བསམ་གྲུབ་རྒྱ་མཚོ།

ཡོང་ཁུངས་Wikipedia
 ངེས་པ་དོན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་བསམ་འགྲུབ་རྒྱ་མཚོ་མཆོག་ནི། རབ་ཚེས་ཆུ་ཕག་ལོ་སྟེ་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་ཉེར་གསུམ་ལོར་མདོ་སྨད་ཐེ་བོའི་དཔལ་ཤེས་སྟེང་ཀའི་སར་ཉེ་བའི་གཡི་བ་ཞེས་པའི་ལུང་བར་ཡབ་རྟ་མགྲིན་སྐྱབས་དང་ཡུམ་འབྲུག་མོ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་བལྟམས།

ཁོང་ཆུང་ངུའི་དུས་ནས་ཆོས་ལ་དགའ་ཞིང་རོལ་རྩེད་སོགས་ཀྱང་ཆོས་མཐུན་པར་སྤྱོད་པའི་བྱིས་པ་རང་བཞིན་བཟང་ལ་བློ་རིག་ཡངས་པ་ཞིག་ཡིན།དེ་ནས་དགུང་ལོ་བདུན་གྱི་སྟེང་ཁྱིམ་གྱི་འབྱོར་བ་ཞན་སྟབས་གཞན་གྱིས་ཕྱུགས་རྫི་ལ་གླས་ནས་དཀའ་ངལ་མི་ཉུང་བ་མྱངས།ཁོང་གི་ཡབ་ཡུམ་གཉིས་དགེ་ལ་དགའ་ཞིང་འཇིག་རྟེན་གྱི་བྱ་བ་ལ་བློ་ཁ་ལོག་ནས་བུ་འདི་ཡང་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ན་ལེགས་སྙམ་ནས།དགུང་ལོ་བཅུ་གཅིག་སྟང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་སྒོར་ཞུགས་ནས་རབ་ཏུ་བྱུང་།ཀྱེེ་རྡོར་གྲྭ་ཚང་དུ་བཞུགས་ནས་དགུང་ལོ་བཅུ་དགུའི་བར་དུ་གྲྭ་ཚང་གི་རྒྱུགས་བརྩི་བཞག་འདོན་ཆ་ཕྱག་ལེན་ཐམས་ཅད་བྱང་ཆུབ་པར་གྱུར།དགེ་བའི་བཤེས་གཉེན་ཨ་ཁུ་ཨོཾ་འཁྱིལ་ཚང་སྐལ་བཟང་ལེགས་བཤད་སོགས་སློབ་དཔོན་དུ་བསྟེན་ནས་སྒྲ་སྙན་ངག་རྩིས་ས་རིས་སོགས་ལ་སྦྱང་བརྩོན་དཔག་མེད་གནང་།དགུང་ལོ་བཅུ་དགུའི་སྟེང་ཅུ་ལགས་རིན་པོ་ཆེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་མཆོག་ལ་དབུས་གཙང་དུ་སློབ་གཉེར་ལ་འགྲོ་རྒྱུའི་སྐྱབས་འཇུག་ཞུས་མཐར་གྲོགས་ཁྲོ་ཁོ་སེང་གེ་དང་མཉམ་དུ་ཟླ་གསུམ་ལྷག་གི་རིང་ལམ་གྱི་ངལ་བ་ལ་མ་འཛེམས་པར་དབུས་གཙང་དུ་ཕེབས།ཐོག་མར་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཕེབས་ནས་སློབ་དཔོན་དུ་མར་བསྟེན་ནས་ལོ་གསུམ་གྱི་བར་དུ་བསྡུས་གྲྭ་དང་ཚད་མ་རྣམ་འགྲེལ་ལ་ཐོས་བསམ་མཛད། དེ་ནས་དཔལ་ལྡན་འབྲས་སྤུངས་སུ་དགེ་བའི་བཤེས་གཉེན་སྐབས་རྗེ་འཇམ་དཔལ་མཐུ་སྟོབས་སོགས་བཤེས་གཉེན་མང་བོའི་མདུན་ནས་ལོ་བཅུ་ཕྲག་གི་རིང་ལ་ལྟོ་སྐྱ་གོས་ཧྲལ་གྱིས་གཞུང་བཀའ་པོད་ལྔ་ལ་སློབ་གཉེར་དཔྱིས་ཕྱིན་པ་གནང་། ལོ་ཁ་ཤས་ལ་ཤག་ཏུ་མེ་མ་བཏང་བར་འཚོ་བ་དཀའ་སྤྱད་མཛད་པས། ཀུན་གྱིས་རབ་ཏུ་བྱུང་བ་ཞིག་ཡིན་ན་བྲ་ཉེ་བསམ་འགྲུབ་ལྟ་བུ་དགོས་ཞེས་བསྔགས་བརྗོད་དང་མིག་དཔེར་གྱུར། རྗེ་བླ་མ་ཙོང་ཁ་བ་ཆེན་པོ་དེ་ཉིད་ཀྱི་རྣམ་པར་ཐར་བ་བཞིན་གནས་མཆོག་འོལ་ཁ་ཆོས་ལུང་དུ་ཕྱག་དང་མཎྚལ། རྒྱ་སོགས་ལྷས་སྡིངས་སོགས་སུ་རི་ཁྲོད་ལ་བཞུགས་ནས་སྒྲུབ་པ་ཉམས་ལེན་གནས་ངེས་མེད་ཀྱི་སྒོ་ནས་རྗེ་མི་ལ་རས་པ་ཡབ་སྲས་ཀྱི་རྣམ་ཐར་བསྐྱངས།དེ་དུས་ཉིན་མཚན་གྱི་ན་བཟའ་ལ་ཁྱད་པར་མེད་ཅིང་། ཉིན་རེའི་ཟས་ལ་ངེས་མེད་ཀྱི་དཀའ་ཐུབ་བསྟེན་དྲག་པས། ཐམས་ཅད་ཀྱིས་དགེ་བཤེས་བཀའ་ཐུབ་ཅན་ཞེས་ཡུལ་གྲུ་ཀུན་ཏུ་གྲགས་པ་བྱུང་།ནམ་ཞིག་ཁོང་གི་བླ་མ་རིན་པོ་ཆེ་རྗེ་འཇམ་དབྱངས་རྒྱ་མཚོ་མཆོག་ཕེབས་ནས་བསྔགས་བརྗོད་ཀྱི་མེ་ཏོག་མང་དུ་གཏོར་ཏེ་རྗེ་བླ་མའི་རྣམ་ཐར་སྔར་ཐོས་མ་མྱོང་བ་མང་དུ་གསུངས་ཞིང་གསང་བའི་མན་ངག་མང་དུ་གནང་བ་སོགས་ཐུན་མོང་མ་ཡིན་པའི་རྣམ་ཐར་བརྗོད་ལས་འདས།

ཁོང་དགུང་ལོ་སོ་གཅིག་སྟེང་ཕྱིར་བླ་བྲང་དུ་ཕེབས་ཏེ་ཨ་ལགས་རིན་པོ་ཆེའི་མདུན་ནས་དབང་བཀའ་ཆོས་མང་དུ་གསན།བསང་ཁོག་འཇིགས་མེད་ཚང་གི་སྤྱན་སྔར་སྔགས་ཕྱོགས་དཔེ་ཁྲིད་མང་དུ་ཞུས།ཨ་ཁུ་ལྷ་མོ་ཚུལ་ཁྲིམས་ཚང་ནས་སྒྲའི་དཔེ་ཁྲིད་སོགས་མང་དུ་གསན་བསམ་མཛད་པས་མདོ་སྔགས་རིག་གནས་ལ་མངའ་སྒྱུར་བའི་མཁས་པའི་གོ་འཕང་བརྙེས། ཁོང་གིས་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་གནང་སྐབས། འཚོ་བ་དཀའ་ཐུབ་མཛད་དེ་འབད་པ་གནང་ཚུལ་སོགས་རང་ཅག་གི་བློ་ཡུལ་ལས་འདས་པ་ཞིག་གོ རིག་གནས་གསར་བརྗེའི་ལོ་བཅུ་ལྷག་གི་རིང་ཀུན་ལ་གསལ་བ་ལྟར་ཁོང་ལའང་མདོ་སྔགས་རིག་གནས་ཀྱི་གཞུང་ལུགས་འཆད་སྤེལ་གྱི་གོ་སྐབས་ལྟ་ཅི། རིག་གཞུང་གི་ཤོག་ལྷེ་ཙམ་ཡང་མཐོང་མི་ཆོག་པར་བཞུགས་དགོས་བྱུང་ནའང་།སྡེ་བའི་རྩིས་གཉེར་བའི་ལས་ཁུར་གྱི་ཞོར་དུ།ས་གཞུང་ནང་ནས་ས་རིས་འབྲི་སྲོལ་གྱི་རིག་པ་ལས་ཕྲེང་རྩིས་ཀྱི་བརྩི་ཐབས་སྔོན་མེད་གསར་དུ་རྙེད་པས།སྐར་རྩིས་ཀྱི་ཕྱོགས་ལ་ངོ་མཚར་བའི་ཐབས་སྣ་ཚོགས་ཀྱི་སྒོ་ནས་སྔར་མེད་རིག་པའི་གནད་ཕྲ་མོ་མང་དུ་རྙེད་ཅིང་།གཅིག་ཤེས་ཀུན་གྲོལ་གྱི་རིག་པ་མང་བོས་སྐར་རྩིས་ཀྱི་རིག་པའི་ཀློང་རྡོལ།དེ་ནས་ཀུན་ལྷོ་སྲིད་གྲོས་ཨོ་ཡོན་ལྷན་ཁང་དུ་ཕེབས་ནས་ཕྱག་ལས་གནང་།ཆིག་སྟོང་དགུ་བརྒྱ་དོན་དགུ་ལོ་ནས་སི་ཁྲོན་ཞིང་ཆེན་དུ་བོད་རྒྱ་ཚིག་མཛོད་ཆེན་མོའི་རྩོམ་སྒྲིག་པའི་གྲས་སུ་ཕེབས་ནས་ལོ་བཞིའི་རིང་ལ་ཁྲིན་ཏུའུ་ནས་བཞུགས།དེ་ནས་བཟུང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགོན་པའི་དོ་དམ་ཁང་གི་ཀྲུའུ་རེན་གཞོན་པའི་འགན་ཁུར་ནས་དགོན་པའི་དཔེ་མཛོད་ཁང་ཆེན་མོ་བཞེང་རྒྱུའི་ཐད་ལ་ཀྲུང་དབྱང་ལ་རོགས་སྐྱོར་ཞུས་ནས་དཔེ་མཛོད་ཁང་བཞེངས་པ་སོགས་གནང་།དེ་ནས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོས་གདན་དྲངས་པ་ལྟར་ཕེབས་ནས་སྔར་མེད་བོད་ཀྱི་ཞིབ་འཇུག་སློབ་མ་ལ་རྣམ་འགྲེལ། དབུ་ཕར། ལམ་རིམ། སྤྱོད་འཇུག་ཆེན་མོ། སྒྲ་རྩིས་སོསག་ཀྱི་ཁྲིད་སྲོལ་གསར་དུ་བཙུགས་ནས་སློབ་བུ་བགྲང་ལས་འདས་པ་བསྐྱངས། སྔ་གཞུག་ཏུ་མཚོ་སྔོན་དགེ་ཐོན་སློབ་གྲྭ ལྷོ་ནུབ་མི་རིགས་སློབ་གླིང། ཀྲུང་གོ་བོད་ཀྱི་མཐོ་རིམ་དང་བསྟན་སློབ་གླིང་།གཙོས་མི་རིགས་དགེ་ཐོན་ཆེན་གཉེར་སློབ་གྲྭ་སོགས་སུ་ཕེབས་ནས་བོད་ཀྱི་རིག་གཞུང་དར་སྤེལ་བཏང།ཆིག་སྟོང་དགུ་བརྒྱ་གོ་གཉིས་ལོའི་བར་དུ་ས་ཕྱོགས་མང་དུ་ཕེབས་ནས་སློབ་བུ་མང་དུ་སྐྱེད་སྲིང་གནང་།གོ་གསུམ་ལོ་ནས་མཛོད་དགེ་རི་ཁྲོད་དང་། འབྲོང་རི་རྩེ། རོང་ངར་ཁྱི་རྙི་སྒོམ་ར་སོགས་གནས་ངེས་མེད་དུ་སྒྲུབ་པ་མཛད།གཞན་གཙང་བཀྲ་ཤིས་ལྷུན་པོ་དང་།ཤིས་ཚང་སྒར་རྙིང་།རྒན་གྱའི་བྲག་དཀར་སོགས་དགོན་སྡེ་མང་དུ་ཕེབས་ནས་ཟབ་རྒྱས་ཆོས་ཀྱི་ཆར་བ་མང་དུ་ཕབ། ལྷོ་ནུབ་མི་རིགས་སློབ་གླིང་དང་ཐེ་བོ། ཀླུ་ཆུ་སོགས་ནས་སྐར་རྩིས་སོགས་ཀྱི་ཟབ་སྦྱོར་འཛིན་གྲྭ་མང་དུ་བཙུགས།གསུང་རྩོམ་ལ་སྐར་རྩིས་ཀུན་འདུས་ནོར་བུ།རྒྱ་རྩིས་འཇམ་དབྱངས་དགྱེས་པའི་མཆོད་སྤྲིན་བདེན་བཞི་རྣམ་བཞག་སོགས་མང་དུ་ཡོད།སྤྱི་ལོ་ཉིས་སྟོང་དྲུག་ལོའི་ཟླ་ཚེས་བཟང་བོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རང་ཤག་རིག་པའི་དགའ་ཚལ་ནས་རྟག་འཛིན་ཅན་རྣམས་ཆོས་ལ་སྐུལ་ཕྱིར་གཟུགས་སྐུའི་བཀོད་པ་ཆོས་དབྱངས་སུ་བསྡུས་པའི་ཚུལ་བསྟན་ནོ།།