཛྲ་པཱ་ཎི་ཧཱུཾ། ཨོཾ་ཏ་ཡ་ཐཱ། ཨོཾ་བཛྲ་ཧ་ལ་ཧ་ལ། ཧི་ལི་ཧི་ལི། ཧུ་ལུ་ཧུ་ལུ། ཏིཥྠ་ཏིཥྠ། སརྦ་སརྦ་སྭཱ་ཏཱ། ཨོཾ་ནེ་ལཾ་བྷ་རེ་དྷོ་རད། བཛྲ་པཱ་ཎི་ཧཱུཾ་ཕཊ། བོང་བུ་འདི་ཡི་ནད་གདོན་འདི་རྣམས་ལས་སྲུང་ཤིག་སྲུང་ཤིག བོང་ཕྱུགས་འདི་རྣམས་ཀྱི་ནད་གདོན་རྣམ་རྟོག་ངན་པ་ཐམས་ཅད་ཞི་བར་གྱུར་ཅིག རྐང་གཞི་ཕྱུགས་བོང་འདི་རྣམས་ལ་ནད་ཐམས་ཅད་སྲུང་དུ་གསོལ། སྦྱིན་བདག་འཁོར་བཅས་ཀྱི་ཕྱུགས་རྣམས་སྤེལ་ཅིག དཔལ་ཕྱག་ན་རྡོ་རྗེས་མཛད་པའི་བོང་བུའི་གཟུངས་མདོ་རྫོགས་སོ།། 2} ༼བོན་གྱི་ཆོ་ག་ན་ཡོད་པའི༽ དྲེའུ་དང་བོང་བུའི་གཟུངས་བཞུགས་སོ། ཞང་ཞུང་སྐད་དུ། པད་གྱེར་ཏྲི་ཡ་ཧྲིང་ཏེ་ཙི་ན་སྨར། བོད་སྐད་དུ། དུད་འགྲོའི་རྒྱལ་བོ་རྐང་བཞི་དྲེའུ་བོང་གཟུངས། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། རི་ནག་འཇོམས་པའི་ཡང་ཕུག་ཏུ།། གསང་འདུས་ཞལ་གྱི་ཞབས་དྲུང་དུ།། ཁྱིམ་བདག་དྲུང་མི་རྡོ་ཚ་ཞེས་བྱ་བ་གཅིག་གིས།། པུས་བཙུགས་ཐལ་མོ་སྤྱི་བོར་སྦྱར། མེ་ཏོག་ཧ་རི་སེར་པོ་ཞིག་ཕུལ་ནས་འདི་སྐད་ཞུས་སོ། ཀྱེ་འགྲོ་བའི་མགོ་སྐྱོབས་གསང་བ་འདུས་པ་ལེགས། བདག་ནི་སྔོན་གྱི་ལས་འཕྲོ་སད་ནས་ནི། ད་ལྟ་གསང་འདུས་གཤེན་གྱི་སྤྱན་སྔར་བདག་མཆིས་པས། འགྲོ་བའི་སེམས་ཅན་དབུལ་ཞིང་ཕོངས་པ་ལ། འཕྲལ་དུ་དྲེའུ་བོང་ལ་སོགས་པའི། ནད་དང་བར་ཆད་བསྲུང་བའི་གཟུངས་ཤིག་བདག་ལ་བསྟན་དུ་གསོལ། ཞེས་ཞུས་སོ། དེ་ལ་གསང་འདུས་གཤེན་གྱི་བཀའ་རྩལ་པ། ལེགས་སོ་ཁྱིམ་བདག་ལ་སོགས་འདུས་པའི་འཁོར་རྣམས་ཉོན། རྐང་བཞི་རྟ་དྲེའུ་བོང་བུ་ལ་སོགས་ལ། རྔོ་དང་ལྷོད་དང་འཐིང་དང་སྡོམ། ཚ་གཟེར་གག་ལྷོག་གཡའ་དང་དུག ཁྱད་པར་གཟའ་བཙན་གྲུ་གཉན་ནད་ལ་སོགས། ་་་་་་་་་གོན་རྣམས་ལ་གསེར་སྐྱེམས་མཆོད། བདེན་པ་བདར་ཞིང་སྔགས་ཚིག་འདི་བརྗོད་པས། དྲེའུ་བོང་བུའི་ནད་རྣམས་འཇོོམས་པར་མཛོད། ཨ་ཨཱོཾ་ཧཱུཾ་རཾ་ཛ། ཨཱ་ཨ་དཀར་ས་ལེ་འོད་ཨ་ཡཾ་ཨོཾ་འདུ། སད་དོ་གྱེར་རོ་སྤུངས་སོ་ཧ་ར་སང་སང་། ན་ག་ཏྲི་ཡ་ཨུ་དུག་ཤིག་ཤིག དྲེའུ་བོང་གི་ནད་ཐམས་ཅད་ཁྲོལ་ཁྲོལ། ན་ག་ཏྲི་ཨུ་དུག་ཁྲོལ་ཁྲོལ། ན་ག་ཨུ་དུག་ཕུད་ཕུད། ན་ག་ར་ཙ་ཙ་སད་དོ། རགཱ་ཏྲི་ཨུ་དུག་ཤིག་ཤིག རཀྴ་ཏྲི་ཡ་ཨུ་དུག་སང་སང་། ཁྲོལ་ཁྲོལ། ན་ག་རཀྴ་ཨུ་ཏྲི་ཨུ་དུག་ཕུད། ཧུ་ལ་ཏྲི་ཡ་ཨུ་དུག་ཤིག་ཤིག དྲེའུ་དང་བོང་བུའི་ནད་ཐམས་ཅད་ཧ་དུ་སད་རཾ་ཏུ་ན་ཁྲོལ་ཁྲོལ། རྐང་བཞིའི་ཕྱུགས་དང་རྟ་དྲེའུ་བོང་བུ་ལ་དྲང་སྲོང་བརྒྱད་ཀྱི་ནད་དང་གནོད་པ་ཐམས་ཅད་ཆིལ་ཆིལ། ས་ལེ་འོད་དེ་ཨ་དཀར་ཞི་ཞི་མལ་མལ། དྲེའུ་བོང་བུའི་སྐྲན་དང་ཆུ་འགག་ཕོ་ལོག་ཐམས་ཅད་རཾ་རཾ་ཡཾ་ཡཾ་ཨ་ཨ་ཧ་ར་སང་སང་ཚ་བའི་ནད་དང་གྲང་བའི་ནད་དང་སྦྱོད་ཀྱི་གདོན་ཐམས་ཅད་སང་སང་ཞི་ཞི་མལ་མལ་སྭཱ་ཧཱ། དེ་ལྟར་གཟུངས་ཀྱི་རྒྱལ་བོ་འདི་བརྗོད་པས། དྲེའུ་བོང་བུ་ལ་སོགས་པའི་རྟ་ནད་སྡོམ་ལྷོད་དང་། དྲེའུ་ནད་ཧག་ཤི་དང་། བོང་ནད་སྐྲང་འགག་དང་། གདུག་པའི་ནད་ཐམས་ཅད་ཞི་བར་གྱུར་ཅིག རྟ་དང་དྲེའུ་བོང་བུ་ལ་སོགས་པ་ཕྱུགས་ལུག་ཐམས་ཅད་འཕེལ་བར་གྱུར་ཅིག བདག་དང་ཡོན་བདག་མི་ནོར་འཁོར་དང་བཅས་པ་རྣམས་ཀྱི་ནོར་གཡང་སྐྱོངས་པར་གྱུར་ཅིག རྟ་གཡང་སྐྱོངས་པར་གྱུར་ཅིག ལུག་གཡང་སྐྱོང་བར་གྱུར་ཅིག ར་གཡང་སྐྱོང་བར་གྱུར་ཅིག དྲེའུ་གཡང་སྐྱོང་བར་གྱུར་ཅིག ནོར་ཟས་གྱི་གཡང་ནམ་མཁའི་ཆར་བཞིན་དུ་འཕེལ་བར་གྱུར་ཅིག ཉི་ཟླ་བཞིན་དུ་ཚེ་བསྲིང་ཞིང་གསལ་བར་གྱུར་ཅིག ལོངས་སྤྱོད་ས་གཞི་བཞིན་དུ་རྒྱ་ཆེ་ལ་དཔང་མཐོ་བར་གྱུར་ཅིག ནོར་ཕྱུགས་ནོར་བུ་བཞིན་དུ་འཕེལ་ལ་དགོས་འདོད་འབྱུང་བར་གྱུར་ཅིག ཀླུང་རྟ་སེང་གེ་བཞིན་དུ་གཞན་སྣང་ཟིལ་གྱི་མནོན་པར་གྱུར་ཅིག མི་གཡང་ཕྱུགས་གཡང་རྟ་གཡང་བ་གླང་གི་གཡང་ར་གཡང་ལུག་གཡང་ལ་སོགས་པ་ཕུག་སུ་བརྟེན་ལ་ཡུན་རིང་དུ་གནས་པར་གྱུར་ཅིག གསེར་དངུལ་ཟངས་ལྕགས་ཕྲ་མིན་མུ་ཏིག་ལ་སོགས་པ་རིན་པོ་ཆེའི་གཏེར་ལ་དབང་བསྒྱུར་བར་གྱུར་ཅིག ཞེས་དྲེའུ་བོང་གཟུངས་དང་སྨོན་ལམ་བཅས་པ་འདི་གསང་བ་འདུས་པས་ཡོངས་སུ་དག་པ་ལ་གདམས་པའི་གཟུངས་རྫོགས་སོ། ཕྱིས་གུ་རུ་བོན་ཆུང་གི་གཏེར་མའོ། བཀྲི་ཤིས་བག་དྲོ་བྱིན་ཆེ་བར་ཤོག དགེའོ།། ༼རྟ་བོང་གི་གཟུངས་འདི་ནི་བོན་པོའི་གཞུང་ན་ཡོད་པ་ཡིན་ལ། ཡིག་ནོར་ཡིན་ནམ་སྙམ་པ་དང་ཆད་པ་ཡོད་དམ་སྙམ་པ་རེ་ཟུང་ཡོད་ན་ཡང་མ་ཕྱི་དབུ་མེད་བྲིས་མ་ཞིག་ཡིན་པ་གཞིར་བཟུང་ནས་མ་བཅོས་པར་བཞག་ཡོད༽

བཅུ་བ་མཇུག་བསྡུ་བའི་གཏམ། བོང་བུ་བསྟན་བཅོས་འདི་ནི་རྡོ་སྦིས་འབུམ་རམས་པ་བློ་བཟང་ཡོན་ཏན་སོགས་བློ་ལྡན་འགས། བསྟན་བཅོས་འདིའི་ས་བོན་འགའ་མཁོ་སྤྲོད་གནང་བ་དང་འབྲེལ་བོང་བུའི་བསྟན་བཅོས་ཞིག་འབྲི་རྒྱུའི་སྐུལ་མ་གནང་བས་དང་དུ་བླངས་ནས། དོ་རྒྱ་དགེ་བཤེས་བསོད་ནམས་ཡེ་ཤེས་ཀྱིས་སྤྱི་ལོ་༢༠༡༦ལོའི་ཟླ་༣་པའི་ཚེས་༡༥་ཉིན་ཨ་རིའི་ཤར་ཕྱོགས་གྲོང་ཁྱེར་ཆེན་པོ་ཧྥི་ལ་དྷེལ་ཧྥི་ཡ་ (philadelphia)ནས་མཇུག་རྫོགས་པར་བྲིས།། །།

པར་རིས་བར་འཁྱམས།[རྩོམ་སྒྲིག]

ཟིན་ཐོ་འམ་དཔྱད་གཞི།[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག།[རྩོམ་སྒྲིག]

ད་དུང་གཟིགས།[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།[རྩོམ་སྒྲིག]