བསྐང་བཤགས་དབང་བསྐུར་

ཡོང་ཁུངས་Wikipedia

༁ྃ༔ ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས༔སྐོང་བཤགས་ཉམས་ཆག་རང་གྲོལ་གྱི་དབང་བསྐུར་གནས་སྤར་འགྲོ་དྲུག་རང་གྲོལ་ཞེས་བྱ་བ་བཞུགས་སོ༔ ༁ྃ༔ ཀུན་བཟང་རྒྱལ་བ་ཞི་ཁྲོ་རབ་འབྱམས་དང་༔ དམ་པ་རིགས་བརྒྱ་འདུས་པའི་ལྷ་ཚོགས་ལ༔ གུས་པས་ཕྱག་འཚལ་ངན་སོང་དོང་སྤྲུགས་ནས༔ འགྲོ་ཀུན་རིག་འཛིན་གོ་འཕང་མྱུར་ཐོབ་ཤོག༔ ན་རཀ་སྐོང་བཤགས་ཉམས་ཆགས་རང་གྲོལ་ལས༔ དབང་བསྐུར་གནས་སྤར་འགྲོ་དྲུག་རང་གྲོལ་བསྟན༔ འདི་ལ་སྤྱི་དོན་རྣམ་པ་གསུམ་ཡིན་ཏེ༔ སྔོན་འགྲོ་དངོས་གཞི་རྗེས་དང་གསུམ་དུ་བསྟན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དང་པོ་སྔོན་དུ་འགྲོ་བ་ལ་ཡང་༔ བུམ་པ་སྟ་གོན་བྱ་བ་དང་༔ མཎྜལ་འབུལ་ཞིང་གསོལ་བ་གདབ་པ་དང་༔ དལ་དུ་འཇུག་ཅིང་སྔོན་འགྲོའི་དབང་བསྐུར་བ་དང་གསུམ་མོ༔ དེ་ཡང་ཐོག་མར་དཀྱིལ་འཁོར་གྱི་བྱ་བ་རྫོགས་པའི་མཐར༔ དབང་བསྐུར་གྱི་བུམ་པ་ལྔའམ༔ གཅིག་ཀྱང་རུང་སྟེ་ནང་དུ་ཆུ་གཙང་མ་སྲོག་ཆགས་མེད་པས་སུམ་གཉིས་སུ་བཀང་བའི་ནང་དུ༔ འོ་མ་དང་བུམ་རྫས་ཉེར་ལྔ་བླུགས་ཏེ༔ བུམ་པ་ལྔ་ཡོད་ན་དབུས་སུ་སྨན་ལྔའི་བུམ་པ༔ ཤར་དུ་འབྲུ་ལྔའི་བུམ་པ༔ ལྷོར་རིན་ཆེན་ལྔའི་བུམ་པ༔ ནུབ་ཏུ་དྲི་ལྔའི་བུམ་པ༔ བྱང་དུ་སྙིང་པོ་ལྔའི་བུམ་པ་ཁ་དོག་ཀྱང་ཕྱོགས་དང་མཐུན་པར་བཤམ་མོ༔ བསྡུ་ན་ཐམས་ཅད་གཙོ་བུམ་དུ་བླུགས་ལ་ཁ་རྒྱན་མགུལ་ཆིངས༔ རྡོ་རྗེ་གཟུངས་ཐག་དང་བཅས་པ་སྟ་གོན་བྱའོ༔ དབང་བསྐུར་ཞིང་གནས་སྤར་བའི་རྫས༔ བུམ་པ༔ མེ་ཆུ༔ སྒྲོམ་བུ༔ པོ་ཏི༔ གོ་མཚོན༔ པི་ཝཾ༔ གསེག་ཤང་༔ ལྷུང་བཟེད༔ རྡོ་རྗེ༔ འཁོར་ལོ༔ རིན་པོ་ཆེ༔ པདྨ༔ རྒྱ་གྲམ༔ དྲིལ་བུ༔ རལ་གྲི༔ ཤེལ༔ མེ་ལོང་ལ་སོགས་པའི་དབང་རྫས་རྣམས་ཚང་བར་སྟ་གོན་བྱའོ༔ དེ་ནས་སྔོན་འགྲོ་ནས་བཟུང་སྟེ་ཞི་ཁྲོའི་ལས་གཞུང་བསྲང་བས་བདག་བསྐྱེད༔ མདུན་གྱི་དཀྱིལ་འཁོར་བསྒྲུབ་མཆོད་དང་༔ བུམ་བསྐྱེད་བསྒྲུབ་བཟླས་ཚོགས་མཆོད་བདག་འཇུག་བླངས་པ་དང་བཅས་པ་སོགས་ཐོན་ནས༔ སློབ་བུ་རྣམས་གྲལ་དུ་འཁོད་པར་བྱའོ༔ གཉིས་པ་མཎྜལ་འབུལ་ཞིང་གསོལ་བ་གདབ་པ་ནི༔ ཐོག་མར་སློབ་བུ་རྣམས་ཕྱི་རོལ་དུ་ཁྲིད་ལ་༔ ལས་བུམ་གྱིས་ཁྲུས་བྱ༔ ཡིག་བརྒྱའི་འཛབ་བཟླས་པའི་རྗེས་སུ་ནང་དུ་ཁྲིད་ལ༔ མེ་ཆུ་དང་གར་གིང་ཁྲོ་བོའི་ཆ་ལུགས་ཀྱིས་བགེགས་བསྐྲད་ལ་གྲལ་ལ་འཁོད་དོ༔ ཕོ་རྣམས་གཡས༔ མོ་རྣམས་གཡོན་གྲལ་ལ་འཇུག༔ རྡོ་རྗེ་སློབ་དཔོན་གཟུང་མར་བཅས་པ་ཁྲི་ལ་བཞུགས་ལ༔ མཆེད་ལྕམ་རྣམས་ཀྱིས་གུས་པར་ཕྱག་འཚལ་ཞིང་༔ མཎྜལ་ཕུལ་བའི་རྗེས་སུ་ཐལ་མོ་སྦྱར་ཏེ༔ མགྲིན་གཅིག་ཏུ་གསོལ་བ་གདབ་པ་ནི༔ ཨེ་མ་མགོན་པོ་ཐུགས་རྗེ་ཅན༔ རིགས་དྲུག་གནས་སུ་ལྟུང་བ་ཡི༔ སྐྱབས་བྲལ་མགོན་མེད་སེམས་ཅན་ལ༔ ཐུགས་རྗེའི་ལྕགས་ཀྱུས་བཟུང་དུ་གསོལ༔ ཞེས་པ་ལན་གསུམ་གྱི་རྗེས་ལ༔ སློབ་དཔོན་གྱིས་འགྱོད་ཚངས་རྒྱལ་པོའི་འབྱུང་ཁུངས་དང་༔ ཐེག་པ་ཆེན་པོའི་ཆོས་བཤད༔ དལ་འབྱོར་རྙེད་པར་དཀའ་བ༔ རྙེད་ནས་ཀྱང་འདི་ལྟ་བུའི་ཆོས་དང་འཕྲད་པར་དཀའ་ཚུལ་རྣམས་རྒྱས་པར་བཤད་ཅིང་༔ ཁྱད་པར་བྲམ་ཟེ་དུང་གི་ཕྲེང་བ་ཅན་གྱི་ལོ་རྒྱུས་རྒྱས་པར་བཤད་པའི་རྗེས་སུ༔ སྤྲོས་པ་ལ་དགའ་ན་སྲུང་སྐུད༔ སོ་ཤིང་༔ ཀུ་ཤ་འགྱེད་པ་རྣམས་དབང་ཆོག་གཞན་ནས་བྱུང་བ་ལྟར་སྤྲོ་བར་བྱའོ༔ ཡང་སྐབས་འདིར་ཡིག་བརྒྱ་འམ༔ ཞི་ཁྲོའི་འཛབ་དགོངས་སྤྱི་དང་བྱེ་བྲག་རྒྱས་བསྡུས་སྐབས་དང་སྦྱར་ལ་འདྲེན་པར་བྱའོ༔ གསུམ་པ་དལ་དུ་འཇུག་ཅིང་སྔོན་འགྲོའི་དབང་བསྐུར་བ་ནི༔ ཡང་སློབ་བུ་རྣམས་ཐལ་མོ་སྦྱར་ནས་དལ་དུ་འཇུག་པའི་ཕྱིར༔ གསོལ་བ་གདབ་པ་ནི༔ ཨེ་མ་མགོན་པོ་ཐུགས་རྗེ་ཅན༔ བདག་སོགས་འགྲོ་བ་མ་ལུས་པ༔ ལོག་པའི་ལམ་དུ་ཞུགས་པ་རྣམས༔ བདེ་ཆེན་ཐར་པའི་ལམ་བསྟན་འཚལ༔ ཞེས་ལན་གསུམ་གྱི་རྗེས་ལ༔ སློབ་དཔོན་གྱིས་འདི་སྐད་དོ༔ ཨེ་མ་འདིར་འདུས་སྐལ་ལྡན་ལས་ཅན་རྣམས༔ སྔོན་ཆད་མ་རིག་རྨོངས་པའི་ལས་དབང་གིས༔ དུག་གསུམ་གྱིས་བཅིངས་ངན་སོང་གསུམ་དུ་མནར༔ དེང་ནས་བརྩམས་ཏེ་རྒྱལ་བའི་ཐུགས་རྗེ་ཡི༔ ཕོ་ཉས་བཟུང་ནས་དཀྱིལ་འཁོར་གྲལ་དུ་འཁོད༔ དོན་འབྲས་འདོད་ཕྱིར་དད་པའི་ཤུགས་བསྐྱེད་ལ༔ སྐུ་གསུམ་ཞིང་ཁམས་ཕོ་བྲང་འདིར་ཤོག་ཅིག༔ བླ་མེད་དོན་གྱི་སྙིང་པོ་སྦྱིན་པར་བགྱིའོ༔ ཞེས་བརྗོད་ལ༔ ཐོག་མར་སློབ་བུ་རྣམས་ལ་སྐྱབས་འགྲོ་འབོག་པ་ནི༔ མདུན་གྱི་ནམ་མཁར་དཀོན་མཆོག་གསུམ་དང་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་མངོན་སུམ་དུ་བཞུགས་པར་དམིགས་ལ༔ ཐལ་མོ་སྦྱར་ཏེ་རྗེས་ཟློས་བྱེད་དུ་གཞུག་ལ༔ ཨེ་མ་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང་༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ རྐང་གཉིས་གཙོ་བོ་སངས་རྒྱས་དང་༔ ཞི་བ་ཆགས་བྲལ་དམ་པའི་ཆོས༔ ཚོགས་མཆོག་འཕགས་པའི་དགེ་འདུན་ལ༔ བདག་ནི་གུས་པས་སྐྱབས་སུ་མཆི༔ ལན་གསུམ་དང་༔ ཡང་ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་དང་༔ དམ་པ་རིགས་བརྒྱའི་ལྷ་ཚོགས་ལ༔ དེང་བཟུང་བླ་མེད་བྱང་ཆུབ་བར༔ གུས་པས་སྐྱབས་སུ་ཉེ་བར་མཆི༔ ཞེས་ལན་གསུམ་བྱའོ༔ དེ་ནས་སེམས་བསྐྱེད་པ༔ སྡོམ་པ་བཟུང་བ་རྣམས་ཞི་ཁྲོའི་དབང་བཞི་འཕྲད་ཚད་རང་གྲོལ་གྱི་སྔོན་འགྲོ་ལྟར་རྒྱས་པར་སྤྲོས་ཀྱང་རུང་ངོ་༔ དེ་ནས་དལ་དུ་ཞུགས་པ་ལ་སློབ་མ་མིག་རས་ཀྱི་བཀབ་ལ༔ ལས་ཀྱི་སློབ་བུས་རྡོ་རྗེས་ཁྲིད་ལ་དཀྱིལ་འཁོར་གྱི་ཕྱོགས་བཞིར་སྒོ་ཕྱེས་ནས་ཅོད་པན་བསྐུར༔ གང་དུ་ཕོག་པའི་མིང་བཏགས༔ དེ་ནས་རྡོ་རྗེ་སློབ་དཔོན་གྱི་དྲུང་དུ་ཁྲིད་ལ་མིག་རས་དབྱེ་བ་ནི༔ ཇི་ལྟར་མིག་མཁན་རྒྱལ་པོ་ཡིས༔ རབ་རིབ་ལིང་ཐོག་བསལ་བ་ལྟར༔ དེ་བཞིན་བུ་ཁྱོད་མ་རིག་པའི༔ ཉོན་མོངས་དྲུག་གིས་བསྒྲིབས་པ་ཡི༔ མ་རིག་ལིང་ཐོག་བསལ་བར་བྱ༔ ན་ར་ཀ༔ པྲེ་ཏ་ཀ༔ ཏིར་ཡ་ཀ༔ དྷེ་ཝ་ཨ་ལི༔ དྷེ་ཝ་མ་ནུ་ཤ་ཙཀྵྱུ་པྲ་ཝེ་ཤ་ཡ་ཕཊ༔ ཅེས་བརྗོད༔ དེ་ནས་སྔགས་ཀྱི་སྣོད་དུ་རུང་བར་བྱ་བའི་ཕྱིར༔ ཉོན་མོངས་དྲུག་གི་རྒྱུ་དྲུག་སྦྱང་ནས་རིགས་དྲུག་གི་གནས་ནས་སྤར་ཏེ༔ རིག་འཛིན་གྱི་གྲལ་དུ་འཁོད་པར་བྱ་བའི་དབང་ནི༔ དེ་ནས་མིག་རས་དབྱེ་ལ་མཎྜལ་ཕུལ༔ དེ་ནས་ཐལ་མོ་སྦྱར་ཏེ་གསོལ་བ་གདབ་པའི་རྗེས་ཟློས་བྱེད་དུ་གཞུག་ལ་འདི་སྐད་དོ༔ ཨེ་མ་མགོན་པོ་ཐུགས་རྗེ་ཅན༔ བདག་སོགས་འགྲོ་བ་སེམས་ཅན་ལ༔ བསྐྱབ་ཕྱིར་བརྩེ་བས་རབ་བཟུང་ནས༔ དབང་དང་བྱིན་རླབས་སྩལ་ཏུ་གསོལ༔ ཞེས་ལན་གསུམ་གྱི་རྗེས་ལ༔ བླ་མས་ཐོག་མར་ན་རཀ་དམྱལ་བའི་གནས་ནས་སྤར་ཞིང་༔ རིག་འཛིན་གྱི་གྲལ་དུ་འཁོད་པར་བྱ་བའི་ཕྱིར༔ དཀྱིལ་འཁོར་དབུས་ཀྱི་སྨན་ལྔའི་བུམ་པ་སློབ་མའི་མགོ་ཐོག་ཏུ་བཞག་ལ༔ འོ༔ རིགས་ཀྱི་བུ་དཀྱིལ་འཁོར་དབུས་ཀྱི་བུམ་པ་འདི་ནི་སྨན་ལྔའི་བུམ་པ་ཡིན་ཏེ༔ སངས་རྒྱས་རྡོ་རྗེ་རིགས་ཀྱི་གཙོ་འཁོར་གྱི་ལྷ་ཚོགས་བཞུགས་པས་ཁྱོད་ལ་དབང་བསྐུར་བ་ཙམ་གྱིས་ཞེ་སྡང་དམྱལ་བའི་གནས་ནས་ཐར་ཏེ༔ ཐུགས་རྡོ་རྗེ་རིགས་ཀྱི་དབང་ཐོབ་པ་ཡིན་སྙམ་དུ་མོས་པ་དུང་དུང་མཛོད་ཅིག༔ ཧཱུྃ༔ ཀུན་བཟང་ཡུམ་གྱི་བུམ་པ་ན༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ དམྱལ་བའི་སྐྱེ་སྒོ་བཅད་ནས་ནི༔ ན་རཀ་སྡུག་བསྔལ་བྲལ་བར་ཤོག༔ མེ་ཆུ་ལག་ཏུ་གཏད་ལ༔ ཧཱུྃ༔ ཚ་གྲང་སྐྱོབས་བྱེད་མེ་ཆུ་བསིལ་དྲོད་ལྡན༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དམྱལ་བ་ཚ་གྲང་སྡུག་བསྔལ་ལས་གྲོལ་ནས༔ ན་ར་ཀ་ཡི་སྡུག་བསྔལ་བྲལ་བར་ཤོག༔ དུ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཧཱུྃ་བཛྲ་ས་ཏྭ་ས་མ་ཡཱ༔ སོགས་རྡོ་རྗེ་སེམས་དཔའི་ཡིག་བརྒྱ་བཟླས་པའི་མཐར༔ ཧཱུྃ་བཛྲ་ཨ་བྷི་ཥིཉྩ་ཨཱ༔ སྐལ་ལྡན་ཁྱོད་ལ་སྨན་ལྔའི་བུམ་པ་དང་༔ མེ་ཆུའི་དབང་བསྐུར་བས་ཉོན་མོངས་པ་ཞེ་སྡང་གིས་ཀུན་ནས་བསླང་བའི་སྡིག་སྒྲིབ་ལས་ཀྱི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་ནས༔ སེམས་ཅན་དམྱལ་བ་ཆེན་པོར་སྐྱེ་བའི་སྒོ་བཅད་དེ་ནད་ལྔའི་ཉེས་པ་ལས་གྲོལ་ནས་ཤར་ཕྱོགས་མངོན་པར་་དགའ་བའི་ཞིང་ཁམས་ཀྱི་སྒོ་ཕྱེས་ནས་ཐུགས་རྡོ་རྗེ་སེམས་དཔའ་རིགས་ལྔའི་དབང་ཐོབ་སྟེ༔ སངས་རྒྱས་རྡོ་རྗེ་རིགས་ཀྱི་ཞིང་ཁམས་ལ་དབང་བསྒྱུར་ཏེ༔ སེམས་ཅན་གྱི་དོན་ཐོགས་པ་མེད་པར་འབྱུང་བར་གྱུར་ཅིག༔ ཅེས་བརྗོད་ལ༔ བུམ་ཆུ་བླུད༔ ཤར་ཕྱོགས་ཀྱི་སྒོ་ཕྱེས༔ རྡོ་རྗེ་ལག་ཏུ་གཏད་དོ༔ ཞི་བའི་ལས་འགྲུབ་བོ༔ ། དེ་ནས་གཉིས་པ་ཡི་དྭགས་ཀྱི་གནས་ནས་སྤར་བའི་དབང་ནི༔ ཡང་སློབ་བུའི་ཐལ་མོ་སྦྱར་ཏེ༔ གསོལ་བ་གདབ་པ་ནི༔ ཀྱེ་མ་ཀྱི་ཧུད་མགོན་པོ་ཡིས༔ ཐུགས་རྗེས་ཟུངས་ལ་བདག་སྐྱོབས་ཤིག༔ བདག་ལུས་སྒྲོལ་ལ་བདེ་ལ་འཁོད༔ མགོན་པོས་མྱུར་དུ་བསྐྱབ་ཏུ་གསོལ༔ ཞེས་ལན་གསུམ་གྱི་རྗེས་ལ༔ སློབ་དཔོན་གྱིས་ནུབ་ནས་དྲི་ལྔའི་བུམ་པ་སློབ་མའི་མགོ་ཐོག་ཏུ་བཞག་ལ༔ འོ༔ རིགས་ཀྱི་བུ་ནུབ་ཀྱི་བུམ་པ་འདི་ནི་དྲི་ལྔའི་བུམ་པ་ཡིན་ཏེ༔ སངས་རྒྱས་སྣང་བ་མཐའ་ཡས་རིགས་ལྔའི་ལྷ་ཚོགས་བཞུགས་པས༔ ཁྱོད་ལ་དབང་བསྐུར་བ་ཙམ་གྱིས་འདོད་ཆགས་ཡི་དྭགས་ཀྱི་གནས་ལས་ཐར་ནས༔ གསུང་པདྨ་རིགས་ཀྱི་དབང་ཐོབ་པ་ཡིན་སྙམ་དུ་མོས་པ་དུང་དུང་མཛོད་ཅིག༔ ཧཱུྃ༔ བདུད་རྩི་དྲི་ལྔའི་བུམ་པ་འདིར༔ བདེ་གཤེགས་གསུང་གི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཡི་དྭགས་སྐྱེ་སྒོ་བཅད་ནས་ནི༔ བདེ་བ་ཅན་དུ་སྐྱེ་བར་ཤོག༔ རིན་པོ་ཆེའི་སྒྲོམ་བུ་ལག་ཏུ་གཏད་ལ༔ ཨཱ༔ རིན་ཆེན་སྒྲོམ་བུའི་བུམ་པ་ན༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཡི་དྭགས་སྐྱེ་སྒོ་བཅད་ནས་ནི༔ བདེ་བ་ཅན་དུ་སྐྱེ་བར་ཤོག༔ པྲེ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཨཾ་པདྨ་ས་ཏྭ་ས་མ་ཡ༔ སོགས་སྣང་བ་མཐའ་ཡས་ཀྱི་ཡིག་བརྒྱ་བཟླས་པའི་མཐར༔ ཨཾ་པདྨ་ཨ་བྷི་ཥིཉྩ་ཨཱ༔ སྐལ་ལྡན་ཁྱོད་ལ་དྲི་ལྔའི་བུམ་པ་དང་རིན་ཆེན་སྒྲོམ་བུའི་དབང་བསྐུར་བས༔ ཉོན་མོངས་པ་འདོད་ཆགས་ཀྱིས་ཀུན་ནས་བསླངས་བའི་སྡིག་སྒྲིབ་ལས་ཀྱི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་ནས༔ ཡི་དྭགས་སུ་སྐྱེ་བའི་སྒོ་བཅད་དེ༔ དུག་ལྔའི་ཉེས་པ་ལས་གྲོལ་ནས༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ཀྱི་སྒོ་ཕྱེས་ནས༔ སྣང་བ་མཐའ་ཡས་རིགས་ལྔའི་དབང་ཐོབ་སྟེ་སངས་རྒྱས་གསུང་པདྨ་རིགས་ཀྱི་ཞིང་ཁམས་ལ་དབང་བསྒྱུར་ནས་སེམས་ཅན་གྱི་དོན་ཐོགས་པ་མེད་པར་འབྱུང་བར་གྱུར་ཅིག༔ ཅེས་བརྗོད་ལ་བུམ་ཆུ་བླུད༔ ནུབ་ཕྱོགས་ཀྱི་སྒོ་ཕྱེས་པདྨ་ལག་ཏུ་གཏད༔ དབང་གི་ལས་འགྲུབ་བོ༔ ༈ གསུམ་པ་དུད་འགྲོའི་གནས་ནས་སྤར་བའི་དབང་ནི༔ ཡང་སློབ་བུའི་ཐལ་མོ་སྦྱར་ཏེ༔ གསོལ་བ་གདབ་པ་ནི༔ ཀྱེ་མ་ཀྱི་ཧུད་བདག་འདྲ་སོགས༔ ལས་ཀྱི་རྣམ་སྨིན་རང་ལ་སྨིན༔ མགོན་པོ་ཐུགས་རྗེ་ཆེན་པོ་ཡིས༔ གནས་ངན་འདི་ལས་བདག་སྒྲོལ་ཅིག༔ ཅེས་ལན་གསུམ་ཀྱི་རྗེས་སུ༔ སློབ་དཔོན་གྱིས་ཤར་ནས་འབྲུ་ལྔའི་བུམ་པ་སློབ་བུའི་མགོར་བཞག་ལ༔ འོ༔ རིགས་ཀྱི་བུ་ཤར་གྱི་བུམ་པ་འདི་ནི་འབྲུ་ལྔའི་བུམ་པ་ཡིན་ཏེ༔ སངས་རྒྱས་རྣམ་པར་སྣང་མཛད་རིགས་ལྔའི་ལྷ་ཚོགས་བཞུགས་པས་ཁྱོད་ལ་དབང་བསྐུར་བ་ཙམ་གྱིས་གཏི་མུག་དུད་འགྲོའི་གནས་ལས་ཐར་ནས༔ སྐུ་བདེ་གཤེགས་རིགས་ཀྱི་དབང་ཐོབ་པ་ཡིན་སྙམ་དུ་མོས་པ་དུང་དུང་མཛོད་ཅིག༔ ཧཱུྃ༔ རིན་ཆེན་འབྲུ་ལྔའི་བུམ་པ་འདིར༔ བདེ་གཤེགས་སྐུ་ཡི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ དུད་འགྲོའི་སྐྱཻ་སྒོ་བཅད་ནས་ནི༔ མངོན་དགའི་ཞིང་དུ་སྐྱེ་བར་ཤོག༔ པོ་ཏི་ལག་ཏུ་གཏད་ལ༔ ཨ༔ ཤེས་རབ་རིག་པའི་པོ་ཏི་འདི༔ དུས་གསུམ་སངས་རྒྱས་ཞི་ཁྲོའི་གསུང་༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཏིརྻ་ཀ་ཡི་སྡུག་བསྔལ་བྲལ་བར་ཤོག༔ ཏྲི་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊཿ ཨོཾ་བུདྡྷ་ས་ཏྭ་ས་མ་ཡ༔ སོགས་རྣམ་པར་སྣང་མཛད་ཀྱི་ཡིག་བརྒྱའི་མཐར༔ ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨཱ༔ སྐལ་ལྡན་ཁྱོད་ལ་འབྲུ་ལྔའི་བུམ་པ་དང་༔ པོ་ཏིའི་དབང་བསྐུར་བས༔ ཉོན་མོངས་པ་གཏི་མུག་གིས་ཀུན་ནས་བསླངས་པའི་སྡིག་སྒྲིབ་ལས་ཀྱི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་ནས༔ དུད་འགྲོའི་གནས་སུ་སྐྱེ་བའི་སྒོ་བཅད་དེ༔ ཉོན་མོངས་པ་ལྔའི་ཉེས་པ་ལས་གྲོལ་ནས༔ ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ཀྱི་སྒོ་ཕྱེས་ནས་སྐུ་རྣམ་པར་སྣང་མཛད་རིགས་ལྔའི་དབང་ཐོབ་སྟེ༔ སངས་རྒྱས་བདེ་གཤེགས་རིགས་ཀྱི་ཞིང་ཁམས་ལ་དབང་བསྒྱུར་ནས༔ སེམས་ཅན་གྱི་དོན་ཐོགས་པ་མེད་པར་འབྱུང་བར་གྱུར་ཅིག༔ ཅེས་བརྗོད་ལ་བུམ་ཆུ་བླུད༔ ཤར་ཕྱོགས་ཀྱི་སྒོ་ཕྱེས༔ ལག་ཏུ་འཁོར་ལོ་གཏད་དོ༔ ལྷུན་གྱིས་གྲུབ་པའི་ལས་འགྲུབ་བོ༔ ༈ བཞི་པ་ལྷ་མིན་གྱི་གནས་ནས་སྤར་བའི་དབང་ནི༔ ཡང་སློབ་བུའི་ཐལ་མོ་སྦྱར་ལ༔ གསོལ་བ་གདབ་པ་ནི༔ ཀྱེ་མ་བདག་འདྲའི་སེམས་ཅན་རྣམས༔ སྔོན་གྱི་ལས་ངན་དབང་གྱུར་པས༔ ཀྱེ་མ་ཀྱི་ཧུད་མགོན་པོ་ཡིས༔ བདག་ལུས་ངན་པ་བསྒྲལ་དུ་གསོལ༔ ཞེས་ལན་གསུམ༔ སློབ་དཔོན་གྱིས་བྱང་ནས་སྙིང་པོ་ལྔའི་བུམ་པ་མགོ་ཐོག་ཏུ་བཞག་ལ༔ འོ༔ རིགས་ཀྱི་བུ་བྱང་གི་བུམ་པ་འདི་ནི་སྙིང་པོ་ལྔའི་བུམ་པ་ཡིན་ཏེ༔ སངས་རྒྱས་དོན་ཡོད་གྲུབ་པ་རིགས་ལྔའི་ལྷ་ཚོགས་བཞུགས་པས་ཁྱོད་ལ་དབང་བསྐུར་བ་ཙམ་གྱིས་ཕྲག་དོག་ལྷ་མིན་གྱི་གནས་ལས་ཐར་ནས་ཕྲིན་ལས་ཀརྨ་རིགས་ཀྱི་དབང་ཐོབ་པ་ཡིན་སྙམ་པའི་མོས་པ་དུང་དུང་མཛོད་ཅིག༔ ཧཱུྃ༔ སྙིང་པོ་ལྔ་ཡི་བུམ་པ་འདིར༔ བདེ་གཤེགས་ཕྲིན་ལས་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ལྷ་མིན་སྐྱེ་སྒོ་བཅད་ནས་ནི༔ ལས་རབ་ཞིང་དུ་སྐྱེ་བར་ཤོག༔ དེ་ནས་གོ་མཚོན་ལག་ཏུ་གཏད་ལ༔ ཧ༔ ཤེས་རབ་དོན་མཚོན་རལ་གྲི་དང་༔ བདུད་ཀྱི་མཚོན་སྲུང་གོ་ཆ་འདི༔ དུས་གསུམ་རྒྱལ་བའི་སྦྱོར་སྒྲོལ་ཏེ༔ ཞི་ཁྲོ་རྒྱལ་བའི་ཕྱག་མཚན་འདིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཧེ་ས་ཀ་ཡི་སྡུག་བསྔལ་བྲལ་བར་ཤོག༔ སུ་སརྦ་དུ་ལ་སརྦ་ཀརྨ་པྲ་ཝེ་ཤ་ཡ་ཧཱུྃ་ཕཊ༔ ཧཱ་ཀརྨ་ས་ཏྭ་ས་མ་ཡ༔ སོགས་དོན་གྲུབ་ཀྱི་ཡིག་བརྒྱ་བཟླས་པའི་མཐར༔ ཧཱ་ཀརྨ་ཨ་བྷི་ཥིཉྩ་ཨཱ༔ སྐལ་ལྡན་ཁྱོད་ལ་སྙིང་པོ་ལྔའི་བུམ་པ་དང་༔ གོ་མཚོན་གྱི་དབང་བསྐུར་བས་ཉོན་མོངས་པ་ཕྲག་དོག་གིས་ཀུན་ནས་བསླངས་པའི་སྡིག་སྒྲིབ་ལས་ཀྱི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་ནས༔ ལྷ་མིན་དུ་སྐྱེ་བའི་སྒོ་བཅད་དེ༔ ཕུང་པོ་ལྔའི་ཉེས་པ་ལས་གྲོལ་ནས༔ བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་ཀྱི་སྒོ་ཕྱེས་ཤིང་༔ དོན་ཡོད་གྲུབ་པ་རིགས་ལྔའི་དབང་ཐོབ་སྟེ༔ སངས་རྒྱས་ཕྲིན་ལས་རིགས་ཀྱི་ཞིང་ཁམས་ལ་དབང་བསྒྱུར་ནས༔ སེམས་ཅན་གྱི་དོན་ཐོགས་པ་མེད་པར་འབྱུང་བར་གྱུར་ཅིག༔ ཅེས་བརྗོད་ལ་བུམ་ཆུ་བླུད༔ བྱང་ཕྱོགས་ཀྱི་སྒོ་ཕྱེས༔ ལག་ན་རྒྱ་གྲམ་གཏད་དོ༔ མངོན་སྤྱོད་ཀྱི་ལས་འགྲུབ་བོ༔ ༈ ལྔ་པ་ལྷའི་གནས་ནས་སྤར་བའི་དབང་ནི༔ ཡང་སློབ་བུས་ཐལ་མོ་སྦྱར༔ གསོལ་བ་གདབ་པ་ནི༔ ཀྱེ་མ་ཀྱི་ཧུད་ཐུགས་རྗེ་ཅན༔ བདག་འདྲ་རྨོངས་པའི་འཛིན་པ་ཅན༔ དམ་ཚིག་རྩ་བ་ཉམས་པའི་སྐྱོན༔ ངན་སོང་མཐོ་རིས་གནས་ནས་འཁོར༔ མི་འཆབ་མཐོལ་བཤགས་མེ་ཏོག་བཞེས༔ དབང་བསྐུར་ལྷ་ཡི་གནས་ནས་དྲོངས༔ ཞེས་ལན་གསུམ་བརྗོད་ལ་མེ་ཏོག་ཅོད་པན་ཕུལ་ལོ༔ དེ་ནས་སློབ་དཔོན་གྱིས་ལྷའི་གནས་ནས་སྤར་བའི་ཕྱིར༔ དཀྱིལ་འཁོར་ལྷོའི་རིན་པོ་ཆེ་ལྔའི་བུམ་པ་སློབ་བུའི་མགོར་བཞག་ལ༔ འོ༔ རིགས་ཀྱི་བུ༔ ལྷོའི་བུམ་པ་འདི་ནི་རིན་ཆེན་ལྔའི་བུམ་པ་ཡིན་ཏེ༔ སངས་རྒྱས་རིན་ཆེན་འབྱུང་ལྡན་རིགས་ལྔའི་ལྷ་ཚོགས་བཞུགས་པས༔ ཁྱོད་ལ་དབང་བསྐུར་བ་ཙམ་གྱིས་ང་རྒྱལ་ལྷའི་གནས་ནས་ཐར་ཏེ༔ ཡོན་ཏན་རིན་ཆེན་རིགས་ཀྱི་དབང་ཐོབ་པ་ཡིན་སྙམ་དུ་མོས་པ་དུང་དུང་མཛོད་ཅིག༔ ཧཱུྃ༔ རིན་ཆེན་ལྔ་ཡི་བུམ་པ་འདིར༔ བདེ་གཤེགས་ཡོན་ཏན་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ལྷ་ཡི་སྐྱེ་སྒོ་བཅད་ནས་ནི༔ རིན་ཆེན་ཞིང་དུ་སྐྱེ་བར་ཤོག༔ དེ་ནས་པི་ཝང་ལག་ཏུ་གཏད་ལ༔ སྭཱ༔ ལོངས་སྤྱོད་བདུད་ཀྱི་གཡེང་འཇོམས་པའི༔ པི་ཝཾ་སྙན་པའི་དོན་བྱེད་འདིས༔ དེང་འདིར་ཁྱོད་ལ་དབང་བསྐུར་བས༔ སྐྱེ་བ་གཅིག་གི་ལས་རྫོགས་ཤོག༔ ཨ་སརྦ་ཏ་ཐཱ་ག་ཏ་བི་དན་ཁདྒ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ སྭཱ་རཏྣ་ས་ཏྭ་ས་མ་ཡཱ༔ སོགས་རིན་ཆེན་འབྱུང་ལྡན་གྱྀ་ཡིག་བརྒྱ་བཟླས་པའི་མཐར༔ སྭཱ་རཏྣ་ཨ་བྷི་ཥིཉྩ་ཨཱ༔ སྐལ་ལྡན་ཁྱོད་ལ་རིན་ཆེན་ལྔའི་བུམ་པ་དང་༔ པི་ཝཾ་གིས་དབང་བསྐུར་བས༔ ཉོན་མོངས་པ་ང་རྒྱལ་གྱིས་ཀུན་ནས་བསླངས་པའི་སྡིག་སྒྲྀབ་ལས་ཀྱི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་ནས༔ ལྷའི་གནས་སུ་སྐྱེ་བའི་སྒོ་བཅད་དེ༔ འདོད་ཡོན་ལྔའི་ཉེས་པ་ལས་གྲོལ་ནས་ལྷོ་ཕྱོགས་དཔལ་ལྡན་རིན་ཆེན་བཀོད་པའི་ཞིང་ཁམས་ཀྱི་སྒོ་ཕྱེས་ནས༔ བྱམས་པ་ལྔ་རྒྱུད་ལ་སྐྱེ༔ ཞིང་ཁམས་ལྔ་ལ་དབང་བསྒྱུར༔ རིན་ཆེན་འབྱུང་ལྡན་རིགས་ལྔའི་དབང་ཐོབ་སྟེ༔ སངས་རྒྱས་རིན་ཆེན་རིགས་ཀྱི་ཞིང་ཁམས་ལ་དབང་བསྒྱུར་ནས༔ སེམས་ཅན་གྱི་དོན་ཐོགས་པ་མེད་པར་འབྱུང་བར་གྱུར་ཅིག༔ ཅེས་བརྗོད་ལ་བུམ་ཆུ་བླུད༔ ལྷོ་ཕྱོགས་ཀྱི་སྒོ་ཕྱེས༔ ལག་ཏུ་རིན་པོ་ཆེ་གཏད་དོ༔ རྒྱས་པའི་ལས་འགྲུབ་བོ༔ ལྷོ་ནས་བཀྲ་ཤིས་གང་ལགས་པ༔ ཞེས་པའི་བཀྲ་ཤིས་ཚིགས་སུ་བཅད་པ་དང་༔ མེ་ཏོག་གཏོར༔ རོལ་མོ་བྱ༔ དེ་དག་རྣམས་ལོང་སྐབས་ཡོད་ན་གོང་མ་ཀུན་ལའང་བྱའོ༔ དེ་ནས་དངོས་གཞི་དྲུག་པ་མིའི་གནས་ནས་སྤར་ཞིང་ཉམས་ཆགས་བསྐང་བའི་སྤྲོས་བཅས་བུམ་དབང་ཆེན་མོ་བསྐུར་བ་ནི༔ སློབ་བུ་རྣམས་ཐལ་མོ་སྦྱར་ཏེ༔ གསོལ་བ་གདབ་པ་ནི༔ ཀྱེ་མ་བླ་མ་རྡོ་རྗེ་འཛིན༔ བདག་ཅག་རིགས་དྲུག་གནས་སུ་འཁྱམས༔ དམ་ཚིགས་ཉམས་ཆགས་དཔག་མེད་བསགས༔ འགྲོ་མགོན་ཐུགས་རྗེ་ཅན་ཁྱོད་ཀྱིས༔ ཉམས་ཆག་སྐོངས་ལ་དངོས་གྲུབ་སྩོལ༔ དབང་མཆོག་རྣམས་ཀུན་དུས་འདིར་བསྐུར༔ ཞེས་ལན་གསུམ་གྱི་རྗེས་ལ༔ རྡོ་རྗེ་སློབ་དཔོན་གྱིས་དམ་ཚིག་ཉམས་པ་གསོ་བའི་ཕྱིར༔ མདུན་གྱི་ནམ་མཁར་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས་དཔང་དུ་བཙུགས་ཏེ༔ རྡོ་རྗེ་སེམས་དཔའི་སྒོམ་བཟླས་འབོགས་ལ༔ ཡིག་བརྒྱའི་འཛབ་ཅི་རིགས་པར་བཟླས་སུ་བཅུག་གོ༔ དེའི་རྗེས་སུ་བཤགས་པ་དང་བཅས་པ་བརྗོད་པའི་རྗེས་སུ༔ ༈ དང་པོ་ཐུན་མོང་རིག་པའི་དབང་ལྔ་བསྐུར་བ་ནི༔ རྒྱུད་ལས༔ ཞེ་སྡང་མེ་གསོད་ཆུ་ཡི་དབང་༔ ང་རྒྱལ་རི་བསྙིལ་དབུ་རྒྱན་དབང་༔ འདོད་ཆགས་དུག་འཇོམས་རྡོ་རྗེའི་དབང་༔ ཕྲག་དོག་ལྕགས་བཀྲོལ་དྲིལ་བུའི་དབང་༔ གཏི་མུག་མུན་སེལ་མིང་གི་དབང་༔ ཆུ་དང་དབུ་རྒྱན་རྡོར་དྲིལ་མིང་༔ མཆེད་ལྕམ་རྣམས་ལ་བསྐུར་བར་བྱ༔ ཞེས་པས༔ ༈ དང་པོ་མི་བསྐྱོད་པ་བུམ་པ་ཆུའི་དབང་བསྐུར་བ་ནི༔ བུམ་པ་སྤྱི་བོར་བཞག་ལ༔ སྤྱི་གཙུག་ཏུ་ཆུ་ཐིག་བླུག་ཅིང་འདི་སྐད་དོ༔ ཧཱུྃ༔ སྐུ་གསུམ་དམ་ཚིག་ལས་བྱུང་ཞིང་༔ ཉོན་མོངས་ཞེ་སྡང་འཇོམས་མཛད་པའི༔ ལྷ་ཡི་བདུད་རྩི་དག་པ་ཡིས༔ མི་བསྐྱོད་པ་རུ་དབང་བསྐུར་རོ༔ ཧཱུྃ་བཛྲ་ཨ་དར་ཤ་ཛྙཱ་ཏ་ཛྙཱ་ན་ཨབྷི་ཥིཉྩ་མཱཾ༔ ༈ གཉིས་པ་རིན་ཆེན་འབྱུང་ལྡན་དབུ་རྒྱན་གྱི་དབང་བསྐུར་བ་ནི༔ དབུ་རྒྱན་མགོ་ལ་བསྐོན༔ རྣ་ལྟག་གཡས་སུ་བུམ་པ་བཞག་ལ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་རྒྱལ་སྲིད་དེ༔ ང་རྒྱལ་རྟོག་པ་རྣམ་པར་འཇོམས༔ ཆགས་མེད་སྦྱིན་པའི་དབུ་རྒྱན་འདིས༔ རྫོགས་སངས་རྒྱས་སུ་དབང་བསྐུར་རོ༔ སྭཱ་རཏྣ་ས་མནྟ་ཛྙཱ་ན་རཏྣ་སྭ་བྷཱ་ཝ་ཨ་བྷི་ཥིཉྩ་མཱཾ༔ ༈ གསུམ་པ་སྣང་བ་མཐའ་ཡས་རྡོ་རྗེའི་དབང་ནི༔ རྡོ་རྗེ་མགོ་ཐོག་ཏུ་བཞག༔ བུམ་པ་ལྟག་པར་བཞག་ལ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་༔ མི་ཕྱེད་རྡོ་རྗེ་གསང་བ་ལ༔ འདོད་ཆགས་རྟོག་པ་རྣམ་པར་འཇོམས༔ རྡོ་རྗེ་ཆོས་ཀྱི་དབང་བསྐུར་རོ༔ ཨཾ་པདྨ་པྲ་ཛྙཱ་ཨ་བྷི་ཥིཉྩ་མཱཾ༔ ༈ བཞི་པ་དོན་ཡོད་གྲུབ་པ་དྲིལ་བུའི་དབང་ནི༔ བུམ་ཆུ་རྣ་ལྟག་གཡོན་དུ་བཞག༔ དྲིལ་བུ་བསིལ་ཞིང་ལག་དུ་གཏད་ལ༔ ཧཱུྃ༔ ཐབས་དང་ཤེས་རབ་ལྡན་པ་ཡིས༔ འགྲོ་དོན་མཉམ་མེད་དྲིལ་བུ་འདིས༔ ཕྲག་དོག་རྟོག་པ་རྣམ་པར་འཇོམས༔ གཉིས་སུ་མེད་པར་དབང་བསྐུར་རོ༔ ཧ་ཏིཥྛ་ཨ་ནུ་ཏེ་ཛྙཱ་ན་པ་ཏི་བཛྲ་ཀརྨ་ཨ་བྷི་ཥིཉྩ་མཾ༔ ༈ ལྔ་པ་རྣམ་པར་སྣང་མཛད་མིང་གི་དབང་བསྐུར་བ་ནི༔ བུམ་ཆུ་དཔྲལ་བར་བཞག༔ རྣམ་སྣང་གི་སྐུ་བསྟན༔ གསང་མཚན་བཏགས་ལ༔ ཧཱུྃ༔ རྡོ་རྗེ་མིང་གི་དབང་བསྐུར་བས༔ གཏི་མུག་རྟོག་པ་རྣམ་པར་འཇོམས༔ ཅིས་ཀྱང་མི་ཆོད་མི་ཤིགས་པ༔ རྡོ་རྗེའི་མིང་ནི་རབ་ཏུ་གྲགས༔ ཨོཾ་ཏྲི་ཙཀྲ་མ་ཏི་ཨ་མི་ཛྙཱ་ན་བཛྲ་ཨ་བྷི་ཥིཉྩ་མཱཾ༔ ཞེས་དབང་བསྐུར་རོ༔ འོ༔ དེ་ལྟར་ཐུན་མོང་རིག་པའི་དབང་ལྔ་བསྐུར་བས༔ དུག་ལྔ་དང་ཕུང་པོ་ལྔ་གཏན་ནས་དག་ནས༔ ཡེ་ཤེས་ལྔ་དང་སྐུ་ལྔ་ལྷུན་གྱིས་གྲུབ་ཅིང་ཞིང་ཁམས་ལྔ་ལ་དབང་བསྒྱུར་ནས་སེམས་ཅན་གྱི་དོན་ཐོགས་པ་མེད་པར་བྱེད་ནུས་པའི་དབང་ཐོབ་པར་གྱུར་ཅིག༔ ཅེས་བརྗོད་དོ༔ དེ་ནས་བུམ་དབང་དངོས་བསྐུར་བ་ནི༔ ཡང་སློབ་བུས་ཐལ་མོ་སྦྱར་ལ་གསོལ་བ་གདབ་པ་ནི༔ ཀྱེ་ཧོ༔ བླ་མ་རྡོ་རྗེ་འཛིན་པ་ཆེ༔ བདག་ཅག་སྐལ་ལྡན་སློབ་བུ་ལ༔ བུམ་པའི་དབང་མཆོག་བསྐུར་དུ་གསོལ༔ ཞེས་ལན་གསུམ་གསོལ་བ་བཏབ་པའི་རྗེས་ལ༔ སློབ་དཔོན་གྱིས་རྡོ་རྗེ་དང་རིན་ཆེན་དང་༔ པདྨ་དང་༔ རྒྱ་གྲམ་དང་༔ པར་བུ་དང་༔ གསེག་ཤང་དང་༔ འཁོར་ལོ་དང་༔ རལ་གྲི་དང་༔ དྲིལ་བུ་རྣམས་ཀྱིས་དབང་བསྐུར་རོ༔ ༈ དང་པོ་ཐོག་མར་བུམ་ཆུ་ཐམས་ཅད་གཙོ་བུམ་དུ་བསྡུ་ལ་སྤྱི་བོར་བཞག་སྟེ༔ འོ༔ རིགས་ཀྱི་བུ་རྣམས༔ བུམ་པ་འདི་སྤྱི་བོར་བཞག་ནས་བྱུང་བའི་དུས་སུ༔ རྫའམ་ཤིང་གི་རང་བཞིན་དུ་མ་བསྒོམ་པར༔ ཕྱི་རིན་པོ་ཆེའི་བུམ་པའི་དབྱིབས་ལ༔ ནང་རིན་པོ་ཆེའི་གཞལ་ཡས་ཁང་གི་ནང་དུ༔ རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་དཔུང་ངེ་ཐིབས་སེ་བྱོན་པ་ཙམ་གྱིས་ལུས་ཀྱི་སྒྲིབ་པ་དག༔ སྐུའི་དམ་ཚིག་ཉམས་ཆག་བསྐང་ཞིང་བུམ་པ་ལྷའི་དབང་ཐོབ་པ་ཡིན་ཨང་སྙམ་དུ་མོས་པ་དུང་དུང་མཛོད་ཅིག༔ ཧཱུྃ༔ རིན་ཆེན་བུམ་པ་གཞལ་ཡས་ཁང་༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ལྷ་དབང་ལུས་ལ་ཐོབ་པར་ཤོག༔ ཧཱུྃ་བཛྲ་ཨ་བྷི་ཥིཉྩ་ཨ་ཨཱ༔ ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨ་ཨཱ༔ སྭཱ་རཏྣ་ཨ་བྷི་ཥིཉྩ་ཨ་ཨཱ༔ ཨཱཾ་པདྨ་ཨ་བྷི་ཥིཉྩ་ཨ་ཨཱ༔ ཧཱ་ཀརྨ་ཨ་བྷི་ཥིཉྩ་ཨ་ཨཱ༔ ཞེས་དབང་བསྐུར་རོ༔ དེ་ནས་ཐུགས་ཕྱག་མཚན་གྱི་དབང་བསྐུར་བ་ནི༔ པར་བུ་དང་གསེག་ཤང་ལག་ཏུ་གཏད་ལ༔ ཧཱུྃ༔ རིན་ཆེན་པར་བུ་ལྷུང་བཟེད་ན༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ གསེག་ཤང་དྲང་སྲོང་སྒྲ་སྒྲོགས་འདི༔ ཐུགས་རྟགས་ཞི་ཁྲོ་ལྷ་ཡི་བརྡ༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཨ་ཝ་དྷཱུ་ཏིའི་དབང་ཐོབ་ཤོག༔ དེ་ནས་རིགས་ལྔའི་ཕྱག་མཚན་དང་༔ དྲིལ་བུ་མགོ་ཐོག་ཏུ་བཞག༔ ལག་ཏུ་གཏད་ལ༔ ཧཱུྃ༔ རྡོ་རྗེ་འཁོར་ལོ་རིན་པོ་ཆེ༔ པདྨ་རྒྱ་གྲམ་ཐུགས་ཀྱི་རྟགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ འཁོར་ལོ་ལྔ་ཡི་དབང་རྫོགས་ཤོག༔ བཛྲ་ཙཀྲ་རཏྣ་པདྨ་ཁདྒ་ཨ་བྷི་ཥིཉྩ་ཨཱ༔ འོ༔ རིགས་ཀྱི་བུ་རྣམས་ལ་ཐོག་མར་ལུས་སྨིན་པར་བྱེད་པ་བུམ་པ་ལྷའི་དབང་བསྐུར་བས༔ བུམ་པ་འདིའི་ནང་ནས་སྨན་ལྔའི་དབང་བསྐུར་བས་ནད་ལྔ་ལས་གྲོལ༔ སྙིང་རྗེ་ལྔ་རྒྱུད་ལ་སྐྱེ༔ ཞིང་ཁམས་ལྔ་ལ་དབང་བསྒྱུར་སྒྲིབ་པ་ལྔ་དག༔ རྡོ་རྗེ་སེམས་དཔའ་སྐུ་ལྔའི་དབང་ཐོབ༔ འབྲུ་ལྔའི་དབང་བསྐུར་བས༔ དུག་ལྔའི་ཉེས་པ་ལས་གྲོལ༔ བཏང་སྙོམས་ལྔ་རྒྱུད་ལ་སྐྱེ༔ ཞིང་ཁམས་ལྔ་མཐོང་༔ སྒྲིབ་པ་ལྔ་དག༔ རྣམ་པར་སྣང་མཛད་རིགས་ལྔའི་དབང་ཐོབ༔ རིན་པོ་ཆེ་ལྔའྀ་དབང་བསྐུར་བས༔ ཞིང་ཁམས་ལྔ་མཐོང་༔ བྱམས་པ་ལྔ་རྒྱུད་ལ་སྐྱེ༔ སྒྲྀབ་པ་ལྔ་དག༔ རིན་ཆེན་འབྱུང་ལྡན་སྐུ་ལྔའི་དབང་ཐོབ༔ དྲི་ལྔའི་དབང་བསྐུར་བས༔ དུག་ལྔའི་ཉེས་པ་སེལ༔ དགའ་བ་ལྔ་རྒྱུད་ལ་སྐྱེ༔ ཞིང་ཁམས་ལྔ་མཐོང་༔ སྒྲིབ་པ་ལྔ་དག༔ སྣང་བ་མཐའ་ཡས་སྐུ་ལྔའི་དབང་ཐོབ༔ སྙིང་པོ་ལྔའི་དབང་བསྐུར་བས༔ ཕུང་པོ་ལྔ་དག༔ གཏེར་ལྔ་ཐོབ༔ ཞིང་ཁམས་ལྔ་མཐོང་༔ དོན་ཡོད་གྲུབ་པ་སྐུ་ལྔའི་དབང་ཐོབ་པའི་དགོས་པ་ཡོད་དོ༔ ཞིབ་པར་དབང་བཞི་འཕྲད་ཚད་རང་གྲོལ་ལྟར་ཤེས་པར་བྱའོ༔ དེ་ནས་ཞི་ཁྲོའི་ལྷ་དབང་ཆེན་མོ་བསྐུར་བ་ནི༔ ཡང་སློབ་བུའི་ཐལ་མོ་སྦྱར་ལ༔ གསོལ་བ་གདབ་པ་ནི༔ ཀྱེ་ཧོ་བླ་མ་རྡོ་རྗེ་འཛིན་པ་ཆེ༔ བདག་ཅག་སྐལ་ལྡན་བུ་རྣམས་ལ༔ རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱིས༔ ལྷ་དབང་ཡོངས་རྫོགས་བསྐུར་དུ་གསོལ༔ ཞེས་ལན་གསུམ་གྱི་རྗེས་ལ༔ སློབ་དཔོན་གྱིས་སྤྲོས་པ་ལ་དགའ་ན༔ དམ་པ་རིགས་བརྒྱའི་སྐུ་ཙཀླི་རྒྱབ་ཡིག་དང་བཅས་པ་རེ་རེ་ནས་བསྐུར་བར་བྱའོ༔ མདོར་བསྡུས་ཏེ་མགྱོགས་དབང་དུ་བསྐུར་ན༔ ལྷའི་གཙོ་བོ་རྣམས་བསྡུས་ཏེ་མགོ་ཐོག་ཏུ་འགྲིམ་ཞིང་༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཀུན་བཟང་ཡབ་ཡུམ་དབང་བསྐུར་བས༔ ཡིད་ཆོས་རྣམ་པར་དག་པ་ཡིས༔ ཆོས་སྐུ་རབ་འབྱམས་དབང་ཐོབ་ཤོག༔ དྷརྨཱ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ དེ་ནས་སྨོན་ལམ་ནི༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ་ཀུན་བཟང་ཡབ་ཡུམ་གྱི་དབང་བསྐུར་བས༔ ཡིད་ཆོས་ཀྱི་ཁམས་རྣམ་པར་དག་སྟེ་ཆོས་སྐུ་རབ་འབྱམས་ཀྱི་དབང་དམ་པ་ཐོབ་པར་གྱུར་ཅིག༔ དེ་ནས་ངོ་སྤྲོད་ནི༔ འོ་སྐལ་ལྡན་རིགས་ཀྱི་བུ་རྣམས་ཀུན་བཟང་ཡབ་ཡུམ་ཞེས་བྱ་བ་དེའང་གཞན་ཞིག་ཡིན་སྙམ་དུ་མ་སེམས་ཤིག༔ རང་གི་ཀུན་གཞི་བྱང་ཆུབ་ཀྱི་སེམས་ཡིད་བྱེད་པ་པོ་ད་ལྟའི་ཤེས་རིག་མ་འགགས་པར་ས་ལེ་ཧྲིག་གེ་བ་འདི་ཀ་ཆོས་སྐུ་ཀུན་ཏུ་བཟང་པོ་ཡེ་ཐོག་མའི་མགོན་པོ་འོད་མི་འགྱུར་བ་ཞེས་བྱ་དེ་ཉིད་ཡིན་ནོ༔ རང་གི་ཤེས་རིག་དངོས་པོ་གདོས་བཅས་ཅན་དུ་གྲུབ་པ་མེད་པ༔ ཅིའི་ངོ་བོར་ཡང་མ་གྲུབ་པའི་སྟོང་སང་ངེ་བ་འདི་ཀ་ཡུམ་ཀུན་ཏུ་བཟང་མོ་ཡིན་ནོ༔ འདིའི་རང་རྩལ་འགགས་མེད་ཆོས་བྱེད་པ་པོ་སྣ་ཚོགས་སུ་ཤར་བ་འདི་ཉིད་ཀྱང་ཡབ་ཀུན་ཏུ་བཟང་པོའི་རང་བཞིན་ཡིན་པར་ངོ་ཤེས་པར་གྱིས་ཤིག༔ ཅེས་བརྗོད༔ དེ་ནས་རིགས་ལྔ་ཡབ་ལྔའི་དབང་བསྐུར་ཏེ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ རིགས་ལྔ་ཡབ་ལྔའི་དབང་བསྐུར་བས༔ ཕུང་པོ་ལྔ་པོ་གནས་དག་ནས༔ ལོངས་སྐུ་རབ་འབྱམས་དབང་ཐོབ་ཤོག༔ ཨོཾ་ཧཱུྃ་སྭཱ་ཨཱཾ་ཧཱ༔ སཾ་བྷོ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱ༔ སྨོན་ལམ༔ སྐལ་ལྡན་རྣམས་ལ་རྒྱལ་བ་རིགས་ལྔའི་དབང་བསྐུར་བས༔ ཕུང་པོ་ལྔ་གནས་སུ་དག་ནས༔ ལོངས་སྐུ་རབ་འབྱམས་ཀྱི་དབང་ཐོབ་པར་གྱུར་ཅིག༔ ངོ་སྤྲོད་ནི༔ འོ་སྐལ་ལྡན་རིགས་ཀྱི་བུ་རྣམས༔ རྒྱལ་བ་རིགས་ལྔ་ཞེས་བྱ་བ་དེ་གཞན་ཞིག་ཡིན་སྙམ་དུ་མ་སེམས་ཤིག༔ རང་གི་ཕུང་པོ་ལྔ་མ་སྤངས་གནས་སུ་དག་པ་ཉིད་རྒྱལ་བ་རིགས་ལྔར་སྣང་སྟེ༔ དེ་ཡང་གཟུགས་མ་འགགས་པར་གསལ་བ་འདི་ཀ་རྣམ་པར་སྣང་མཛད་དོ༔ ཚོར་བ་འགགས་མེད་དུ་གསལ་བ་འདི་ཀ་རིན་ཆེན་འབྱུང་ལྡན་ནོ༔ འདུ་ཤེས་ཏུང་ངེ་བ་འདི་ཀ་སྣང་བ་མཐའ་ཡས་སོ༔ འདུ་བྱེད་ཁྱུག་གེ་བ་འདི་ཀ་དོན་ཡོད་གྲུབ་པའོ༔ རྣམ་པར་ཤེས་པ་འགགས་མེད་དུ་གསལ་བ་འདི་ཀ་རྡོ་རྗེ་སེམས་དཔའ་ཉིད་ཀྱི་རང་བཞིན་ཡིན་པས་ངོ་ཤེས་པར་གྱིས་ཤིག༔ ༈ ཡུམ་ལྔའི་དབང་བསྐུར་བ་ནི༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ བདེ་གཤེགས་ཡུམ་ལྔའི་དབང་བསྐུར་བས༔ འབྱུང་ལྔ་མ་སྤངས་གནས་དག་ནས༔ རིགས་ལྔ་ཡུམ་ལྔའི་དབང་ཐོབ་ཤོག༔ མཱུཾ་ལཱཾ་མཱཾ་པྱཱཾ་ཏཱཾ༔ ཨ་བྷི་ཥིཉྩ་ཨཱ༔ སྨོན་ལམ༔ སྐལ་ལྡན་རྣམས་ལ་ཡུམ་ལྔའི་དབང་བསྐུར་བས༔ འབྱུང་བ་ལྔ་པོ་གནས་སུ་དག་ནས༔ རྒྱལ་བ་ཐམས་ཅད་བསྐྱེད་པའི་དབང་ཐོབ་པར་གྱུར་ཅིག༔ ངོ་སྤྲོད༔ འོ་སྐལ་ལྡན་རིགས་ཀྱི་བུ་རྣམས༔ ཡུམ་ལྔ་ཞེས་བྱ་བ་ནི་གཞན་ནས་མེད་དེ༔ ཕྱི་ནང་གི་འབྱུང་བ་ལྔ་མ་འགགས་པར་སྣང་བ་འདི་ཀ་ཡུམ་ལྔའི་རང་བཞིན་ཡིན་ནོ༔ དེ་ཡང་སར་སྣང་བ་ནི་སངས་རྒྱས་སྤྱན་མའོ༔ ཆུར་སྣང་བ་ནི་མཱ་མ་ཀཱིའོ༔ མེར་སྣང་བ་ནི་གོས་དཀར་མོའོ༔ རླུང་དུ་སྣང་བ་ནི་དམ་ཚིག་སྒྲོལ་མའོ༔ ནམ་མཁར་སྣང་བ་ནི་དབྱིངས་ཕྱུག་མའི་རང་བཞིན་ནོ༔ ཞེས་བརྗོད༔ དེ་ནས་བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་དབང་བསྐུར་བ་ནི༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ སེམས་དཔའ་བརྒྱད་ཀྱི་དབང་བསྐུར་བས༔ ཚོགས་བརྒྱད་མ་སྤང་གནས་དག་ནས༔ སེམས་དཔའ་རབ་འབྱམས་དབང་ཐོབ་ཤོག༔ བྷོ་དྷི་ས་ཏྭ་ཨ་བྷི་ཥིཉྩ་ཨཱཿ སྨོན་ལམ༔ སྐལ་ལྡན་རྣམས་ལ་སེམས་དཔའ་བརྒྱད་ཀྱི་དབང་བསྐུར་བས༔ རྣམ་པར་ཤེས་པ་ཚོགས་བརྒྱད་གནས་སུ་དག་ནས༔ བྱང་ཆུབ་སེམས་དཔའི་ཚུལ་གྱིས་འགྲོ་བའི་དོན་རྒྱ་ཆེན་པོ་བྱེད་པའི་དབང་ཐོབ་པར་གྱུར་ཅིག༔ ངོ་སྤྲོད༔ འོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས༔ སེམས་དཔའ་བརྒྱད་ཀྱང་གཞན་ན་མེད་དེ༔ རང་གི་རྣམ་པར་ཤེས་པ་ཚོགས་བརྒྱད་འགགས་མེད་དུ་གསལ་བ་འདི་ཀ་ཡིན་ནོ༔ མིག་གི་རྣམ་པར་ཤེས་པ་གཟུགས་འགགས་མེད་དུ་མཐོང་མཁན་གྱི་ཤེས་པ་འདི་ནི་སའི་སྙིང་པོའོ༔ རྣ་བའི་རྣམ་པར་ཤེས་པ་སྒྲ་འགགས་མེད་དུ་ཚོར་མཁན་གྱི་ཤེས་པ་འདི་ནི་ནམ་མཁའི་སྙིང་པོའོ༔ སྣའི་རྣམ་པར་ཤེས་པ་དྲི་འགགས་མེད་དུ་ཚོར་མཁན་གྱི་ཤེས་པ་འདི་ནི་སྤྱན་རས་གཟིགས་སོ༔ ལྕེའི་རྣམ་པར་ཤེས་པ་རོ་འགགས་མེད་དུ་མྱོང་མཁན་གྱི་ཤེས་པ་འདི་ནི་ཕྱག་ན་རྡོ་རྗེའོ༔ ལུས་ཀྱི་རྣམ་པར་ཤེས་པ་རེག་བྱ་འགགས་མེད་དུ་ཚོར་མཁན་གྱི་ཤེས་པ་འདི་ཀ་བྱམས་པའོ༔ ཡིད་ཀྱི་རྣམ་པར་ཤེས་པ་ཀུན་ཏུ་ཐོགས་མེད་དུུ་གསལ་བའི་ཡིད་ཤེས་འདི་ཀ་སྒྲིབ་པ་རྣམ་སེལ་ལོ༔ ཉོན་མོངས་པའི་ཡིད་ཅན་ངར་འཛིན་གྱི་ཤེས་པ་ཧུ་རེ་བ་འདི་ཀ་སེམས་དཔའ་ཀུན་ཏུ་བཟང་པོ་ཡིན་ནོ༔ ཀུན་གཞིའི་རྣམ་པར་ཤེས་པ་ཁྱབ་གདལ་དུ་གསལ་བ་འདི་ཀ་འཇམ་དཔལ་གྱི་རང་བཞིན་ནོ༔ ཞེས་བརྗོད་དོ༔ དེ་ནས་སེམས་མ་བརྒྱད་ཀྱི་དབང་བསྐུར་བ་ནི༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ སེམས་མ་བརྒྱད་ཀྱི་དབང་བསྐུར་བས༔ ཡུལ་བརྒྱད་མ་སྤངས་གནས་དག་ནས༔ སེམས་མ་རབ་འབྱམས་དབང་ཐོབ་ཤོག༔ ཨ་ཨ་བྷི་ཥིཉྩ་ཨཱ༔ སྨོན་ལམ༔ སྐལ་ལྡན་རྣམས་ལ་སེམས་མ་བརྒྱད་ཀྱི་དབང་བསྐུར་བས༔ ཡུལ་བརྒྱད་མ་སྤངས་གནས་སུ་དག་ནས་བྱང་ཆུབ་སེམས་མའི་ཚུལ་གྱིས་འགྲོ་དོན་བྱེད་པར་གྱུར་ཅིག༔ ངོ་སྤྲོད༔ འོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས༔ བྱང་ཆུབ་སེམས་མ་བརྒྱད་ཀྱང་གཞན་ན་མེད་དེ༔ ཕྱི་ཡུལ་བརྒྱད་ཀྱི་རྟོག་པ་རང་སར་དག་པ་ཉིད་བྱང་ཆུབ་སེམས་མ་བརྒྱད་དོ༔ དེ་ཡང་མིག་གི་ཡུལ་གཟུགས་སུ་སྣང་བ་རྣམ་པར་དག་པ་ཉིད་སེམས་མ་ལཱ་སྱེ་དཀར་མོའོ༔ དེ་བཞིན་དུ་རྣ་བའི་ཡུལ་སྒྲ་རྣམ་པར་དག་པ་མཱ་ལྱ་སེར་མོའོ༔ སྣའི་ཡུལ་དྲི་རྣམ་པར་དག་པ་གཱིརྟི་དམར་མོའོ༔ ལྕེ་ཡི་ཡུལ་རོ་བྲོ་བ་གནས་སུ་དག་པ་ནཱིརྟི་ལྗང་གུའོ༔ འདས་པའི་རྟོག་པ་གནས་སུ་དག་པ་པུཥྤེ་དཀར་མོའོ༔ ད་ལྟར་གྱི་རྟོག་པ་གནས་སུ་དག་པ་དྷཱུཔྤེ་སེར་མོའོ༔ མ་འོངས་པའི་རྟོག་པ་གནས་སུ་དག་པ་ཨཱ་ལོ་ཀེ་དམར་མོའོ༔ འབྱུང་བ་མ་ངེས་པ་དང་ཆོས་ཅན་གྱི་རྟོག་པ་གནས་སུ་དག་པ་ལྷ་མོ་གྷནྡྷེ་ལྗང་མོའི་རང་བཞིན་ཡིན་པས་ངོ་ཤེས་པར་གྱིས་ཤིག༔ ཅེས་ངོ་སྤྲད་དོ༔ དེ་ནས་སྤྲུལ་སྐུ་ཐུབ་པ་དྲུག་གི་དབང་ནི༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཐུབ་ཆེན་དྲུག་གི་དབང་བསྐུར་བས༔ ཉོན་མོངས་དྲུག་པོ་གནས་དག་ནས༔ སྤྲུལ་སྐུ་རབ་འབྱམས་དབང་ཐོབ་ཤོག༔ ནིརྨཱ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱ༔ སྨོན་ལམ༔ སྐལ་ལྡན་རྣམས་ལ་སྤྲུལ་སྐུ་ཐུབ་པ་དྲུག་གི་དབང་བསྐུར་བས༔ དུག་ལྔ་སེར་སྣ་དང་དྲུག་གནས་སུ་དག་ནས༔ སྤྲུལ་པ་རབ་འབྱམས་ཀྱིས་རིགས་དྲུག་འདུལ་བའི་དབང་ཐོབ་པར་གྱུར་ཅིག༔ ངོ་སྤྲོད༔ འོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས༔ ཐུབ་པ་དྲུག་ཀྱང་གུད་ན་མེད་དེ༔ ང་རྒྱལ་རྣམ་པར་དག་པ་ལྷའི་ཐུབ་པ་དབང་པོ་བརྒྱ་བྱིན༔ ཕྲག་དོག་རྣམ་པར་དག་པ་ལྷ་མ་ཡིན་གྱི་ཐུབ་པ་ཐག་བཟང་རིས༔ འདོད་ཆགས་རྣམ་པར་དག་པ་མིའི་ཐུབ་པ་ཤཱཀྱ་ཐུབ་པ༔ གཏི་མུག་རྣམ་པར་དག་པ་བྱོལ་སོང་གི་ཐུབ་པ་སེང་གེ་རབ་བརྟན༔ སེར་སྣ་རྣམ་པར་དག་པ་ཡི་དྭགས་ཀྱི་ཐུབ་པ་ཁ་འབར་མ༔ ཞེ་སྡང་རྣམ་པར་དག་པ་དམྱལ་བའི་ཐུབ་པ་ཆོས་ཀྱི་རྒྱལ་པོའི་རང་བཞིན་ནོ༔ ཞེས་ངོ་སྤྲོད་དོ༔ དེ་ནས་སྒོ་བ་བཞིའི་དབང་ནི༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ སྒོ་བ་བཞི་ཡི་དབང་བསྐུར་བས༔ རྟག་ཆད་མུ་བཞི་གནས་དག་ནས༔ ཕྲིན་ལས་རབ་འབྱམས་དབང་ཐོབ་ཤོག༔ ཤཱནྟཾི༔ པུཥྟིཾ༔ ཝཱ་ཤཾ༔ མཱ་ར་ཡ་ཨ་བྷི་ཥིཉྩ་ཨཱ༔ སྨོན་ལམ༔ སྐལ་ལྡན་རྣམས་ལ་སྒཽ་བ་བཞིའི་དབང་བསྐུར་བས༔ རྟག་ཆད་མུ་བཞི་གནས་སུ་དག་ནས་ཕྲིན་ལས་རྣམ་པ་བཞིའི་འགྲོ་བའི་དོན་ཐོགས་པ་མེད་པར་བྱེད་ནུས་པར་གྱུར་ཅིག༔ ངོ་སྤྲོད༔ འོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས༔ སྒོ་བ་བཞི་ཡང་གུད་ན་མེད་དེ༔ རྟག་པར་ལྟ་བ་གནས་སུ་དག་པ་རྣམ་པར་རྒྱལ་བའོ༔ ཆད་པར་ལྟ་བ་གནས་སུ་དག་པ་གཤིན་རྗེ་གཤེད་པོའོ༔ བདག་ཏུ་ལྟ་བ་གནས་སུ་དག་པ་རྟ་མགྲིན་རྒྱལ་པོའོ༔ མཚན་མར་ལྟ་བ་གནས་སུ་དག་པ་ནི༔ སྒོ་བ་བདུད་རྩི་འཁྱིལ་བའི་རང་བཞིན་ནོ༔ ཞེས་ངོ་སྤྲོད༔ དེ་ནས་སྒོ་མ་བཞིའི་དབང་ནི༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ སྒོ་མ་བཞི་ཡི་དབང་བསྐུར་བས༔ སྐྱེ་གནས་བཞི་པོ་གནས་དག་ནས༔ ཕྲིན་ལས་བཞི་ཡི་དབང་ཐོབ་ཤོག༔ བཛྲ་ཨངྐུ་ཤ་ཛ༔ པཱ་ཤ༔ སྤོ་ཊ༔ གྷནྜེ་ཨ་བྷི་ཥིཉྩ་ཨཱ༔ སྨོན་ལམ༔ སྐལ་ལྡན་རྣམས་ལ་སྒོ་མ་བཞིའི་དབང་བསྐུར་བས༔ སྐྱེ་བ་རྣམ་བཞིའི་སྒོ་བཅད་དེ༔ ཚད་མེད་རྣམ་བཞི་རྒྱུད་ལ་སྐྱེས་ནས༔ ཕྲིན་ལས་རྣམ་བཞིའི་སེམས་ཅན་གྱི་དོན་ཐོགས་པ་མེད་པ་བྱེད་ནུས་པར་གྱུར་ཅིག༔ ངོ་སྤྲོད༔ འོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས༔ སྒོ་མ་བཞི་ཡང་གུད་ན་མེད་དེ༔ སྐྱེ་གནས་ཀྱི་རྟོག་པ་བཞི་གནས་སུ་དག་པ་ནི་སྒོ་མ་བཞིའི་རང་བཞིན་ཡིན་ཏེ༔ བརྫུས་སྐྱེས་ཀྱི་རྟོག་པ་གནས་སུ་དག་པ་ནི༔ ལྕགས་ཀྱུ་མའོ༔ མངལ་སྐྱེས་ཀྱི་རྟོག་པ་གནས་སུ་དག་པ་ཞགས་པ་མ༔ སྒོང་སྐྱེས་ཀྱི་རྟོག་པ་གནས་སུ་དག་པ་ལྕགས་སྒྲོགས་མ༔ དྲོད་གཤེར་ལས་སྐྱེས་པའི་རྟོག་པ་གནས་སུ་དག་པ་ནི་སྒོ་མ་དྲིལ་བུ་མའི་རང་བཞིན་ཡེ་ནས་ཀྱང་ཡིན་ཏེ༔ སྐལ་ལྡན་རྣམས་ཀྱིས་ཀྱང་ཡིན་པ་ལ་ཡིན་པར་ཤེས་པའི་ངེས་ཤེས་དང་ལྡན་པར་མཛོད་ཅིག༔ ཅེས་བརྗོད༔ དེ་ནས་ཁྲག་འཐུང་ཁྲོ་བོའི་ལྷ་དབང་བསྐུར་བ་ནི༔ ཆེ་མཆོག་ཡབ་ཡུམ་གྱི་དབང་བསྐུར་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཆེ་མཆོག་ཡབ་ཡུམ་དབང་བསྐུར་བས༔ ཉོན་མོངས་མ་སྤངས་གནས་དག་ནས༔ ཁྲག་འཐུང་རབ་འབྱམས་དབང་ཐོབ་ཤོག༔ མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཀྲོ་དྷཱི་ཤྭ་རི་ཨ་བྷི་ཥིཉྩ་ཧཱུྃ༔ སྨོན་ལམ་ནི༔ སྐལ་ལྡན་རྣམས་ལ་ཆེ་མཆོག་ཡབ་ཡུམ་གྱི་དབང་བསྐུར་བས༔ ཉོན་མོངས་པ་མ་སྤངས་རང་སར་དག་ནས༔ ཁྲག་འཐུང་ཆེ་མཆོག་ཧེ་རུ་ཀ་ཡབ་ཡུམ་གྱི་གོ་འཕང་ཐོབ་ནས༔ ལོག་པར་རྟོག་པ་རྣམས་འདུལ་བའི་དབང་ཐོབ་པར་གྱུར་ཅིག༔ ངོ་སྤྲོད་ནི་གོང་ལྟར་འགྲེའོ༔ དེ་ནས་ཁྲག་འཐུང་ཡབ་ལྔའི་དབང་བསྐུར་བ་ནི༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཁྲག་འཐུང་ཡབ་ལྔའི་དབང་བསྐུར་བས༔ དུག་ལྔ་མ་སྤངས་གནས་དག་ནས༔ ཁྲག་འཐུང་ཡབ་ལྔའི་དབང་ཐོབ་ཤོག༔ བཛྲ་རཏྣ་པདྨ་ཀརྨ་བུདྡྷ་ཨ་བྷི་ཥིཉྩ་ཧཱུྃ༔ སྨོན་ལམ་ནི༔ སྐལ་ལྡན་རྣམས་ལ་ཁྲག་འཐུང་ཡབ་ལྔའི་དབང་བསྐུར་བས༔ དུག་ལྔ་མ་སྤངས་གནས་སུ་དག་ནས་ཧེ་རུ་ཀ་སྐུ་ལྔའི་དབང་དང་དངོས་གྲུབ་ཐོབ་པར་གྱུར་ཅིག༔ ངོ་སྤྲོད་འགྲེའོ༔ དེ་ནས་དབྱིངས་ཕྱུག་ཡུམ་ལྔའི་དབང་བསྐུར་ལ༔ ཧཱུྃཿ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ དབྱིངས་ཕྱུག་ཡུམ་ལྔའི་དབང་བསྐུར་བས༔ ཡུལ་ལྔའི་རྟོག་པ་རང་གྲོལ་ནས༔ ཀྲོ་དྷཱི་ཡུམ་ལྔའི་དབང་ཐོབ་ཤོག༔ ཀྲོ་དྷཱི་ཤྭ་རི་པཉྩ་ཨ་བྷི་ཥིཉྩ་ཧཱུྃ༔ སྨོན་ལམ༔ སྐལ་ལྡན་རྣམས་ལ་དབྱིངས་ཕྱུག་ཡུམ་ལྔའི་དབང་བསྐུར་བས༔ ཡུལ་ལྔའི་རྟོག་པ་མ་སྤངས་གནས་སུ་དག་ནས་ཀྲོ་ཏི་ཡུམ་ལྔའི་དབང་དང་དངོས་གྲུབ་ཐོབ་པར་གྱུར་ཅིག༔ ངོ་སྤྲོད་འགྲེའོ༔ དེ་ནས་མ་མོ་ཀོའུ་རཱི་བརྒྱད་ཀྱི་དབང་བསྐུར་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཀོའུ་རཱི་བརྒྱད་ཀྱི་དབང་བསྐུར་བས༔ ཚོགས་བརྒྱད་མ་སྤངས་གནས་དག་ནས༔ མཁའ་འགྲོ་རབ་འབྱམས་དབང་ཐོབ་ཤོག༔ ཧ་ཨ་བྷི་ཥིཉྩ་ཧཱུྃ༔ སྨོན་ལམ༔ སྐལ་ལྡན་རྣམས་ལ་མ་མོ་ཀོའུ་རཱི་བརྒྱད་ཀྱི་དབང་བསྐུར་བས༔ ཚོགས་བརྒྱད་ཀྱི་རྟོག་པ་མ་སྤངས་གནས་སུ་དག་ནས་མཁའ་འགྲོ་མ་མོ་རབ་འབྱམས་དབང་དུ་འདུས་པར་གྱུར་ཅིག༔ ངོ་སྤྲོད་འགྲེའོ༔ དེ་ནས་ཕྲ་མེན་སེང་ཧ་བརྒྱད་ཀྱི་དབང་བསྐུར་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ སེང་ཧ་མ་བརྒྱད་དབང་བསྐུར་བས༔ ཡུལ་བརྒྱད་མ་སྤངས་གནས་དག་ནས༔ ཕྲ་མེན་རབ་འབྱམས་དབང་ཐོབ་ཤོག༔ ཧེ་ཨ་བྷི་ཥིཉྩ་ཧཱུྃ༔ སྨོན་ལམ༔ སྐལ་ལྡན་རྣམས་ལ་ཕྲ་མེན་སེང་ཧ་བརྒྱད་ཀྱི་དབང་བསྐུར་བས༔ ཡུལ་བརྒྱད་ཀྱི་རྟོག་པ་མ་སྤངས་གནས་སུ་དག་ནས༔ ཕྲ་མེན་རབ་འབྱམས་དབང་དུ་འདུས་པར་གྱུར་ཅིག༔ ངོ་སྤྲོད་འགྲེའོ༔ དེ་ནས་སྒོ་མ་བཞིའི་དབང་བསྐུར་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ སྒོ་མ་བཞི་ཡི་དབང་བསྐུར་བས༔ སྐྱེ་གནས་བཞི་པོ་གནས་དག་ནས༔ ཕྲིན་ལས་བཞི་ལ་དབང་ཐོབ་ཤོག༔ ཛཿཧཱུྃ་བཾ་ཧོ༔ ཨ་བྷི་ཥིཉྩ་ཧཱུྃ༔ སྨོན་ལམ༔ སྐལ་ལྡན་རྣམས་ལ་རྟ་གདོང་སྒོ་མ་བཞིའི་དབང་བསྐུར་བས༔ སྐྱེ་གནས་བཞི་པོ་གནས་སུ་དག་ནས་ཕྲིན་ལས་རྣམ་བཞིས་སེམས་ཅན་གྱི་དོན་བྱེད་ནུས་པར་གྱུར་ཅིག༔ ངོ་སྤྲོད་འགྲེས་སོ༔ དེ་ནས་དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཀྱི་དབང་བསྐུར་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ དབང་ཕྱུག་ཉེར་བརྒྱད་དབང་བསྐུར་བས༔ ཉོན་མོངས་རྟོག་ཚོགས་གནས་དག་ནས༔ མ་མོ་རབ་འབྱམས་དབང་ཐོབ་ཤོག༔ བྷྱོ་ཨ་བྷི་ཥིཉྩ་ཧཱུྃ༔ སྨོན་ལམ༔ སྐལ་ལྡན་རྣམས་ལ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་དབང་བསྐུར་བས༔ ཉོན་མོངས་པའི་རྟོག་ཚོགས་ཐམས་ཅད་མ་སྤངས་གནས་སུ་དག་ནས༔ མ་མོ་དང་དམ་ཅན་ཐམས་ཅད་ཀྱི་སྲོག་ལ་དབང་ཐོབ་པར་གྱུར་ཅིག༔ ངོ་སྤྲོད༔ འོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས༔ ཁྲག་འཐུང་དྲུག་ཅུའི་ལྷ་ཚོགས་དེ་རྣམས་ཀྱང་གུད་ན་མི་དམིགས་ཏེ༔ རང་གི་ཉོན་མོངས་པའི་རྟོག་ཚོགས་མ་སྤངས་གནས་སུ་དག་ནས༔ རང་བཞིན་མེད་པར་ཤེས་པ་ཉིད་ཁྲག་འཐུང་དྲུག་ཅུའི་སྐུར་སྣང་བ་ཡིན་ཏེ༔ དེ་མཚོན་པའི་བརྡར༔ རང་གི་ཀླད་པ་དུང་ཁང་གི་གཞལ་ཡས་ཁང་ན་ཁྲག་འཐུང་གི་ལྷ་ཚོགས་ཐམས་ཅད་སྐུ་ཚོམ་བུ་ཤིགས་སེ་དངོས་སུ་བཞུགས་ནས་ཡོད་དོ༔ ཞི་བ་བཞི་བཅུ་རྩ་གཉིས་ཀྱི་ལྷ་ཚོགས་ཐམས་ཅད་སྙིང་ཁ་ཆོས་ཀྱི་འཁོར་ལོ་ན་འོད་ཀྱི་སྐུ་རུ་བུམ་སྐུའི་ཚུལ་དུ་དངོས་སུ་བཞུགས་ནས་ཡོད་དོ༔ གཞན་ཡང་རྩ་ཐམས་ཅད་ནི་དཔའ་བོའི་རང་བཞིན་དུ་གནས་སོ༔ རླུང་ཐམས་ཅད་ནི་དཔའ་མོའི་རང་བཞིན་དུ་གནས་སོ༔ ཐིག་ལེ་དཀར་ཆ་ཐམས་ཅད་ལོངས་སྐུ་ཞི་ཁྲོ་རབ་འབྱམས་ཡབ་ཀྱི་ཚུལ་དུ་གནས་སོ༔ རཀྟ་དམར་ཆ་ཐམས་ཅད་ལོངས་སྐུ་ཞི་ཁྲོ་རབ་འབྱམས་ཡུམ་གྱི་ཚུལ་དུ་གནས་སོ༔ བ་སྤུ་བྱེ་བ་ས་ཡ་ནི་མཁའ་འགྲོ་མ་བྱེ་བ་ས་ཡའི་རང་བཞིན་དུ་གནས་སོ༔ དེས་ན་རང་གི་ལུས་འདི་ཉིད་རྒྱལ་བ་ཞི་ཁྲོ་རབ་འབྱམས་གྱི་དཀྱིལ་འཁོར་གྱི་རང་བཞིན་ཡིན་པས༔ འདི་ལ་བརྙས་པ་དང་༔ བསད་པ་དང་༔ བརྡུངས་བ་དང་༔ དཀའ་ཐུབ་ལ་སོགས་པས་རྒུད་དུ་མ་བཅུག་པར༔ བཟའ་བཏུང་ཐམས་ཅད་ཚོགས་འཁོར་གྱི་ཚུལ་དུ་མཆོད་ཅིག༔ རྒྱན་དང་༔ གོས་ཀྱི་རྣམ་པ་མཛེས་ཤིང་ཡིད་དུ་འོང་བ་རྣམས་ཀྱང་ཞེན་པ་མེད་པའི་ཚུལ་གྱིས་མཆོད་པ་རྒྱུན་མི་ཆད་པར་གྱིས་ཤིག༔ དེ་ནས་རང་ཉིད་འཆི་བའི་ཚེ་ན་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་རང་གི་ལུས་ནས་ཐོན་ཏེ༔ ནམ་མཁའ་གང་བར་བར་དོར་འཆར་བར་འགྱུར་རོ༔ དེའི་དུས་སུ་སྒྲ་འོད་ཟེར་གསུམ་ལ་མ་འཇིགས༔ མ་སྔངས༔ མ་སྐྲག་པར་ད་ལྟ་དབང་བསྐུར་བའི་ཡི་དམ་གྱི་ལྷ་འདི་རྣམས་ཡིན་པར་ངོ་ཤེས་པར་གྱིས་ཤིག༔ དེ་དུས་ངོ་ཤེས་པ་དང་གྲོལ་བ་དུས་མཉམ་དུ་འོང་ངོ་༔ ཅེས་ངོ་སྤྲོད་རྒྱས་པར་བྱའོ༔ དེ་ནས་གཏང་རག་གི་མཎྜལ་འབུལ་ཞིང་༔ ཚོགས་ལ་རོལ༔ ཉམས་སྐྱོང་༔ གླུ་གར་བྱ་༔ ལྷག་མ་བཏང་༔ རྗེས་ཀྱི་རིམ་པ་རྣམས་ལས་བྱང་ལྟར་བྱའོ༔ རྒྱས་པར་ན་དབང་གོང་མ་ཟབ་དབང་གསུམ་དང་བཅས་དབང་བཞི་འཕྲད་ཚད་རང་གྲོལ་ལས་ཤེས་པར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གྲུབ་ཐོབ་ཀརྨ་གླིང་པའི་གཏེར་མའོ།། །།