བར་དོ་དྲུག་གི་སྔོན་འགྲོ་རང་རྒྱུད་སྦྱོང་བའི་ཁྲིད་ཐར་ལམ་སྣང་བྱེད་

ཡོང་ཁུངས་Wikipedia

༄༅།། །ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་རྫོགས་རིམ་བར་དོ་དྲུག་གི་སྔོན་འགྲོ་རང་རྒྱུད་སྦྱོང་བའི་ཁྲིད་ཐར་ལམ་སྣང་བྱེད་བཞུགས་སོ། །ན་མོ་ཤྲཱི་ས་མནྟ་བྷ་དྲ་ཡེ། ཀ་དག་སྤྲོས་བྲལ་གདོད་མའི་གཞི་དབྱིངས་སུ། །ལྷུན་གྲུབ་རིག་པའི་ཡེ་ཤེས་མཐར་ཕྱིན་ཏེ། །ཟུང་འཇུག་བདེ་ཆེན་སྒྱུ་མའི་རོལ་མོ་ཉིད། །ཅིར་ཡང་འཕྲུལ་མཛད་ཐོག་མའི་མགོན་དེར་འདུད། །བདེ་སྟོང་ཐུགས་ཀྱི་སྒྱུ་འཕྲུལ་རྡོ་རྗེ་སེམས། །བདེ་གཤེགས་གསུང་གི་དབང་ཕྱུག་པདྨ་འབྱུང་། །བརྒྱུད་གསུམ་གསང་བའི་མཛོད་འཆང་བླ་མ་རྗེ། །འབྲལ་མེད་བདེ་ཆེན་འཁོར་ལོའི་རྒྱན་དུ་བཞུགས། །རྒྱལ་ཀུན་ཐུགས་ཀྱི་ཡང་བཅུད་གསང་ཆེན་གྱི། །གདམས་པའི་གནད་ཟབ་དྲིན་ལྡན་བླ་མ་ཡི། །ཞལ་གསུངས་གང་དེ་ཆོས་ཀྱི་མཆེད་རྣམས་དང་། །རང་གིས་གང་ཟིན་གཅིག་ཏུ་བསྡོམས་ཏེ་བྲི། །དེ་ལ་འདིར་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་རྫོགས་རིམ་བར་དོ་དྲུག་གི་ཁྲིད་ཀྱི་བྱུང་ཁུངས་ལོ་རྒྱུས་ནི། རང་བཞིན་གདོད་མའི་གནས་ལུགས་ཆོས་ཉིད་འདུས་མ་བྱས་ཇི་བཞིན་པར་མངོན་སུམ་དུ་མཛད་པའི་ཆོས་སྐུ་ཀུན་བཟང་ཡབ་ཡུམ། རང་སྣང་རྣམ་པར་དག་པ་འོག་མིན་ཞིང་དུ་མཚན་མ་རྟགས་ཀྱི་ཕྱག་རྒྱ་རྡོ་རྗེ་འཆང་གི་རྣམ་པར་བཞེངས་ནས། རང་ལས་མི་གཞན་པའི་འཁོར་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས་ལ་རང་བཞིན་རྫོགས་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་སྒྲ་ཚིག་བརྗོད་པ་ལས་འདས་པ་རང་བྱུང་ཡེ་ཤེས་ཆེན་པོའི་དགོངས་པའི་རྩལ་ལས་སྣང་བར་མཛད་པ་ནི་རྒྱལ་བ་དགོངས་བརྒྱུད་དང་། དེ་ནས་དཔལ་རྡོ་རྗེ་སེམས་དཔའ་ཉིད་མིའི་སྐྱེ་བར་སྣང་བ་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེས་སློབ་དཔོན་འཇམ་དཔལ་བཤེས་གཉེན་དང་། དེས་ཤྲཱི་སིངྷ། དེས་སློབ་དཔོན་པདྨ་འབྱུང་གནས་ལ་བརྒྱུད་པ་སྟེ་དེ་རྣམས་བརྡ་ཐབས་བསྟན་པ་ཙམ་གྱིས་རྟོགས་པ་ཀློང་དུ་གྱུར་ནས་རིག་འཛིན་གྱི་ས་ལ་གནས་པས་རིག་འཛིན་བརྡ་བརྒྱུད་ཅེས་བྱ༔ དེ་ནས་གུ་རུ་རིན་པོ་ཆེ་བོད་ཡུལ་དུ་ཕེབས་ནས་བཞུགས་པའི་དུས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ཅོག་རོ་ཀླུའི་རྒྱལ་མཚན་སོགས་ལས་ཅན་དག་པའི་འཁོར་རྣམས་ཀྱིས་ཞུས་ཏེ༔ རང་བཞིན་རྫོགས་པ་ཆེན་པོའི་རྒྱུད་སྡེ་ཐམས་ཅད་ཀྱི་སྙིང་པོའི་ཡང་བཅུད་བར་དོ་དྲུག་གི་ཁྲིད་དུ་བཏབ་སྟེ་གནང་ནས་དཔལ་དྭག་ལྷ་སྒོམ་པོའི་རི་ལྷ་བྲན་གར་བྱེད་པ་འདྲ་བར་གཏེར་དུ་སྦས་སོ། །ཕྱིས་སུ་དུས་རྟགས་རྟེན་འབྲེལ་མངོན་དུ་གྱུར་པའི་ཚེ་ཉི་ཟླ་སངས་རྒྱས་ཀྱི་སྲས་ཀརྨ་གླིང་པས་གཏེར་ནས་བཏོན་ཏེ། རང་གི་སྲས་ཉི་ཟླ་ཆོས་རྗེ་ལ་གནང་། དེ་ཉི་ཟླ་འོད་ཟེར་ལ༑ དེས་རྒྱ་ར་བ་ནམ་མཁའ་ཆོས་ཀྱི་རྒྱ་མཚོ་ལ་གནང་བ་སྟེ་མི་རབས་གསུམ་གྱི་བར་ཆིག་བརྒྱུད་དུ་མཛད་ནས། རྒྱ་ར་བས་ཁྱབ་བརྡལ་དུ་སྤེལ་ཏེ་བསྟན་པ་བྱང་ནས་བྱང་དུ་རྒྱ་ཆེར་དར་ཞིང་ད་ལྟའི་བར་དུ་བཞུགས་པ་འདི་གཅིག་ནས་གཅིག་གམ་མོད་པོ་རུ་ཞལ་ནས་སྙན་དུ་བརྒྱུད་པས་ན་གང་ཟག་སྙན་བརྒྱུད་ཅེས་བྱའོ། །དེ་ལྟར་བྱུང་བའི་གདམས་པ་འདི་ནི་དུས་ཅི་ཙམ་སྙིགས་མར་གྱུར་པ་དེ་ཙམ་དུ་བྱིན་རླབས་ཀྱི་ཚན་ཁ་ཡང་ཆེས་ཆེ་བས་ན། སྙིགས་མའི་སྐྱེ་བོ་ཉོན་མོངས་པ་ཤེས་ཆེ་ཞིང་སྡིག་སྒྲིབ་ཇི་ལྟར་ཆེ་བ་ཞིག་ཡིན་ནའང་། གདམས་ངག་འདི་ལ་ཡིད་ཆེས་ཤིང་ཉམས་སུ་བླང་ན་ཚེ་གཅིག་ལ་སོགས་པ་ལ་གྲོལ་བར་འགྱུར་བས་འདི་ལྟ་བུའི་གདམས་པ་ཟབ་མོ་འདི་དང་འཕྲད་ནས་ཉམས་སུ་ལེན་དུ་ཡོད་པ་འདི་སྐལ་བ་བཟང་པོ་སྙམ་དུ་སྙིང་ནས་དགའ་བ་བསྐྱེད་དེ་འདུག་པར་བྱའོ། །དེ་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ལ་ཐུན་གྱི་སྔོན་འགྲོའི་དབང་དུ་བྱས་ན་གདམས་ཁྲིད་ཐོབ་པའི་གང་ཟག་དེས་མཚན་ཐུན་དང་པོ་ལ་དགེ་སྦྱོར་དང་ཉམས་ལེན་ལ་བརྩོན་ནས། མཚན་ཐུན་བར་མ་ལ་ཉལ་བའི་ཚེ་ན་རིག་པ་སྐུ་གསུམ་གྱི་བཞུགས་གནས་སྙིང་པདྨ་འདབ་བཞིའི་དབུས་སུ་མཆོག་གསུམ་རྩ་བ་གསུམ་དང་ཆོས་སྐྱོང་སྲུང་མ་ཐམས་ཅད་འདུས་པའི་ངོ་བོ་གུ་རུ་མཚོ་སྐྱེས་རྡོ་རྗེ་ཚོན་གང་བ་ཞིག་བཞུགས་པའི་སྐུའི་འོད་ཟེར་གྱིས་རང་གི་ལུས་རྡོས་བཅས་ཤ་ཁྲག་གི་ཕུང་པོ་འདི་སྦྱངས་ནས་འོད་ཀྱི་རང་བཞིན་དང་། ཕྱི་ནང་སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་ཀྱང་སྦྱངས་ནས་འོད་གསལ་གྱི་ངོ་བོར་ཚུར་ཐུམ་སྟེ་རང་སེམས་རིག་པའི་ངོ་བོ་གསལ་ལམ་མེ་བླ་མའི་སྐུ་དང་རང་སེམས་དབྱེར་མེད་དུ་བསམ་ནས་མོས་གུས་དང་མ་བྲལ་བར་ཉལ་བས་གཉིད་དུ་འགྲོ་ཁར་པདྨ་ཁ་ཟུམ་པར་བསམ་ནས་མ་ཡེངས་པར་གཉིད་འོད་གསལ་དུ་སྦ། ནམ་སོང་སོད་སོང་དུ་སྔར་གྱི་རྒྱུན་བསྐྱངས་ཏེ་མོས་གུས་དུང་དུང་བ་རེ་བྱ། དེ་ནས་མཚན་ཐུན་ཐ་མ་ཐོ་རེངས་ཀྱི་དུས་སུ་ནམ་མཁའི་དབྱིངས་ནས་དཔའ་བོ་མཁའ་འགྲོ་མ་མང་པོས་ཌཱ་མ་རུ་དང་དྲིལ་བུའི་སྒྲ་བསྐུལ་ནས་གཉིད་སད་པར་བསམ་སྟེ། དེ་མ་ཐག་གཉིད་ཀྱི་བདེ་བ་ལ་མི་ཞེན་པར་མལ་ནས་ཧར་གྱིས་ལང་སྟེ་གཉིད་ད་རུང་ཅུང་ཟད་མ་སངས་བར་ཡོད་ན་ཕན་ཚུན་འགྲོ་བ་དང་། ཕྱིར་འགྲོ་བ་དང་༑ མལ་སའི་ནང་ནས་གཞན་དུ་འདུག་པ་སོགས་བྱ། གང་ལྟར་ཡང་ཐོག་མར་ལུས་ཀྱི་སྔོན་འགྲོ་རྣམ་སྣང་ཆོས་བདུན་སོགས་འདུག་ཚུལ་ལེགས་པར་བྱ། ལག་གཉིས་པུས་མོར་བཀབ། ངག་གི་སྔོན་འགྲོ་རླུང་དགུ་ཕྲུགས་སུ་འབུད། ཡང་ན་རླུང་རོ་བསལ་བ་འོག་ཏུ་བྱ། སེམས་ཀྱི་སྔོན་འགྲོ་དབྱིངས་ན་བཞུགས་པའི་དཔའ་བོ་མཁའ་འགྲོ་རྣམས་ཀྱིས་དྲན་བསྐུལ་མཛད་པའི་རྐྱེན་གྱིས་རང་གིས་རང་ལ་བསྐུལ་མ་གདབ་སྟེ་དམ་བཅའ་ཞིང་། ཀྱེ་མ་ཕ་པོ་དལ་འབྱོར་ཐོབ་ཅིང་དགེ་བ་ལ་བརྩོན་དུ་ཡོད་པའི་སྐལ་བ་དང་ལྡན་ཕྱིར་སྐལ་ལྡན་ཞེས་བོས་ཏེ། འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་མ་རིག་གཏི་མུག་གི་གཉིད་ཀྱིས་ནོན་ཏེ་ལེ་ལོ་བག་མེད་ཀྱི་ངང་དུ་ཉལ་བས་ཡུན་དེ་ཙམ་སོང་བས་ཆོག་གི །ད་ནི་གཏན་བདེ་སྒྲུབ་པའི་སྐལ་པ་ཡོད་པའི་གནས་སྐབས་འདིར་བག་མེད་སོས་དལ་དུ་སྡོད་པའི་ལོང་ཁོམ་མི་འདུག་སྒོ་གསུམ་འབོད་པ་དྲག་པོས་སྙིང་པོའི་སྒྲུབ་པ་ལ་གཞོལ་བར་བྱ། དེ་ཡང་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ཞིང་སྤྲོས་པ་དང་བྲལ་བ་ཡིན་པ་ལ་དེ་ལྟར་མ་རྟོགས་པའི་འགྲོ་བ་རྣམས་ཀྱི་འཁྲུལ་ངོར་སྤང་བྱ་འཁོར་བ་དང་། ཐོབ་བྱ་མྱང་འདས་སུ་སྣང་བའི་ཆོས་ཐམས་ཅད་གཞི་མེད་རྩ་བ་དང་བྲལ་བཞིན་འཁྲུལ་བ་རྒྱུན་མ་ཆད་ཀྱི་བར་དུ་སྣང་བ་འདི་ནི་རྒྱུ་མ་དང་སྨིག་རྒྱུ་སོགས་དཔེ་བཅུའི་རང་བཞིན་དུ་ཤེས་པར་བྱ་ཞིང་།གདོད་མའི་གནས་ལུགས་རང་བཞིན་རྫོགས་པ་ཆེན་པོའི་ལམ་གྱི་མན་ངག་ཟབ་མོས་བསྟན་བྱ་ནི། ཆོས་ཀུན་གྱི་གནས་ལུགས་རིག་པ་སྐུ་གསུམ་གྱི་བདག་ཉིད་ཅན་དུ་བཞུགས་པ་འདི་ཡི་ངོ་བོ་སྐྱེ་གནས་འགགས་པ་འགྲོ་འོང་དམིགས་པ་སྟེ་རྣམ་པ་ལྔ་དང་བྲལ་བའི་སྟོང་པ་ཉིད་ལ། རང་གདངས་འགགས་མེད་དུ་གསལ་ཡང་བླང་དོར་གྱི་དངོས་པོའི་མཚན་མ་གང་ཡང་མེད་ཅིང་རྩལ་སྣ་ཚོགས་སུ་འཆར་བ་འདི་ལ་ཡང་བློ་ཡིས་ཆེད་དུ་སྤང་བ་དང་སྒྲུབ་པའི་ཆོས་རང་མཚན་པ་ཞིག་བསམ་སྟེ་སྨོན་དུ་མེད་པས་བརྗོད་པ་དང་བྲལ་བའི་རྣམ་ཐར་སྒོ་གསུམ་གྱི་བདག་ཉིད་ཅན་འདི་རྟོགས་པར་བྱ་བའི་དུས་ལ་བབས་པས་ཅི་ནུས་བརྩོན་པར་བྱའོ་སྙམ་དུ་བསམ་ནས། ཀྱེ་མ་ཀྱི་ཧུད་སྐལ་ལྡན་རིགས་ཀྱི་བུ། །ཞེས་པ་ནས། དོན་འདི་རྟོགས་པར་བྱ་བའི་དུས་ལ་བབས། །ཅེས་པའི་བར་ལན་གསུམ་སོགས་ཅི་ནུས་སུ་ཚིག་གི་རྗེས་སུ་དོན་དྲན་བཞིན་གདོན་པར་བྱའོ། །དེ་ནས་རླུང་རོ་སྔར་མ་བསལ་ན་འདིར་བྱ་སྟེ། གང་ལྟར་ཡང་དཔེར་ན་སྣོད་དུག་ཅན་ཞིག་གི་ནང་དུ་བཅུད་བཟང་པོ་བླུགས་དགོས་ན་ཐོག་མར་བཀྲུ་བཤལ་བྱེད་དགོས་པ་བཞིན་དུ་མ་དག་པའི་རྩ་ཁམས་རྣམས་ན་ལས་རླུང་དང་འགྲོགས་པའི་སྐྱོན་དུ་མས་གང་ནས་རང་རྒྱུད་ལ་ཡོན་ཏན་གང་ཡང་འབྱུང་དུ་མི་འཇུག་ཅིང་། གལ་ཏེ་ཡོན་ཏན་ཅུང་ཟད་རེ་སྐྱེས་ན་དེ་སྐྱོན་ཅན་དུ་བྱེད་པས་ན་མཚན་ཉིད་ཐེག་པ་བས་ལས་རླུང་གིས་བསྐྱེད་ཟིན་པའི་གཟུང་འཛིན་གྱི་རྟོག་པ་དང་ཉོན་མོངས་ལ་དཔྱད་ཅིང་གཞིག་སྟེ་གཉེན་པོ་བསྟེན་པ་བས། འདིར་སྔགས་སུ་དེ་ཐམས་ཅད་ཀྱི་རྩ་བ་ལས་རླུང་ཉིད་དམིགས་གནད་དང་ལྡན་པས་བསལ་བ་ལ་སོགས་པ་ནི་དོན་ཆེའོ། །དེའི་ཚུལ་ནི། ལུས་དྲང་པོར་བསྲང་སྟེ་སྣ་བུག་གཉིས་ནས་རླུང་ལྷག་མ་མ་ལུས་པ་དགུ་ཕྲུགས་སུ་འབུད་དེ། དང་པོ་གསུམ་གྱི་དུས་ཉོན་མོངས་པས་བསྐྱེད་པའི་བཞི་བརྒྱ་རྩ་བཞིའི་ནད་ཐམས་ཅད་རླངས་པ་སྔོ་དམར་གྱི་རྣམ་པས་ཕྱིར་སོང་སྟེ་སོར་བཅུ་དྲུག་གི་མཚམས་སུ་ཆོས་ཉིད་ཀྱི་དབྱིངས་སུ་ཐིམ་པར་བསམ། དེ་བཞིན་དུ་བར་བ་གསུམ་ལ་ཉོན་མོངས་པའི་དབང་གིས་སྣང་བའི་གདོན་བགེགས་དང་།དམ་པའི་ཆོས་སྒྲུབ་པའི་བར་ཆད་ཐམས་ཅད་དང་། ཐ་མལ་སྔ་མའི་སྡིག་སྒྲིབ་ཀྱི་རྒྱུན་དང་། ཕྱི་མར་བསྐྱེད་པའི་ནུས་པ་ཐམས་ཅད་ཕྱིར་སོང་བར་བསམ། དེ་ནས་མགོ་དང་ལག་པ་རྣམས་ལན་གསུམ་སྤྲུགས་ཏེ་ཧ ་ཞེས་ནད་གདོན་སྡིག་སྒྲིབ་ཐམས་ཅད་དུད་སོལ་ཁུ་རླངས་ཀྱི་རྣམ་པ་དང་། སྦལ་སྦྲུལ་ཉ་ལྕང་ལ་སོགས་པའི་རྣམ་པས་ཁ་སྣ་དང་། ལག་སོར་གཉིས་ནས་ཕྱིར་ཐོན་ཏེ་སྔར་ལྟར་མེད་པར་བསམ་མོ། །དེ་ནས་དད་པ་མོས་གུས་དྲག་པོས་བསྐུལ་ཏེ་སྙིང་གི་པདྨོ་ཁ་བྱེ་ནས་རྩ་གསུམ་ཀུན་འདུས་ཀྱི་ངོ་བོ་དྲིན་ཆེན་རྩ་བའི་བླ་མ་དེ་ཉིད་རྩ་དབུ་མའི་ལམ་བརྒྱུད་དེ་ཡར་བྱོན་ནས་སྤྱི་བོའི་སྟེང་གི་ནམ་མཁར་པདྨ་དང་ཉི་ཟླའི་གདན་ལ་སྐུ་འོད་ཟེར་གྱི་ཕུང་པོར་འབར་ཞིང་ཐུགས་བརྩེ་བ་ཆེན་པོས་དགོངས་ཏེ་ཡེ་རེ་འཁྱིལ་ལེ་དགྱེས་བཞིན་ཡོད་པར་བསམ་ལ། དེ་ཡང་ཡི་དམ་རྒྱུད་སྡེ་དྲུག་གི་ལྷ་ཚོགས་དང་། གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་ཇི་སྙེད་པ་ཐམས་ཅད་འདུས་པའི་བདག་ཉིད་ཅན་ཡིན་པར་མ་ཟད།འཕགས་ཡུལ་གྱི་པཎ་གྲུབ་ཐམས་ཅད་དང་། བོད་ཀྱི་དགེ་ལྡན་པའི་རྗེ་ཡབ་སྲས་སོགས། ས་སྐྱའི་གོང་མ་རྣམ་ལྔ། བཀའ་བརྒྱུད་པའི་མར་མི་དྭགས་གསུམ་སོགས་གསར་རྙིང་གི་བླ་མ་ཐམས་ཅད་ཀྱང་གདུལ་བྱའི་དབང་གིས་སྣང་ཚུལ་ཐ་དད་ཙམ་ལས་དགོངས་པ་ཆོས་ཉིད་ཀྱི་ཀློང་ན་ཐ་དད་མེད་པས་ན། བདེ་གཤེགས་གཅིག་བསྒོམ་ཀུན་གྱི་ངང་། །ཞེས་པ་ལྟར་ཨོ་རྒྱན་ཆེན་པོ་ལ་གསོལ་བ་བཏབ་ན་དེ་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས་ཀུན་འཇུག་པས་ངེས་ཤེས་བསྐྱེད་དེ་དད་པ་དང་མོས་གུས་དྲག་པོས་གསོལ་བ་འདེབས་པ་ནི། བདག་དང་འགྲོ་བ་ཐམས་ཅད་འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་འཁྲུལ་བའི་རྟོག་པ་སྣ་ཚོགས་ལུ་གུ་རྒྱུད་དུ་བར་མ་ཆད་པ་འདི་ལ་ཞེན་ནས་འཁོར་བའི་གནས་འདི་ལས་མ་ཐར་བས་གུ་རུ་རིན་པོ་ཆེ་ཁྱེད་ཀྱི་ཐུགས་རྗེས་བདག་སོགས་སེམས་ཅན་རྣམས་ཀྱི་འཁྲུལ་རྟོགས་ཐམས་ཅད་རྒྱུན་ཆད་པ་ཞིག་བྱིན་གྱིས་རླབས་པར་མཛད་དུ་གསོལ། ཁྱད་པར་དུ་ཡང་ཆགས་སྡང་རྨོངས་གསུམ་གྱི་རྟོག་ངན་དང་། འཇིག་རྟེན་འདིར་སྣང་གི་ཞེན་པ་ཆོད་པ་དང་།སྔོན་འགྲོའི་ཉམས་ལེན་འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་ཤེས། དལ་འབྱོར ་རྙེད་དཀའ་དྲན། ལོང་མེད་རྒྱུད་ལ་སྐྱེ་བ་ཞིག་བྱིན་གྱིས་རླབས་པར་མཛད་དུ་གསོལ་སྙམ་དུ། ན་མོ་གུ་རུ་བྷྱ༔ སོགས་ལན་གསུམ། ཡང་མོས་གུས་གདུང་ཤུགས་དྲག་པོས་འདི་ལྟར། དཀོན་མཆོག་གསུམ་ལ་ཡིད་ཆེས་ཀྱི་དད་པ་ཐོབ་ནས་སྐྱབས་འོག་ཏུ་ཚུད། གཞན་ཕན་དོན་གཉེར་གྱི་བློ་འབྱོར། བསོད་ནམས་ཀྱི་ཚོགས་རྫོགས།ཉམས་ཆགས་སྡིག་སྒྲིབ་ཐམས་ཅད་ལྷག་མེད་དུ་དག བརྒྱུད་ལྡན་བླ་མ་དམ་པའི་ཐུགས་རྒྱུད་རྟོགས་པའི་ཡོན་ཏན་ཐམས་ཅད་དུས་ད་ལྟ་ཉིད་དུ་རྒྱུད་ལ་འཕོ་བ་ཞིག་བྱིན་གྱིས་རླབས་པར་མཛད་དུ་གསོལ་སྙམ་སྟེ། ན་མོ་སོགས་གསུམ། ཡིད་མོས་གུས་གདུང་ཤུགས་དྲག་པོ་བསྐྱེད་དེ། འདི་ལྟར་དངོས་གཞི་བར་དོ་དྲུག་གི་ཉམས་ལེན་རང་བཞིན་སྐྱེ་གནས་ཀྱི་བར་དོར་ཞི་གནས་ལ་བརྟན་པ་ཐོབ་ཅིང་རིག་པ་ངོ་འཕྲོད་པ་དང་། རྨི་ལམ་བར་དོའི་ཉམས་ལེན་ཆོས་ཐམས་ཅད་མེད་བཞིན་སྣང་བ་སྒྱུ་མའི་དཔེ་བཅུའི་ཚུལ་དུ་ཤེས་ནས་དག་པ་ལྷའི་རང་བཞིན་དུ་འཆར་བའི་སྒྱུ་ལུས་འབྱོངས་ཞིང་རྨི་ལམ་ཟིན་ནས་སྤྲུལ་བསྒྱུར་ནུས་པ་དང་། སྲོག་རྩོལ་གྱི་གནད་གཟིར་བ་སོགས་ཀྱིས་གེགས་ཐམས་ཅད་བསལ་ཏེ་འོད་གསལ་དུ་འཇུག་ནུས་པ་དང་། བསམ་གཏན་བར་དོའི་ཉམས་ལེན་གྲོལ་ཚུལ་གྱི་གདེངས་བཞི་ལ་རང་བྱོན་ཚུད་ནས་གང་ཤར་ཆོས་སྐུའི་ཡོ་ལངས་སུ་འགྱུར་བ་དང་། འཆི་ཁ་བར་དོའི་ཉམས་ལེན་འཕོ་བ་གསུམ་གྱི་མན་ངག་ལས་སུ་རུང་སྟེ་སྐུ་གསུམ་དག་པའི་ཞིང་དུ་འཕོ་ནུས་པ་དང་། ཆོས་ཉིད་བར་དོའི་ཉམས་ལེན་དབྱིངས་དང་རིག་པའི་ཡེ་གདངས་སྐུ་གསུམ་ལམ་སྣང་དུ་རྩལ་རྫོགས་པ་དང་། གལ་ཏེ་དེར་མ་གྲོལ་ན་སྲིད་པ་བར་དོའི་འཁྲུལ་སྣང་རང་ངོ་ཤེས་ཏེ་བླ་མའི་མན་ངག་གི་གནད་བཟང་པོ་དྲན་ནས་དག་པའི་ཞིང་སོགས་སུ་དབུགས་དབྱུང་བ་ཞིག་བྱིན་གྱིས་རླབས་པར་མཛད་དུ་གསོལ་སྙམ་པའི་སྒོ་ནས། ན་མོ་གུ་རུ་སོགས་ལན་གསུམ་བརྗོད་པར་བྱའོ། །དེ་ནས་སྤྱི་བོའི་བླ་མ་ཨོ་རྒྱན་ཆེན་པོ་དགྱེས་པ་ཆེན་པོས་འོད་དུ་ཞུ་ནས་རང་ལ་ཐིམ། རྒྱུད་བྱིན་གྱིས་རླབས་པར་བསམ་ཞིང་ཅུང་ཟད་ངལ་གསོ།། ༈ །།དེ་ནས་ཁྲིད་ཀྱི་སྔོན་འགྲོ་ལ། རང་རྒྱུད་འདུལ་བའི་སྔོན་འགྲོ།རང་རྒྱུད་སྦྱོང་བའི་སྔོན་འགྲོ་གཉིས་ལས། དང་པོའི་སྐབས་སུ་ཀུན་སློང་དང་། ཀུན་སྤྱོད་ཀྱི་རིམ་པ་རྣམས་འཆད་དེ་ཐུན་འོག་མ་ཐམས་ཅད་ལ་འགྲེའོ། །དེ་ཡང་ཐོག་མར་ཀུན་སློང་རྣམ་པར་དག་པ་ཞིག་མེད་ན་ཆོས་དེ་ཡང་རྣམ་དག་ཞིག་མི་འོང་བས་ཆོས་ཉན་དུས་སྒྲུབ་དུས་ནམ་ཡིན་ཀྱང་བློ་ཁ་ནང་དུ་ལོག་ནས་རང་སེམས་ལ་བསྐོར་བ་རེ་བྱས་ཏེ་ངས་ད་རེས་ཉན་རྒྱུ་བསྒྲུབ་རྒྱུ་འདི་ཚོ་ཇི་ཞིག་གི་དོན་དུ་བསམ་གྱིན་འདུག་སྙམ་དུ་བསམས་ནས། ཆགས་སྡང་རྨོངས་གསུམ་གྱི་རྟོག་ངན་ཐམས་ཅད་རྒྱུན་བཅད།དེ་སྔ་ཡན་ཆད་འཇིག་རྟེན་ཚེ་འདིའི་བྱ་བ་ཁོ་ན་ལ་བློ་རྩེ་གཏོད་པ་རེ་ངན། འཇིག་རྟེན་གྱི་བྱ་བ་ཇི་ལྟར་སྒྲུབ་ཀྱང་གཅིག་རྗེས་སུ་གཅིག་འོང་བ་ལས་ཟིན་པའི་དུས་མེད་པས་སྐྱེ་བོ་ཕལ་བ་ཐམས་ཅད་དེ་ཁོ་ནའི་ངང་དུ་འཆི་བ་ལ་ཐུག་པ་དེ་ཚོ་སྙིང་རེ་རྗེ།འཇིག་རྟེན་གྱི་བྱ་བ་ནི་ནམ་བཞག་ན་ཟིན་པ་ཡིན་པས་ད་ནི་དགྲ་འདུལ་གཉེན་སྐྱོང་ཚོང་ཁེ་སྐྱེད་གྱོད་ནོག་མཁོན་དཀོར་ཁ་གྲོང་ཆོག་ཁོ་ནས་དུས་འདའ་བ་འདི་ཐམས་ཅད་ཆེ་བཞག་ཆུང་བསྐྱུར་བྱས་ཏེ་དུས་དེ་རིང་ནས་བཟུང་སྟེ་བློ་ཕ་ལ་མི་འདྲི། གྲོས་མ་ལ་མི་བྱེད། རང་ཐག་རང་གིས་བཅད་ནས་བླ་མའི་བཀའ་བཞིན་ཉན་ཏེ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོའི་གོ་འཕང་ཚེ་འདི་ཉིད་ལ་བསྒྲུབ་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་བསྒྲུབ་པར་བྱ། དེའི་ཆེད་དུ་ལམ་ཟབ་མོ་འདི་ལྟ་བུ་མཉན་ནས་ལེ་ལོ་དང་སོས་དལ་ཚེ་འདིའི་རྣམ་པར་གཡེང་བ་ལ་སོགས་པའི་དབང་དུ་མི་གཏོང་བར་ཉམས་སུ་བླང་བར་བྱ་སྙམ་པ་ནི་བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་ཡིན། ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང་ཡིན། གསང་སྔགས་ཀྱི་ཆོས་ཐམས་ཅད་ཀྱི་རྩ་བ་དག་སྣང་ཡིན་པས་དེ་ཅི་ནུས་སུ་བསྐྱེད་པ་གལ་ཆེ། དེ་ཡང་ཕྱི་སྣོད་འོག་མིན་གྱི་ཞིང་དང་གཞལ་ཡས། ནང་བཅུད་ལྷ་དང་ལྷ་མོ། ཆོས་འཆད་པ་པོའི་བླ་མ་དྲུག་པ་རྡོ་རྗེ་འཆང་།རང་རེ་ཆོས་ཉན་པ་པོ་རྣམས་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས། ཆོས་དེ་ཡང་རང་བཞིན་རྫོགས་པ་ཆེན་པོའི་ཆོས་འཁོར། དེ་ཐམས་ཅད་རང་བཞིན་འོད་གསལ་བའི་དགོངས་པ་འཕོ་འགྱུར་མེད་པའི་ངང་ན་དུས་གསུམ་འདུ་འབྲལ་མེད་པར་བཞུགས་པར་མོས་པ་སྟེ་ཕུན་སུམ་ཚོགས་པ་ལྔ་གསལ་བཏབ་ནས་མཉན་ནོ། །སྤྱིར་དུས་དང་རྣམ་པ་ཐམས་ཅད་དུ་གཞན་གྱི་སྐྱོན་ལ་མི་བརྟག་པར་ཡོན་ཏན་གྱི་ཆ་ཅི་ཡོད་པ་ལ་བསམ་ནས་ཐམས་ཅད་ལ་དག་སྣང་སྦྱང་དགོས། ཁྱད་པར་དུ་སྔགས་ཀྱི་སྐབས་སུ་ཆོས་ཐམས་ཅད་ཡེ་ནས་རྣམ་པར་དག་པ་ཡིན་པ་ལ་ངེས་ཤེས་བསྐྱེད་དགོས། དེ་ལྟར་བྱས་ན་དངོས་སུ་དག་པར་ཡང་སྣང་ཞིང་རང་བཞིན་དེ་ལྟར་ཡིན་པའི་ཚུལ་གང་ཟག་མཆོག་རྣམས་ཀྱི་གཟིགས་ངོར་སྣང་བ། སྔོན་བླ་མ་མཚམ་པས་དཔལ་དགེའི་མ་ཎི་ལ་ཁྲི་སྐོར་མཛད་དེ་མ་མོར་གྱེན་དུ་བྱོན་དུས་འོག་མིན་གྱི་ཞིང་དུ་གཟིགས་པ་དང་། རྡོ་གྲུབ་རྒན་དང་། རིག་འཛིན་ཆེན་མོ་སོགས་ཀྱིས་སེམས་ཅན་ཕལ་བ་རྣམས་ཀྱང་རྡོ་རྗེ་སེམས་དཔར་དངོས་སུ་གཟིགས་ནས་ཕྱག་འཚལ་དགོས་པའི་ཐུགས་འདུན་བྱུང་ཡང་འཇིག་རྟེན་པའི་ངོར་མི་མཛའ་དགོངས ་ནས་དེ་ལྟར་མ་མཛད་གསུངས་པ་ལ་སོགས་པ་ལྟ་བུའོ། ། དེ་ལམ་གྱི་རྩ་བ་དམ་པ་གསུམ་ལས་སྦྱོར་བ་སེམས་བསྐྱེད་དམ་པའོ། །དངོས་གཞི་དམིགས་མེད་དམ་པ་ནི། ཆོས་ཐམས་ཅད་བདེན་པར་མ་གྲུབ་པ་སྒྱུ་མ་དང་རྨི་ལམ་ལྟ་བུའི་དྲན་འདུན་བཞག་སྟེ་གང་ལ་ཡང་མ་ཞེན་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆོས་ཉན་པ་དང་།དགེ་སྡིག་ལ་བླང་དོར་བྱེད་པ་དང་། ཞི་ལྷག་བསྒོམ་པ་སོགས་ཅི་བྱེད་ཀྱང་ལམ་ལ་གོམས་ཆ་འགྲོ་བའི་ཕྱིར་མ་གཏོགས་དེའི་ཕན་ཡོན་དང་འབྲས་བུ་ལ་རེ་བ་མེད་པ་ཞིག་བྱ་དགོས། དེ་ཡང་དགེ་བའི་འབྲས་བུ་མཐོ་རིས་སུ་སྐྱེ། དགེ་སྡིག་གི་གཞི་སྟོང་ན་ཐར་པ་ཡིན་པས་དགེ་བ་གང་བསྒྲུབ་ལ་བདག་ཏུ་མི་འཛིན་ཞེན་པར་མི་བྱའོ། །རྗེས་སུ་གཞན་དོན་དུ་རྒྱལ་བ་སྲས་བཅས་ཀྱིས་ཇི་ལྟར་བསྔོས་པ་བཞིན་བསྔོ་བར་བྱ་བ་ནི་རྗེས་བསྔོ་བ་དམ་པའོ། །ཀུན་སྤྱོད་ཀྱི་རིམ་པ་ནི། སྤྱིར་ཐུབ་པའི་རྗེས་འཇུག་ཡིན་ཟེར་ནས་གོས་སྣེ་རྣམ་གསུམ་གྱོན་པ་ཞིག་ཡིན་ཕྱིན་ཆད་ཁྱིམ་གྱི་མགོ་འཛིན། བཤས་ཉོ་བཤས་ཚོང་། དགྲ་འདུལ་གཉེན་སྐྱོང་གི་བྱ་བ་གྱོད་ནག་འཁོན་ཚོང་སོ་ནམ་སོགས་བྱེད་པ་དེ་ནི་ཤིན་ཏུ་ཐ་ཆད་དེ་བསྟན་པའི་བླ་བཙོང་དཀོན་མཆོག་གི་རྐང་འདྲེན་དེས་དད་ཟས་གཤིན་སྐོར་ཟོས་པ་ཐམས་ཅད་ཀྱང་རང་ཕུང་གཞན་བརླགས་ཀྱི་རྒྱུ་ཡིན་པས་འཇིག་རྟེན་ཕལ་པ་ལས་ཀྱང་དེས་ཐུའོ། །ཡང་དེ་ཙམ་མིན་ནའང་། དང་པོ་ཆོས་བསྒྲུབ་འདོད་ཀྱི་འདུན་པས་མན་ངག་རེ་ཟུང་ཞུས། སྒྲུབ་པ་ཉམས་ལེན་ལའང་ཅུང་ཟད་བརྩོན་ནས་སྐྱོན་མེད་ལྟ་བུ་རེ་བྱུང་ཡང་ཆོས་བརྒྱད་བློས་མ་ཐོང་། དཀོར་ཁ་གྲོང་ཆོག་ལ་གཡེང་ནས་མི་ཚེ་འདའ་བར་བྱས་ན་ལོ་ཏོག་སད་ཀྱིས་ཁྱེར་བ་བཞིན་འཆི་ཁ་ཆོས་མེད་དུ་འགྲོ་དགོས་པ་འབྱུང་། དེ་བས་ན་དང་པོ་ཆོས་ལམ་ལ་ཞུགས་ནས་ཚེ་འདིའི་བྱ་བ་བློས་དོར་ནས་ཆོས་ཁོ་ན་ལ་བློ་རྩེ་གཏད་ནས་ཉིན་མཚན་དུ་གཉུག་བསྲིངས་ན་ཐུན་རེ་བཞིན་རང་རྒྱུད་ལ་ཡར་བསྐྱེད་ཐོན་པས་དེ་འདྲ་དེ་ལ་ཆོས་པ་སད་ཀྱིས་མ་ཁྱེར་བར་ཟེར། དེས་ན་ད་ནི་ཚེ་ལྷག་ཅི་ཙམ་ཡོད་པ་འདི་ལ་ཉིན་མཚན་ཀུན་ཏུ་འབད་པ་མ་བྱས་ན་བདག་གི་སྡུག་མཐའ་ནམ་ཞིག་ལ་ཆོད་པའི་དུས་འོང་ཏེ་མི་འོང་བས་འབད་པར་བྱའོ་སྙམ་དུ་སྙིང་ལ་དམ་བཅས་ཏེ་ཆོས་ཉན་དུས་སྒྲུབ་དུས། དུས་དང་རྣམ་པ་ཐམས་ཅད་དུ་སྤྱོད་ལམ་ཞི་དུལ་དྲན་ཤེས་བག་ཡོད་བརྟེན་ཏེ་ཆོས་ཞིག་ཉན་པའི་ཚེ་ནའང་། སྣོད་ཀྱི་སྐྱོན་གསུམ། དྲི་མ་དྲུག མི་འཛིན་པ་ལྔ་སོགས་སྤང་། ཁྱད་པར་དུ་ཐོས་བསམ་ཅུང་ཟད་རེ་བྱས་ནས་རྟོག་གེ་བར་གྱུར་ཏེ། བླ་མས་མན་ངག་གི་གནད་གསང་ཇི་འདྲ་བ་ཞིག་གསུངས་ཀྱང་འདི་ཚོ་ངས་ཤེས། འདི་བས་ལྷག་ཞིག་ཀྱང་ངས་ཤེས། འདིས་གསུངས་རྒྱུ་འདི་ཚོ་ཕལ་ཆེར་ནོར་འདུག འདི་ལྟར་རེད་སྙམ་དུ་རང་རྒྱུད་ང་རྒྱལ་གྱི་སྦོས། གཞན་གྱི་སྐྱོན་ལ་རྟོག བཤད་ཚད་འགལ་འདུར་གོ་བ་དེ་ཆོས་ཤེས་པ་རང་རྒྱུད་ལ་མ་སྦྱར་བས་ཆོས་དྲེད་དམ་ཉམས་རྒྱུད་གསོར་མི་རུང་བར་སོང་བས་དེ་ཚོ་བས་བླུན་པོ་སྡིག་ཅན་ཞིག་ཡིན་ཀྱང་དད་མོས་ཡོད་པའི་སྐྱེ་བོ་ཕལ་བ་དེ་ཚོས་དགའ་སྟེ། སྡིག་ཅན་ཆོས་ཀྱི་ཐུལ་ཀྱང་། ཆོས་དྲེད་ཆོས་ཀྱི་མི་ཐུལ་ཟེར་བ་ལྟར་རོ། །དེ་ལྟ་བུའི་ཆོས་ཉན་ཚུལ་དང་སྒྲུབ་ཚུལ་ནི་གལ་ཆེ་སྟེ། གནད་དུ་མ་སོང་བའི་ཆོས་ཤིག་ཡུན་རིང་པོར་བསྒྲུབ་པ་བས། གནད་ཤེས་པའི་ཆོས་ཅུང་ཟད་ཅིག་གིས་དགའ་སྟེ༑ དཔེར་ན་གནད་ལ་ཕོག་ན་མྱུར་དུ་སྲོག་འགག་པ་ལྟར་བླ་མའི་མན་ངག་གིས་གནད་ཁྱད་པར་ཅན་གྱིས་ཟིན་ན་ཐོག་མེད་ནས་གོམས་པའི་འཁྲུལ་རྟོག་འདི་ཡང་མྱུར་དུ་འགག་པ་ལ་ཚེགས་མེད་པ་ཞིག་འོང་བས། ཆོས་སྒྲུབ་སྔ་བྱེད་པ་ལས་སྒྲུབ་ཚུལ་ཤེས་པ་གལ་ཆེའོ། །ཡང་འདུ་ཤེས་བཞི་ཡང་བསྟེན་པར་བྱ་སྟེ། རང་ཐོག་མེད་ནས་ཉོན་མོངས་པའི་གཞན་དབང་དུ་གྱུར་ཏེ་སྡུག་བསྔལ་གྱིས་གཟིར་བའི་ནད་པ་ལྟ་བུ་འདི་ལ་བླ་མ་སྨན་པ་མཁས་པ་ལྟ་བུ་བླ་མས་རང་བློ་དང་འཚམས་པའི་གདམས་ངག་ནད་བརྒྱ་སྨན་གཅིག་ལྟ་བུ་བསྟན་པ་འདི་ཉམས་སུ་བླངས་ཏེ་ཉིན་རེ་བཞིན་ཉོན་མོངས་པའི་རྟོག་པ་ཇེ་ཞིར་འགྲོ་བ་ཞིག་བྱའོ་སྙམ་དུ་བསམ་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ཡང་ལྡན་པར་བྱའོ། །དེ་ལྟར་མིན་པར་ང་བླ་མ་འདིའི་མདུན་ནས་ཆོས་ཞིག་ཐོབ་ན་རྙེད་པ་འདི་ལྟ་བུ་ཨེ་ལོན། སྙན་པ་དང་གྲགས་པ་འདི་ལྟ་བུ་ཞིག་ཨེ་ཡོད་སྙམ་ནས་དམ་ཚིག་ལ་འདང་མི་རྒྱག བླ་མ་ལ་དྲིན་དུ་མི་རྩི། མན་ངག་ཟོང་དུ་འཚོང་བའི་གང་ཟག་དེས་ནི་བླ་མའི་སྐུ་ཚེ་དང་མཛད་ཕྲིན་ལ་གནོད། རང་ཉིད་ཆོས་ལ་བརྟེན་ནས་ངན་སོང་དུ་འགྲོ་སྟེ། མཉམ་མེད་དྭགས་པོས། ཆོས་ཆོས་བཞིན་དུ་མ་སྒྲུབ་ན། །ཆོས་ཀྱིས་སླར་ངན་སོང་དུ་འགྲོ་བའི་རྒྱུ་བྱེད་ཅེས་གསུངས་པ་ལྟར་བླ་མ་ལ་གླ་བ། ཆོས་ལ་གླ་རྩིའི་འདུ་ཤེས་སོགས་ལོག་པའི་འདུ་ཤེས་བཞི་ལྡན་གྱི་སློབ་མ་ཞེས་བྱ་བས་དེ་ལ་མན་ངག་ཟབ་མོ་རྣམས་རླུང་ཕྱོགས་ཙམ་ཡང་སྟོན་མི་རུང་ངོ་།།སྔོན་འགྲོ་དངོས་ལ། རང་རྒྱུད་འདུལ་བའི་སྔོན་འགྲོ་དང་། རང་རྒྱུད་སྦྱོང་བའི་སྔོན་འགྲོ་གཉིས། དང་པོ་ལ་ཁྲིད་ཚུལ་གཞན་དུ་དལ་འབྱོར་རྙེད་དཀའ་སོགས་བློ་ལྡོག་རྣམ་པ་བཞི་གསུངས། འདིར་གསུམ་ལས་མེད་ཀྱང་འཁོར་བའི་སྡུག་བསྔལ་དྲན་པའི་ཞོར་ལ་ལས་འབྲས་ཀྱང་དྲན་པར་བྱ་སྟེ་ངན་སོང་གསུམ་སོགས་སྲིད་པའི་གནས་འདི་ན་སྡུག་བསྔལ་ཇི་སྙེད་ཡོད་པ་ཐམས་ཅད་མི་དགེ་བའི་དབང་ལས་ཡིན་པ་དང་།མཐོ་རིས་སོགས་ན་གནས་སྐབས་བདེ་བ་ལྟར་སྣང་བ་ཇི་སྙེད་པ་དགེ་བ་ལས་བྱུང་བ་ཡིན་པར་ཤེས་ཤིང་དྲན་ནས་ཡིད་ཆེས་པར་འགྱུར་རོ། །དེས་ན་འདིར་ཐོག་མར་འཁོར་བའི་སྡུག་བསྔལ་བསམ་པའི་ཚུལ་གསུངས་པ་འདི་ཡང་ཡང་བསམ་སྟེ་རྒྱུད་ལ་འབྱོར་ངེས་པ་ཞིག་དགོས་ཏེ། བཅོམ་ལྡན་འདས་ཀྱིས་ཐོག་མར་ཆོས་འཁོར་དང་པོ་བསྐོར་ཚེ་ཀཽཎྜ་ཎྱ་འདི་ནི་སྡུག་བསྔལ་ལོ་ཞེས་པ་ལ་སོགས་པ་སྡུག་བསྔལ་གྱི་བདེན་པ་དང་པོ་གསུངས་པ་དེ་འཁོར་བ་སྡུག་བསྔལ་དུ་མ་ཤེས་ན་ཐར་ལམ་རྣམ་པར་དག་པ་ཞིག་རྒྱུད་ལ་མི་འབྱུང་བ་ལ་དགོངས་པའི་ཕྱིར་རོ། །སྔོན་དུས་བླ་མས་ཁྲིད་རྐང་རིམ་པ་བཞིན་བཏབ་སྟེ། སློབ་མས་ཀྱང་རིམ་བཞིན་བློ་སྦྱངས་ཏེ་སྔ་མ་འབྱོངས་དུས་ཕྱི་མ་ཕྱི་མ་ལ་རིམ་གྱིས་སློབ་པ་ཡིན་ཀྱང་། དེང་སང་ཁྲིད་སྦྱོངས་བྱེད་པ་ཡིན་ཟེར་ནས་བློ་ལྡོག་པ་རྣམ་པ་བཞི་ལ་འདང་ཙམ་ཡང་མི་རྒྱག་པར་འབུམ་ལྔ་བསོགས་པའི་ཁྲལ་ལས་ལྟ་བུ་མགོ་མེད་པས་སྦྱང་པ་གནད་དུ་མ་སོང་བ་དེས་ཅི་ཡང་མི་ཕན། དཔེར་ན་བཟའ་བཏུང་སྣ་ཚོགས་པ་ཞིག་ཡོད་པ་ལ་རེ་རེ་བཞིན་མཛུབ་ལྡག་རེ་བྱས་ན་མངར་སྐྱུར་སོགས་རོ་ཅུང་ཟད་རེ་ཚོར་བ་ཙམ་ལས་ཁོང་དུ་སོང་སྟེ་ལྟོ་བ་ལ་ཕན་ཐོགས་མེད་པ་ལྟར། ཆོས་སྣ་ཚོགས་ཞུས་ལོ་ཙམ་རེ་དང་། འགའ་ཞིག་ལ་གཟུགས་བརྙན་ཙམ་གྱི་སྦྱངས་པ་ཅུང་ཟད་རེ་བྱས་པས་སེམས་ལ་ཅི་ཡང་མི་ཕན་ནོ། །དེས་ན་སྙིང་ནས་འཁོར་བའི་སྡུག་བསྔལ་ལ་སྐྱོ་ཤས་དང་། འཇིག་རྟེན་འདིར་སྣང་གི་དངོས་པོ་ཐམས་ཅད་ལ་གཏིང་ནས་ཞེན་པ་ལོག་པ་ཞིག་མ་བྱུང་ན།ཆོས་ཅི་ཙམ་སྒྲུབ་ལོ་བྱས་ཀྱང་སྲིད་པའི་རྒྱུ་ལས་མི་འདའ་སྟེ། སྔོན་བྱོན་གྱི་སངས་རྒྱས་བྱང་སེམས། རྒྱ་བོད་ཀྱི་མཁས་གྲུབ་དགེ་བའི་བཤེས་གཉེན་ཇི་སྙེད་ཅིག་བྱུང་བ་དེ་ཐམས་ཅད་ཀྱི་ཐུགས་ཀྱིས་དོར་བ་མ་ཡིན་ཀྱང་རང་ཉིད་ལས་ངན་སྡིག་སྒྲིབ་ཆེ།ཉོན་མོངས་པའི་གཞན་དབང་ཁོ་ནར་སོང་ནས་བྲག་ཕུག་ཁ་བྱང་བསྟན་གྱི་ནང་དུ་ཉི་མ་མི་འཆར་བ་ལྟར། དད་པ་མེད། མོས་གུས་ཞན། བརྩོན་པ་ལྷོད་པའི་དབང་གིས་ཆོས་ཀྱི་ལམ་སྲོལ་དུ་མ་ཚུད་པར་ད་བར་དུ་ལུས་པ་ཡིན། ད་དུང་ཡང་ཚེ་འདི་བློས་མ་ཐོང་བར་སྙིང་པོ་ཅན་དུ་རློམ་ནས་འབད་པར་བྱས་ཀྱང་། དཔེར་ན་སེར་བའི་རིལ་བུ་ཞིག་ནོར་བུ་རིན་པོ་ཆེ་ཡིན་པར་རློམ་ནས་ཆད་པའི་ནང་ནས་བཏང་མི་བྲ་བར་བཟུང་ན་ཆུ་ཐིག་པ་ཞིག་ལས་ཅི་ཡང་མེད་པ་བཞིན་ཟས་གོས་རྙེད་བཀུར་སྙན་གྲགས་སྟོབས་འབྱོར་སོགས་ཅི་ལ་ཞེན་ཀྱང་སྙིང་པོ་མེད་པར་མ་ཟད་འཆི་ཁར་སྡུག་བསྔལ་གྱི་སྣོན་མར་འགྱུར་བའི་ཚུལ་ལ་བསམ་གཞིག་ལེགས་པར་བཏང་། སྔོན་བྱོན་གྱི་དམ་པ་ཐམས་ཅད་ཀྱིས་ཀྱང་འཁོར་བ་སྡུག་བསྔལ་དུ་ཤེས་ཤིང་འཇིག་རྟེན་གྱི་བྱ་བ་ཐམས་ཅད་རྒྱབ་ཏུ་བོར་ནས་མི་མེད་དབེན་པའི་རི་ཁྲོད་དུ་སྙིང་པོ་སྒྲུབ་པ་ལ་བརྩོན་ནས་གྲུབ་པ་ཐོབ་པ་ཤ་སྟག་ཡིན་མ་གཏོགས། ཆོས་དང་འཇིག་རྟེན་མཉམ་དུ་སྒྲུབ་ནུས་པ་སུ་ཡང་མ་བྱུང་བས་རང་ཉིད་ཀྱང་དེ་རྣམས་ཀྱི་མཛད་སྤྱོད་རྣམ་ཐར་གྱི་རྗེས་སུ་སློབ་པར་བྱས་ནས་འཁོར་བ་ལ་བློ་ལྡོག་ངེས་པ་ཞིག་བྱ་དགོས་སྙམ་དུ་ཁྲིད་ཡིག་གི་ནང་ལྟར་འཁོར་བའི་སྡུག་བསྔལ། དལ་འབྱོར་རྙེད་དཀའ། ཚེ་མི་རྟག་པ་རྣམས་བསྒོམ་པར་བྱའོ། །དེ་ཡང་འཁོར་བ་སྡུག་བསྔལ་དུ་བསམ་པའི་སྐབས་སུ་འཁོར་བའི་བདེ་སྡུག་གི་རྒྱུ་ལས་འབྲས་ལ་ཡིད་ཆེས་དང་། སྡུག་བསྔལ་དང་ལྡན་པའི་སེམས་ཅན་གཞན་ལ་སྙིང་རྗེ་དང་། འཁོར་བ་ལས་སྐྱོབ་ནུས་པའི་དཀོན་མཆོག་ལ་དད་པ་དང་། བདེ་སྡུག་གཏོང་ལེན་བྱེད་པ་སོགས་ཆུན་གཅིག་ཏུ་བསྒོམ་པ་མན་ངག་ཡིན་གསུངས།དལ་འབྱོར་རྙེད་དཀའི་སྐབས་སུ་དལ་ཁོམས་རེས་འགའི་ཆོས་ཙམ་གྱིས་མི་འོང་དབུལ་པོས་ཡིད་བཞིན་ནོར་བུ་རྙེད་པ་ལྟར་སྙིང་ཐག་པ་ནས་རྙེད་དཀའ་ཞིང་དོན་ཆེ་བའི་ཚུལ་ལ་བསམ་ནས་ཉི་མ་གཅིག་གམ་ཆུ་ཚོད་གཅིག་ཙམ་ཡང་སྟོང་ཟད་དུ་མ་སོང་བར་མི་ཡི་ལུས་ལ་སྙིང་པོ་ལོན་པ་ཞིག་དགོས་སྙམ་པའི་བསམ་པ་དུང་ངེ་བ་ཞིག་ཡོད་དགོས་པ་མ་གཏོགས། སྐོར་རེ་སྐོར་གཉིས་ཙམ་ལ་བསྒོམས་པས་གར་ཡང་མི་ཕྱིན་གསུངས། ཚེ་མི་རྟག་པའི་སྐབས་སུའང་། རྟག་ཏུ་འཆི་བ་དྲན་ཞིང་ཟ་ཉལ་འགྲོ་འདུག་སྨྲ་བརྗོད་སོགས་ཅི་བྱེད་ནའང་འདི་ནི་སྤྱོད་ལམ་འདིའི་ཐ་མའོ་སྙམ་དུ་སྒོ་གསུམ་གྱི་བྱ་སྤྱོད་ཐ་མལ་དུ་མ་སོང་བ་ཞིག་ཨེ་ཐོན་བལྟ་དགོས། དེ་ལྟར་འོང་ན་དམ་པའི་ལྷ་ཆོས་ཐམས་ཅད་ཤུགས་གྱིས་འགྲུབ་པ་ལ་ཚེགས་མེད་པས་ནང་པ་སངས་རྒྱས་པའི་སྒོམ་ཐམས་ཅད་ཀྱི་ནང་ན་འདི་ལས་གལ་ཆེ་བ་མེད། འཆི་བ་མ་དྲན་པའི་ཆོས་དེ་ལྟར་སྣང་ལ་ཇི་ལྟར་བཟང་ཡང་ཚེ་འདིར་ཤོར་བས་ཆོས་གོ་མི་ཆོད་གསུངས། དེ་ལྟར་བློ་སྦྱོང་རྣམ་པ་གསུམ་གྱིས་རང་རྒྱུད་འདུལ་བ་དེ་ནི་ཐོག་མར་གཅེས་ཏེ། དཔེར་ན་གོ་བ་གྱོང་པོ་ས་སྦང་མ་བྱས་ན་སྣུམ་གྱིས་མི་འདུལ་བ་དང་། ཞིང་ས་ཐ་རྒོད་གཤོལ་གྱིས་མ་རྨོས་ན་ལོ་ཏོག་མི་སྐྱེ་བ་བཞིན། ཐོག་མེད་ནས་གོམས་པའི་ཀུན་རྟོག་ངན་པས་སེམས་རྒྱུད་གྱོང་པོར་སོང་བ་འདི་མ་དུལ་ན་སྐྱབས་སེམས་ནས་དངོས་གཞིའི་བར་གྱི་ཉམས་རྟོགས་ཀྱི་ཡོན་ཏན་རྣལ་མ་ཞིག་འབྱུང་མི་སྲིད་པས་འབུམ་ལྔ་བསོགས་པ་དང་། དངོས་གཞིའི་ཉམས་ལེན་ལ་འཇུག་སྔ་མི་བྱེད་པར་བློ་སྦྱོང་འདི་རྣམས་རྒྱུད་ལས་དྲོད་ངེས་བྱེད་པ་གལ་ཆེའོ། །དེ་ལྟར་ཁྲིད་གཞུང་ལྟར་བློ་སྦྱོང་བའི་ཚེ་དྲན་བསྐུལ་གྱི་ཚིག་ངག་ཏུ་བརྗོད་པར་གསུངས་པ་རྣམས་སྨྲེ་སྔགས་གིས་དལ་བུའི་ཚིག་སྣ་ཅུང་ཟད་རིང་བ་རྣམས་ཀྱང་དུམ་བུར་བཅད་དེ་ལན་མང་དུ་བརྗོད། དེ་ཐམས་ཅད་ཀྱི་རྗེས་སུ་དེ་དག་གི་དོན་དྲན་བཞིན་གཞན་ལ་སྙིང་རྗེའི་བློ་བསྐྱེད་དེ། ཀྱེ་མ་ཀྱེ་མ་མི་རྟག་སོགས་ནས། ད་ལྟ་ཉིད་དུ་ཐར་བར་བྱིན་གྱིས་རློབས། །ཞེས་པའི་བར་ལན་གསུམ་སོགས་དང་། ཀྱེ་མ་ཀྱི་ཧུད་དཀོན་མཆོག་སོགས་ལན་གསུམ་ལ་སོགས་པ་གདོན་པར་བྱའོ།།༈ །།གཉིས་པ་རང་རྒྱུད་སྦྱང་བའི་སྔོན་འགྲོ། དཔེར་ན་གོ་བ་བརླན་པར་བྱས་པ་སྣུམ་གྱིས་མཉེ་བ་དང་། ཞིང་ས་གཤིན་པོ་ལ་ས་བོན་བཏབ་ནས་ཆུ་ལུད་བཀྲམ་པ་བཞིན།ལམ་ལོག་པ་ལས་སྐྱོབ་པའི་ཕྱིར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་།ལམ་དམན་པ་ལས་སྐྱོབ་པའི་ཕྱིར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། སྡིག་སྒྲིབ་ཉམས་ཆགས་ཐམས་ཅད་དག་པའི་ཕྱིར་བླ་མ་རྡོ་རྗེ་སེམས་དཔའ་བསྒོམ་བཟླས་བྱ་བ་དང་། བསོད་ནམས་ཀྱི་ཚོགས་རྫོགས་པའི་ཕྱིར་མཎྜལ་འབུལ་བ་དང་། བྱིན་རླབས་བཙན་ཐབས་སུ་རྒྱུད་ལ་སྐྱེ་བའི་ཕྱིར་བླ་མའི་རྣལ་འབྱོར་བསྒོམས་པ་རྣམས་ལས༑ དང་པོ་ནི་རྣམ་པར་གྲོལ་བའི་ཆོས་ཐམས་ཅད་ཀྱི་སྒོ་འབྱེད་པ་དང་། སྡོམ་པ་ཐམས་ཅད་ཀྱི་རྟེན་གཞིར་གྱུར་པ་སྐྱབས་འགྲོ་ཡིན་ཞིང་། སྐྱབས་འགྲོའི་སྒོ་འབྱེད་པ་ནི་དད་པ་ཡིན་ལ། དེ་ཡང་ཐོག་མར་དཀོན་མཆོག་གསུམ་གྱི་མཚན་དང་ཆེ་བའི་ཡོན་ཏན་ཐོས་པ་དང་། དཀོན་མཆོག་གི་རྟེན་མཐོང་བ་དང་། ཡིད་ལ་དྲན་པ་ཙམ་གྱི་མོད་ལ་སྙིང་ནས་དགའ་ཞིང་སྤྲོ་བའི་སེམས་ཀྱི་ལུས་བ་སྤུ་གཟེང་། མིག་མཆི་མ་འཁྲུགས་པ་ཞིག་བྱུང་ན་དྭངས་བའི་དད་པ་ཞེས་བྱ། དེ་ནས་མཆོག་གསུམ་གྱི་ཡོན་ཏན་དེ་ལྟ་བུ་རང་གཞན་གྱི་རྒྱུད་ལ་སྒྲུབ་འདོད་ཀྱི་དོན་གཉེར་བཀྲེས་པ་ཟས་དང་སྐོམ་པ་ཆུར་གདུང་བ་ལྟ་བུ་འབྱུང་ན་འདོད་པའི་དད་པ་ཡིན། དེ་ནས་ཕྱི་རོལ་པའི་དྲང་སྲོང་༑ འཇིག་རྟེན་པའི་ལྷ་ཀླུ་མཐུ་བོ་ཆེ། མི་དཔོན་ཆེ་གྲག་སུས་ཀྱང་སྐྱོབ་མི་ནུས་པའི་ལམ་ལོག་པ་འཁོར་བའི་འཁྲུལ་སྣང་འདི་ལས་ངེས་པར་སྐྱོབ་ནུས་པ་ནི་དཀོན་མཆོག་གསུམ་ཁོ་ནའོ་སྙམ་དུ་སྙིང་ནས་ཡིད་ཆེས་ཏེ་རང་གི་སྲོག་པ་བབས་ཀྱང་དཀོན་མཆོག་གསུམ་སྐྱབས་སུ་བསྟེན་པ་འདི་ལས་བློ་ལྡོག་པར་མི་བྱའོ་སྙམ་པ་ཞིག་བྱུང་ན་ཡིད་ཆེས་པའི་དད་པ་ཞེས་བྱ། དེ་ལྟ་བུའི་དད་པ་ཞིག་རྒྱུད་ལ་བྱུང་ན་མཆོག་གསུམ་གྱི་སྐྱབས་འོག་ཏུ་ཚུད་ཀྱི། རང་ལ་དད་པ་མེད་ན་དཀོན་མཆོག་གི་བྱིན་རླབས་འཇུག་མི་ནུས་ཏེ། དཔལ་སྤྲུལ་རིན་པོ་ཆེ་ལ་འགའ་ཞིག་གིས་སྐྱབས་འཇུག་ཞུས་ཚེ།སྐྱ་འཛུག་སྔོ་འཛུག་ཚོ་ངས་ཀྱང་མི་ཤེས། རང་རང་གི་དཀོན་མཆོག་གསུམ་ལ་ཡིད་ཆེས་ཤེས་ཀྱི་དད་པ་ཞིག་མེད་ན། ལུག་ར་བའི་ནང་དུ་བཅུག་པ་ལྟར་གཅིག་གིས་གཅིག་མཆོག་གསུམ་གྱི་སྐྱབས་འོག་ཏུ་འཛུད་རྒྱུ་ག་ལ་ཡོད་གསུངས། དེ་བས་ན་དེ་ལྟ་བུའི་དད་པའི་གདུང་ཤུགས་དྲག་པོས་སྐྱབས་སུ་འགྲོ་བ་ནི་ཆོས་ཐམས་ཅད་ཀྱི་རྩ་བ་ཁང་པའི་རྨིང་གཞི་ལྟ་བུ་ཡིན་པས་དོན་ཆུང་བར་སེམས་པར་མི་བྱ་སྟེ། སྔོན་ཇོ་བོ་རྗེས་བོད་དུ་སྐྱབས་འགྲོ་ཁོ་ནར་གསུངས་པས་ན་སློབ་མ་ཞིག་གིས་ཇོ་བོ་ལ་ཁྱེད་ཀྱིས་མདོ་རྒྱུད་ཀྱི་ཆོས་མང་པོ་མཁྱེན་ན་སྐྱབས་འགྲོ་ཁོ་ན་ཅིའི་ཕྱིར་གསུངས། ཁྱེད་ལ་སྐྱབས་འགྲོའི་པཎྜི་ཏ་ཞེས་གླེང་གིན་འདུག་ཞུས་པས་ཇོ་བོ་ཐུགས་དགྱེས་ཏེ་ངའི་མིང་དེས་ཀྱང་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་བྱས། སྐྱབས་འགྲོ་ལས་ལྷག་པའི་ཆོས་ཞིག་གང་ན་ཡོད་གསུངས། དེ་ལྟར་དད་པ་དང་ལྡན་པས་སྐྱབས་སུ་འགྲོ་བ་ལ་ཚོགས་ཞིང་གསལ་གདབ་པ་ནི། རང་ཉིད་འདུག་པའི་ས་ཕྱོགས་ཐམས་ཅད་ཐ་མལ་པ་འདི་ལྟ་བུ་མ་ཡིན་པར་ཆོས་ཀྱི་དབྱིངས་དང་མཉམ་པའི་རྒྱ་ཁྱོན་ལ་དག་པའི་ཞིང་གི་བཀོད་པས་མཛེས་པར་བྱས་པའི་རང་བཞིན་དུ་བསམ་ལ། དེའི་དབུས་རང་མདུན་གྱི་ཐད་དྲང་པོ་ཅུང་ཟད་རིང་བ་ན་དཔག་བསམ་གྱི་སྡོང་པོ་ཡལ་ག་ལྔ་པ་ནམ་མཁའི་དབྱིངས་ཐམས་ཅད་ཁྱབ་པའི་ཡལ་ག་དང་ལོ་མ་ཐམས་ཅད་ནོར་བུ་རིན་པོ་ཆེ་དང་།དྲིལ་གཡེར་དང་། འཕྱང་འཕྲུལ་དང་། རིན་པོ་ཆེའི་དྲྭ་བ་དྲྭ་ཕྱེད། དར་སྣ་ཚོགས་པའི་རྒྱན་གྱིས་མཛེས་པར་བརྒྱན་པའི་དབུས་ཀྱི་ཡལ་ག་ཅུང་ཟད་མཐོ་བའི་སྟེང་དུ་སེངྒེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་པདྨ་ཉི་མ་ཟླ་བའི་གདན་གྱི་དབུས་སུ། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་མཚུངས་མེད་ཐུགས་རྗེའི་གཏེར་མཛོད་དཔལ་ལྡན་རྩ་བའི་བླ་མ་དང་དབྱེར་མེད་པའི་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཕྱག་གཡས་རིག་སྟོང་གི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་འཛིན་པ།གཡོན་མཉམ་བཞག་གི་སྟེང་ན་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་ཀ་པ་ལ ་དང་བྱེ་རུའི་བུམ་པ་དཔག་བསམ་ཤིང་གི་ཁ་རྒྱན་ཅན་བསྣམས་པ། སྐུ་ལ་ནང་ནས་རིམ་པ་བཞིན་རྡོ་རྗེའི་གསང་གོས་དཀར་པོ། སྔགས་ཀྱི་ཕོད་ཆེན་མཐིང་ག ཆོས་གོས་དམར་པོ་ཟ་འོག་གི་བེར་སྨུག་རྣམས་བརྩེགས་མལ་གསོལ་བ། དབུ་ལ་པདྨ་མཐོང་གྲོལ་རྡོ་རྗེའི་ཏོག་གི་རྩེར་རྒོད་ཀྱི་ལྡེམ་འཕྲུས་མཛེས་ཤིང་དར་སྣ་ལྔའི་ཅོད་པན་འཕུར་བ་གསོལ་བ། པང་གཡོན་དུ་མི་འགྱུར་བའི་བདེ་བ་ཆེན་པོ་དང་། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཟུང་དུ་འཇུག་པའི་བརྡར་མཚོ་རྒྱལ་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པས་འཁྲིལ་བ། དེའི་དབུ་གཙུག་ན་ཤྲཱི་སིངྷ་དང་། འཇམ་དཔལ་བཤེས་གཉེན་དང་། དགའ་རབ་རྡོ་རྗེ་རྣམས་ཐོར་བརྩེགས་སུ་བཞུགས་པའི་སྟེང་གི་ནམ་མཁར་འཇའ་འོད་འཁྱིལ་པའི་ཀློང་ན་ལོངས་སྐུ་རིགས་ལྔ་ཡབ་ཡུམ་གྱི་མཐའ་བསྐོར་དུ་སེམས་དཔའ་བརྒྱད། སེམས་མ་བརྒྱད་རྣམས་ལོངས་སྤྱོད་རྫོགས་སྐུའི་རྒྱན་ཆས་བཅུ་གསུམ་གྱིས་བརྒྱན་ཅིང་ཞི་བའི་ཚུལ་དགུས་བརྗིད་པ་དང་། འགྲོ་འདུལ་ཐུབ་པ་དྲུག་སྤྲུལ་སྐུའི་ཆ་བྱད་ཅན་དང་། དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན་པའི་སྒོ་བ་ཡབ་ཡུམ་བརྒྱད་རྣམས་ཀྱིས་བསྐོར་བ། དེའི་སྟེང་གི་ནམ་མཁར་ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ་ཆོས་སྐུའི་ལྷ་ཚོགས་ཀྱིས་བསྐོར་བར་གསལ། མདུན་གྱི་ཡལ་གའི་སྟེང་དུ་མེ་རི་དང་མེ་དཔུང་འབར་བའི་ཀློང་ན་ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་ཆེ་མཆོག་ཧེ་རུ་ཀ་དང་། ཁྲག་འཐུང་རིགས་ལྔ་ལ། མ་མོ་ཀཽ་རི་མ་བརྒྱད། ཕྲ་མེན་སེངྷ་མ་བརྒྱད། སྒོ་མ་བཞི་རྣམས་ཀྱིས་བསྐོར་བ་ཐམས་ཅད་ཀྱང་དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན་ཅིང་། གར་དགུའི་ཉམས་ཀྱིས་བརྗིད་པར་བཞུགས་པའི་ཕྱོགས་མཚམས་སུ་ཡི་དམ་རྒྱུད་སྡེ་དྲུག་དང་། སྒྲུབ་སྡེ་བཀའ་བརྒྱད་ཀྱི་ལྷ་ཚོགས་ཐམས་ཅད་ཡོད་པར་བསམ། གཡས་ཀྱི་ཡལ་གའི་སྟེང་དུ་མར་མེ་མཛད། ཤཱཀྱ་ཐུབ་པ། བྱམས་པ་མགོན་པོ་རྣམས་ཀྱིས་གཙོས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་ཅིང་ཆོས་གོས་རྣམ་པ་གསུམ་གསོལ་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་ཤིང་། ཕྱག་ས་གནོན། མཉམ་བཞག མཆོག་སྦྱིན། སྐྱབས་སྦྱིན།བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། སྐུ་མདོག་དཀར་སེར་དམར་ལྗང་མཐིང་ག་ལ་སོགས་པའི་རྣམ་པར་བཞུགས་པའི་མཐའ་བསྐོར་དུ་ཉེ་བའི་་སྲས་ཆེན་བརྒྱད་ལ་སོགས་པའི་བྱང་ཆུབ་སེམས་དཔའི་ཚོགས་སྐུ་མདོག་ཕྱག་མཚན་སྣ་ཚོགས་པ། ལོངས་སྐུའི་རྒྱན་གྱིས་མཛེས་ཤིང་ཞབས་བཞེངས་སྟབས་སུ་བཞུགས་པ། དེའི་མཐའ་བསྐོར་དུ་ཤཱ་རིའི་བུ་དང་། མོའུ་གལ་གྱི་བུ་ལ་སོགས་པ་ཉན་རང་འཕགས་པའི་དགེ་འདུན་དཔག་ཏུ་མེད་པ་ཐམས་ཅད་ཀྱང་དབུ་རེག་ཞབས་རྗེན། སྐུ་ལ་ཆོས་གོས་རྣམ་པ་གསུམ་གསོལ་ཞིང་ཕྱག་ན་འཁར་གསིལ་དང་ལྷུང་བཟེད་ཐོགས་པ། ཞབས་བཞེངས་སྟབས་སུ་བཞུགས་པར་གསལ། གཡོན་གྱི་ཡལ་གའི་སྟེང་དུ་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་དང་། དཔལ་ལྡན་རྡོ་རྗེ་ཕག་མོ་ལ་གནས་གསུམ་གྱི་དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ། དེ་ཐམས་ཅད་ཀྱི་སྐུ་ལ་རུས་པའི་རྒྱན་ལ་སོགས་པས་མཛེས་ཤིང་སྐུ་མདོག་ཕྱག་མཚན་སྣ་ཚོགས་པ། རྒྱབ་ཀྱི་ཡལ་གའི་སྟེང་དུ་དམ་པའི་ཆོས་དཀོན་མཆོག་འཇའ་དང་འོད་ཀྱི་དྲྭ་མིག་གི་ཀློང་ན་ཡི་གེ་གླེགས་བམ་གྱི་རྣམ་པར་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིས་སྟེང་མ་བྱས་ཏེ་གདོང་དར་མདུན་ཕྱོགས་སུ་ཁྲ་ཤིག་གེར་ཡོད་པ། ཨཱ་ལི་ཀཱ་ལིའི་རང་སྒྲ་སྒྲོག་པར་བསམ།དཔག་བསམ་ཤིང་གི་ཡལ་ག་ཆེ་བ་བཞི་པོའི་འོག་གི་མཐའ་བསྐོར་གྱི་ཡལ་ག་དང་ལོ་མ་རྣམས་ཀྱི་སྟེང་དུ། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་དང་། བཀའ་སྲུང་དམ་ཅན་སྡེ་བདུན་སོགས་བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཆོས་སྐྱོང་ཕོ་རྒྱུད་ཐམས་ཅད་ཞལ་ཕྱིར་ཕྱོགས་ཏེ་བགེགས་ཚོགས་ལོགས་པར་འདྲེན་པ་ཐམས་ཅད་ཕྱིར་བསྐྲད་ནས་ཕྱིའི་བར་ཆད་ནང་དུ་མི་འཇུག་པའི་ལས་མཛད་ཆོས་སྐྱོང་མོ་རྒྱུད་ཐམས་ཅད་ཀྱི་ཞལ་ནང་དུ་ཕྱོགས་ཏེ་ནང་གི་དངོས་གྲུབ་ཕྱིར་མི་གཏོང་བའི་ལས་མཛད་དེ་བཞུགས་ཤིང་། ཚོགས་ཞིང་གི་ལྷ་ཚོགས་དེ་ཐམས་ཅད་ཀུན་སྐུ་འོད་དང་འོད་ཟེར་གྱི་ཕུང་པོ་འབར་ཞིང་བདག་སོགས་འགྲོ་བ་རྣམས་ལ་དགྱེས་པའི་ཞལ་གྱིས་ཕྱོགས་ཤིང་། འཛུམ་པའི་སྤྱན་གྱིས་གཟིགས། ཐུགས་མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད་ཅན་གྱིས་བརྩེ་བས་དགོངས། གསུངས་ཚངས་པའི་དབྱངས་ཀྱིས་འཁོར་བ་ངན་སོང་གི་སྡུག་བསྔལ་ལས་དབུགས་དབྱུང་བར་བསམ་ལ། ཚོགས་ཞིང་དེ་རྣམས་ཀྱི་མདུན་ས་གཞིའི་ངོས་རང་གི་གཡས་སུ་སྐྱེ་བ་ད་རེས་ཀྱི་ཕ། གཡོན་ན་མ༑ མདུན་དུ་སྡང་བྱེད་ཀྱི་དགྲ་དང་། གནོད་བྱེད་ཀྱི་བགེགས། རྒྱབ་ཏུ་ལན་ཆགས་ཀྱི་བདག་པོ་བདག་མོ། མཐའ་སྐོར་དུ་རིགས་དྲུག་གི་སེམས་ཅན་ཐམས་ཅད་མའི་ལུས་རྟེན་དུ་ས་ཆེན་པོའི་ངོས་ན་རྡུལ་འཁྲིགས་པ་ལྟར་འཁོད་པར་བསམ་ནས། བདག་གིས་བྱང་འདྲེན་བྱས་ཏེ་ངག་གུས་པའི་སྒོ་ནས་སྐྱབས་འགྲོའི་ཚིག་བརྗོད་ཚེ་ཐམས་ཅད་ཀྱིས་ཀྱང་འུར་དིར་གྱིས་སྒྲོག་པར་བསམ། ལུས་གུས་པའི་སྒོ་ནས་ཐལ་མོ་སྦྱར།ཡིད་གུས་པའི་སྒོ་ནས་མ་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་བསྒྲལ་བའི་ཕྱིར། དུས་དེ་རིང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་མཐོ་རུ་གཏོང་ངམ། དམའ་རུ་གཏོང་ངམ། སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་སྐྱབས་དང་སྐྱོབས་པ་མགོན་དང་དཔུང་གཉེན་གཞན་ནས་མི་འཚོལ་བར་མཆོག་གསུམ་རྩ་བ་གསུམ་གྱི་ལྷ་ཚོགས་ཁྱེད་ཅིག་བརྟེན། ཁྱེད་ཅིག་སྒྲུབ། ཁྱེད་ཁོ་ན་ལ་སྐྱབས་བཅོལ་བར་བྱའོ་སྙམ་དུ་སྙིང་ཐག་པ་ནས་དམ་བཅའ་བར་བྱའོ། ། དེ་ཡང་སྐྱབས་འགྲོའི་ངོ་བོ་གསོལ་བ་འདེབས་པ་ཙམ་མ་ཡིན་པར་ངེས་པར་དམ་བཅའ་བ་ཡིན་ལ། དམ་བཅའ་བའི་ཚུལ་ནི་ཕྱི་ནང་གསང་བ་གསུམ་ལས། ཕྱི་ལྟར་ན་དཀོན་མཆོག་གསུམ་ལ་སྟོན་པ་ལམ་གྲོགས་ཀྱི་ཚུལ་དུ་དམ་བཅའ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཁོ་ན་བདག་གི་སྟོན་པ་ཡིན་མ་གཏོགས་གཞན་ཕྱི་རོལ་པའི་སྟོན་པ་དང་། རྗེ་བོ་དཔོན་པོ། གཉེན་ཉེ་བ་སོགས་འཇིག་རྟེན་པའི་ལམ་སྟོན་རྣམས་བདག་གི་སྟོན་པ་མ་ཡིན་སྙམ་པ་དང་། དམ་པའི་ཆོས་ལ་ཐོས་བསམ་བསྒོམ་སྒྲུབ་བྱེད་པ་འདི་ཁོ་ན་བདག་གི་ལམ་ཡིན་གྱི་འཇིག་རྟེན་འཁོར་བའི་བྱ་བ་ཐམས་ཅད་བསྒྲུབ་བྱ་མ་ཡིན་སྙམ་པ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་ཁོ་ན་བརྟེན་པར་བྱ་བའི་གྲོགས་ཡིན། དེ་རྣམས་ལ་བློ་གཏོད་ཅིང་དེའི་རྗེས་སུ་སློབ་ཀྱི།དེ་ལས་གཞན་བྱིས་པ་དང་། སྡིག་པའི་གྲོགས་པོ་དང་། བློ་དམན་པའི་གང་ཟག་རྣམས་མ་ཡིན་པས་དེ་དག་ལ་བློ་མི་གཏོད། ལད་མོ་མི་བྱེད་སྙམ་དུ་དམ་བཅའོ། །ནང་ལྟར་ན་མཆོག་གསུམ་གྱི་ངོ་བོ་རྩ་བ་གསུམ་ལ་སྐྱབས་སུ་འགྲོ་བར་དམ་བཅའ་བ་སྟེ། སྒོ་གསུམ་བླ་མ་ལ་འབུལ། ཡི་དམ་ལ་བརྟེན། མཁའ་འགྲོ་ལ་གྲོགས་སུ་དམ་བཅའ་ཞིང་། གསང་བ་ལྟར་ན་རང་གི་སེམས་ཉིད་ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། ཐུགས་རྗེ་ཀུན་ཁྱབ་སྤྲུལ་སྐུ་ལ་ཡེ་ནས་སངས་རྒྱས་ཟིན་པ་འདི་མངོན་དུ་འགྱུར་པ་ཞིག་བྱ་སྙམ་དུ་སྐྱབས་དང་བསྐྱབ་བྱ་ཐ་དད་མེད་པའི་ཚུལ་དུ་དམ་འཆའ་བཞིན། ཁམས་གསུམ་རིགས་དྲུག་སོགས་ནས། དུས་གསུམ་ཐོག་མཐའ་མེད་པར་སྐྱབས་སུ་མཆི། ཞེས་པའི་བར་ལན་གསུམ་སོགས་མང་དུ་བརྗོད། ཡང་། ནམ་མཁའི་གནས་སུ་ནམ་མཁའ་ཞེས་པ་ལ་སོགས་པའི་ཤླཽ་ཀ་མང་དུ་གདོན་པར་བྱའོ། །ཐུན་འཇོག་ཁར་སླར་ཡང་དད་པ་དང་མོས་འདུན་དྲག་པོ་ཞིག་བྱས་པས་ཚོགས་ཞིང་གི་ལྷ་ཚོགས་རྣམས་ཀྱི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་བྱུང་།རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་ཕོག་པའི་རྐྱེན་གྱིས་བྱ་ཁྱུ་འུར་རྡོས་དཀྲོགས་པ་བཞིན་དུ་འུར་དུར་གྱིས་ཚོགས་ཞིང་གི་ལྷ་ཚོགས་རྣམས་ལ་ཐིམ། ཚོགས་ཞིང་དེ་རྣམས་ཀྱང་མཐའ་ནས་རིམ་བཞིན་བསྡུས་ཏེ་ཨོ་རྒྱན་ཆེན་པོ་ལ་ཐིམ། སྟེང་གི་ཆོས་སྐུའི་ལྷ་ཚོགས་རྣམས་ལོངས་སྐུ་ལ། ལོངས་སྐུ་རྣམས་དགའ་རབ་རྡོ་རྗེ་སོགས་སྤྲུལ་སྐུ་ལ། སྤྲུལ་སྐུ་རྣམས་འོད་དུ་ཞུ་ནས་ཨོ་རྒྱན་ཆེན་པོ་ལ་ཐིམ། ཨོ་རྒྱན་ཆེན་པོ་སླར་ཡང་རང་གི་ལུས་སྣང་ལ་ཐིམ་སྟེ་དམིགས་མེད་ཀྱི་ངང་ལ་ཅུང་ཟད་མཉམ་པར་བཞག་ནས་རྒྱུད་བྱིན་གྱིས་རླབས་པར་བསམ་མོ། །དགེ་བ་འདི་ཡིས་སོགས་འདོན། དེ་ལྟར་སྐྱབས་སུ་སོང་ནས་བཟུང་། དེའི་བསླབ་བྱ་རྣམས་སྲུང་བ་གལ་ཆེ་བས་དང་པོ་དགག་པའི་བསླབ་བྱ་གསུམ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ནས་ཚངས་དང་དབང་པོ་ཁྱབ་འཇུག་སོགས་ལྷ་ཀླུ་མཐུ་བོ་ཆེ་རྣམས་དང་། གཞི་བདག་སོགས་འཁོར་བར་འཁོར་བའི་ལྷ་དེ་རྣམས་ལ་སྐྱབས་མི་འཚོལ།འཇིག་རྟེན་པའི་ལྷ་དེ་དག་མཆོད་ཅིང་ལས་བཅོལ་དགོས་པའི་ཚེ་དཀོན་མཆོག་གི་ཕྲིན་ལས་སྒྲུབ་པའི་ཕོ་ཉ་བར་དམིགས་ཏེ་རྗེ་བོས་བྲན་ལ་བཟའ་བཏུང་སོགས་བྱིན་ནས་ལས་འདི་ལྟ་བུ་གྱིས་ཤིག་ཅེས་བསྒོ་བ་དང་འདྲ་བར་བྱེད་དགོས་ཀྱི། མཆོག་གསུམ་ཡིད་ཀྱིས་བོར་ཏེ་དེ་དག་ལ་རེ་བར་བྱས་ན་བསླབ་བྱ་ཉམས་ཤིང་འདི་ཕྱི་ཀུན་ཏུ་ཕོངས་བར་འགྱུར་རོ། །ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་གནོད་འཚེ་སྤང་དགོས། བླ་མ་སེར་མོ་བ་རྣམས་གྲོང་ཆོག་ཏུ་བྱོན་དུས། དེ་དག་གི་བཞེས་རྒྱུའི་དོན་དུ་ཡོན་བདག་དེས་སེམས་ཅན་ཞིག་དངོས་སུ་བསད་དེ་དྲངས་ན་སྐྱབས་འགྲོའི་བསླབ་བྱ་ཉམས་པར་མ་ཟད་སོ་བྱང་སྔགས་ཀྱི་སྡོམ་པ་ཐམས་ཅད་ཆུད་ཟ་ཞིང་། རང་གཞན་ཀུན་བསླུས་པར་བྱས་པས་དེ་བས་ཐུ་ཅི་ཡོད་གསུངས། ཡང་གནས་སྐབས་དེར་མ་བསད་ཀྱང་གཞན་ལས་ཤ་བསྐྱིས་ཏེ་དྲངས་ནའང་། ཕྱིས་ནི་སྐྱིན་པོའི་དོན་དུ་གསོད་དགོས་པས་འདྲ་གསུངས། དེར་མ་ཟད་བྱོན་པའི་ཚེའང་རྟ་ཁལ་ལ་སྡུག་ཆེན་པོ་གཏད་པའང་སངས་རྒྱས་ཀྱི་རྗེས་འཇུག་གི་ཚུལ་མ་ཡིན་ཏེ། སྔོན་སངས་རྒྱས་བཅོམ་ལྡན་འདས་འཁོར་དགྲ་བཅོམ་པའི་ཚོགས་མང་པོ་དང་བཅས་ཏེ་གྲོང་སོགས་སུ་བྱོན་པའི་ཚེ་ན་ཐམས་ཅད་ཞབས་ཐང་དུ་བྱོན་པ་དེ་སེམས་ཅན་ལ་འཚེ་བ་སྤང་དགོས་པས་ཡིན་གྱི་ཐབས་སྡུག་ནས་རྟ་རྒན་ཞིག་ཆིབས་རྒྱུ་མ་རྙེད་པ་ག་ལ་ཡིན།ཡང་ཇོ་བོ་རྗེ་བོད་དུ་བྱོན་དུས། བོད་ཀྱི་བླ་ཆེན་ཚོས་མངའ་ཐང་བསྐྱེད་དེ་རྟ་དྲེལ་མང་པོ་དེད་ནས་ཆིབ་བསུར་བྱོན་ཚེ། ཇོ་བོ་རྗེ་བཤུམས་ནས་སེམས་ཅན་མང་པོ་ལ་སྡུག་གཏོད་པ་འདི་འདྲ་བ་ཐུབ་པའི་རྗེས་འཇུག་གི་ཚུལ་མ་ཡིན་གསུངས་ནས་ཕྱིར་བྲོས་པའི་ལོ་རྒྱུས་གསུངས། དེས་ན་སེམས་ཅན་ལ་གནོད་པའི་ལས་ཕྲ་བ་ཚུན་ཆད་ཅི་ནུས་སུ་སྤང་བར་བྱ་དགོས། དགེ་འདུན་ལ་སྐྱབས་སུ་སོང་ནས་གྲོགས་མི་སྟེགས་ཅན་དངོས་སམ། མིན་ཀྱང་དཀོན་མཆོག་ལ་ཡིད་མི་ཆེས་ཞིང་། ཆོས་དགེ་བའི་ཕྱོགས་ལ་མི་དགའ་ཞིང་རྒྱབ་ཀྱིས་ཕྱོགས་པའི་གང་ཟག་དེ་འདྲ་ལ་མི་འགྲོགས་ཏེ།དེ་དང་ཁོ་བློ་སྤྱོད་གསུམ་གཅིག་པར་བྱས་ན་སྐྱབས་འགྲོའི་བསླབ་བྱ་ཉམས་པར་མ་ཟད་རང་རྒྱུད་ལ་ཡར་སྐྱེད་མེད་པའི་སྟེང་ཆོས་ཕྱོགས་ཀྱི་ཡོན་ཏན་དགེ་སྦྱོར་ཅུང་ཟད་རེ་ཡོད་པ་ཡན་ཆད་ཉམས་པར་འགྱུར་བས་གཟབ་པར་བྱ་དགོས་སོ། །དེ་ལྟར་སྐྱབས་སུ་སོང་ཞིང་བསླབ་བྱ་བསྲུངས་ན་དེའི་ཕན་ཡོན་ནི་དཔག་ཏུ་མེད་ཀྱང་བསྡུ་ན༑ ནང་པའི་ཁྱུར་འགྲོ། མཆོག་གསུམ་གྱི་སྐྱབས་འོག་ཏུ་ཚུད་པས་ན་ཚ་སྡུག་བསྔལ་དང་། མི་དང་མི་མིན་གྱི་གནོད་པ་ཐམས་ཅད་ཞི། སྔོན་གྱི་ལས་སྒྲིབ་འདགས།ཚེ་རབས་ཀུན་ཏུ་དཀོན་མཆོག་གི་སྣང་བ་དང་མི་འབྲལ། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་སོགས་སོ།། ༈ །།དེ་ནས་སེམས་བསྐྱེད་སྐྱེ་བ་ལ་སོགས་པའི་དོན་དུ་ཚོགས་བསགས་ཡན་ལག་བཅུ་པ་བྱ་སྟེ། སྔར་ལྟར་མཆོག་གསུམ་རྩ་བ་གསུམ་གྱི་ལྷ་ཚོགས་ལ་སྐྱབས་སུ་འགྲོ་བ་དང་། དབྱིངས་ནས་རྒྱལ་བ་ཞི་ཁྲོ་རབས་འབྱམས་ཀྱི་ལྷ་ཚོགས་ཐམས་ཅད་དད་མོས་དྲག་པོས་སྤྱན་འདྲེན་པ་དང་། རིན་པོ་ཆེ་དང་པདྨ་ཉི་མ་ཟླ་བ་ལ་སོགས་པའི་གདན་ལ་བཞུགས་སུ་གསོལ་བ་དང་། ལུས་རྡུལ་སྙེད་དུ་སྤྲུལ་ཏེ་སྒོ་གསུམ་གུས་པས་ཕྱག་འཚལ་བ་དང་། དངོས་འབྱོར་ཡིད་སྤྲུལ་གྱི་ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོ་ལྟ་བུའི་མཆོད་པ་དང་། ཐོག་མེད་ནས་བསགས་པའི་སྡིག་ལྟུང་སྙིང་ནས་བཤགས་པ་དང་། ཕྱོགས་བཅུའི་ཞིང་ན་བཞུགས་པའི་རྒྱལ་པ་སྲས་དང་བཅས་པ་རྣམས་ཀྱིས་འགྲོ་བའི་དོན་དཔག་ཏུ་མེད་པ་མཛད་པ་སོགས་ཟག་བཅས་དང་ཟག་པ་མེད་པའི་དགེ་བ་ལ་ཡི་རང་བ་དང་། རྒྱལ་བ་རྣམས་ཀྱི་ཐུགས་དམ་གནད་ནས་བསྐུལ་ཏེ་ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་པར་བསྐོར་བར་བསྐུལ་བ་དང་། རྒྱལ་བ་རྣམས་འཁོར་བ་མ་སྟོངས་ཀྱི་བར་དུ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་དང་། དགེ་བའི་རྩ་བ་དུས་གསུམ་དུ་བསགས་པ་ཀུན་རང་གཞན་སེམས་ཅན་ཐམས་ཅད་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་གོ་འཕང་ཐོབ་པའི་ཕྱིར་བསྔོ་བའི་རིམ་པ་དང་བཅུ་སྟེ། དེ་རྣམས་ཚིག་གི་རྗེས་སུ་དོན་དྲན་པའི་སྒོ་ནས་ཕྱག་འཚལ་བཞིན། ཨོཾཨཱཿཧཱུྃ་ནམ་མཁའི་མཐར་ཐུགས་སོགས་ནས། ཞི་ཁྲོ་རབ་འབྱམས་གོ་འཕང་མྱུར་ཐོབ་ཤོག །ཅེས་པའི་བར་དུ་ལན་གསུམ་སོགས་འདོན། ཡང་སྒྲིབ་སྦྱོང་ཞིག་ལ་ཕྱག་འཚལ་བ་འདི་བས་ལྷག་མེད་པས། ཕྱག་འཚལ་བའི་རིམ་པ་བྱེ་བྲག་ཏུ་ཡང་བྱ་སྟེ། དེ་ཡང་ཐལ་མོ་གནས་གསུམ་དུ་འཇོག་དུས་བཅོམ་ལྡན་འདས་རྒྱལ་བ་ཞི་ཁྲོ་རབས་འབྱམས་ཀྱི་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཐམས་ཅད་ཐོབ་པར་བསམ། ཁྱད་པར་དུ་ཐལ་མོ་སྙིང་གར་སྦྱར་བས་གནས་སྐབས་སུའང་ཉམས་རྟོགས་ཀྱི་ཡོན་ཏན་ཁྱད་པར་ཅན་ཐོབ་པར་བསམ་མོ། །མ་ལྔ་ས་ལ་འཇོག་དུས་ཉོན་མོངས་པ་ལྔས་བསྐྱེད་པའི་ལས་དང་བག་ཆགས་ཐམས་ཅད་དག་པར་བསམ་སྟེ་ལུས་ཐམས་ཅད་སར་བརྐྱངས་ཏེ་དཔྲལ་བ་ས་ལ་གཏུགས་བཞིན་ཐལ་མོ་སྤྱི་བོར་བཞག་སྟེ་སངས་རྒྱས་ཀྱི་དབུའི་གཙུག་ཏོར་བལྟར་མི་མངོན་པ་ཐོབ་པར་བསམ། ཡང་ན་དང་པོ་ནས་ཐལ་མོ་གནས་གསུམ་དུ་གཏུགས་འཕྲལ་ལུས་ཐམས་ཅད་ཤད་ཀྱིས་སར་གདབ་སྟེ་བརྐྱང་ཕྱག་བཙལ་བར་བྱའོ། །བརྐྱང་ཕྱག་འདི་སྔགས་ཀྱི་ལུགས་ཏེ་སྔོན་གྱི་དུས་འཕགས་ཡུལ་གྱི་གྲུབ་པ་ཐོབ་པ་རྣམས་ཀྱི་དྲུང་དུ་ལས་ལྡན་གྱི་སློབ་མ་དག་གིས་བརྐྱང་ཕྱག་ལན་མང་དུ་བཙལ་ཞིང་གསེར་མང་པོ་ཕུལ་ཏེ་གསང་སྔགས་ཀྱི་གདམས་པ་ཞུས་པར་བཤད་པ་དང་། སྔགས་རྒྱུད་ནས་ཀྱང་།དད་པས་བརྐྱང་ཕྱག་གདབ་སྟེ་འཚལ། ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །གཞན་དུ་མར་མེ་མཛད་ཀྱི་ཕྱག་ཀྱང་ཟེར་རོ། །དེ་ལྟར་ཕྱག་འཚལ་བཞིན་བརྒྱ་ཕྱག་རྒྱས་པའམ། ཕྱག་འཚལ་བསྡུས་པ་གང་རུང་ལེན་ཅི་རིགས་སུ་འདོན་པར་བྱའོ། །དེ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི།སྐྱབས་འགྲོ་དང་ལྷན་དུ་བྱེད་ཚེ་སྔར་གྱི་ཚོགས་ཞིང་མི་བསྡུ་བར་དེའི་མདུན་ནམ། སོ་སོར་བྱེད་པའི་ཚེ་སྔར་ལྟར་ཚོགས་ཞིང་གསལ་བཏབ་པའི་མདུན་སེམས་བསྐྱེད་པར་བྱ་ཞིང་། དེ་ཡང་དང་པོ་ཚད་མེད་བཞིས་བློ་སྦྱོང་བ་གལ་ཆེ་ཞིང་། དེ་ལ་སྒོམ་ཚུལ་གྱི་རིམ་པ་མཐའ་གཅིག་ཏུ་མ་ངེས་ཀྱང་། ཐོག་མར་བཏང་སྙོམས་ཀྱི་བློ་མ་འབྱོངས་ན་གཞན་གསུམ་རིས་ཆད་ཅན་དུ་འགྱུར་བས། དང་པོ་བཏང་སྙོམས་བསྒོམ་པར་བྱ་སྟེ༑ འདི་ལྟར་ཐོག་མ་མེད་པ་ནས་ད་ལ་ཐུག་གི་བར་དུ་ཉེ་རིང་ཕྱོགས་ལྷུང་གི་བསམ་པ་ངན་པ་འདིའི་དབང་གིས་འཁོར་བའི་གནས་སུ་འཁྱམས་ཤིང་། ད་རུང་ཡང་འདི་ལྟ་བུའི་བསམ་པ་འདི་མ་སྤང་ན་འཁོར་བ་ལས་ཐར་བའི་དུས་མི་འོང་། བྱང་ཆུབ་ཀྱི་སེམས་རྒྱུད་ལ་མི་སྐྱེ། དགྲ་ལ་སྡང་བའི་དབང་གིས་དམྱལ་བའི་གཏིང་རྡོར་འགྱུར།གཉེན་སོགས་ལ་ཆགས་པའི་དབང་གིས་ད་ལྟ་རང་གི་ཆོས་སྐལ་ཆད། གཏན་དུ་འཁོར་བའི་འདམ་དུ་བྱིང་བར་འགྱུར་བས། ད་ནི་ཆགས་སྡང་གི་བྱ་བ་ཐམས་ཅད་འཕྲོ་གཅོད་པར་བྱ་སྟེ། ཕྱིར་འཇིག་རྟེན་པའི་བྱ་བ་གང་ཡིན་ཀྱང་ནམ་བཞག་པ་དེའི་ཚེ་མཐའ་བུད་པ་ཡིན་པ་ཞིང་། མ་བཞག་ན་ནི་མི་ཚེ་གང་པོ་ལ་འབད་ཀྱང་ད་དུང་འཆི་ཁ་བློ་ལྷག་དང་བཅས་པ་ཞིག་ལས་འོང་རྒྱུ་མེད་པས་ད་ནི་ཆགས་སྡང་གི་བྱ་བ་ཐམས་ཅད་ཆམ་གྱིས་བཞག་སྟེ་དགྲ་གཉེན་བར་མའི་ཕྱོགས་ཐམས་ཅད་ལ་ཕན་ཅི་ཐོག་ཞིག་ལ་བརྩོན་པར་བྱ་སྙམ་དུ་བཏང་སྙོམས་ཚད་མེད་དྲང་སྲོང་གི་མགྲོན་འགྱེད་པ་ལྟ་བུ་ལ་བསླབ་པར་བྱ། དེ་རྒྱུད་ལ་འབྱོངས་ནས་བྱམས་པ་ཚད་མེད་བྱ་མས་བྱེའུ་གསོ་བ་ལྟ་བུ་ལ་བསླབ་པར་བྱ་སྟེ། དེ་ཡང་བཏང་སྙོམས་ཀྱི་བློ་འབྱོངས་པ་དེ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ལ་ཕན་འདོད་ཀྱི་བསམ་པ་ཁྱད་མེད་པ་ཞིག་བྱུང་ན་རྣམ་པར་དག་པར་འགྱུར་གྱི། དེ་ལྟ་མ་ཡིན་པར་རང་ཉིད་དགའ་བའི་ཕྱོགས་འགའ་ཞིག་ཙམ་ལས། གཞན་ཕྱོགས་ལ་བདེ་འབྱོར་ཡོན་ཏན་ཡོད་པ་ལ་སྙིང་མི་དགའ་བའི་ཕྲག་དོག་བྱེད་པ་དེ་འདྲ་བའི་རྒྱུད་ལ་ནི། ཕྲག་དོག་དེའི་རྩ་བ་མ་ཆད་ཀྱི་བར་དུ་བྱང་ཆུབ་ཀྱི་སེམས་ཏིལ་འབྲུ་ཙམ་ཡང་མི་སྐྱེ་ཐག་ཆོད་ཡིན་པས་འདི་ལྟར་བསམ་པར་བྱ་སྟེ། ད་ལྟ་ཙམ་དུ་དགའ་བ་དང་། མི་དགའ་བའི་ཕྱོགས་སུ་བཟུང་བ་འདི་ནི་མི་རིགས་ཏེ།སེམས་ཅན་ཐམས་ཅད་ཐོག་མ་མེད་པ་ནས་མ་རུ་མ་གྱུར་པ་གཅིག་ཀྱང་མེད། མར་གྱུར་པའི་དུས་སུ་ད་ལྟའི་མ་འདི་བཞིན་དྲིན་ཆེན་པོས་བསྐྱངས་པ་ཤ་སྟག་ཡིན་པས་དེ་ཐམས་ཅད་འཕྲལ་དང་ཡུན་གྱི་བདེ་བ་དམ་པ་དང་འཕྲོད་ན་ཅི་མ་རུང་དེ་ལྟ་བུ་ཞིག་བདག་གིས་བྱ་སྙམ་དུ་བསམ་མོ། །དེ་ནས་སྙིང་རྗེ་ཚད་མེད་འགྲོ་བ་རིགས་དྲུག་གི་སེམས་ཅན་སྡུག་བསྔལ་གྱིས་མནར་བ་ཐམས་ཅད་མཐོང་ནས་བཟོད་དུ་མེད་པ་མ་ལག་རྡུམ་མའི་བུ་ཆུས་ཁྱེར་པ་ལྟ་བུ་ལ་སེམས་སྦྱང་བར་བྱ་སྟེ། མ་རྒན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འདོད་པ་བདེ་བ་འདོད་ཀྱང་བདེ་བའི་རྒྱུ་དགེ་བ་ནི་ཅུང་ཟད་ཀྱང་དང་དུ་ལེན་མི་ཤེས། སྡུག་བསྔལ་མི་འདོད་ཀྱང་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་བཅུ་ལ་འཆོལ་ཉོག་ཏུ་སྤྱོད་དེ་ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་པ་འདི་རྣམས་སྙིང་རེ་རྗེ། འདི་ཐམས་ཅད་རིགས་དྲུག་སོ་སོའི་ལས་སྣང་སྡུག་བསྔལ་བག་ཆགས་ཐམས་ཅད་དང་བྲལ་ན་ཅི་མ་རུང་། བདག་ད་རེས་དལ་འབྱོར་གྱི་མི་ལུས་ཐོབ། བླ་མ་དགེ་བའི་བཤེས་གཉེན་དམ་པ་དང་འཕྲད། གདམས་པ་ཟབ་མོ་འདི་ལྟ་བུ་ཉམས་སུ་ལེན་དུ་ཡོད་པ་འདི་སྐལ་བ་རེ་བཟང་། བདག་གིས་མན་ངག་འདི་ལ་བརྟེན་ནས་སེམས་ཅན་དེ་ཐམས་ཅད་སྡུག་བསྔལ་མཐའ་དག་དང་བྲལ་བ་ཞིག་བྱ་སྙམ་དུ་དམ་བཅའ་བར་བྱ། དངོས་སུ་ཡང་སྙིང་རྗེའི་ཡུལ་ནད་པ་སྡུག་ཐུགསྤྲང་པོ་ཉམས་ཐག ཐག་རིང་གི་ཨ་ཅོ་སོགས་ལ་ཕན་བཏགས་ན་ཕན་ཡོན་དཔག་ཏུ་མེད་དེ། མི་བརྒྱགས་ཆེན་ཞིག་ལ་དངུལ་རྡིལ་ཚད་ཞིག་བྱིན་པ་བས། དབུལ་པོ་སྡུག་ཐུག་གཅིག་ལ་ཟ་མ་ཕོར་གང་བྱིན་ན་དེ་དགའ་ཚོར་ཆེ་བས་ཕན་ཡོན་ཀྱང་དེས་ཆེ་གསུངས། སྤྱིར་མཆོད་སྦྱིན་གཉིས་ལས། ཕལ་པ་འབྲས་བུ་ལ་རེ་བ་རྣམས་ཀྱིས་ཞིང་དག་པ་ལ་མཆོད་པ་འབུལ་བ་འདམ་ཡང་། བྱང་ཆུབ་སེམས་དཔས་ནི་སེམས་ཅན་ལ་ཕན་འདོགས་པ་དང་། གཏོང་སེམས་གོམས་པ་ཁོ་ན་དོན་དུ་གཉེར་བས་མཆོད་སྦྱིན་གཉིས་ཀ་མིག་རྡོག་གཡས་གཡོན་འདྲ་བར་ཁྱད་པར་ཅུང་ཟད་ཀྱང་མེད།དེས་ན་དགེ་བ་ཅི་བྱས་ན་རང་འདོད་འཁྲིས་མེད་པ་ཞིག་ཨེ་ཐོན་བལྟ་དགོས་གསུངས།དེ་ནས་དགའ་བ་ཚད་མེད་རྔ་མོང་གི་རྔེའུ་སྟོར་བ་སླར་རྙེད་པ་ལྟ་བུ་ལ་བསླབ་པར་བྱ་སྟེ། སེམས་ཅན་གཞན་སྟོབས་འབྱོར་མངའ་ཐང་ཅན་ཆོས་དང་འཇིག་རྟེན་གྱི་ཡོན་ཏན་གཞན་གྱིས་ཡིད་སྨོན་གྱི་གནས་སུ་གྱུར་པ་དེ་ལྟ་བུ་ལ་དམིགས་ནས་ཕྲག་དོག་མི་དགའ་བའི་བསམ་པ་ཐམས་ཅད་སྤངས་ནས། འདི་རྣམས་ཡོན་ཏན་དང་བདེ་བ་འདི་དང་གཏན་དུ་མ་བྲལ་ན་ཅི་མ་རུང་། འདི་བས་ཀྱང་ལྷག་པར་གྱུར་ན་ང་རེ་དགའ། དེ་ལྟ་བུ་ཞིག་བདག་གིས་བྱ་སྙམ་དུ་བསྒོམ་པར་བྱའོ། །དེ་ནས་སེམས་བསྐྱེད་པ་དངོས་ནི། ཆོས་ཐམས་ཅད་ཡེ་ནས་སྟོང་ཞིང་བདག་མེད་པ་ཡིན་པ་ལ། དེ་ལྟར་མ་རྟོགས་པའི་སེམས་ཅན་དེ་ཐམས་ཅད་གློ་བུར་འཁྲུལ་རྟོག་གི་བག་ཆགས་གོམས་པའི་གཉིས་སྣང་འཁོར་བའི་སྡུག་བསྔལ་ཐམས་ཅད་དབྱིངས་སུ་དག་སྟེ་ཟུང་འཇུག་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོའི་གོ་འཕང་ལ་འགོད་པར་བྱ་བའི་ཆེད་དུ་གསང་སྔགས་རྡོ་རྗེ་ཐེག་པའི་ཉེ་ལམ་ཟབ་མོ་ཉམས་སུ་བླང་བར་བྱ་སྙམ་དུ་སྨོན་པ་དང་འཇུག་པའི་དོན་དྲན་པའི་སྒོ་ནས། ཀྱེ་མ་ཆོས་རྣམས་ཐམས་ཅད་ཐམས་ཅད་སྟོང་ཞིང་སོགས་ནས། ཆགས་སྡང་མེད་པའི་བཏང་སྙོམས་གནས་གྱུར་ཅིག། ཅེས་པའི་བར་ལན་གསུམ་སོགས་ཅི་རིགས་པ་དང་། གཏེར་གཞུང་གཞན་ལས་བྱུང་བའི། བདག་དང་མཐའ་ཡས་པའི་སེམས་ཅན་སོགས་འབུམ་ཐེར་ཙམ་འདོན། ཐུན་བསྡུ་བ་ན་ཚོགས་ཞིང་གི་ལྷ་ཚོགས་རྣམས་སྔར་བཞིན་ཨོ་རྒྱན་ཆེན་པོ་ལ་ཐིམ། དེ་ཉིད་རང་ལ་ཐིམ་པས་རང་རྒྱུད་ལ་དོན་དམ་བྱང་ཆུབ་ཀྱི་སེམས་ལྷག་གེར་སྐྱེས་པར་བསམས་ནས་མི་དམིགས་པའི་ངང་ལ་ཅི་ཙམ་གནས་ཀྱི་བར་དུ་འཇོགདེ་ལྟར་སེམས་བསྐྱེད་ནས་དེའི་བསླབ་བྱ་རྣམས་ལ་ཚུལ་བཞིན་ཅི་ནུས་སུ་བསླབ་པར་བྱ་སྟེ། དེ་ལ་སྨོན་པའི་བསླབ་བྱ་ནི། བདག་གཞན་མཉམ་པ། བརྗེ་བ། བདག་བས་གཞན་གཅེས་གསུམ་ལས། དང་པོ་ནི། རང་དང་གཞན་སེམས་ཅན་ཐམས་ཅད་བདེ་བ་འདོད་པ་ལ་འདྲ། སྡུག་བསྔལ་མི་འདོད་པ་ལ་འདྲ་ཞིང་ཁྱད་པར་མེད་པའི་ཚུལ་ལ་ལེགས་པར་བསམས་ནས་བདག་གཞན་གཉིས་པོ་ལ་བདེ་སྡུག་བླང་དོར་དུ་ཁྱད་པར་མེད་པ་ལ་སེམས་སྦྱང་ཞིང་། དངོས་སུའང་ཅི་ནུས་སུ་བརྩོན་པར་བྱ་སྟེ།སྔོན་རྒྱ་གར་དམ་པ་སངས་རྒྱས་ལ། དྲུང་པ་གཟི་རྣ་ཅན་གྱིས ་ཆོས་ཐམས་ཅད་ཀྱི་ནང་ནས་གང་བྱས་ན་ལྷག་ཞུས་པ་ལ། རང་གི་མི་འདོད་ཚད་སེམས་ཅན་གཞན་ལ་མ་བྱེད། རང་གི་འདོད་ཚད་ཐམས་ཅད་སེམས་ཅན་གཞན་ལ་གྱིས་དང་དེ་ལས་ལྷག་མེད༑ གསུངས། བདག་གཞན་བརྗེ་བ་ནི། བདག་གི་བདེ་དགེ་ཐམས་ཅད་གཞན་ལ་གཏོང་བ་དང་། གཞན་གྱི་སྡུག་བསྔལ་ཐམས་ཅད་བདག་གི་ཐོག་ཏུ་འབབ་པ་ལ་ཅི་ནུས་སུ་དངོས་སུ་བརྩོན་པ་དང་། དམིགས་པས་ཀྱང་རླུང་ཕྱིར་འགྲོ་ནུས་རང་གི་བདེ་བ་དང་ཡོན་ཏན་དགེ་བའི་དངོས་པོ་ཐམས་ཅད་གོས་ཕུད་པ་ལྟར་རླུང་དཀར་པོའི་རྣམ་པར་སོང་ནས་གཞན་གྱི་རྒྱུད་ལ་སྨིན། རླུང་ཚུར་རྔུབ་དུས་གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྡུག་བསྔལ་ཐམས་ཅད་རླུང་ནག་པོའི་རྣམ་པར་རང་རྒྱུད་ལ་བླང་བར་བསམས་ཏེ་ཡང་ཡང་གོམས་པར་བྱའོ། །བདག་བས་གཞན་གཅེས་ནི། ད་སྔ་ཡན་ཆད་རང་ཁོ་ན་བདེ་ཐབས་སྐྱིད་ཐབས་ཞིག་ཐོན་ན་གཞན་ཅི་རེད་རེད་དུ་ཆུག་སྙམ་པ་དེ་དོར་ནས། ད་ཕྱིན་ཆད་བདག་འདི་ཕྱི་ཐམས་ཅད་དུ་སྡུག་བསྔལ་ཡང་། ངན་སོང་དུ་ལྟུང་ཡང་། ཉམས་ཉེས་ཅི་བྱུང་ཡང་རུང་ཅི་རེད་རེད་དུ་ཆུག གཞན་སེམས་ཅན་འདི་རྣམས་བདེ་ཐབས་སྐྱིད་ཐབས་ཡོན་ཏན་དང་ལྡན་ཐབས་ཤིག་ཐོན་དགོས་སྙམ་དུ་སྙིང་ནས་མ་སྒོམ་ཞིང་། དངོས་སུ་ཡང་དེ་ལྟ་བུ་ལ་ཅི་ནུས་སུ་བརྩོན་པར་བྱའོ། །འཇུག་པའི་བསླབ་བྱ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཅི་ནུས་སུ་རྟག་ཏུ་བསླབ་པར་བྱ་སྟེ། སྦྱིན་པ་ཡང་རང་ལ་ཡོད་པའི་དངོས་པོ་ལུས་ལོངས་སྤྱོད་ཁ་རྗེ་དབང་ཐང་ཚེ་བསོད་ནམས་དགེ་བའི་རྩ་བ་ཇི་སྙེད་ཡོད་པ་ཐམས་ཅད་ལ་བདག་འཛིན་བཅད་དེ་སེམས་ཅན་ཐམས་ཅད་ལ་གཏོང་སེམས་ཡང་ཡང་གོམས་པར་བྱ། དངོས་སུ་ཡང་རང་ལ་ཡོད་པའི་དངོས་པོ་ཐམས་ཅད་འཆི་བའི་དུས་སུ་རྗེས་སུ་མི་འབྲང་ཞིང་། ད་ལྟ་ཡང་རྨི་ལམ་གྱི་ནོར་རྫས་ལྟར་སྙིང་པོ་མེད་པའི་ཚུལ་ལ་ལེགས་པར་བསམ་སྟེ་ཡར་མཆོད་མར་སྦྱིན་ལ་བརྩོན། དེ་ཡང་སེར་སྣའི་གཉེན་པོར་འགྲོ་དགོས་པས་རང་གང་ལ་ཞེན་པ་ཆེ་བའི་དངོས་པོ་དེ་གཏོང་བ་གལ་ཆེ། སྤྱིར་རབ་བྱུང་རྣམས་ཀྱིས་ལྟོ་འགྲང་ལྷག་སྐྱོབ་ཙམ་གྱི་ཟས་གོས་ཀྱིས་ཆོག་ཤེས་པར་བྱས་ནས་དངོས་རྫས་གཞན་བསོག་འཇོག་མ་བྱས་ན་ཆོག་ཤེས་དེ་ཉིད་གཏོང་བའི་མཆོག་ཡིན་པས་འདོད་ཆུང་ཆོག་ཤེས་རེ་བྱེད་པ་གལ་ཆེ། ཆོག་ཤེས་མེད་པའི་རྟག་ཏུ་དཀོར་གྲོང་ཆོག་ཞིག་ལ་གཡེང་འདུག་པ་དེ་དང་། ཁྱད་པར་དུ་གོས་སྣེ་རྣམ་གསུམ་གྱོན་ནས་ཚོང་ཁེ་སྐྱེད་ཀྱིས་དུས་འདའ་བ་དེ་ནི་བསྟན་པ་བཤིག་པའི་ཆོམ་རྐུན་དུ་སོང་བས་སོ་བྱང་སྔགས་གསུམ་གྱི་བསླབ་པ་དང་རྒྱབ་འགལ། ཉོ་ཚོང་ཁེ་སྐྱེད་བྱེད་པ་དེ་ལ་མི་དགེ་བ་བཅུ་ལས་མི་ཚངས་སྤྱོད་པ་མ་གཏོགས་ཐམས་ཅད་ཚང་བས་ཤིན་ཏུ་ཉེས་པ་ཆེ་གསུངས། ཚུལ་ཁྲིམས་ནི་སྡོམ་པ་གསུམ་གྱི་གནས་སྐབས་ཀྱི་སྤང་བྱ་ཐམས་ཅད་རྟག་ཏུ་དྲན་ཤེས་བག་ཡོད་ཀྱིས་གཅེས་སྤྲས་སུ་བལྟས་ཏེ་བསྲུང་བར་བྱ།ཁྱད་པར་དུ་རང་ལ་ཉེས་པ་གང་འབྱུང་ཉེ་བ་དེ་ལ་ཆེད་དུ་གཉེན་པོ་བསྟེན་ནས་སྤང་དགོས༑ ཚུལ་ཁྲིམས་དེ་ཡང་ཕྱི་ལུས་ངག་གི་ཀུན་སྤྱོད་ཙམ་ཞིག་གིས་གཞན་གྱི་མིག་སྔར་བཙུན་ཞིང་དུལ་དུལ་བྱས་པས་མི་འོང་། མངོན་ལྐོག་མེད་པ་རང་སེམས་དཔང་པོར་འཛུག་ནུས་པ་ཞིག་ཨེ་ཐོན་བལྟ་དགོས། ཚུལ་ཁྲིམས་མ་དག་ན་ཉམས་རྟོགས་ཀྱི་ཡོན་ཏན་མི་སྐྱེ་བས་གཟབ་པར་བྱའོ། །བཟོད་པ་ནི། གཞན་གྱི་ལོག་སྒྲུབ། ཆོས་ཀྱི་ཕྱིར་དཀའ་ཚེགས་དང་། སྡུག་བསྔལ་ཐམས་ཅད་ལ་སེམས་སྲན་ཐུབ་ཅིང་མི་འཁྲུགས་པ་དང་། ཁྱད་པར་དུ་ཟབ་མོའི་དོན་ཤེས་པ་དང་ཉམས་སུ་ལེན་དཀའ་བའི་གནས་རྣམས་ལ་སྐྲག་ནས་འདི་འདྲ་བ་བདག་གིས་ཤེས་མི་ནུས་སོ། །ཉམས་སུ་ལེན་མི་ནུས་སྙམ་དུ་ཞུམ་པར་མི་བྱ་བར་སྔོན་གྱི་དུས་སུ་བླུན་པོ་བ་ལང་རྫིར་གྱུར་པའི་ཚེ། ཕྱི་ནས་མཁས་པ་པཎྜི་ཏར་གྱུར་པ་ཡང་ཡོད། སྡིག་རྒན་བླུན་པོ་འགའ་ཞིག་ཀྱང་ཆོས་ཟབ་མོ་རེ་ཉམས་སུ་བླངས་ནས་གྲུབ་པ་ཐོབ་སོང་བ་ཡང་དུ་མ་བཤད་རྒྱུ་ཡོད་ན་བདག་གིས་ཅིའི་ཕྱིར་མི་ཤེས། ཅིའི་ཕྱིར་ཉམས་སུ་མི་ལོན་སྙམ་དུ་སྙིང་སྟོབས་ཀྱི་སྤོབ་པ་བསྐྱེད་དགོས། ཁྱད་པར་དུ་ཁོང་ཁྲོ་ཚོགས་ངན། ནོག་མནའ་བཞེད་འདི་ནི་ཤིན་ཏུ་ཉེས་པ་ཆེ་སྟེ། སྡོམ་པ་དམ་ཚིག་ཐམས་ཅད་རལ། རང་གཞན་གྱི་རྒྱུད་འཚིག་ཁྱིམ་པ་རྣམས་ཀྱི་སེམས་སུན་འབྱིན་པར་འགྱུར་བས། ཡོན་ཏན་བརྒྱ་ཡོད་ཀྱང་སྐྱོན་གཅིག་པོ་འདིས་འོག་ཏུ་འགྲོ་བས་གཟབ་པར་བྱེད་དགོས། སྐྱེ་བོ་ཕལ་བ་ཞིག་གིས་ཁོང་ཁྲོ་དང་། གྱོད་ལ་དཀྲི་བ་སོགས་བྱེད་གིན་ཡོད་ན་འདི་ལྟ་བུ་ལོས་བྱེད་སྙམ་པ་ལས་མེད་ཀྱང་། ངུར་སྨིག་གི་གོས་བགོས་པ་ཞིག་གིས་དེ་ལྟར་བྱས་ན་ཀུན་གྱིས་ཁྲེལ་བའི་གནས་སུ་འགྱུར་བས་ཁོང་ཁྲོའི་དབང་དུ་མི་འགྱུར་བ་ཞིག་ལ་ཅི་ནུས་ཀྱང་བསླབ་དགོས། བརྩོན་འགྲུས་ནི། འཇིག་རྟེན་པའི་བྱ་བ་སྙིང་པོ་མེད་ཅིང་ཉེས་དམིགས་ཆེ་བ་དེ་རྣམས་ལ་ད་སྔ་ཡན་ཆད་འབད་པས་ཆོག་གི །ད་ནི་གཏན་གྱི་འདུན་མ་འགྲུབ་པའི་ཆོས་ཞིག་ཉམས་སུ་བླངས་པར་བྱ་སྙམ་དུ་སྙིང་ནས་སྤྲོ་བར་བྱ་བ་དེ་ཡིན༑ དེ་འདྲའི་སྤྲོ་བ་ཞིག་ཡོད་ན་ནི་ལུས་ངག་གཉིས་པོ་ཡང་ངམ་ངམ་ཤུགས་ཀྱིས་དགེ་བའི་ཕྱོགས་སུ་བཀོལ་བཏུབ་པ་ཞིག་འོང་། སེམས་སྤྲོ་བ་ཀྱང་མེད་ན་ནི་ལུས་ངག་གིས་འཕྲལ་དུ་བརྩོན་པར་བྱས་ཀྱང་སྣ་སུན་པ་ལ་ཅང་མི་འགོར་བར་ཡང་ལེ་ལོའི་དབང་དུ་ཤོར་འགྲོ། དེས་ན་སེམས་འདི་ནི་ཀུན་ལ་དབང་པའི་རྒྱལ་པོ་དང་འདྲ།ངག་ནི་གོ་བརྡ་སྤྲོད་པའི་བློན་པོ་དང་འདྲ། ལུས་ནི་ལས་ཀུན་བྱེད་པའི་བྲན་དང་འདྲ་བས༑ སེམས་འདི་དམ་པའི་ཆོས་ཀྱི་ཕྱོགས་སུ་སྤྲོ་བ་ཞིག་བྱུང་ན། ལུས་ངག་གཉིས་པོ་ཡང་དེའི་དབང་དུ་གྱུར་ནས་དཀའ་ཚེགས་སྡུག་བསྔལ་ཅི་བྱུང་ཡང་མི་གནོད་པ་ཞིག་འོང་བས་སེམས་དགེ་བའི་ཕྱོགས་ལ་སྤྲོ་བ་དང་། དོན་གཉེར་གྱི་འདུན་པ་འདི་གལ་ཆེ། ཆོས་ལ་མོས་འདུན་མེད་པའི་རིགས་རྣམས་ནི། དཔེར་ན་ནད་པ་ཟ་མ་ལ་ཡི་ག་ཆད་པ་རྣམས་ཀྱི་མདུན་དུ་བཟའ་བཏུང་ཅི་བཞག་ཀྱང་ཁར་རེ་རེ་བླངས་ཏེ་ཞེན་པ་ལོག་འདུག་པ་དེ་བཞིན། ཁ་ཏོན་བཟླས་བརྗོད། ཐོས་བསམ་སློབ་གཉེར། སྒོམ་ཉམས་ལེན་གང་ལ་ཁ་བསྐོར་ཀྱང་མོས་པ་མེད་པ་དེ་རྣམས་ལ་ཆོས་ཀྱི་སྐལ་བ་ཆད་པ་ཡིན་གསུངས། བསམ་གཏན་ནི། འདུ་འཛི་སྤངས་ཏེ་དབེན་པའི་གནས་སུ་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་དེ་ཡིན་པས། མི་མང་པོ་ཞིག་གི་ནང་དུ་བྱ་བ་སྣ་ཚོགས་བྱེད་ཞོར་དང་། གཏམ་སྐད་ཆ་བཤད་ཞོར་ལ་ཟར་བལྟས་ཟུར་བལྟས་ཞིག་གིས་མི་འོང་དེར་མ་ཟད་གྲོང་ཆོག་གི་འདོན་པ་དེ་ཚོས་ཀྱང་སེམས་རྣལ་དུ་མི་འདུག་པར་ཡེངས་འགྲོ་བས་ཉམས་ལེན་ངོ་མ་ཞིག་བསམ་ན་དེ་ཐམས་ཅད་སྤང་དགོས། རི་ཁྲོད་དུ་བསྡད་ཀྱང་མོད་པོ་ཡོད་ན་རྣམ་གཡེང་དང་ཆགས་སྡང་སྐྱེ།གཉིས་ཡོད་ཀྱང་གཏམ་དང་བཅས་པར་འགྱུར་བས་གཅིག་པུར་སྡོད་ཚུགས་ན་ཉམས་ལེན་ངང་གིས་འབྱུང་བ་ཡིན། བསྒོམ་རྒྱུའི་དངོས་གཞི་ནི། སྔོན་འགྲོ་དུས་ཀྱི་བློ་སྦྱོང་རྣམས་དང་། དངོས་གཞི་བར་དོ་དྲུག་གི་ཉམས་ལེན་གང་བསྒོམ་ཀྱང་དེ་ལས་གཞན་དུ་སེམས་མ་ཡེངས་པ་ཞིག་དགོས། གལ་ཏེ་དེ་ལྟར་དབེན་པའི་གནས་སུ་རྟག་ཏུ་འདུག་མ་ནུས་ཀྱང་། ཚེ་གཅིག་གི་རིང་ལ་དཀོར་བརྡ་གིན་མི་འདུག རྒྱུ་བསོགས་གིན་མི་འདུག རང་གིས་རང་ལ་བསམ་བློ་རེ་གཏོང་། ཕྱི་མ་ཕན་ཆད་ལ་འདང་རེ་བརྒྱབ་ནས་རྟག་ཏུ་དྲན་ཤེས་བག་ཡོད་བརྟེན་ནས་རང་གིས་དེ་སྔ་ཐོབ་པའི་མན་ངག་གང་ཡིན་ཀྱང་དེའི་ཉམས་ལེན་རེ་ལ་བརྩོན། རྟག་ཏུ་སྐྱོ་ཤས་ངེས་འབྱུང་། འཆི་བ་མི་རྟག་པའི་དྲན་འདུན་དེ་ཚོ་མི་བརྗེད་པར་བྱ། ནམ་ཁོམ་ཁོམ་དུ་ཐུན་རེ་བསྡམ།ཐུན་མཚམས་རྣམས་སུའང། ཐུན་གྱི་དུས་སུ་ཇི་ལྟར་བསྒོམ་པ་དེའི་ངང་མ་ཤོར་བར་བྱ༑ ཟླ་མཚམས་ལོ་མཚམས་ཙམ་རེ་ལའང་བསྡད་དེ་ཉམས་ལེན་ལ་བརྩོན་ན་བསམ་གཏན་ཞེས་བྱ། ཤེས་རབ་ནི། སྤྱིར་ཐོས་བསམ་བསྒོམ་པའི་ཤེས་རབ་ཐམས་ཅད་ཡིན་པས་རྒྱུད་ལ་སྐྱེད་པར་བྱ་དགོས་མོད། འོན་ཀྱང་ཆོས་ཀྱི་གནད་མ་ཟིན་པར་ཚིག་ཙམ་ལ་མཆིད་ནས་ཧ་ཅང་རྟོག་གེ་བྱེད་ཆེད་ན་ཐམས་ཅད་འགལ་འདུ་ཅན་དུ་སོང་ནས་ཅི་ལ་ཡང་ཡིད་མི་ཆེས་པ་དེ་འདྲ་འབྱུང་ཉེན་ཆེ། དེས་ན་བླ་མའི་མན་ངག་གི་གནད་ཟབ་མོ་རེ་མ་ཤེས་ན། གཞུང་པོ་ཏི་མང་པོ་རྫོགས་པའི་མཁས་པ་ཚོའི་ནང་ནའང་ད་དུང་གནས་ལུགས་ཀྱི་ངོ་བོ་སྐྱོང་ཚུལ་ལ་བློ་ཁ་ཕྱོགས་མི་ཤེས་པ་དེ་འདྲ་བ་ཡོད་པས་ཐ་སྙད་ཀྱི་རྣམ་གྲངས་རྒྱ་ཆེན་པོ་དང་། ཚིག་གི་སྤྲོས་པ་ཤེས་པ་ལས་ཆོས་ཉམས་སུ་ལེན་ཚུལ་གྱི་གནད་དོན་མ་ནོར་བ་རེ་འཛིན་ཤེས་ན་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་གསུངས། དེ་ནས་སྡིག་སྒྲིབ་སྦྱོང་བར་བྱེད་པ་བླ་མ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ནི། སྤྱིར་སྡིག་པ་བཤགས་པར་བྱེད་པ་ལ་གཉེན་པོ་སྟོབས་བཞི་ཚང་ན་སྡིག་པ་ལྷག་མེད་དུ་འདག མ་ཚང་ན་མི་འདག་པས་སྔོན་གྱི་དམ་པ་རྣམས་ཀྱིས་ཀྱང་སྤྱིར་སྡིག་པ་ལ་ཡོན་ཏན་མེད་ཅིང་། བཤགས་ན་འདག་པ་སྡིག་པའི་ཡོན་ཏན་ཡིན་གསུངས། གལ་ཏེ་ཁ་ཙམ་གྱིས་སྡིག་བཤགས་ཀྱི་ཚིག་ཙམ་བཏོན་ནའང་ཅུང་ཟད་ཟབ་པར་གསུངས་ཀྱང་འདག་མི་ནུས། སྡིག་ལྟུང་ཚུལ་བཞིན་བཤགས་པ་ལ་ཐབས་མང་པོ་ཞིག་གསུང་པ་ལས་རྡོ་རྗེ་སེམས་དཔའི་སྒོམ་བཟླས་འདི་ཤིན་ཏུ་ཟབ་སྟེ༑ སྔོན་བྲམ་ཟེ་དུང་གི་ཕྲེང་བ་ཅན་ཞེས་བྱ་བ་ཞིག་ལ། སློབ་མ་རྒྱལ་བུ་དགེ་མཐོང་ཞེས་བྱ་བ་ཞིག་ཡོད་པ་དེས་ཕྲག་དོག་གི་བསམ་པས་རང་གི་སློབ་དཔོན་ལ་མི་འཚམ་པའི་ལས་རྔམ་པོ་ཆེ་བྱས་པ་ལ། སློབ་དཔོན་དེས་ཀྱང་དེ་ལ་ཁོང་འཁྲུགས་ནས་དམོད་ངན་བོར་བས། ལས་དེས་དཔོན་སློབ་གཉིས་ཀ་དམྱལ་བའི་གནས་སུ་ལྟུང་ངོ་། །དེའི་ཚེ་དེ་བཞིན་གཤེགས་པ་ཐམས་ཅད་བཀའ་བགྲོས་ཏེ་དཔལ་རྡོ་རྗེ་སེམས་དཔའ་བྱོན་ནས་ཉམས་ཆགས་ཐམས་ཅད་སྐོང་བའི་རྒྱལ་པོ་ན་རག་དོང་སྤྲུགས་ཀྱི་གདམས་པ་བསྟན་ནས་རིམ་གྱིས་རིག་འཛིན་གྱི་ས་ལ་འགོད་པར་མཛད་དོ། །དེ་ལྟ་བུའི་གདམས་པ་ཟབ་མོའི་དོན་འདིར་གནད་བསྡུས་ཏེ་ཉམས་སུ་ལེན་པ་ལ། རྟེན་གྱི་སྟོབས་ནི། རང་ཉིད་ཐ་མལ་དུ་གནས་པའི་སྤྱི་བོར་མདའ་གང་ངམ་ཁྲུ་གང་གི་སྟེང་ན་ནམ་མཁར་པདྨ་དཀར་པོ་འདབ་མ་སྟོང་དུ་བརྡལ་བའི་སྟེང་ཟེའུ་འབྲུའི་ཚད་དང་མཉམ་པའི་ཟླ་བའི་དཀྱིལ་འཁོར་ཆ་ཤས་ཡོངས་སུ་རྫོགས་པའི་ཉ་གང་བ་ཞིག་བསམ།དེའི་དབུས་སུ་ཧཱུྃ་ཡིག་དཀར་པོ་འོད་ཟེར་བཀྲག་མདངས་འབར་བ་ཞིག་བསམ། དེ་ཉིད་ཡོངས་སུ་གྱུར་པ་ལས་བླ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཤེལ་གཙང་མའི་མདོག་ལྟ་བུ་ཞལ་གཅིག་ཕྱག་གཉིས། གཡས་རིག་སྟོང་གི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གཏོད་པའི་ཚུལ་དུ་འཛིན་པ། གཡོན་སྣང་སྟོང་གི་དྲིལ་བུ་དཀུ་ལ་བརྟེན་པ།ཞབས་གཉིས་གཡས་ཅུང་ཟད་བརྐྱང་པའི་ཕྱེད་སྐྱིལ་དུ་བཞུགས་པ། སྐུ་ལ་ལོངས་སྤྱོད་རྫོགས ་སྐུའི་རྒྱན་ཆས་བཅུ་གསུམ་གྱི་བརྒྱན་པ་སྟེ། དེ་ཡང་དར་གྱི་ཆོས་གོས་ལྔ་དང་༑ རིན་པོ་ཆེའི་རྒྱན་བརྒྱད་དེ། དར་གྱི་ཆས་གོས་ལྔ་ནི། དར་དཀར་པོའི་སྟོད་གཡོག ཚི་གུས་སྨད་དཀྲིས་ཁྲ་བོའི་སྐུ་རེགས་བཅིང་ནས་ཁ་སོ་གདན་གྱི་སྟེང་ལ་སླེབ་པ། དར་མཐིང་ཁྲའི་རྒྱབ་དར། དར་དབྱང་སྙན་གོང་གཡས་གཡོན་གྱི་མདུན་དུ་དཔྱང་པའི་ཅོད་པན་ཏེ་འཕན་གཉིས་གཅིག་ཏུ་བརྩིས་ཏེ་ལྔའོ། །རྒྱན་བརྒྱད་ནི། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན་གཉིས་གཅིག་ཏུ་བརྩིས་པ། མགུལ་རྒྱན༑ དཔུང་རྒྱན་གཉིས་གཅིག་ཏུ་བྱས་པ་སེ་མོ་དོ་དང་དོ་ཤལ་གཅིག་ཏུ་བྱས་པ་སྟེ་རིན་པོ་ཆེ་ཚར་དུ་བརྒྱུས་པའི་ཁུག་མགོ་ནུ་སྟེང་དང་། སྣེ་གཉིས་མགུལ་རྒྱབ་ཏུ་བསྣོལ་ནས་མདུན་གཡས་གཡོན་དུ་དཔྱང་པ། ཕྱག་ཞབས་ཀྱི་གདུ་བུ་ཐམས་ཅད་གཅིག་ཏུ་བྱས་པ། སོ་གདབ་རྣམས་གཅིག་ཏུ་བྱས་པ། སྐུ་རེགས་ཏེ་བརྒྱད་དོ། །རྡོ་རྗེ་སེམས་དཔའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། དབུས་སུ་ཧཱུྃ་དཀར་པོ་བཀྲག་མདངས་དང་ལྡན་པ། དེའི་མཐར་གཡོན་བསྐོར་གྱིས་མདུན་དུ་ཨོཾནས་བརྩམས་ཏེ་རིམ་པ་གསུམ་དུ་བྱས་པའི་མཇུག་གི་ཨ༔ ཡང་ཧཱུྃ་གི་མདུན་དུ་ཡོད་པར་བསམ། དེ་ལྟར་བསྒོམ་ཚུལ་འདི་ཀུན་འདུས་ནོར་བུའི་ལུགས་ཞེས་བྱ་སྟེ། བླ་མ་རྡོ་རྗེ་སེམས་དཔའ་ནི། རྩ་བརྒྱུད་ཀྱི་བླ་མ་ཐམས་ཅད་དང་། བཅོམ་ལྡན་འདས་རྒྱལ་པོ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་ཐམས་ཅད་དང་། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འདུས་པའི་བདག་ཉིད་ཡིན། དེ་ཁོ་ན་ལ་གསོལ་བ་བཏབ་ན༑ དེ་ཐམས་ཅད་ཀྱི་ཐུགས་རྗེའི་བྱིན་རླབས་ཐམས་ཅད་འཇུག་པར་འགྱུར་ཏེ། དཔེར་ན་རྒྱ་མཚོའི་ཆུ་བཏུང་ན་གླིང་བཞིའི་ཆུ་ཐམས་ཅད་བཏུང་བར་གྱུར་པ་དང་འདྲའོ། །སུན་འབྱིན་པའི་སྟོབས་ནི། སྔར་བྱས་ཀྱི་སྡིག་པ་ལ་སྙིང་ཐག་པ་ནས་ཉེས་དམིགས་དྲན་ནས་འགྱོད་པ་བྱེད་པ་སྟེ། སྡིག་པའི་རྣམ་གྲངས་དཔག་ཏུ་མེད་ཀྱང་། བསྡུས་ཏེ་སེམས་ཐོག་ཏུ་ལེན་རྒྱུ། མི་དགེ་བ་བཅུ་མཚམས་མེད་ལྔ། ཉེ་བའི་མཚམས་མེད་ལྔ།ལྕི་བ་བཞི། ལོག་པ་བརྒྱད། ཕྱི་སོར་ཐར་གྱི་འདུལ་ཁྲིམས་དང་འགལ་བ། ནང་བྱང་སེམས་ཀྱི་བསླབ་པ་དང་འགལ་བ། གསང་བ་རིག་འཛིན་སྔགས་ཀྱི་དམ་ཚིག་དང་འགལ་བ། ཁྱད་པར་རྡོ་རྗེའི་མཆེད་ལ་ནང་འཐབ་བྱས་པ་དང་། བླ་མའི་བཀའ་བཅག་སྟེ་ཁ་དུད་སྣ་དུད་འཐེན་པ་འདི་ཉེས་པ་ཆེ་སྟེ། སྔོན་བླ་མ་མཚམས་པ་རིན་པོ་ཆེས་ཀྱང་སྣ་དུད་ཀྱི་ཉེས་པ་འདི་ཡང་ཡང་གསུངས། ཡང་དགོས་བླ་སེར་ཞིག་སྣ་དུད་འཐེན་ན་མ་རབས་ཀྱི་སྤྱོད་པ་ཞིག་ལ་དེ་བས་ཐུ་བ་མེད། སྤྱིར་སྣ་དུད་ཀྱི་ཉེས་པ་ཆགས་ཞེན་དང་སྲེད་པ་རྒྱུན་མི་འཆད། རྫུན་ངག་འཆལ་ལ་སོགས་པའི་ཉེས་པའི་སྣ་འདྲེན།ཤི་བའི་དུས་སུའང་ལས་ཀྱི་མུན་པ་འཐུག་པོས་བསྒྲིབས་ནས་ཐར་བའི་ལམ་མི་མཐོང་།བླ་མས་འཕོ་བ་མི་ཐེབ། ཆོས་ཀྱི་སྣང་བ་མི་རྙེད་པ་སོགས་དཔག་ཏུ་མེད། དེས་ན་བླ་སེར་ཞིག་གི་ནང་ན་སྣ་དུད་འཐེན་མཁན་ཞིག་ཡོད་ན་དེ་གཏིང་ནས་ཐུགས་ཁྲེལ་བར་མཛད། མ་བརྟགས་ན་མི་དགེ་བ་བཅུ་བདག་གིས་ཅང་མ་བྱས་སྙམ་པ་ཡོད་ཀྱང་། བརྟགས་ན་གྲོང་ཆོག་ལ་འགྲོ་མཁན་ཞིག་ཡིན་ཕྱིན་ཆད་སེམས་ཅན་གྱི་སྲོག་ལ་དབང་བ་གྲངས་ཀྱིས་མི་ཆོད། ཡང་ཚོང་ལྟ་བུ་གཅིག་ལ་མཚོན་ན་སྔར་བཤད་པ་བཞིན། རང་ལ་ཡོད་པའི་དངོས་པོ་བཙོང་རྒྱུ་དེ་ལ་བསྟོད་ར་དང་། གཞན་ལ་ཡོད་པའི་དངོས་པོ་ཉོ་རྒྱུ་དེ་བཟང་ཡང་ངན་ནོ་ཞེས་སྨད་པ་བྱེད་པས་མཚོན་རྫུན་དང་། རྟག་ཏུ་ཆགས་ཞེན་གྱིས་ཚོང་གི་དོན་དུ་ལྔ་ཟ་བཅུ་འབོད་ལ་སོགས་པའི་གཏམ་སྣ་ཚོགས་བཤད་པའི་ངག་འཁྱིལ། གཞན་གཉིས་ཚོང་བྱེད་པ་ལ་ཚོང་བར་དུ་བུད་ནས་དེ་ལ་མ་བཙོངས། དེས་རིན་ཇི་བཞིན་མི་སྟེར། ང་ལ་ཚོང་ཟེར་བ་སོགས་ཕྲ་མ། ཉོ་ཚོང་བྱེད་པ་དང་། དོམ་བསྙེགས་དེད་སོགས་ཀྱི་དུས་གཅིག་ལ་གཅིག་གིས་ཚིག་རྩུབ་སྨྲ་བ་སྟེ་ངག་གི་བཞི་ཡང་ཚང་། ཡང་མི་རི་གོང་མོ་ཆེ་བརྒྱབ་ནས་གཞན་བསླུས་ཏེ་ལེན་པས་མ་བྱིན་ལེན། དེང་སང་ཤ་འདི་རིན་པོ་ཆེ་བྱིན་ནས་ཉོས་ན་སེམས་ཅན་མང་པོའི་སྲོག་ལ་འཚེ་བར་འགྱུར། ཉོ་ཚོང་བྱེད་རྒྱུ་འང་འབྲི་དང་ཁལ་ཁ་མཐོ་སོགས་སེམས་ཅན་དུད་འགྲོ་ཞིག་ཕར་ཉོ་ཚུར་ཚོང་བྱས་ཕན་ཆད་དེ་ཀུན་བཤས་རའི་ནང་དུ་ཚུད་འགྲོ་བས་དངོས་སུ་བསད་པ་དང་ཁྱད་མེད་པས་སྲོག་གཅོད་མང་པོ་འབྱུང་། ཕ་རོལ་གྱི་རྒྱུ་རྫས་དེ་ཉིད་ཐབས་སྣ་ཚོགས་ཀྱིས་རང་གིས་ལེན་འདོད་ཀྱི་བརྣབ་སེམས། ཕ་རོལ་པོ་ཕམ་འདོད་སོགས་ཀྱི་གནོད་སེམས། ཚོང་ལ་ཉེས་པ་དེ་ཙམ་ཅི་ཡོད་སྙམ་པ་དང་ཡང་དགོན་ནང་གི་བླ་སེར་ཚོ་ཚོང་བྱས་དུས་རང་ཕམ་ཡོད་ན་དེའི་བླ་མ་གྲྭ་པ་དེ་ཚོ་དགེ་སྡིག་མེད་པ་རེད་ཟེར་བ་དང་། དེར་མ་ཟད་དེའི་དགོན་པ་ཐམས་ཅད་ལ་དགེ་སྡིག་ཅང་མེད་ཟེར་ནས་སྐུར་བ་འདེབས་པའི་ལོག་ལྟ་སྟེ་ལུས་ཀྱི་གཉིས་དང་། ཡིད་ཀྱི་གསུམ་པོ་ཡང་ཚང་། ཚོང་དེའི་དབང་གིས་ཉེས་པ་རང་རྒྱུད་ལ་འབྱུང་བར་འགྱུར་བས་བླ་སེར་ཞིག་གི་རྒྱུད་ཆུད་སོས་སུ་འགྲོ་བ་ལ་ཚོང་འདི་ལས་ཐུ་བ་མེད། དགེ་སེམས་བཟང་པོ་རེ་ཨེ་སྐྱེ་སྙམ་ན་ཚོང་བྱེད་པ་འདི་སྤང་དགོས་ཏེ། དེ་མ་སྤང་ན་ཉིན་མཚན་ཐམས་ཅད་དུ་དེ་ཁོ་ན་ལ་སེམས་གཡེངས། སྐྱོ་ཤས་དང་ངེས་འབྱུང་གི་བསམ་པ་ཐམས་ཅད་རྒྱུན་ཆད་དེ་དགེ་སེམས་ཏིལ་འབྲུ་ཙམ་མི་འབྱུང་བས་གཟབ་པར་བྱ། དེ་ལྟར་ཉེས་པའི་རྣམ་གྲངས་ཚེ་འདིར་རང་གིས་བྱས་པ་དྲན་པ་ཐམས་ཅད་སེམས་ཐོག་ཏུ་བླང་། ཚེ་འདིར་དངོས་སུ་རང་གིས་བྱས་པ་མེད་པ་རྣམས་ཀྱང་ཚེ་རབས་སྔ་མ་རྣམས་སུ་བྱས་པ་གྲངས་ཀྱིས་མི་ཆོད་པས་དེ་ཐམས་ཅད་ལ་སྙིང་ནས་འགྱོད་པར་བྱ།རང་གི་དམ་ཚིག་དང་སྡོམ་པ་རྣམ་པར་དག་ཀྱང་ཆོས་གྲལ་གཅིག་ཏུ་ལྷན་དུ་འཚོགས་པའི་མི་མང་པོའི་ནང་ན་དམ་ཚིག་ཆགས་ཉམས་ཞིག་རལ་ཅན་དུ་མ་ཡོད་ན། དེ་དག་གིས་དངོས་གྲུབ་ལ་བར་དུ་གཅོད་དེ་ཟླས་ཉམས་ཞེས་བྱ་བ་ཡིན་པས་དེ་ལྟ་བུའང་དམིགས་དགོས། ཡང་སློབ་མ་དམ་ཚིག་ཉམས་པ་ཡོད་ན་དེའི་དམ་སེལ་གྱིས་བླ་མ་ལ་གནོད་དེ། རྗེ་འགྲོ་བའི་མགོན་པོ་ཉིད་ཀྱིས། ཁོང་སྐུ་ན་ཆུང་དུས་ནས་བཟུང་རྨི་ལམ་དུའང་རང་གིས་སྣ་དུད་འཐེན་པ་རྨིས་མ་མྱོང་ཡང་། གཞན་གྱིས་འཐེན་པའི་དྲི་ཙམ་ཚོར་བ་རྨིས་ན་དེའི་ཉིན་པར་མི་འདོད་པ་སྣ་ཚོགས་འབྱུང་བར་གསུངས། འདི་མ་སྤངས་ན་རང་རེའི་བླ་མའི་བཀའ་བཅག་ཞིག་ལ་འདི་ལས་ཐུ་བ་མེད་པས་ཅིས་ཀྱང་གཟབ་པར་བྱའོ། །སྔོན་གྲུབ་ཐོབ་ཨོ་རྒྱན་པ་ཟེར་བ་ཞིག་གི་མདུན་དུ་སློབ་མ་དམ་ཉམས་ཞིག་འོང་བའི་རྐྱེན་གྱིས་ཐུགས་སྨྱོས་པ་སོགས་བྱུང་བར་བཤད་ན་ད་ལྟ་སྨོས་ཅི་དགོས། སྤྱིར་སྡིག་པ་འདི་ལ་རང་གི་བྱས་པ་དང་། གཞན་ལ་བྱེད་དུ་བཅུག་པ་དང་། བྱས་པ་ལ་རྗེས་སུ་ཡི་རང་བ་གསུམ་ལ་ཁྱད་པར་མེད་གསུངས་པས་དེ་ཐམས་ཅད་ལ་སྙིང་ནས་འགྱོད་པ་དྲག་ཏུ་བྱའོ། །ཀུན་ཏུ་སྤྱོད་པའི་སྟོབས་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྡིག་པའི་དངོས་པོ་དེ་ཐམས་ཅད་བཤགས་པར་བྱ་སྙམ་དུ་སེམས་བསྐྱེད་དེ། སྤྱི་གཙུག་པད་ཟླའི་གདན་སྟེང་སོགས་ནས། མ་ལུས་བྱང་བར་མཛད་དུ་གསོལ། ཞེས་པའི་བར་བརྗོད་དེ་ཡིག་བརྒྱ་བཟླས་ནས། བདག་གིས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཉམས་ཆགས་ཐམས་ཅད་དུས་ད་ལྟ་ཉིད་དུ་འདུག་ས་འདི་རུ་ལྷག་མ་མ་ལུས་པར་དག་པ་ཞིག་བླ་མ་རྡོ་རྗེ་སེམས་དཔའ་ཁྱེད་ཀྱིས་བྱིན་གྱིས་བརླབས་པར་མཛད་དུ་གསོལ་སྙམ་དུ་སྙིང་ནས་གསོལ་བ་བཏབ་པའི་རྐྱེན་གྱིས་བསྐུལ་ཏེ། ཐུགས་ཀར་སྔགས་ཕྲེང་གཡོན་དུ་བཀོད་པ་དེ་ཉིད་གཡས་སུ་འཁོར་བ་ལས་བདུད་རྩིའི་རྒྱུན་བབས་ཏེ་སྐུའི་དབྱིབས་བརྒྱུད། ཞབས་གཡས་པའི་མཐེ་བོང་གི་རྩེ་ལས་བྱུང་སྟེ་རང་གི་སྤྱི་བོ་ནས་མར་བབས་ཏེ་ལུས་ཀྱི་ནང་ཐམས་ཅད་བཀྲུ་བཤལ་བྱས་པ་བཞིན་ནད་ཐམས་ཅད་ཁྲག་རལ་དང་རྣག་རུལ། གདོན་ཐམས་ཅད་སྲོག་ཆགས་སྦལ་སྦྲུལ་སྡོམ་སྡིག་ཉ་ལྕང་ལ་སོགས་པའི་རྣམ་པ། སྡིག་སྒྲིབ་ཐམས་ཅད་དུད་ཁུ་དང་སོལ་ཁུའི་རྣམ་པར་འོག་སྒོ་གཉིས་དང་རྐང་མཐིལ་གཉིས་ནས་ནག་ནུར་གྱིས་ཐོན། རང་གི་མར་ཞབས་ཀྱི་ས་གས་པའི་འོག་ཏུ་འཆི་བདག་ལས་ཀྱི་གཤིན་རྗེ་ལ་འཁོར་ལན་ཆགས་ཀྱི་བདག་པོ་བདག་མོ་ཐམས་ཅད་ཀྱིས་བསྐོར་ཏེ་ཁ་ལག་སྦར་གསུམ་བཟེད་ནས་ཐམས་ཅད་ཟ་སྙམ་འཆའ་སྙམ་འགྲོགས་ནས་ཡོད་པའི་ཁ་ལག་སྦར་གསུམ་གྱི་ནང་སྔར་གྱི་ཁྲག་རལ་སོགས་དེ་ལྟ་བུ་མ་ཡིན་པར་བདུད་རྩིའི་རང་བཞིན་དུ་གྱུར་ཏེ་བབས་པས་ཐམས་ཅད་ངོམ་ཞིང་ཚིམ། ལན་ཆགས་བྱང་། བུ་ལོན་སོད། ཤ་འཁོན་བྱང་། དུས་མ་ཡིན་པའི་འཆི་བ་ལས་བསླུས་པར་བསམ་ལ་ཡིག་བརྒྱ་བརྒྱ་སྟོང་སོགས་ཅི་ནུས་བཟླ། སྤྲོ་ན་ཞི་ཁྲོའི་ཀློང་བཤགས་རྒྱས་པ་འམ། བརྗོད་མེད་དོན་བཤགས། རུ་ཏྲའི་སྨྲེ་བཤགས།བདེ་གཤེགས་སྤྱི་བཤགས་སོགས་གསུམ་པོ་གང་འོས་བཏོན་མཐར་ཁ་ལག་སྦར་གསུམ་བཟེད་པ་ཡང་ཟུམ། ས་གས་པ་ཡང་སོས། རང་གི་ལུས་ཀྱང་ཕྱི་གསལ་ནང་གསལ་དུ་ཡོད་པར་བསམ། དེ་ནས་རྡོ་རྗེ་སེམས་དཔའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པ།དབུ་མ་ནས་གྱེས་པའི་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ན་རྩ་འདབ་སུམ་ཅུ་རྩ་གཉིས་གདུགས་ཀྱི་རྩིབ་མ་བཞིན་ཁ་མར་བསྟན་པ་དང་། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན་རྩ་འདབ་བཅུ་དྲུག་ཡར་གྱུ་བ། སྙིང་ག་ཆོས་ཀྱི་འཁོར་ལོ་ན་རྩ་འདབ་བརྒྱད་མར་གྱུ་བ། ལྟེ་བ་སྤྲུལ་པའི་འཁོར་ལོ་ན་རྩ་འདབ་དྲུག་ཅུ་རྩ་བཞི་ཡར་བསྟན་པ་རྣམས་རིམ་གྱིས་གང་སྟེ་སྤྱི་བོའི་རྩ་འབབ་རྣམས་གང་ནས་བུམ་པའི་དབང་ཐོབ།དགའ་བའི་ཡེ་ཤེས་སྐྱེས། ལས་ཀྱི་སྒྲིབ་པ་དག སྤྲུལ་པའི་སྐུ་ཐོབ་པར་བསམ། དེ་བཞིན་དུ་མགྲིན་པར་གསང་བའི་དབང་ཐོབ། མཆོག་དགའི་ཡེ་ཤེས་སྐྱེས། ཉོན་སྒྲིབ་དག ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པར་བསམ། སྙིང་གར་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཁྱད་པར་གྱི་དགའ་བ་སྐྱེས། ཤེས་བྱའི་སྒྲིབ་པ་དག ཆོས་ཀྱི་སྐུ་ཐོབ་པར་བསམ། ལྟེ་བར་ཚིག་གི་དབང་ཐོབ། ལྷན་སྐྱེས་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེས། བག་ཆགས་ཀྱི་སྒྲིབ་པ་དག ངོ་བོ་ཉིད་ཀྱི་སྐུ་ཐོབ་པར་བསམ། དེ་ནས་ཡང་བདུད་རྩིའི་རྒྱུན་བབས་པས་རང་གི་ལུས་ཀྱི་ནང་ཐམས་ཅད་སོར་མོའི་རྩེ་མོ་ཚུན་ཆད་དཀར་ལྟེམ་གྱིས་ཤེལ་བུམ་འོ་མས་གང་བ་བཞིན་དུ་གྱུར་པར་བསམ། སོར་ཆུད་པའི་སྟོབས་སྡོམ་སེམས་ཏེ། སྡོམ་སེམས་བརྟན་པོ་ཞིག་མེད་ན་སྡིག་པ་མི་འདག་པས། དེང་སང་སྡིག་པ་འགའ་རེས་ཁས་ལེན་བྱེད་དུས། སྡུག་མ་ཐུག་ན་མི་བྱེད་ཟེར་མཁན་ཡོད་ཀྱང་དེ་ལྟ་བུ་ཞིག་གིས་སྡིག་པ་འདགས་ཐབས་མེད་པས། ད་ཕྱིན་ཆད་ནི་སྲོག་ལ་བབས་ཀྱང་མི་བྱེད་སྙམ་པའི་སྡོམ་སེམས་དང་བཅས་བདག་ནི་མི་ཤེས་པའི་དབང་གིས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་འདི་ལས་རྡོ་རྗེ་སེམས་དཔའ་ཁྱོད་ཀྱིས་བསྐྱབས་ཏེ་སྡིག་སྒྲིབ་ཉེས་ལྟུང་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་པ་ཞིག་བྱིན་གྱིས་བརླབས་པར་མཛད་དུ་གསོལ་སྙམ་དུ། བདག་ནི་མི་ཤེས་གཏི་མུག་སོགས་ནས༑ མ་ལུས་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་པའི་བར་བརྗོད་པས་རྡོ་རྗེ་སེམས་དཔའ་ཞལ་འཛུམ་པ་དང་བཅས་དགྱེས་པ་ཆེན་པོས་འོད་དུ་ཞུ་ནས་རང་ལ་ཐིམ་པའི་རྐྱེན་གྱིས་རང་ཡང་སྐད་ཅིག་གིས་རྡོ་རྗེ་སེམས་དཔའི་སྐུར་གསལ་བའི་ཐུགས་ཀར་ཟླ་དཀྱིལ་གྱི་དབུས་སུ་ཧཱུྃ་མཐིང་ག ཤར་དུ་ཨོཾདཀར་པོ། ལྷོ་རུ་བཛྲ་སེར་པོ།ནུབ་ཏུ་ས་དམར་པོ། བྱང་དུ་ཏྭ་ལྗང་གུ་རྣམས་གསལ་བ་ལས་འོད་ཟེར་ཁ་དོག་སྣ་ལྔ་འཕྲོས་པའི་རྩེ་ལས་འོད་ཟེར་ས་སྣ་ཚོགས་ཐོགས་པའི་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་འཕྲོས་ཏེ། རྒྱལ་པ་སྲས་དང་བཅས་པ་ལ་ཐུགས་མཉེས་པའི་མཆོད་པ་ཕུལ།དེ་རྣམས་ཀྱི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་བྱུང་ནས་རང་གི་སྙིང་གའི་ཡིག་འབྲུ་རྣམས་ལ་ཐིམ། བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ། ཡང་ཡིག་འབྲུ་རྣམས་ལས་འོད་ཟེར་མར་འཕྲོས། འགྲོ་བ་དྲུག་གི་སེམས་ཅན་ཐམས་ཅད་བསལ་ནས་ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་མངོན་པར་དགའ་བའི་ཞིང་དུ་གྱུར། ནང་བཅུད་ཀྱི་དབུས་ན་གནས་པའི་སེམས་ཅན་རྣམས་བུདྡྷ་རྡོར་སེམས། ཤར་ན་གནས་པ་རྣམས་བཛྲ་རྡོར་སེམས། ལྷོར་གནས་པའི་འགྲོ་བ་ཐམས་ཅད་རཏྣ་རྡོར་སེམས། ནུབ་ཕྱོགས་ཀྱི་འགྲོ་བ་ཐམས་ཅད་པདྨ་རྡོར་སེམས། བྱང་ཕྱོགས་ཀྱི་འགྲོ་བ་ཐམས་ཅད་ཀརྨ་རྡོར་སེམས་སུ་གྱུར་ཏེ་ཐམས་ཅད་ཀྱིས་ཨོཾ་བཛྲ་ས་ཏྭ་ཧཱུྃ་ཞེས་པའི་སྒྲ་འུར་དིར་གྱིས་སྒྲོག་པར་བསམས་ལ་མང་དུ་བཟླ། མཐར་ཕྱི་སྣོད་ཀྱི་ཞིང་ཁམས་ཐམས་ཅད་ནང་བཅུད་ཀྱི་ལྷ་ཚོགས་རྣམས་ལ་ཐིམ། དེ་ནས་རིམ་པ་བཞིན་ནང་བཅུད་རྡོར་སེམས་རིག་ལྔ་རང་ལ། རང་ཉིད་ཐུགས་ཀའི་ཡིག་གེ་ལ། ཡིག་འབྲུ་ལྔ་པོ་ཡང་། ཨོཾ་བཛྲ་ལ།བཛྲ་ས་ལ། ས་ཏྭ་ལ། ཏྭ་ཧཱུྃ་གི་ཞབས་ཀྱུ་ལ། ཞབས་ཀྱུ་འ་ཆུང་ལ། འ་ཆུང་ཧ་ཁོག་ལ༑ ཧ་ཁོག་མགོ་བོ། མགོ་བོ་ཟླ་ཚེས། ཟླ་ཚེས་ཐིག་ལེ། ཐིག་ལེ་ན་ད། ན་ད་ཇེ་ཕྲར་སོང་ནས་མི་དམིགས་པའི་ངང་ལ་མཉམ་པར་བཞག འདི་ནི་འགྱོད་ཚང་ཐམས་ཅད་ཀྱི་མཆོག་ཡིན་ཏེ། དྲང་པོར་འདུག་ལ་ཡང་དག་བལྟ། །འདི་ནི་འགྱོད་ཚང་མཆོག་ཡིན་ནོ། །ཅེས་གསུངས་སོ། །དེ་ནས་དགེ་བ་བསྔོ་བ་ནི། དགེ་བ་འདི་ཡི་མྱུར་དུ་སོགས་སོ། །དེ་ནས་ཚོགས་བསགས་པ་མཎྜལ་གྱི་རིམ་པ་ནི། སྤྱིར་རང་རྒྱུད་ལ་ཉམས་རྟོགས་ཀྱི་ཡོན་ཏན་བཟང་པོ་ཞིག་སྐྱེ་བར་འདོད་ན། བཤད་མ་ཐག་པ་ལྟར་སྒྲིབ་པ་སྦྱོང་བ་དང་༑ ཚོགས་བསགས་པ་གཉིས་གལ་ཆེ་སྟེ། དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི༑ ༑ཚོགས་རྫོགས་སྒྲིབ་པ་དག་པའི་ལག་རྗེས་དང་། །རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། །ཐབས་གཞན་བརྟེན་པ་རྨོངས་པར་ཤེས་པར་བྱ། །ཞེས་པ་ལྟར་རོ༑ ༑དེས་ན་བླ་སེར་གྲོང་ཆོག་མཁན་རྣམས་ཀྱིས་ཀྱང་རང་གི་མཚམས་སྒྲུབ་ཀྱི་ཆ་རྐྱེན་ཟས་གོས་ཙམ་མ་གཏོགས་ལྷག་མ་ཅི་ཡོད་ཡར་མཆོད་མར་སྦྱིན་རེ་བྱེད་དགོས་ཀྱི༑ ནོར་རྫས་ལ་ཞེན་ཆགས་ཀྱིས་བསོགས་ནས་སྦྱིན་གཏོང་ཅི་ཡང་མི་བྲ་བར་ཤི་ན་འདྲེ་ངན་གདུག་པ་ཅན་དུ་སྐྱེས་ནས་རང་གི་ལོངས་སྤྱོད་གར་ཡོད་དུ་འཁྲིས་ནས་ཐམས་ཅད་ལ་གནོད་པར་འགྱུར་ཞིང་མཐར་ངན་སོང་དུ་སྐྱེ་བས་ཕུང་ཚབས་དེ་ལས་ཆེ་བ་མེད། ལོངས་སྤྱོད་མང་པོའི་བསོགས་ཟུན་བྱེད་པ་འདི་ཐུབ་པ་བཅོམ་ལྡན་འདས་ཀྱི་རྗེས་འཇུག་གི་ལུགས་མིན་པས་སྤང་དགོས་ལ། དེང་སང་ནི་བན་རྒན་རྩ་མེད་བདག་མེད་རྒས་ཤིང་འཁོགས་པ་རྣམས་ཀྱིས་ཀྱང་འཆི་སྙམ་ཡིད་ལ་མི་སྐྱེད། འབྲི་མོད་པོ་དང་། རྒྱ་དངུལ་རྡིལ་ཚད་མང་པོ་ཡོད་ཀྱང་མཆོད་སྦྱིན་ལྟ་ཅི་རང་གི་ཁ་ཟས་རྒྱབ་གོས་ཙམ་ཡང་མི་བྲ་བར་ཆགས་ཞེན་གྱིས་འཆང་འདུག་པའི་མི་དེ་ཚོ་འཆི་བའི་གནས་སྐབས་ན་ནི་འབྲི་རྒན་གཅིག་ཙམ་མི་དགོས་སྤུ་ཤར་གཅིག་དང་། དངུལ་སྐར་མ་གང་ཙམ་ཡང་ཁྱེར་དབང་ནི་མེད། ཤུལ་མི་དག་གིས་འཇིག་རྟེན་པས་མི་ཁྲེལ་བ་ཙམ་གྱི་དོན་དུ་གནད་དུ་མ་སོང་བའི་ཆོས་ཕྱོགས་སུ་ཅུང་ཟད་རེ་བཏང་ན་ཡང་ཕན་པ་ཆུང་། ཕལ་ཆེར་ནི་གཞན་དོན་མེད་ཀྱི་མི་མང་པོས་བགོ་བཤར་བྱེད་འགྲོ་བས་ད་ལྟ་རང་ལ་དབང་ཡོད་ཚེ་འདི་ལ་མཆོད་སྦྱིན་སོགས་བྱེད་པ་གལ་ཆེ། དེར་མ་ཟད་ཞེན་པ་མེད་རུང་རྫས་མང་པོ་ཡོད་ན་རང་རྒྱུད་ལ་སྒྲིབ་པར་འགྱུར་ཏེ། ཡང་རྡོ་ཡོན་སོགས་གཞན་ལ་སྦྱིན་རྒྱུ་ཞིག་ཡིན་ནའང་ཞག་ཆ་རེ་ལ་མ་བྱིན་པར་བཟུང་ན་རང་རྒྱུད་ལ་སྐྱོན་ཅུང་ཟད་འགོ་བར་འགྱུར་བ་ལ་རྒྱ་མ་ལ་བཀྱག་གྲངས་མང་ན་རྒྱ་མིག་ཟད་འགྲོ་བའི་དཔེ་ལྟ་བུ་ཡིན་པ་དཔལ་སྤྲུལ་རིན་པོ་ཆེས་གསུངས། དེས་ན་བསོག་འཇོག་སྤངས་ཏེ་མཆོད་སྦྱིན་སྤྱི་དང་། ཁྱད་པར་དུ་ལག་པ་ནར་གྱིས་བརྐྱངས་པ་ལ་མཎྜལ་འདི་ཕན་ཡོན་ཆེ་བར་གསུངས་པས་སྔོན་གྱི་དམ་པ་དག་གིས་ཀྱང་འོ་བརྒྱལ་ལ་མ་འཛེམ་པར་མཎྜལ་གྱི་གཞི་བྱི་དོར་བྱེད་པ་ནའང་ཕྱག་གི་མཁྲིག་མའི་ནང་ཟད་དེ་རྨར་སོང་པ་ན་རྒྱབ་ནས་ཕྱི་བ་དང་། ཕྱག་གཡས་གཡོན་བརྗེས་ནས་ཕྱི་བ་སོགས་མཛད༑ རྗེ་བདག་ཉིད་ཆེན་པོར་ཡང་རྡོའི་མཎྜལ་ཞིག་དབུལ་རྒྱུ་ཡོད་པ་དེ་ད་དུང་མཇལ་རྒྱུ་ཡོད་པ་དེ་བྱི་དོར་ཤིན་ཏུ་བྱས་པས་རིན་པོ་ཆེ་འདྲ་བར་ཡོད་གསུངས།མཎྜལ་གྱི་རྒྱུ་ནི། རབ་རིན་པོ་ཆེ་གསེར་དངུལ་སོགས་ཀྱི་གཞི་ལ་གཡུ་བྱུར་སོགས་ཀྱིས་ཚོམ་བུ་དགོད། འབྲིང་ཟངས་རག་མཁར་བ་སོགས་ལ་སྨན་དང་འབྲུ་སོགས་ཀྱི་ཚོམ་བུ། ཐ་མ་ཤིང་ངམ་རྡོ་སོགས་ལ་བྱེ་མ་སོགས་ཀྱི་ཚོམ་བུ་བཀོད་དེ་ཕུལ་ན་ཡང་ཆོག་ཤེས་ཡོད་ཅིང་བསམ་པ་དག་ན་ཚོགས་རྫོགས་པ་ལ་ཁྱད་མེད། དཔལ་སྤྲུལ་རིན་པོ་ཆེས་ཀྱང་ཤིང་གི་མཎྜལ་ཞིག་ཕུལ་བར་མཛད། ཡང་དངོས་པོ་བཟང་པོ་ཡིན་ན་དེ་ལ་ནོར་དང་འཕྱོར་འདོད་ཀྱི་འདུ་ཤེས་བཞག་ནས་ཞེན་ཆགས་སྐྱེ་མི་རུང་༑ ཚོམ་བུར་དགོད་རྒྱུའི་འབྲུ་སོགས་ཀྱང་སེར་སྣ་མི་བྱེད་པར་རྙིང་པ་མཆོད་ནས་གསར་བས་བརྗེ་དགོས། སྔོན་དཔལ་སྤྲུལ་རིན་པོ་ཆེས་འཇུ་མང་དགོན་དུ་སྤྱོད་འཇུག་གསུང་དུས་མཎྜལ་གྱི་ནང་གི་གསེར་གཡུ་མོད་པོ་དང་ཕྱིའི་ཐུམ་དང་བཅས་ཐམས་ཅད་མཆོད་པར་མཛད། ཁྱེའུ་ཡོལ་རིག་འཛིན་ཆེན་པོས་ལྷ་སའི་ཇོ་བོའི་མདུན་གསེར་གྱི་བྱེ་མ་མཆོད་པར་མཛད་པས་སྐུ་པང་དུ་རིང་བསྲེལ་བྱ་མོའི་སྒོ་ང་ཙམ་ཞིག་བབས་པ་ཕྱིས་སྐུ་གདུང་གི་མཆོད་རྟེན་ནང་དུ་བཞག རིག་འཛིན་འཇིགས་མེད་གླིང་པས་ཇོ་བོའི་མདུན་དུ་གསེར་གྱི་མཎྜལ་ཕུལ་ཏེ་བྱང་སྡོམ་བླངས་པས་ཇོ་བོའི་མཛོད་སྤུ་ནས་འོད་བྱུང་ནས་མཁྱེན་བརྩེའི་ལྷ་ཞེས་གསུངས། ཡང་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་ཙཱ་རིའི་ལམ་དུ་དངུལ་རྡིལ་ཚད་བཅུ་གསུམ་གྱི་རིན་རྩིའི་གཡུ་བྱུར་སོགས་རིན་པོ་ཆེ་གཏོར་བས་ཙཱ་རི་བསྐོར་དུ་འགྲོ་བའི་མི་མང་པོའི་ཟླ་བ་དུ་མའི་གྲོ་ཁའི་ཆ་རྐྱེན་སོགས་ཡོད་པར་བཤད། དེས་ན་མཎྜལ་གྱིས་མཚོན་པའི་མཆོད་པ་ཐམས་ཅད་ནི་སེར་སྣའི་གཉེན་པོ་ཡིན་པས་སེར་སྣ་དང་འཇུར་འགགས་ཀྱིས་བཅིངས་པ་དང་༑ ང་རྒྱལ་གྱིས་རློམ་པ་དང་། གཞན་ལ་ངོམས་ཆོས་སུ་མ་སོང་བ་ཞིག་དགོས།སྤྱིར་རབ་ཏུ་བྱུང་བའི་གང་ཟག་གི་གོས་སྣེ་གསུམ་གྱོན་པ་ཞིག་ཡིན་ནས་བཟུང་ཆོས་དགེ་བའི་བསམ་པ་འདོད་ཆུང་ཆོག་ཤེས་ཞིག་ལ་བསླབ་པ་གལ་ཆེ། འདོད་ཆུང་ཆོག་ཤེས་ཞིག་ཡོད་ན་མཆོད་པ་ཐམས་ཅད་ཀྱི་མཆོག་ཡིན་པར་གསུངས། མཎྜལ་འབུལ་བ་དངོས་ལ། འཛོམ་ན་རང་གི་མདུན་དུ་སྟེགས་བུ་མཐོ་བ་ཞིག་གི་ཁར་སྒྲུབ་པའི་མཎྜལ་བཤམས་ཏེ་དེར་ཚོགས་ཞིང་བསྐྱེད་པའམ། ཡང་ན་མདུན་གྱི་ནམ་མཁར་རྒྱལ་པ་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་བཞུགས་པར་བསམ་ལ། མཆོད་པའི་མཎྜལ་འབུལ་ཚུལ་ནི། ལག་གཡོན་པའི་ནང་འབྲུ་དང་སྨན་སོགས་ཅུང་ཟད་ཅིག་བཟུང་ནས་མཎྜལ་གྱི་གཞི་བཏེགས་ནས་དེ་ཉིད་དབང་ཆེན་གསེར་གྱི་ས་གཞི་རྒྱ་ཁྱོན་ཤིན་ཏུ་ཡངས་པར་བསམས་པའི་སྟེང་། དྲི་བཟང་གི་ཆུས་བྱུག་ཅིང་བརླན་པར་བྱས་ན་རང་རྒྱུད་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་བརླན་པའི་དགོས་པ་ཡོད། དེ་ནས་ལྕགས་རི་ཡོད་ན་འཇོག་ཅིང་། མེད་ཀྱང་སྲིན་ལག་གིས་མཎྜལ་གྱི་མཐའ་ནས་གཡོན་དུ་བསྐོར་ནས་ཕྱིའི་ལྕགས་རིའི་ཁོར་ཡུག་ཏུ་བསྐོར་བ་སྟོང་གསུམ་གྱི་ཚད་དང་མཉམ་པར་བསམ། དབུས་སུ་ཚོམ་བུ་ཆེ་བ་གཅིག་བཀོད་དེ། དེ་ཉིད་རི་རྒྱལ་ལྷུན་པོ།གསེར་གྱི་རི་བདུན་དང་། རོལ་པའི་མཚོ་བདུན་གྱིས་བསྐོར་བའི་རང་བཞིན་དུ་མོས།དེ་ནས་ཕྱོགས་མཚམས་ཀྱི་ཚོམ་བུ་རྣམས་རིམ་གྱིས་བཀོད་དེ། གླིང་བཞི་དང་། གླིང་ཕྲན་བརྒྱད་པོ། དབྱིབས་ཟླུམ་པོ། སོག་ཀ ཟླ་གམ། གྲུ་བཞི་པའི་རྣམ་པར་བསམ་ཞིང་༑ དེ་ཡང་ཤར་ལུས་འཕགས་གླིང་ཤེལ་ལས་གྲུབ་པ། ལྷོ་འཛམ་བུ་གླིང་བཻཌཱུཪྱ་ལས་གྲུབ་པ། ནུབ་བ་ལང་སྤྱོད་པདྨ་ར་གའམ་བྱུ་རུ་ལས་གྲུབ་པ། བྱང་སྒྲ་མི་སྙན་གསེར་ལས་གྲུབ་པ་སྟེ། རང་རང་གི་གླིང་ཕྲན་རྣམས་ཀྱང་དེ་བཞིན་དུ་བསམ་མོ། །ཤར་གླིང་གི་སྟེང་གི་ནམ་མཁར་ཉི་མའི་དཀྱིལ་འཁོར་མེ་ཤེལ་ལས་གྲུབ་པ་དཔག་ཚད་དང་གཅིག་པ། ནུབ་གླིང་གི་སྟེང་གི་ནམ་མཁར་ཟླ་བའི་དཀྱིལ་འཁོར་ཆུ་ཤེལ་ལས་གྲུབ་པ་དཔག་ཚད་ལྔ་བཅུ་པ། ལྷོར་སྒྲ་གཅན་ཆུ་སྲིན་གྱི་མགོ་བོ་ཅན། བྱང་དུ་དུས་མེ་སྤྱང་ཀིའི་མགོ་བོ་ཅན། དེ་གཉིས་ཀྱི་བར་སྒྲ་གཅན་གྱི་ལུས་དངོས་མེད་དམ་ཤེལ་དུ་ཡོད་པར་མོས། དེ་རྣམས་ན་ལྷ་དང་མིའི་ལོངས་སྤྱོད་ཀྱི་འབྱོར་བ་དཔག་ཏུ་མེད་པས་གང་བར་དམིགས་ཏེ། མཆོག་གསུམ་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་ཕུལ་བར་བསམ། དེ་ནས་སྐུ་གསུམ་གྱི་མཎྜལ་ནི། དང་པོ་སྤྲུལ་སྐུའི་མཎྜལ་གླིང་བཞི་རི་རབ་ཉི་ཟླ་དང་བཅས་པ་བྱེ་བ་ཕྲག་བརྒྱ་སོགས་མང་པོར་བསམས་ནས་ཚོམ་བུ་བདུན་བཀོད་དེ་སྤྲུལ་སྐུའི་ལྷ་ཚོགས་རྣམས་ལ་འབུལ། དེ་སྟེང་ལོངས་སྐུའི་མཎྜལ་རང་གི་ལུས་ཀྱི་ཟོ་ཁོག་རིའི་རྒྱལ་པོ་རི་རབ། ཡན་ལག་བཞི་གླིང་བཞི། ཉིང་ལག་རྣམས་གླིང་ཕྲན་བརྒྱད། མིག་གཉིས་ཉི་མ་དང་ཟླ་བ། མགོ་བོ་རྣམ་པར་རྒྱལ་བའི་ཁང་བཟང་། སྙིང་ཡིད་བཞིན་གྱི་ནོར་བུ། དོན་སྣོད་རྣམས་ལྷ་མིའི་ལོངས་སྤྱོད་དུ་དམིགས་པའམ། ཡང་ན་ཟོ་ཁོག་རིན་པོ་ཆེའི་གཞལ་མེད་ཁང་།ཡན་ལག་བཞི་སྒོ་བཞི། ཉིང་ལག་རྣམས་རྟ་བབས། དབང་པོ་རྣམས་རིན་པོ་ཆེའི་རྒྱན༑ ཁམས་དང་སྐྱེ་མཆེད་ཐམས་ཅད་རིགས་ལྔའི་ཚོམ་བུ་ལྷ་དང་ལྷ་མོར་དམིགས་ནས་ཚོམ་བུ་ལྔ་བཀོད་ནས་བླ་མ་ལོངས་སྐུའི་ལྷ་ཚོགས་རྣམས་ལ་འབུལ། དེ་སྟེང་ཆོས་སྐུའི་མཎྜལ་སེམས་ཉིད་སྐྱེ་མེད་ཀྱི་གཞི་ལ། ཡེ་ཤེས་ལྔའི་རྩལ་འགགས་མེད་དུ་འཆར་བའི་ཚོམ་བུས་བརྒྱན་པར་དམིགས་ཏེ་ཚོམ་བུ་བཀོད་ལ་བླ་མ་ཆོས་སྐུའི་ལྷ་ཚོགས་རྣམས་ལ་དབུལ་བྱ་འབུལ་བྱེད་མེད་པའི་ངང་དུ་དབུལ་ལོ་སྙམ་པའི་སྒོ་ནས།ཨོཾ་བཛྲ་བྷུ་མི་སོགས་ནས་འབུལ་སྔགས་ཀྱི་བར་དང་། ཡང་ཨོཾ་ཨཱཿཧཱུྃ་ཕྱི་ནང་སྣོད་བཅུད་སྟོང་གསུམ་སོགས་མན་ཆད་ཅི་ནུས་སུ་འདོན། གྲངས་བསོགས་ཚེ་མཚམས་མཚམས་སུ་གོང་ལྟར་རྒྱས་པ་རེ་ཕུལ་ནས། ས་གཞི་སྤོས་ཆུས་སོགས་ཚོམ་བུ་བདུན་མ་བཅས་འབུམ་ཐེར་ཙམ་འགྲོ་ངེས་བྱའོ། །དེ་ནས་བྱིན་རླབས་བཙན་ཐབས་སུ་འཇུག་པ་བླ་མའི་རྣལ་འབྱོར་ནི། དང་པོ་བརྟེན་བྱའི་བླ་མ་དེ་ཉེ་རིང་ཀུན་ནས་ལེགས་པར་བརྟགས་ཏེ་མཚན་ཉིད་དང་ལྡན་པར་མཐོང་ན་བརྟེན་པར་བྱ་དགོས་ཀྱི། ཁྱི་དང་གློ་བ་འཕྲད་པ་བཞིན་མ་བརྟགས་པར་བརྟེན་ན་གཏན་གྱི་འདུན་མ་བརླགས་པར་འགྱུར་ཏེ། ཟོག་པོ་བསླུ་བྲིད་ཅན་གྱི་རིགས་དང་འཕྲོད་ན། དེ་ལས་ཡོན་ཏན་གསར་དུ་རང་རྒྱུད་ལ་མི་འབྱུང་བར་མ་ཟད། སྔར་ཡོད་ཀྱི་ཡོན་ཏན་རྣམས་ཀྱང་མེ་ཏོག་སད་ཀྱིས་བཏབ་པ་བཞིན་དུ་ཉམས་པར་འགྱུར་བས་གཟབ་པར་བྱ་དགོས། བརྟེན་པར་བྱ་བའི་བླ་མ་ནི། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཐུགས་རྒྱུད་ལ་འཁྲུངས་ཤིང་བརྒྱུད་པའི་བྱིན་རླབས་དང་ལྡན་ལ། གཞན་ལ་ཕན་པའི་དོན་དུ་བརྩོན་པ་ཞིག་ཡིན་ཕྱིན་ཆད་ཡོན་ཏན་གཞན་མི་སྣང་ཡང་ཐེ་ཚོམ་མེད་པར་བསྟེན་པར་བྱས་ན་མི་བསླུ་བར་ངེས་པ་ཡིན། དེ་ལས་གཞན་དུ་ཐོས་རྒྱ་ཆེ་བ་དང་༑ མངོན་ཤེས་དང་ལྡན་པ་ལ་སོགས་པའི་ཡོན་ཏན་ཅི་ལྟར་བཟང་ཡང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་བྲལ་ན་དེ་བསྟེན་པ་ལ་དགོས་པ་ཆུང་། མདོར་ན་ཡོན་ཏན་གྱི་ཁྱད་པར་རང་ལས་ལྷག་པ་ཞིག་དགོས་ཏེ། སློབ་མ་ཚོགས་ལམ་པ་ཞིག་ཡིན་ན། བླ་མ་སྦྱོར་ལམ་པ་ཞིག་དགོས་པ་ནས་སློབ་མ་སྒོམ་ལམ་ལ་གནས་པ་ཞིག་ཡིན་ན་བླ་མ་སངས་རྒྱས་ཞིག་དགོས་པའི་བར་དུ་ཤེས་བར་བྱའོ། །དེ་ལྟར་བརྟགས་ཤིང་བསྟེན་བྱར་མཐོང་ནས་གདམས་ངག་ཞུས་ནས་བཟུང་། བླ་མ་དེ་ལ་སངས་རྒྱས་དང་མཉམ་པར་བལྟ་ཞིང་བཀའ་དྲིན་གྱི་ངོས་ནས་བསམས་ན་སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་འདུལ་མ་ནུས་པའི་སྙིགས་མཐར་སྐྱེས་པའི་སྐྱེ་བོ་བདག་འདྲ་བའི་ངོར་བཤེས་གཉེན་དམ་པའི་ཚུལ་དུ་བྱོན་ནས་མན་ངག་ཟབ་མོ་འདི་ལྟ་བུའི་སྒོ་ནས་རྗེས་སུ་འཛིན་པ་ནི་སངས་རྒྱས་ལས་ཀྱང་ལྷག་པའི་དད་པ་དང་མོས་གུས་དྲག་པོས་རྟག་ཏུ་མི་བརྗེད་པར་རྣལ་འབྱོར་དུ་བསྒྲུབ་པར་བྱ་དགོས་ཤིང་༑ དེ་ལ་སྐབས་འདིར་ཇི་ལྟར་བསྒོམ་པའི་ཚུལ་ནི། རང་ཉིད་འདུག་པའི་ས་ཕྱོགས་འདི་ཐམས་ཅད་ཐ་མལ་གྱི་སྣང་བ་འདི་ལྟ་བུ་མ་ཡིན་པར་མ་དག་པའི་སྣང་བ་དབྱིངས་སུ་ཐིམ་པའི་འོག་མིན་གྱི་ཞིང་དང་གཞལ་ཡས་ཁང་གི་བཀོད་པ་ཕུན་སུམ་ཚོགས་པས་བརྒྱན་པའི་དབུས་སུ་རང་ཉིད་ད་ལྟའི་འདི་ལྟ་བུའི་གདོས་བཅས་ཤ་ཁྲག་གི་རང་བཞིན་མ་ཡིན་པར་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་བརྟེན་དང་རྗེས་སུ་འཛིན་པའི་རྟེན་འབྲེལ་དུ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྐུ་མདོག་དམར་གསལ་ཞལ་གཅིགཕྱག་གཉིས་སྤྱན་གསུམ་པ་ཞབས་གཉིས་གཡས་བརྐྱང་པ་བམ་རོའི་སྙིང་གར་བརྫིས་ཤིང་། གཡོན་བསྐུམ་པའི་གར་སྟབས་བྱས་པ། ཕྱག་གཡས་གྲི་གུག་ནམ་མཁར་འཕྱར་ཞིང་། གཡོན་ཐོད་པ་བདུད་རྩིས་གང་བ་བསྣམས་པ། རུས་པའི་རྒྱན་དྲུག་དང་༑ མེ་ཏོག་གི་ཕྲེང་བས་སྐུ་ལ་བརྒྱན་པ། སྐུ་སྣང་ལ་སྟོང་པའི་རང་བཞིན་དུ་གསལ་བའི་སྤྱི་བོའི་སྟེང་གི་ནམ་མཁར་མདའ་གང་ཙམ་གྱི་སར་སེངྒེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་པདྨ་ཉི་མ་ཟླ་བས་བརྒྱན་པའི་སྟེང་དུ། ངོ་བོ་དྲིན་ཆེན་རྩ་བའི་བླ་མ་ཡིན་པ་ལ། རྣམ་པ་ཨོ་རྒྱན་ཆེན་པོ་ཡབ་ཡུམ་སྐྱབས་འགྲོའི་ཚོགས་ཞིང་གི་སྐབས་ལྟར་གསལ་བའི་སྟེང་གི་ནམ་མཁར་ཞི་བའི་ལྷ་ཚོགས་བཞི་བཅུ་པོ་འཇའ་འོད་ཀྱི་ཀློང་ན་བཞུགས་པ། དེའི་སྟེང་གི་ནམ་མཁར་ཆོས་སྐུ་ཀུན་བཟང་ཡབ་ཡུམ། གུ་རུ་རིན་པོ་ཆེའི་མཐའ་བསྐོར་དུ། སྟེང་གི་ཆ་ལ་རྒྱ་གར་གྱི་རིག་འཛིན་བརྒྱད་དང་། བོད་ཀྱི་རྗེ་འབངས་ཉེར་ལྔ་སོགས་རྩ་བ་བརྒྱུད་ཀྱི་བླ་མ་རྣམས་དང་། བར་གྱི་ཆ་ལ་གཡས་གཡོན་དུ། ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་སོགས་ཡི་དམ་རྒྱུད་སྡེ་དྲུག་གི་ལྷ་ཚོགས་རྣམས་དང་། འདབ་སྐོར་དུ་གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་དམ་ཅན་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་སྟེ། ཚོགས་ཞིང་གི་ལྷ་ཚོགས་དེ་ཐམས་ཅད་སྐུ་འོད་ཟེར་གྱི་ཕུང་པོ་འབར་ཞིང་། ཐུགས་མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད་དུ་བདག་ལ་དགྱེས་པར་དགོངས་ཏེ་ཏིལ་གྱི་གོང་བུ་ཁ་ཕྱེ་བའམ། ནམ་མཁའ་ལ་སྤྲིན་ཕུང་གཏིབས་པ་བཞིན་བཞུགས་པར་བསམས་ལ། དེ་དག་གི་སྤྱི་མགྲིན་ཐུགས་ཀ་གསུམ་གྱི་ཨོཾཨཱཿཧཱུྃ་གསུམ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ཏེ། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དང་། ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་ནས་རྩ་གསུམ་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཁ་ཆར་བུ་ཡུག་འཚུབ་པ་ལྟར་བྱོན་ནས་ཚོགས་ཞིང་གི་ལྷ་ཚོགས་རྣམས་ལ་ཆུ་ལ་ཆུ་བཞག་པ་ལྟར་དབྱེར་མེད་དུ་གྱུར་པར་བསམ་མོ། །དེ་ནས་བརྒྱུད་པ་གསུམ་གྱི་བླ་མ་རྣམས་ལ་དད་པ་དང་མོས་གུས་ཀྱི་གདུང་ཤུགས་དྲག་པོ་བསྐྱེད་ནས་སྔོན་གྱི་ཐུགས་དམ་གནད་ནས་བསྐུལ་ཏེ། བདག་ཅག་ལས་ངན་པའི་འགྲོ་བ་རྣམས་འཁོར་བ་ཐོག་མ་མེད་པ་ནས་སྲིད་པ་ཁ་བརྒྱུད་དེ་སྡུག་བསྔལ་སྣ་ཚོགས་ཀྱིས་གདུང་ཞིང་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གིས་གཟིར་ཏེ་ཐར་པའི་ལམ་ཙམ་ཡང་བསྒྲུབ་མ་ཤེས། ད་ལྟ་ཐར་པ་སྒྲུབ་པའི་རྟེན་མི་ལུས་ཞིག་ཐོབ་པའི་དུས་ཚོད་འདི་ཡང་སྙིགས་མ་ལྔའི་ཡང་མཐར་སྐྱེས། ཉོན་མོངས་པ་རགས་ཤིང་གཉེན་པོ་མཐུ་ཆུང་། ནད་མུག་མཚོན་འཁྲུགས་མང་། ནག་ཕྱོགས་ཀྱི་མི་དང་འདྲེ་བདུད་དང་དམ་སྲི་ཁ་དར། བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་དབུ་འཕང་དམའ་ཞིང་། རྒྱལ་བའི་བསྟན་པ་རིན་པོ་ཆེ་ཡང་ཉམས་དམས་པར་གྱུར་པའི་གནས་སྐབས་འདི་མཐོང་ནས། བདག་ཅག་རྒྱལ་བའི་རྗེས་འཇུག་རྣལ་འབྱོར་པ་རྣམས་ཀྱང་ཡིད་ཤིན་ཏུ་ཕམ་ནས་སྨྲེ་སྔགས་ཀྱི་ང་རོས་འོ་དོད་བོས་ཏེ་སྙིང་ནས་གསོལ་བ་འདེབས་ན། སྤྱིར་འགྲོ་བ་ཐམས་ཅད་སྲིད་མཚོ་ལས་བསྒྲལ་བ་དང་། ཁྱད་པར་དུ་སྙིང་ནས་གསོལ་བ་འདེབས་པའི་གང་ཟག་རྣམས་ཀྱི་རྒྱུད་དེ་མ་ཐག་ཏུ་བྱིན་གྱིས་བརླབས་པར་མཛད་པ་ཞལ་གྱིས་བཞེས་ཤིང་ཐུགས་དམ་དུ་བཅས་པ་དེ་ད་ལྟ་དགོངས་པར་མཛད་ནས་མཚན་དཔེའི་ཞལ་བཟང་སྟོན་པ་དང་། ཚངས་པའི་གསུང་གིས་དམ་པའི་ཆོས་ཀྱི་སྒྲ་དབྱངས་སྒྲོགས་པ་དང་། ཐུགས་ཀྱི་དགོངས་བཅུད་ཟབ་མོའི་གཏེར་གྱི་སྒོ་ཕྱེས་ཏེ་མཁྱེན་པའི་ཡེ་ཤེས་དང་བརྩེ་བའི་ཐུགས་རྗེའི་འོད་སྣང་གིས་བདག་སོགས་འགྲོ་བ་ཀུན་གྱི་མི་ཤེས་རྨོངས་པའི་མུན་པ་ཐམས་ཅད་རབ་ཏུ་བསལ་ནས། རང་བཞིན་རྣམ་པར་དག་པའི་ཆོས་སྐུའི་རང་ཞལ་མཐོང་སྟེ་ལུས་ངག་ཡིད་གསུམ་དུ་འཛིན་པ་དང་། དེ་གསུམ་ཐ་དད་དུ་འཛིན་པ་སྟེ་དེ་བཞི་ཡོད་པ་དེ་སྲིད་དུ་ཉོན་མོངས་པ་དང་། དེས་བཞག་པའི་འཁྲུལ་སྣང་གི་བག་ཆགས་རྒྱུན་མི་འཆད་པས། འཁྲུལ་པའི་རྒྱུ་བཞི་པོ་དེ་ད་ལྟ་ཉིད་དུ་ཁྲོལ་བར་མཛད་ནས་རང་དོན་དུ་བདེ་གཤེགས་སྐུ་བཞིའི་འབྲས་བུ་རང་ལ་ཡེ་ནས་གནས་པའི་དོན་མངོན་དུ་གྱུར་པའི་དངོས་གྲུབ་དང་། གཞན་དོན་དུ་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འཁོར་བའི་འདམ་ནས་འདྲེན་པའི་བླ་མར་གྱུར་པ་སྟེ་དོན་གཉིས་ཕུན་ཚོགས་པའི་དངོས་གྲུབ་དམ་པ་སྩོལ་བར་མཛོད་ཅིག་ཅེས་དད་པ་རྩེ་གཅིག་པས༑ ཐོག་མའི་མགོན་པོ་སོགས་ནས། བདག་གྱུར་ཅིག ཅེས་པའི་བར་ལན་གསུམ་སོགས་དང་། གང་ལ་གང་འདུལ་མན་ཆད་ལན་གསུམ་བརྗོད། གཞན་ཡང་སྤྲོ་ན་གསོལ་འདེབས་ལེའུ་བདུན་མ་དང་། བསམ་ལྷུན་རྒྱས་བསྡུས་རྣམས་དང་། ཀུན་བཟང་རྡོར་སེམས་སོགས་རྫོགས་ཆེན་བརྒྱུད་པའི་གསོལ་འདེབས་རྣམས་བཏང་འཕྲལ་གཏེར་རྙིང་དུ་མ་ནས་བྱུང་བའི། སྐྱབས་གནས་ཀུན་འདུས་ཀྱི་ཞེས་པ་ལ་སོགས་པའི་ཤོ་ལོ་ཀ་དང་། ཀུན་བཟང་བཀའ་བརྒྱུད་སོགས་དང་། རྒྱལ་བ་ཀུན་འདུས་སོགས་ཀྱི་ཤོ་ལོ་ཀ་རྣམས་ལན་གསུམ་གསུམ་གྱིས་གུ་རུ་རིན་པོ་ཆེ་སྐྱབས་ཀུན་འདུས་པའི་ངོ་བོར་ངེས་ཤེས་བསྐྱེད་པས་ཚོགས་ཞིང་གི་ལྷ་ཚོགས་སྟེང་གི་རྡོ་རྗེ་འཆང་ནས་འདབ་སྐོར་གྱི་ཆོས་སྐྱོང་སྲུང་མའི་བར་ཐམས་ཅད་འོད་དུ་ཞུ་ནས་གུ་རུ་ཡབ་ཡུམ་ལ་ཐིམ་པས་སྐུ་བཀྲག་མདངས་འོད་ཟེར་དང་ལྡན་པའི་སྤྱི་བོར་རྒྱལ་བ་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་ངོ་བོ་ཡི་གེ་ཨོཾདཀར་པོ། མགྲིན་པར་གསུང་རྡོ་རྗེའི་ངོ་བོ་ཨཱཿདམར་པོ། ཐུགས་ཀར་ཐུགས་རྡོ་རྗེའི་ངོ་བོར་ཧཱུྃ་མཐིང་ག ལྟེ་བར་སྐུ་གསུང་ཐུགས་དབྱེར་མེད་པའི་རང་བཞིན་ཡོན་ཏན་དང་ཕྲིན་ལས་ཀྱི་ངོ་བོར་ཧྲིཿཡིག་ལྗང་གུ་སྟེ་དེ་རྣམས་འོད་ཟེར་བཀྲག་ཏུ་འཚེར་བར་བསམ་ལ། བདག་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མས་མོས་གུས་ཞིག་བྱས་པའི་རྐྱེན་གྱིས་གུ་རུའི་སྤྱི་བོའི་ཨོཾཡིག་འོད་ཟེར་དང་བཅས་པ་རང་གི་སྨིན་མཚམས་སུ་བབས་ཏེ་ཐིམ་པས་བུམ་པའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག སྐུ་རྡོ་རྗེའི་བྱིན་རླབས་ཞུགས། ལམ་སྣང་སྲིད་དག་པ་རབ་འབྱམས་སུ་འཆར་བའི་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པའི་ནུས་རུང་དུ་བྱས་པར་བསམ།མགྲིན་པའི་ཨཱཿཡིག་འོད་ཟེར་དང་བཅས་པ་རང་གི་ལྕེའི་དབང་པོར་བབས། གསང་བའི་དབང་ཐོབ། ངག་གི་སྒྲིབ་པ་དག ལམ་སྒྲ་གྲགས་ཐམས་ཅད་སྔགས་སུ་ཤེས་པའི་བཟླས་བརྗོད་ལ་དབང་། འབྲས་བུ་གསུངས་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་ནུས་པ་རྒྱུད་ལ་བཞག་པར་བསམ། ཐུགས་ཀའི་ཧཱུྃ་ཡིག་འོད་ཟེར་དང་བཅས་པ་རང་གི་སྙིང་གའི་དཀྱིལ་དུ་བབས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དག ལམ་རླུང་དང་གཏུམ་མོའི་རྫོགས་རིམ་སྒོམ་པ་ལ་དབང་། འབྲས་བུ་ཐུགས་རྡོ་རྗེ་ཆོས་སྐུ་ཐོབ་པའི་ནུས་པ་རྒྱུད་ལ་བཞག ལྟེ་བའི་ཧྲིཿཡིག་འོད་ཟེར་དང་བཅས་པ་བདག་གི་ལྟེ་བའི་དཀྱིལ་དུ་ཐིམ། ཚིག་གི་དབང་ཐོབ། སྒོ་གསུམ་ཆ་མཉམ་གྱི་སྒྲིབ་པ་དག ལམ་ཀ་དག་ཁྲེགས་ཆོད་དང་། ལྷུན་གྲུབ་ཐོད་རྒལ་སྒོམ་པ་ལ་དབང་། འབྲས་བུ་ཡེ་ཤེས་རྡོ་རྗེའི་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པར་བསམ་མོ། །དེ་ནས་སླར་ཡང་མོས་གུས་དུང་དུང་བ་ཞིག་བྱས་པ་དང་མཉམ་དུ་གུ་རུ་རིན་པོ་ཆེའི་ཐུགས་ཀ་ནས་འོད་ཟེར་དམར་པོ་དྲོད་ཚ་ལམ་པ་ཞིག་བྱུང་བ་རང་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མར་གསལ་བའི་སྙིང་གར་རེག་པའི་མོད་ལ་རང་ཉིད་ལུས་སེམས་བདེ་ཧྲིལ་གྱིས་སོང་ཞིང་འོད་དུ་ཞུ་ནས་འོད་ཀྱི་ཐིག་ལེ་དམར་པོ་སྲན་མ་ཙམ་ཞིག་ཏུ་གྱུར་ཏེ་མེ་སྟག་ཡར་བ་བཞིན་དུ་གུ་རུ་རིན་པོའི་ཐུགས་ཀར་ཐིམ་སྟེ་ཐུགས་ཡིད་བསྲེས་པའི་ངང་ལ་ཅི་ནུས་སུ་མཉམ་པར་འཇོག་གོ །དེ་ལྟར་བླ་མའི་རྣལ་འབྱོར་བསྒོམས་པའི་དོན་དུས་རྒྱུན་དུ་སྒོ་གསུམ་དང་། སྣང་གྲགས་རིག་གསུམ་བླ་མའི་རྣམ་རོལ་ཏུ་ཤེས་པའི་ངང་ནས། འགྲོ་བའི་ཚེ་ཚོགས་ཞིང་དེ་རྣམས་ཐམས་ཅད་ཡི་དམ་གུ་རུ་ཕྲག་པ་གཡས་པར་བསྒོམ་སྟེ་བསྐོར་བ་བྱེད་པའི་རྟེན་བྱེད། འདུག་པའི་ཚེ་སྤྱི་བོའི་གཙུག་ཏུ་བསྒོམ་སྟེ་གསོལ་བ་འདེབས་པའི་ཡུལ་བྱེད། བཟའ་བཏུང་བྱེད་པའི་ཚེ་མགྲིན་པར་བསྒོམ་སྟེ་ཕུད་ཀྱིས་མཆོད། ཉལ་བའི་ཚེ་སྙིང་གར་བསྒོམ་སྟེ་གཉིད་འོད་གསལ་དུ་སྦ། ཡུལ་རྐྱེན་བཟང་པོ་དང་འཕྲོད་དེ་དགའ་སྣང་སྐྱིད་སྣང་འཆར་ཚེ་བླ་མ་དང་ཐུགས་ཡིད་བསྲེས་ཏེ་མཉམ་པར་འཇོག་པ་ལས་དྲེགས་པ་དང་ང་རྒྱལ་མི་བྱ༑ སྡུག་བསྔལ་རྐྱེན་ངན་བྱུང་ཚེའང་དེ་བཞིན་དུ་བྱ་བ་ལས་སེམས་ཞུམ་ཞིང་ཁོང་འཁྲུགས་པར་མི་བྱ། འདྲེ་དང་རྒྱལ་འགོང་སོགས་ཀྱི་གནོད་པ་བྱུང་ཚེའང་འཁྲུལ་སྣང་གི་གནོད་བྱེད་དེ་དང་རང་སེམས་བླ་མའི་ཐུགས་གསུམ་དབྱེར་མེད་དུ་བསྲེས་པའི་ངང་ལ་འཇོག་པ་སོགས་བྱས་ན་རེ་དོགས་དང་དགག་སྒྲུབ་ཀྱི་འཁྲི་བ་ཆོད། གདོན་བགེགས་རང་སར་ཞི། སྣང་བ་གཏན་མེད་དུ་གོ །ཅི་བྱས་ཚོགས་སུ་འགྲོ་བས་འདི་གཅིག་པུས་ཀྱང་རྒྱུད་གྲོལ་བར་འགྱུར་བས་གལ་ཆེ་བའི་གནད་དམ་པའོ། །དེ་ལྟར་དབང་བཞི་བླང་བའི་རྗེས་སུ། དཔལ་ལྡན་རྩ་བའི་བླ་མ་སོགས་དང་། སྐྱེ་བ་ཀུན་ཏུ་སོགས་བསྔོ་བ་དང་སྨོན་ལམ་གྱིས་མཐའ་བརྒྱན་པར་བྱའོ། །དེ་ལྟར་རང་རྒྱུད་སྦྱོང་བའི་སྔོན་འགྲོ་ཡི། །ཁྲིད་ཀྱི་ཟིན་བྲིས་ཐར་ལམ་སྣང་བྱེད་འདི། །བགྱིས་པའི་དགེ་བས་བདག་གཞན་འགྲོ་བ་ཀུན། །འབད་པ་མེད་པར་གདོད་མའི་སར་ཕྱིན་ཤོག །ཅེས་པ་འདི་སྐྱབས་རྗེ་མུ་སྤྲུལ་རིན་པོ་ཆེས་བར་དོ་དྲུག་གི་ཁྲིད་གསུངས་སྐབས་རང་དང་མཆེད་པོ་རྣམས་ཀྱིས་ཟིན་ཐོ་ཕྱོགས་གཅིག་ཏུ་གུ་ཎའི་མིང་ཅན་གྱིས་བྲིས་པའོ། །ཨེ་མ་མན་ངག་ཆུ་གཏེར་ཟབ་དགུའི་གནད། །གཅིག་བསྡུས་བླ་མའི་ཞལ་ཆབ་བདུད་རྩིའི་བཅུད། །སྔོན་མེད་ཀར་གླིང་ཞི་ཁྲོའི་སྔོན་འགྲོའི་ཁྲིད། །མ་དྲོས་མཚོ་ཡི་ཆ་ཤས་འདི་ཁོ་ནར། །དེས་ཕྱིར་དམ་པ་ཟུང་གི་སློབ་འབངས་བ། །ཐ་ཤལ་པདྨའི་མིང་གིས་དད་མོས་རྟེན། །སྤར་གྱི་ཕྱི་མོ་འཕྲུལ་པའི་རྣམ་དཀར་དགེ། །འཇམ་དཔལ་གཞོན་ནུས་ཡོངས་བསྔོས་རྒྱས་བཏབ་ནས། །རྒྱལ་བའི་བསྟན་པ་མི་ཉམས་དར་རྒྱས་ཤིང་། །ཚེ་འདིའི་ཕ་མ་འབྲེལ་ཐོགས་སེམས་ཅན་གཙོས། །མཁའ་ཁྱབ་འགྲོ་ཀུན་གནས་སྐབས་མངོན་མཐོའི་འབྱོར། །མཐར་ཐུག་རྣམ་མཁྱེན་རྫོགས་བྱང་མྱུར་ཐོབ་ཤོག །དགེའོ། །དགེའོ། །དགེའོ། །༄༅། །ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། བར་དོའི་དམར་ཁྲིད་ཉམས་ཁྲིད་དགོངས་པ་རང་གྲོལ་གྱིས། སྔོན་འགྲོ་རང་རྒྱུད་འདུལ་བྱེད་ཀྱི་ལྷན་ཐབས་བཞུགས་སོ། །ཐོག་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་བཟང་། །ལོངས་སྤྱོད་རྫོགས་སྐུ་རྒྱལ་བ་ཞི་ཁྲོའི་ལྷ། །སྤྲུལ་སྐུ་སློབ་དཔོན་པདྨ་འབྱུང་གནས་ལ། །དད་ཅིང་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། ། སྨིན་ལམ་དབང་གིས་རྒྱུད་སྦྱོང་སློབ་བུའི་དོན། །བར་དོའི་ཉམས་ཁྲིད་དགོངས་པ་རང་གྲོལ་བསྟན། །འདི་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ་སྟེ། །འདི་ནི་སྔོན་འགྲོའི་ལག་ལེན་ཁྲིད་རམ་རྣམས། །གཞུང་དང་ལག་ལེན་བླ་མའི་ཕྱག་བཞེས་ལྟར། །བློ་དམན་དོན་དུ་གསལ་བར་འདིར་འགོད་བྱ། །འདི་ལ་སྤྱི་དོན་དྲུག་གིས་བསྟན་པར་བྱ། །འཁོར་བའི་སྡུག་བསྔལ་དལ་འབྱོར་རྙེད་དཀའ་བསམ། །འཆི་བ་མི་རྟག་བསྒོམ་པ་གསུམ་པོ་ནི། །རང་རྒྱུད་འདུལ་བར་བྱེད་པའི་སྔོན་འགྲོ་འོ། །གཉིས་པ་རང་རྒྱུད་སྦྱོང་བའི་སྔོན་འགྲོ་ནི། །བླ་མའི་རྣལ་འབྱོར་ཡི་གེ་བརྒྱ་པ་དང་།།མཎྜལ་ཆོས་སྤྱོད་རྗེས་ཀྱི་བྱ་བ་འོ། །དང་པོ་རང་རྒྱུད་འདུལ་བར་བྱེད་པའི་སྔོན་འགྲོ་ལ༑ ཐོག་མར་འཁོར་བའི་སྡུག་བསྔལ་བསམ་པར་བྱ་སྟེ། དེ་ཡང་འཁོར་བའི་སྡུག་བསྔལ་མ་བསམ་ན། འཁོར་བ་ལ་སྐྱོ་བ་མི་སྐྱེ། འཁོར་བ་ལ་སྐྱོ་བ་མ་སྐྱེས་ན། ཆོས་ཅི་བྱས་ཀྱང་ཚེ་འདི་དང་འབྲལ་མི་བཏུབ། ཚེ་འདིའི་མངོན་ཞེན་དང་འཁྲི་བ་མི་ཆོད་པས༑ འཁོར་བའི་སྡུག་བསྔལ་བསམ་པ་ནི་ཤིན་ཏུ་ནས་ཀྱང་གལ་ཆེའོ། །དེ་ལ་དང་པོར་རང་ཉིད་གཅིག་པུར་སྐྱོ་བ་སྐྱེ་བའི་གནས་སུ་འགྲོ་སྟེ། དེ་ཡང་འཛོམ་ན། མི་འདུག་པའི་ཤུལ། གྱང་ར་དམར་ཟང་ཟང་ཡོད་པ། འཇག་སྐྱ་འཕྱོ་བ། སྐྱི་གཡའ་བའམ། ཡང་ན་ནད་པ་དང་། སྤྲང་པོ་ཉམ་ཐག་པ་ལ་སོགས། སྔོན་ཆད་བདེ་སྐྱིད་འཛོམ་ཞིང་། ཕྱིས་རྒུད་པའི་ཤུལ་དུ་ཕྱིན་པའམ། དེ་མ་འཛོམས་ན། གཅིག་པུར་དབེན་པའི་སར་ཕྱིན་ལ། ལུས་གནད་བདེ་བའི་སྟན་ལ། རྐང་པ་ཕྱེད་སྐྱིལ་དུ་སྡད་དེ།རྐང་པ་གཡས་པ་ས་ལ་བཙུགས་ལ། གཡོན་པ་ས་ལ་སྦྱར་ནས། རྐང་པ་གཡས་པའི་པུས་མོར། ལག་པ་གཡས་པའི་གྲུ་མོ་བཙུགས་ལ། ལག་མཐིལ་འགྲམ་པ་གཡས་སུ་སྦྱར། ལག་པ་གཡོན་པའི་མཐིལ་གྱིས། རྐང་པ་གཡོན་པའི་པུས་མོ་བཀབ་སྟེ།མྱ་ངན་གྱི་འདུག་སྟངས་བྱས་པས། དེས་ཀྱང་སྐྱོ་ལྷང་གིས་འགྲོ་བ་ཡིན། དེ་ནས་ཡིད་ཀྱིས་འཁོར་བའི་སྡུག་བསྔལ་ལ་བསམ་ཞིང་། ངག་ཏུ་འདི་སྐད་སྨྲ་ཞིང་དྲན་བསྐུལ་གདབ་སྟེ། ཀྱེ་མ། ཀྱེ་མ། ཀྱེ་ཧུད། འཁོར་བ་འདི་སྡུག་བསྔལ་ལོ། །མྱ་ངན་ལས་འདས་པ་ནི་བདེ་བའོ། །ཞེས་བརྗོད་ཅིང་། ཡིད་ཀྱིས་འདི་ལྟར་བསམ་པར་བྱའོ། །ཨ་ཙ་མ་ན། འཁོར་བ་འདི་སྡུག་བསྔལ་མེ་དོང་གི་འོབས་ལྟ་བུ་འདིར་ཆུད་པ་ནི་འཇིགས་པ་ལ། ཨ་ཛི་འདིའི་ནང་ནས་ད་ལན་བྲོས་པའི་དུས་ལ་བབས་སོ། །ངན་སོང་གསུམ་གྱི་སྡུག་བསྔལ་འདི་ནི།བཟོད་པའི་གླགས་མེད་ཅིང་མཐའ་ལས་འདས་ཏེ། བདེ་བའི་གོ་སྐབས་སྐད་ཅིག་ཀྱང་མི་འདུག་པས། ད་ནི་མྱུར་དུ་བྲོས་པའི་གྲབ་བྱ་རེ་རན་ནོ་སྙམ་དུ་བསམ་ཞིང་།དམིགས་པ་འདི་ལྟར་བསྒོམ་སྟེ། འཁོར་བ་འདི་ནི། མེའི་དོང་ཆེན་པོ། ཚ་བའི་ངར་དང་ལྡན་པ་གཏིང་ཟབ་པ། རྒྱ་ཆེ་བ། དཔང་མཐོ་བ་དེ་ལྟ་བུའི་མེ་དོང་འཇིགས་སུ་རུང་བ་གཅིག་ཏུ། རང་ཉིད་ཀྱི་གཙོར་བྱས་པའི་འཁོར་བའི་སེམས་ཅན་ཐམས་ཅད་སྤང་དེ་ཙི་ཏི་རི་རི་ཆུད་ནས་ཡོད་པར་བསྒོམ། ཡང་ངག་ཏུ་མྱ་ངན་གྱི་སྐད་ཀྱིས་འདི་ལྟར་ལྷང་ལྷང་བརྗོད་དེ། ཨ་ཙ་མ་ན་ང་རེ་འཇིགས། ཨ་ཙ་མ་ན་ང་རེ་འཇིགས།འཁོར་བ་མེ་དོང་འོབས་ཆེན་འདིར། །སྔོན་ཆད་ཐོག་མ་མེད་དུས་ནས། །ད་རུང་ཚིགས་སོ་ང་རེ་འཇིགས། །ཞེས་སྨྲེ་སྔགས་འདོན་ཞིང་ཡོད་པའི་ཚེ། རང་གི་སྟེང་གི་ནམ་མཁའ་ལ། རང་གི་དྲིན་ཆེན་རྩ་བའི་བླ་མ་དེ། སྐུ་ལ་རུས་པའི་རྒྱན་དྲུག་གསོལ་བ༑ ཕྱག་ན་འོད་ཟེར་གྱི་ལྕགས་ཀྱུ་བསྣམས་པ་གཅིག་བྱུང་ནས། བདག་ལ་འདི་སྐད་ཟེར་བར་སྒོམས་ཤིག ཀྱཻ་མ་འཁོར་བ་སྐྱིད་མེད་མེ་དོང་འོབས་ལྟ་བུ། །འདི་ལ་བྲོས་དུས་ད་ལེན་དུས་གཅིག་ཡིན། །ངན་སོང་གསུམ་གྱི་སྡུག་བསྔལ་མཐའ་ལས་འདས། །བདེ་བའི་གོ་སྐབས་སྐད་ཅིག་མ་མཆིས་སོ། །ད་ནི་མེ་དོང་འོབས་ནས་བྲོས་རེ་རན། །ཅེས་གསུངས་པའི་སྒྲ་ཐོས་པ་ཙམ་གྱིས། བདག་གི་བསམ་པ་ལ། ཀྱཻ་མ་འཁོར་བ་སྡུག་བསྔལ་གྱི་མེ་དོང་འདིར། སྔོན་ཆད་ཡུན་རིང་པོ་དེ་ཙམ་གཅིག་ཏུ་ཚུད། ད་ནི་བླ་མའི་བཀའ་ལ་ཉན་ནས། བདག་ཀྱང་མེ་དོང་འདི་ལས་བྲོས་ཏེ། སེམས་ཅན་འདི་རྣམས་གཅིག་ཀྱང་མ་ལུས་པར་བདག་གིས་བསྒྲལ་བར་བྱའོ། །སྙམ་པའི་བསམ་པ་དྲག་པོས་སེམས་བསྐྱེད་མ་ཐག བླ་མའི་ཕྱག་གི་ལྕགས་ཀྱུས་བདག་གི་སྙིང་ཁ་ནས་བཟུང་སྟེ། བདེ་བ་ཆེན་པོའི་གནས་སུ་ཡེར་གྱིས་བསྒྲལ་མ་ཐག་ཏུ། ཡང་བདག་གི་ལག་ཏུ་ཡང་། འོད་ཟེར་གྱི་ལྕགས་ཀྱུ་གཅིག་བྱུང་ནས༑ མེ་དོང་གི་སེམས་ཅན་ཐམས་ཅད་རིམ་གྱིས་གཅིག་ཀྱང་མ་ལུས་པར་ཐོན་པར་བསམ་ཞིང་། འཁོར་བའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དྲག་ཏུ་སྒོམས་ཤིགདེ་ལྟར་རྒྱུན་དུ་འཁོར་བ་འདི་མེ་དོང་དུ་བསམ་ཞིང་། གཞན་ཡང་འཁོར་བའི་སྡུག་བསྔལ་ཐམས་ཅད་ཞིབ་ཏུ་བསམ་ཞིང་། ཉིན་དང་མཚན་དུ་དྲན་པ་ཡེངས་མེད་དུ་བརྟན་པར་བྱའོ། །མདོ་ལས་ཀྱང་། འཁོར་བར་ཁབ་ཀྱི་རྩེ་ཙམ་ཡང་། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཅེས་གསུངས་སོ། །དེ་ལྟར་སྐྱོ་བ་མ་སྐྱེས་ཀྱི་བར་དུ། འཁོར་བའི་ཉེས་པ་བསྒོམ་མོ། །དེ་བསྒོམས་པས་འཁོར་བ་ལ་བློ་ལྡོག་ནས། ཆོས་དགོས་པར་ཐག་ཆོད་ཅིང་། ཚེ་འདི་ལ་མ་ཞེན་ན་ཉམས་སྐྱེས་པ་ཡིན་ནོ། །འཁོར་བ་ལ་བློ་མ་ལོག་ན། བསྒོམས་པ་དོན་མེད་ཡིན་ནོ། །འདི་ལ་ཞག་གསུམ་སྒོམ་ལ་བྱོན་ཅིག འདི་བསྒོམས་པས་གནས་སྐབས་སུ་འཁོར་བ་ལ་ཡིད་དབྱུང་བ་དང༔ མཐར་ཐུག་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ། །ཉམས་སུ་ལོངས་ཤིག བར་དོའི་ཉམས་ཁྲིད་དགོངས་པ་རང་གྲོལ་ལས། འཁོར་བའི་སྡུག་བསྔལ་བསྒོམ་པ་སྟེ་ཆོས་ཐུན་དང་པོའོ། །དེ་ནས་དལ་འབྱོར་རྙེད་དཀའ་བ་ལ་བསམ་པར་བྱ་སྟེ། དལ་འབྱོར་རྙེད་པར་དཀའ་བ་མ་བསམ་ན་ཆོས་མི་དྲན་པས།དལ་འབྱོར་རྙེད་དཀའ་བསམ་པ་ནི་ཤིན་ཏུ་གལ་ཆེའོ། །དེ་ཡང་གནས་ནི་འབུ་སྲིན་དང་༑ གྲོགས་སྦུར་དང་། དུད་འགྲོའི་རིགས་མང་དུ་ཡོད་པའི་སར་ཕྱིན་ལ། ལུས་གནད་ནི། རྐང་པ་སྐྱིལ་དྲུང་། ལག་པ་མཉམ་བཞག་བྱས་ལ། ཡིད་ཀྱིས་འདི་ལྟར་བསམ་ཏེ། ཨ་ཙ་མ། མི་ལུས་ཐོབ་པ་ནི་ད་རེས་ཙམ་ཡིན། ད་རེས་འདི་ལ་ཆོས་གཅིག་ཅིས་ཀྱང་མ་འགྲུབ་ན། ཕྱིས་ནི་མི་ལུས་ཐོབ་པ་ཤིན་ཏུ་དཀའ་བར་གདའ་བས།ད་བདག་གཅིག་པུས་མི་ལུས་ཐོབ་པས་མི་ཆོག ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་འདི་ཙམ་ཞིག་ངན་སོང་དུ་ཡུན་རིང་འཁྱམས་ནས་འདུག་པ། སྙིང་རེ་རྗེ་སྙམ་དུ་བསམ་ཞིང་། ངག་ཏུ་ཡང་བརྗོད་ཅིང་། དྲན་བསྐུལ་བཏབ་སྟེ། ཀྱེ་མ། ཀྱེ་མ། ཀྱེ་ཧུད༑ མི་ལུས་རིན་ཆེན་ཐོབ་པ་ད་རེས་ཙམ། །འདི་ལ་ཆོས་གཅིག་ཅིས་ཀྱང་མ་འགྲུབ་ན། །ཕྱིས་ནི་མི་ལུས་ཐོབ་པར་དཀའ་བར་གདའ། །ངན་སོང་གསུམ་དང་སྐྱེས་རྣམས་སྙིང་རེ་རྗེ། །ཞེས་དྲན་བསྐུལ་གདབ་ཅིང་། དམིགས་པ་འདི་ལྟར་དུ་བསྒོམ་པར་བྱའོ། །འཇིག་རྟེན་གྱི་ཁམས་འདི་ཡངས་ཤིང་རྒྱ་ཆེ་བ། ནམ་མཁས་གར་ཁྱབ་པས་ཁྱབ་ནས་ཡོད་པ་ལ། དེའི་སྟེང་དུ་སེམས་ཅན་དམྱལ་བའི་སྡུག་བསྔལ།ངུ་ཙི་ཏུ་རི་རི་ཡོད། ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་ཆོ་ངེ་ཏིར་ཏིར་ཡོད་པ།དུད་འགྲོ། སྟག གཟིག དོམ༑ དྲེད༑ ཁྱི༑ ཝ༑ འཕར་བ། སྤྱང་ཀུ། གཡག ར༑ལུག་ལ་སོགས་ཐམས་ཅད་ཀྱང་གཅིག་གིས་གཅིག་ཟ་བ། གཞན་ཡང་ས་འོག་ཏུ་ནི།འབུ་གྲོག་མ། སྦུར་བ། སྡིག་པ། སྡོམ་ལ་སོགས་པ།སྣ་རེ་རེས་ཀྱང་ས་གཞི་གང་བ།དེ་དག་ཀྱང་གཅིག་གིས་གཅིག་གསོད་པ། ཆུ་ལ་ནི། ཉ། སྦལ་པ། ལྕོང་མོ་ལ་སོགས་པ། ཆུ་ཡི་སེམས་ཅན་དཔག་ཏུ་མེད་པ་ཡོད་པ་དེ་དག་ཀྱང་གཅིག་གིས་གཅིག་གསོད་པ། ནམ་མཁའ་ལ་ཡང་། བྱ་རྒོད། འོལ་བ། གླག ཁྲ༑ བྱིའུ༑ ཁྭ་ཏ། ཕུག་རོན། ཀང་ཀ འཇོལ་མོང་ལ་སོགས་པས་ནམ་མཁའ་གང་བ། དེ་དག་ཀྱང་གཅིག་གིས་གཅིག་གསོད་ཅིང་ཟ་བ། སྦྲང་བུ་གཅིག་པུས་ཀྱང་ནམ་མཁའ་དང་། ས་གཞི་གང་བ་ལ། ཐམས་ཅད་ཀྱང་གཅིག་གིས་གཅིག་ལ་གསོན་པོར་ཟ་ཞིང་ཆོ་ངེ་དང་སྐད་ངན་ཏི་རི་རི་ཡོད། ནམ་མཁའ་བར་སྣང་ས་གཞི་ཐམས་ཅད་འགུལ་ཤིག་ཤིག་ཡོད་པ། ཤིན་ཏུ་མང་ཞིང་རྒྱ་ཆེ་བ་ཡོད་པར་སྒོམས། དེ་རྣམས་ཀྱི་དཀྱིལ་དུ། བྲག་རི་མཐོན་པོ་གཅིག་གི་སྟེང་དུ། བདག་རང་གཅིག་པུར་གྲོགས་མེད་པ། རང་གཅིག་པུས་མི་ལུས་ཐོབ་ནས་དེར་ཡོད་དེ། དེ་ནས་རང་མར་ལ་ལྷུང་ལ་ཁད་ཁད་ཡོད་པ་དང༔ རང་གིས་བསམ་པ་ལ། ཨ་ཙ་མ། དམྱལ་བ་ཡི་དྭགས་དུད་འགྲོ་འདི་ལྟ་བུ་མང་པོ་ཞིག་གི་ནང་ནས། བདག་རང་གཅིག་པུས་མི་ལུས་ཐོབ་པ་འདི་ནི། ད་རེས་གཅིག་པོ་སྟབས་ཀ་ཡག་པའམ།དགེ་བའི་མཐུ་གཅིག་ལས་བྱུང་བར་འདུག་སྟེ།ཐོབ་པར་དཀའ་བ་འདི་ཐོབ་ནས་དོན་མེད་པར། ད་ནི་ཡང་སྟོང་ལོག་ཏུ། མ་ཀི་སྡུག་བསྔལ་ཚན་པོ་ཆེ་དེ་ལྟ་བུར་འགྲོ་དགོས་པ་ལ་ཕངས་པ་ལ། ད་ཐོབ་པར་དཀའ་བའི་མི་ལུས་འདི་ལྟ་བུ་ཐོབ་ཀྱང་རིང་དུ་གནས་པའི་དབང་མེད་པར། ད་ཡང་མགྱོགས་པར་མ་ཀིར་ལྷུང་ངེས་པར་འདུག་པས། ད་མ་ཀི་ན་མི་ལྷུང་བའི་ཐབས་ལ་ཅི་ལྟ་བུ་གཅིག་གིས་དྲག་གམ། གང་ན་ཡོད་དམ། ཨ་ཙ་མ། ཀྱི་ཧུད། ཨ་ཛི་འཇིགས་པ་ལ།སྙམ་དུ་བསམ་ཞིང་། ངག་ཏུ་མྱ་ངན་གྱི་སྐད་འདི་ལྟ་བུ་ལྷང་ལྷང་བརྗོད་དོ། །ཨ་ཙ་མ་ང་རེ་འཇིགས། ཨ་ཙ་མ་ན་ང་རེ་འཇིགས། ངན་སོང་སེམས་ཅན་མང་ལུགས་སམ། །མི་ལུས་ཐོབ་པ་དཀོན་ལུགས་སམ། །མ་ཀིར་ལྟུང་བའི་མགྱོགས་ལུགས་སམ། །རྙེད་པར་དཀའ་ལ་འཇིག་པར་སླ། །འདི་ལས་ཅི་ལྟར་བྱས་ན་ཐར། །ཐབས་ཤིག་ཡོད་ན་བསྒྲུབ་པ་ལ། །ཞེས་སྨྲེ་སྔགས་འདོན་ཞིང་ཡོད་པའི་ཚེ། རང་གི་སྟེང་གི་ནམ་མཁའ་ལ་གོང་བཞིན། རང་གི་རྩ་བའི་བླ་མ་དེ་ཉིད་སྐྱབས་སྦྱིན་གྱི་ཕྱག་རྒྱ་དང་བཅས་ནས་བྱུང་སྟེ། བདག་ལ་འདི་སྐད་ཟེར་བར་སྒོམས་ཤིགཀྱཻ་མ་དལ་འབྱོར་རྙེད་པར་དཀའ་བ་ཐོབ་པ་ད་རེས་ཙམ། །ཐོབ་པ་འདི་ཡང་རྟག་པ་མ་ཡིན་ཏེ། །མྱུར་དུ་ངན་འགྲོའི་གནས་སུ་ལྟུང་ལ་ཁད། །ད་རེས་འདི་ལ་དོན་ཆེན་མ་བསྒྲུབས་ན། །ཕྱིས་ནི་མི་ལུས་ཐོབ་པ་ཤིན་ཏུ་དཀའ། །དཀའ་འམ་མི་དཀའ་སེམས་ཅན་གྲངས་ལ་ལྟོས། །མི་ལུས་འདི་ལ་བརྟེན་ཏེ་སངས་རྒྱས་བསྒྲུབ་པར་གྱིས། །ཞེས་གསུངས་པའི་སྒྲ་ཐོས་པ་ཙམ་གྱིས། བདག་གི་བསམ་པ་ལ། ཀྱཻ་མ་འདི་ལྟ་བུའི་སེམས་ཅན། གྲངས་མང་པོའི་ནང་ནས། བདག་གཅིག་པུས་མི་ལུས་ཐོབ་པར་དཀའ་བ་འདི་ཐོབ་པས། ད་ལན་བདག་རང་ཡང་འཁོར་བའི་སྡུག་བསྔལ་ལས་གྲོལ་བར་བྱས་ནས། མ་ཀའི་སེམས་ཅན་གཅིག་ཀྱང་མ་ལུས་པ་བདག་གིས་བསྒྲལ་བར་བྱའོ། །ད་ནི་ཡེངས་བའི་ལོང་མི་འདུག་གིས། མྱུར་དུ་སངས་རྒྱས་ཀྱི་ས་ལ་བཀོད་པར་བྱའོ། །སྙམ་པའི་སེམས་བསྐྱེད་མ་ཐག་ཏུ། བླ་མའི་ཐུགས་ཀ་ནས། འོད་ཟེར་གྱི་སྙིང་པོ་གཅིག་བདག་ལ་ཟུག་པ་ཙམ་གྱིས། བདག་བདེ་བ་ཅན་གྱི་ཞིང་དུ་ཡེར་གྱིས་སླེབ་བྱུང་བ་དང་། ཡང་བདག་གི་ཐུགས་ཀ་ནས། འོད་ཟེར་དཔག་ཏུ་མེད་པ་འཕྲོས་ནས།སེམས་ཅན་དེ་དག་གཅིག་ཀྱང་མ་ལུས་པར་བདེ་ཆེན་གྱི་གནས་སུ་དྲངས་པར་བསམ་ཞིང་༑ སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དྲག་ཏུ་བསྒོམ་མོ། །དེ་ལྟར་རྒྱུན་དུ་མི་ལུས་ཐོབ་དཀའ་བ་དེ་ལྟ་བུ་བསམ་ཞིང་། བླ་མས་ཀྱང་མི་ལུས་ཐོབ་པར་དཀའ་བའི་རྒྱུ་མཚན་རྣམས་ཞིབ་ཏུ་བཤད་པར་བྱའོ། །མདོར་བསྡུས་ན། སྤྱོད་འཇུག་ལས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུའི་དོན་གྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་ནས་ཡང་དག་འབྱོར་བ་ག་ལ་འགྱུར། །ཞེས་པ་དང་། མདོ་ལས། ལོགས་ལ་སྲན་མ་སྟོར་བས་གཅིག་ཆགས་སྲིད། །ཐམས་ཅད་ས་ལ་ལྷུང་ནས་འགྲོ་བ་ལྟར། །ཐོབ་པར་དཀའ་བོ་སེམས་ཅན་གྲངས་ལ་ལྟོས། །ཞེས་གསུངས་པ་དང་། ཡང་མདོ་ལས༑ བཅོམ་ལྡན་འདས་ལ་ཤ་རིའི་བུས་གསོལ་བ། བཅོམ་ལྡན་འདས། དམྱལ་བ་ནི་ཅི་ཙམ་ཡོད། ཡི་དྭགས་ནི་ཅི་ཙམ་ཡོད། དུད་འགྲོ་ནི་ཅི་ཙམ་ཡོད། ལྷ་མ་ཡིན་ནི་ཅི་ཙམ་ཡོད། ལྷ་མི་གཉིས་པོ་ཅི་ཙམ་ཡོད། ཅེས་ཞུས་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་རིའི་བུ། དམྱལ་བ་ནི་ས་གཞི་ཙམ་ཡོད་དོ། །ཡི་དྭགས་ནི་བྱེ་མའི་གྲངས་ཙམ་ཡོད་དོ། །དུད་འགྲོ་ནི་ཆང་གི་སྦང་མ་ཙམ་ཡོད་དོ། །ལྷ་མ་ཡིན་ཁ་བ་བུ་ཡུག་ཙམ་ཡོད་དོ། །ལྷ་མི་གཉིས་ནི་སེན་མོའི་སྟེང་དུ་རྡུལ་ཆགས་པ་ཙམ་ཡོད་དོ། །ཞེས་གསུངས་པའི་ཕྱིར། ཤིན་ཏུ་ཐོབ་པར་དཀའ་བར་ཤེས་སོ། །ཡང་མདོ་ལས། སངས་རྒྱས་འབྱུང་བ་བརྒྱ་ལམ་རྙེད་པར་དཀའ། ། མིར་སྐྱེ་བ་ཡང་ཤིན་ཏུ་རྙེད་པར་དཀའ། །གྲོགས་པོ་གང་དག་དད་དང་ཆོས་ཉན་པ། །འདི་འདྲ་བསྐལ་པ་བརྒྱར་ཡང་རྙེད་མི་འགྱུར། །ཞེས་གསུངས་པས་ན། དེ་ལྟར་དལ་འབྱོར་རྙེད་པར་དཀའ་བ་ནི། འཁོར་བ་ལ་བློ་མ་ལྡོག་གི་བར་དུ་སྒོམས་ཤིག དེ་ཙམ་དུ་མི་ལུས་ཐོབ་པར་དཀའ་ན། ད་ལན་དུས་བརྒྱའི་ཟ་མ་ལན་གཅིག་འདི་ལ། ཅིས་ཀྱང་ཆོས་དང་ལྡན་པར་བྱ་དགོས་སོ། །མི་ལུས་གཙང་མ་ཐོབ་ཀྱང་། སྟོང་ལོག་བྱེད་པ་འདི་རྣམས་ལ༑ སྙིང་རྗེ་དུང་དུང་མ་སྐྱེས་ཀྱི་བར་དུ་བསྒོམ་དགོས་ཏེ། འཇིག་རྟེན་པ་འདི་རྣམས་མཐོང་བའི་ཚེ། སྙིང་རྗེ་མ་སྐྱེས་ན་ཉམས་མ་བྱུང་བ་ཡིན་ནོ། །སྙིང་རྗེ་དུང་དུང་བ་སྐྱེ་ཞིང་བརྩོན་འགྲུས་ཆེར་སོང་ན་སྐྱེ་བ་ཡིན་ནོ། །བརྩོན་འགྲུས་ཆེར་མ་སོང་ན། བསྒོམས་པ་དོན་མེད་ཡིན་ནོ། །འདི་ལ་ཞག་གསུམ་སྒོམས་ལ་བྱོན་ཅིག འདི་ལྟར་དལ་འབྱོར་རྙེད་པར་དཀའ་བ་བསྒོམས་པས། ཕྱིས་མི་ལུས་ཐོབ་པ་དང་། ཚེ་འདིར་ཞེན་པ་དང་བྲལ་བ་དང་། ཆོས་མིན་པ་ཡིད་ལ་མི་དྲན་པ་དང་། མཐར་སངས་རྒྱས་པར་འགྱུར་རོ། །ཉམས་སུ་ལོངས་ཤིག བར་དོའི་ཉམས་ཁྲིད་དགོངས་པ་རང་གྲོལ་ལས་དལ་འབྱོར་རྙེད་དཀའ་བ་བསྒོམ་པ་སྟེ། ཆོས་ཐུན་གཉིས་པའོ། །དེ་ནས་འཆི་བ་མི་རྟག་པ་བསྒོམ་པར་བྱ་སྟེ། དེ་ཡང་། འཆི་བ་མི་རྟག་པ་མ་བསམ་ན། ལོང་མེད་རྒྱུད་ལ་མི་སྐྱེ། ལོང་མེད་རྒྱུད་ལ་མ་སྐྱེས་ན། ལེ་ལོ་སྙོམས་ལས་སུ་ལུས་ཏེ། ཆོས་མི་དྲན། ཚེ་འདིའི་བྱ་བ་ལ་འཇུག ལོང་ཡོད་དང་ཚོད་ཡོད་དུ་ལུས། མཇུག་ཐ་མལ་གྱི་ངང་ལ་འཆི་ཤོར་ནས། མི་ལུས་རིན་པོ་ཆེ་ཆུད་ཟོས་པར་འགྱུར་བས། འཆི་བ་མི་རྟག་པ་བསྒོམ་པ་ཤིན་ཏུ་ནས་ཀྱང་གལ་ཆེའོ། །མི་རྟག་པ་རྒྱུད་ལ་སྐྱེས་ན། སྙོམ་ལས་སུ་སྡོད་པའི་ལོང་མེད། སྙིང་ནས་འཆི་བ་དྲན་ཏེ།ཆོས་རང་ཤུགས་ཀྱིས་འབྱུང་བས། མི་རྟག་པ་བསྒོམ་པར་བྱ་སྟེ། དེ་ཡང་། གནས་འདི་ལྟ་བུ་རྣམས་སུ་བསྒོམ་སྟེ། བདག་གཅིག་པུར་གྲོགས་མེད་པར་བྱིན་ལ། ལུང་གི་ཕུ་ན། འགྲོ་བ་མི་ཞེས་བྱ་བའི་འགྲིམས་འགྲུལ་མེད་པ། རྫ་རི་སྔོ་སྤུང་སྤུང་ཡོད་པ།གྲོག་པོ་ཁམ་པ་ཤལ་བཤལ་ཡོད་པ། འཇག་མ་རླུང་གིས་བསྐྱོད་དེ་ཤུལ་ཤུལ་ཟེར་བ༑ ཉི་མ་རྩེ་རེ་རེ་ནུབ་པ། རྫ་ཆུ་ཁྲ་ལ་ལ་འབབ་པ། སྙིང་མི་དགའ་ཞིང་། ཡིད་སྐྱོ་བའི་གནས་སམ། ཡང་ན་དུར་ཁྲོད་ཀྱི་གནས། མི་རོ་མང་པོ་ཧྲིལ་ལེ་འགྱེལ་བ། རོའི་རྐང་ལག་དང་། ཤ་དང་རུས་པ་དང་། པགས་པ་དུམ་བུ་ཐོ་རེ་ཡོད་པ། ཝ་མོ་ཁྲོང་ཁྲོང་བརྒྱལ་བ། བྱ་རོག་བཟུར་འགྲོས་ལིང་ལིང་། འུག་པ་སྐན་སྒྲ་ཆེམ་ཆེམ། ལྷག་པ་འུག་འུག་ཟེར་བ། ཝ་དང་སྤྱང་ཀིས་རོ་ལ་ཕར་འཐེན་ཚུར་འཐེན་བྱེད་པ། ཤིན་ཏུ་འཇིགས་པ། སྐྱོ་བ་སྐྱི་བུན་པ། ཡ་ང་བ། དེ་ལྟ་བུའི་གནས་སུ། རང་གཅིག་པུར་འགྲོ་བའམ། མ་འཛོམ་ན་བསྒོམ་པར་བྱའོ། །དེ་ཡང་བསྒོམ་པའི་གནས་ཀྱང་ཁྱད་པར་ཆེ་སྟེ། གནས་དེ་ལྟ་བུ་རྣམས་སུ་ཕྱིན་ནས་བསྒོམས་པས། མི་རྟག་པ་རང་ཤུགས་ཀྱིས་སྐྱེ་བ་ཡིན་པས་གལ་ཆེའོ། །དེར་ཕྱིན་ནས་ལུས་གནད་སྐྱིལ་ཀྲུང་དུ་བྱས་ལ། ལག་མཐིལ་གཉིས་ཀྱིས་པུས་མགོ་བཀབ་པའམ། ཡང་ན་གོང་བཞིན་མྱ་ངན་གྱི་འདུག་སྟངས་བྱས་ལ། ཡིད་ཀྱིས་ཁ་ནང་དུ་ལོག་ལ། ཞེ་ཐག་པ་ནས། འདི་ལྟར་བསམ་པར་བྱའོ། །ཨ་ཙ་མ་ག་རེ། ཕྱིའི་ནམ་སླ་འདི་རྣམས་སྐད་ཅིག་ཀྱང་མི་རྟག་པར་དབྱར་དགུན། སྟོན་དཔྱིད་ལ་སོགས་པ་རིམ་གྱིས་མི་སྡོད་པར་འགྱུར་ནས་འགྲོ་བར་འདུག དེ་རིང་གི་ཉི་མ་གཅིག་པོ་འདི་ལ་ཡང་། སྔ་དྲོ་དང་། ཕྱེད་གུང་དང་། དགོངས་མོ་རིམ་གྱིས་འགྱུར་ནས་འགྲོ་བར་འདུག དུས་ཀྱང་ཚིག་སྔ་མ་དང་། ཕྱི་མའི་བར་དུ་ཡང་། མི་སྡོད་པར་འགྲོ་བར་འདུགརང་གི་ཕ་མ་རྒན་རྒོན། ཡུལ་མི་ཁྱིམ་མཚེས། གྲོགས་པོ། ན་ཟླ། དགྲ་གཉེན་ཐམས་ཅད་ཀྱང་། མི་རྟག་པར་ཐ་ར་ར་ཤི་བར་འདུག ན་སོ་ཡང་རིམ་གྱིས། བུ་ཆུང་།བྱིས་པ། དར་མ། རྒས་པ་ནས། འཆི་བའི་བར་དུ། སྐད་ཅིག་ཀྱང་མི་སྡོད་པར་འགྱུར་ནས་འགྲོ་བར་འདུག་པས། ད་ནི་བདག་རང་ལ་ཡང་། མགྱོགས་པར་འཆི་བ་ཞིག་འོང་སྟེ། ལོ་ཟླ་ཞག་གྲངས་འགྲོ་བའི་མགྱོགས་ལུགས་ནི་འདི་ལྟ་བུ་ཡིན། བདག་སོང་ཕོད་ད་ཙམ་ན། ས་སྟེང་འདིར་སྡོད་རྒྱུ་ཨི་ཡོད་དམ། དེར་མ་ཟད། བདག་གི་ཚེ་ལ་ནི། གདེང་མེད་པས། སང་འཆི་འམ། གནངས་འཆི་འམ། ནམ་འཆི་ཆ་མེད་པ་ལ།བདག་ཐ་མལ་དུ་སྡོད་པའི་ལོང་མེད། ཡེངས་མ་ལམ་ལ་མི་ཚེ་ཟད་ཤོར་ན་ནི་ཤིན་ཏུ་འཕངས་ཏེ། འཆི་ངེས་པར་ནི་ཐག་ཆོད་སྔར་མ་ཤི་བར་ཚེ་ཐར་དུ་ལུས་པ་ནི་མི་འདུག་པས་ཀྱང་འཆི་ངེས། ལུས་འདུས་བྱས་ཡིན་པས་ཀྱང་འཆི་ངེས། ཚེ་འདི་ཡང་སྐད་ཅིག་ཀྱང་མི་སྡོད་པར་འགྲོ་བས་ཀྱང་ཤི་ངེས་ཏེ ། དཔེར་ན་རི་གཟར་གྱི་ཆུ་ཐུར་དུ་རྒྱུག་པ་འམ། གསོད་སར་ཁྲིད་པའི་དུད་འགྲོ་དང་འདྲ་སྟེ། མྱུར་དུ་འཆི་བའི་ཕྱོགས་སུ་འགྲོ་བར་འདུག དེ་ཡང་། ཤི་བར་ངེས་པའི་སྟེང་དུ། ནམ་འཆི་ཆ་མེད་དེ། ཚེ་ལ་འདི་ཙམ་ཐུབ་ཀྱི་ངེས་པ་མེད་པས་ཀྱང་། ནམ་འཆི་ཆ་མེད་དེ། འཆི་བའི་རྐྱེན་ཤིན་ཏུ་མང་བས་ཀྱང་། ནམ་འཆི་ཆ་མེད། ལུས་ལ་སྙིང་པོ་མེད་པས་ཀྱང་། ནམ་འཆི་ཆ་མེད་པས། བདག་ལེ་ལོར་སྡོད་པའི་ལོང་ག་ལ་ཡོད། དེ་ཡང་བདག་རང་ཤི་ཙམ་ན་སུས་ཀྱང་བཟུང་དུ་མེད། བསྲུང་དུ་མེད། སུས་ཀྱང་མི་སྟོངས་ཏེ། བསགས་པའི་ནོར་གྱིས་ཀྱང་འཆི་བ་ལ་མི་སྟོངས། བུ་དང་ཆུང་མ། འདུས་པའི་གཉེན་གྱིས་ཀྱང་འཆི་བ་ལ་མི་སྟོངས། རང་གི་ལུས་ཀྱིས་ཀྱང་ཤི་བ་ལ་མི་སྟོངས་ཏེ། ལུས་ཉིད་ཀྱང་ཤུལ་དུ་བསྐྱུར་ནས་མེ་ལ་བསྲེགས་ཏེ། ཐར་བ་སྤར་གང་དུ་འགྲོ། དེ་ནས་ཐལ་བ་དེ་ཡང་རླུང་གིས་ཁྱེར་ཏེ། གར་སོང་ཆ་མེད་དུ་འགྲོ་ངེས་ཏེ། བསགས་པའི་ནོར་ཀྱང་ཤུལ་དུ་ལུས་ནས། ཁབ་གཅིག་ཀྱང་ཁྱེར་བའི་དབང་མེད། འདུས་པའི་གཉེན་ཀྱང་སོ་སོར་བྲལ་ཏེ། དེ་རིང་ཕྱིན་ཆད་འཕྲད་ནས་མི་འོང་བར། ལམ་ས་ཐག་རིང་པོ་ཞིག་ལ། ད་ནི་མགྱོགས་པར་འགྲོ་དགོས་པར་འདུག་པ། གྲོགས་ཟླ་བོ་གཅིག་ཀྱང་ཁྲིད་པའི་དབང་མེད། ད་རང་གཅིག་པུ་གྲོགས་མེད་དུ་འགྲོ་དགོས་པའི་དུས་དེར། ད་ནི་སླེབ་ལ་ཁད་པས། སྙོམས་ལས་སུ་སྡོད་པ་ག་ལ་ཁོམ། ཚེ་འདིའི་བྱ་བ་བྱེད་པ་ག་ལ་ཁོམ། གཉིད་ལོག་པ་ཡང་ག་ལ་ཁོམ། ཨ་ཙ་མ་དེ་རིང་ཁོ་ན་ནས་སྡིག་པ་སྤང་། དེ་རིང་ཁོ་ན་ནས་དགེ་བ་བསྒྲུབ་ནས། འཆི་ཁར་བློ་བདེ་བ་ཕྱི་མར་ལམ་སྣ་ཟིན་པ་ཞིག་ཅིས་ཀྱང་བྱ། ཀྱཻ་མ། ཀྱཻ་མ། ཨ་ཛི། འཇིགས་པ་སྙམ་དུ་བསམ་ཞིང་། ངག་ཏུ་འདི་སྐད་དུ་མྱ་ངན་གྱི་སྐད་དུ་བརྗོད་ཅིང་། དྲན་བསྐུལ་ལྷང་ལྷང་གདབ་སྟེ། ཀྱཻ་མ།ཀྱཻ་མ། ཀྱི་ཧུད། འདུས་བྱས་འདི་མི་རྟག་པའོ། །ཉིན་མཚན་གཉིས་ཀྱིས་ནི་ཚེ་ལ་རྐུ་བའོ། །ནམ་འཆི་ཆ་མེད་དོ། །དེ་སྔ་མ་ཤི་བ་ནི་ཁ་རྗེ་ཆེའོ། །ད་ནི་འཆི་བ་ལ་སླེབ་ལ་ཁད་དོ། །ཞེས་ངག་ནས་ལྷང་ལྷང་དྲན་བསྐུལ་གདབ་བོ། །ཡིད་ཀྱིས་དམིགས་པ་འདི་ལྟར་བསྒོམས་པར་བྱའོ། །ཡང་བདག་ག་ནས་ཕྱིན་ཆ་མེད་པར། ལུང་པ་གཅིག་ཏུ་སླེབས་ཏེ། ལུང་པ་དེ་ནི། ཁ་བྱང་དུ་གཏད་པ།ཁ་དོག་ནག་པ། མིའི་རྒྱུ་འགྲུལ་དང་སྐད་མེད་པ། ཆུ་ཤ་ར་ར་བབ་པ། རླུང་སྒྲ་འུ་རུ་རུ་སྒྲོགས་པ། འཇག་མ་ཀྱུ་རུ་རུ་ཟེར་བ། ཉི་མ་ནི་རི་རྩེ་ནས་རྩེ་རེ་རེ་ནུབ་པ། བྲག་རི་སྔོ་སང་སང་ཡོད་པ་ལ། བྱ་རོག་ཏང་ཏང་ཟེར་བ། དེ་འདྲ་བ་ཞིག་ཏུ། གང་ནས་ཕྱིན་ཆ་མེད་པར་སླེབས་ཏེ། གྲོགས་པོ་ཟླ་བོ་ནི་སུ་ཡང་མེད། སྔོན་ཆད་ནི་འགྲོ་མ་མྱོང་༑ གར་འགྲོའི་གཏད་སོ་ནི་མེད་པར། ཐོམ་ཐོམ་འགྲོ་བ་ཡོད་པ་ལ། ངག་ཏུ་འདི་སྐད་དུ་བརྗོད་དོ། །ཀྱེ་མ་ཀྱེ་མ་ཀྱི་ཧུད་ཨ་ཙ་མ། །གྲོགས་མེད་གཅིག་པུར་ལུང་སྟོངས་འཁྱམས། །གར་འགྲོའི་གཏད་སོ་བདག་ལ་མེད། །ང་ཡི་ཡུལ་དེ་གར་ཡོད་དམ༑ ༑ང་ཡི་ཕ་མ་གར་ཡོད་དམ། །བུ་དང་ནོར་རྫས་གར་ཡོད་དམ། །རང་ཡུལ་སླེབ་དུས་ནམ་འོང་ན། །ཀྱཻ་མ་ཀྱི་ཧུད་ང་རེ་སྐྱོ། །དེ་སྐད་ལྷང་ལྷང་ཟེར་ཞིང་། གར་འགྲོ་གཏོལ་མེད་བཞིན་དུ། ཐོམ་ཐོམ་ཕྱིན་པ་ལ། ནམ་ཞིག་གི་ཚེ་ན། བྲག་རོང་གཅིག་ཏུ་ཕྱིན་ཏེ་ལྷུང་ཉེ་བ་ལ། བདག་གི་ལག་པ་གཡས་པ་ལ། ནམ་ཞིག་རྩ་ན་བྲག་དཀྱིལ་དེར་རྩྭ་ཕོན་གཅིག་འདུག་པ་ལ། ལག་པས་ཟིན་ཏེ། དེ་ལ་དམ་དུ་བཅངས་ཤིང་། འདར་ཁྲི་ལི་ལི་ཡོད་པ་ལ། མར་ལ་བལྟས་པས་ནི་གཏིང་མེད་པ། ཡར་ལ་བལྟས་པས་ནི་རི་གནམ་ལ་རེག་པ། བྲག་རི་མེ་ལོང་གི་ངོས་ལྟར་འདྲེད་རྒྱ་ཆེ་བ།རླུང་སྒྲ་འུ་རུ་རུ་ཟེར་བ། དེ་འདྲ་བ་ཞིག་ཏུ་ལྷུང་བ་ལ། རྩྭ་ཕོན་དེའི་གཡས་ཕྱོགས་ནས། བྲག་གི་སེར་ག་གཅིག་ནས། བྱི་བ་དཀར་པོ་གཅིག་བྱུང་ནས། རྩྭ་འཇག་མ་གཅིག་བཅད་དེ་ཁྱེར་ནས་སོང་། གཡོན་ཕྱོགས་ནས། བྲག་གི་སེར་ཁ་གཅིག་ནས།བྱི་བ་ནག་པོ་གཅིག་བྱུང་ནས་རྩྭ་འཇག་མ་གཅིག་བཅད་དེ་ཁྱེར་ནས་སོང་། དེ་གཉིས་རེས་མོས་བྱས་ནས། རྩྭ་ཕོན་ནི་ཇེ་ཆུང་ལ་སོང་། བྱི་བ་ལ་རྒོལ་ཐབས་ནི་མ་རྙེད།ཤི་བ་ལ་ནི་འཇིགས་སྐྲག་ཅིང་སྔངས་ནས་འདར་ཞིང་ཡོད་པ་དང་། རང་གི་བསམ་པ་ལ། ཨ་ཙ་མ། ད་ནི་བདག་ལ་འཆི་བ་སླེབ་ནས་གདའ་སྟེ། བྲོས་པའི་ས་ནི་མི་འདུག སྔོན་ཆད་ནི་ཤི་བ་མ་དྲན་པས་ཆོས་ནི་མེད། འགྲོ་ཁུང་ནི་འཇིག དེ་རིང་ལ་ཤི་བ་ཡིད་ལ་མེད་པ་ལ། ད་ནི་འཆི་བ་གློ་བུར་དུ་ཕེབས། ད་ནི་བུ་ཚ་བོ་ནོར་རྫས་ཉེ་བ་གཉེན་འབྲེལ། ཡུལ་མི་ཁྱིམ་མཚེས་དང་ཡང་ད་ནི་དེ་རིང་ནས་བྲལ་ཏེ། དེ་རིང་ཕྱིན་ཆད་ནས་འཕྲད་ནས་མི་འོང་། ནོར་བསོགས་པ་ནི་ཤུལ་དུ་ལུས། སྔོན་ཆད་འགྲོ་མ་མྱོང་བའི་ས་རྒྱུས་མེད། ཐག་རིང་ཞིག་ཏུ་དེ་རིང་ནས་འགྲོ་དགོས་པར་འདུག་པས༑ ཨ་ཛི། འཇིགས་པ། འདི་ནས་ཐར་བའི་ཐབས་ནི་ཅི་དྲག་གམ། གང་ན་ཡོད་དམ༑ ཅི་ཚུག་བྱེད་ན། ཨ་ཙ་མ། སྙམ་དུ་བསམ་ཞིང་། ངག་ཏུ་མྱ་ངན་གྱི་སྒྲ་སྐད་འདི་ལྟར་ལྷང་ལྷང་བརྗོད་དོ། །ཨ་ཙ་མ་ན་ང་རེ་འཇིགས། ཨ་ཙ་མ་ན་འཆི་བ་འོང་། ད་ལྟ་མྱུར་དུ་འཆི་བ་འོང་།གྲོགས་མེད་གཅིག་པུར་འགྲོ་དགོས་པས། ཐག་རིང་ཞིག་ཏུ་འགྲོ་དགོས་པས། ཆ་མེད་ཡུལ་དུ་འགྲོ་དགོས་པས། ལ་བོ་ཆེ་ལ་བརྒལ་དགོས་པས། འདི་ལས་ཅི་ལྟར་བྱས་ན་ཐར། ཐབས་ཤིག་ཡོད་ན་བསྒྲུབ་པ་ལ། ཨ་ཙ་མ་ན་འཆི་བ་འོང་། ཨ་ཙ་མ་ན་ང་རེ་འཇིགས། ཞེས་སྨྲེ་སྔགས་འདོན་ཞིང་ཡོད་པའི་ཚེ། རང་གི་སྟེང་གི་ནམ་མཁའ་ནས། རང་གི་རྩ་བའི་བླ་མ་དེ་ཉིད་པདྨ་དང་ཟླ་བའི་སྟེང་ན། ཊཱ་མ་རུ་དང་དྲིལ་བུ་བསྣམས་ཏེ། རུས་པའི་རྒྱན་དྲུག་གསོལ་ནས། གར་ལིང་ལིང་བྱེད་ཅིང་།བདག་ལ་འདི་སྐད་ཟེར་བར་སྒོམས་ཤིག ཀྱཻ་མ་འདུས་བྱས་འདི་ནི་མི་རྟག་མྱུར་དུ་འཇིག །ཕྱི་ཡི་དུས་བཞི་མི་རྟག་འགྱུར་ཞིང་འགྲོ། །རྒན་རིམ་དགྲ་གཉེན་ཤི་ཞིང་རྒུད་པ་དང་། །གཞོན་རིམ་དར་དང་ལོ་ཟླ་ཞག་གྲངས་འགྱུར། །ཚེ་འདི་རི་གཟར་ཆུ་འདྲ་མྱུར་འགྲོ་ཡང་། །བདག་ཉིད་ཤི་བ་མ་ཤེས་འགྲོ་བ་བླུན། །ད་ནི་མི་རྟག་ཤི་བ་སླེབ་ལ་ཁད། །ཤི་བ་འདི་ལ་བཟློག་ཐབས་ཅི་ཡང་མེད། །བཟློག་ཐབས་འདུག་གམ་ད་ལྟ་འདི་ལ་ལྟོས། །ད་ནི་ལོང་མེད་བླ་མའི་མོས་གུས་མཛོད། །ཅེས་གསུངས་པའི་སྒྲ་ཐོས་པ་ཙམ་གྱིས། བདག་གི་བསམ་པ་ལ།ཀྱེ་མ་འདི་ལྟ་བུའི་ཤི་བ་ལ་མ་ཐུག་པའི་སྔོན་ནས། ཆོས་ཤིག་བྱ་རྒྱུ་ཡིན་པར་འདུག་པ་ལ། དེ་སྔ་ཆོས་མ་བྱས་པ་ང་རེ་འགྱོད༑ ད་ནི་ཤི་རུང་གསོན་རུང་བླ་མ་དཀོན་མཆོག་མཁྱེན་ནོ། །བླ་མ་དཀོན་མཆོག་ལ་ཐུགས་རྗེ་ཡོད་ན།བདག་གཡང་ས་ཆེན་པོ་འདི་ལས་བསྒྲལ་ན་ཅི་མ་རུང་། ཕ་བླ་མ་དཀོན་མཆོག་མཁྱེན་སྙམ་པས་ཞེ་ཐག་པ་ནས། མོས་གུས་དྲག་པོ་བྱས་པ་ཙམ་གྱིས༑ བླ་མའི་ཐུགས་ཀ་ནས་འོད་ཟེར་གྱི་སྙིང་པོ་གཅིག བདག་གི་ཐུགས་ཀར་ཟུག་པ་དང་། རྩྭ་ཕོན་ཟད་པ་དང་དུས་མཚུངས་ཏེ། བདག་འོད་ཟེར་དེས་གཡེངས་ཏེ་བཏེག་ནས། བདག་བདེ་བ་ཅན་གྱི་ཞིང་དུ་སླེབས་ཏེ་བྱུང་བ་དང་། ཡང་བདག་གི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ནས། ཁམས་གསུམ་སེམས་ཅན་ཐམས་ཅད་གཅིག་ཀྱང་མ་ལུས་པ། བདེ་བ་ཅན་དུ་དྲངས་པར་བསམ་ཞིང་། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དྲག་ཏུ་བསྒོམ་པར་བྱའོ། །དེ་ལྟར་འཆི་བ་མི་རྟག་པ་དེ་ལྟ་བུ་བསམ་ཞིང་། བླ་མས་ཀྱང་འཆི་བ་མི་རྟག་པའི་རྒྱུ་མཚན་ཞིབ་ཏུ་རྒྱས་པར་བཤད་ལ། སྐྱོ་བ་བསྐྱེད་པར་བྱའོ། །མདོར་བསྡུས་ན། མདོ་ལས།འདུས་བྱས་རྟག་པར་གྱུར་པ་ཡི། །གནས་ནི་རྙེད་པར་མི་འགྱུར་བས། །འདུས་བྱས་ཐམས་ཅད་མི་རྟག་གིས། །མྱ་ངན་མ་བྱེད་ཀུན་དགའ་བོ། །ཞེས་པ་དང་། ལང་ཀར་གཤེགས་པ་ལས། རི་གཟར་ཆུ་འབབ་མགྱོགས་པ་དང་། །མི་ཡི་ཚེ་ཡང་དེ་དང་འདྲ། །ཞེས་པ་དང་། ཐེགས་ཆེན་རྣལ་འབྱོར་ལས། གང་དུ་ཕྱིན་ཡང་མི་འཆིའི་ས་ཕྱོགས་ནི། །རི་བོའི་རྩེ་ན་མེད་དེ་རྒྱ་མཚོའི་གཏིང་ནའང་མེད། །འཇིམ་པའི་བུམ་པ་བཞིན་དུ་འཇིག་པ་ཅན། །གཡར་པོ་འདྲ་སྟེ་འདི་ལ་ཐེར་ཟུག་མེད། །ཅེས་པ་དང་། ཆེད་དུ་བརྗོད་པ་ལས། ཁ་ཅིག་མངལ་དུ་འཆི་བ་མཐོང་། །ཁ་ཅིག་བཙས་པའི་སར་འཆི་ཞིང་༑ ༑དེ་བཞིན་ཁ་ཅིག་གོགས་ཙམ་ནས། །ལ་ལ་རྒས་དང་ལ་ལ་གཞོན། །ལ་ལ་དར་ལ་བབས་པའི་ཚེ། །དེ་དག་རིམ་གྱིས་འགྲོ་འགྱུར་ལ། །དེ་ལ་མི་འདི་གཞོན་ཞེས་ནས། །གསོན་པའི་གདེང་བྲོད་སུ་ཞིག་འཆང་། །ཞེས་པ་དང་། ཡང་མདོ་ལས།གསོད་སར་ཁྲིད་པའི་བཙོན་བཞིན་དུ། །གོམ་རེ་སྤོ་ཞིང་འཆི་ལ་ཉེ། །ཞེས་པ་དང་།སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་ནས། འཆི་བའི་རྐྱེན་མང་འཚོ་བའི་རྐྱེན་ནི་ཉུང་། །འཚོ་རྐྱེན་ཉིད་ཀྱང་འཆི་བའི་རྐྱེན་དུ་འགྱུར། །དེས་ན་རྟག་ཏུ་ཆོས་ལ་འབད་པར་བྱ། །ཞེས་པ་དང་། མདོ་རིན་པོ་ཆེའི་ཏོག་ལས། གྲོགས་དག་ཚེ་འདི་མི་རྟག་སྟེ། །རི་གཟར་ཆུ་དྲག་ལྟར་མགྱོགས་ན། །བྱིས་པའི་སྐྱེ་བོས་མ་རྟོགས་པས། །མི་མཁས་འདོད་པའི་དྲེགས་པས་མྱོས། །ཞེས་པ་དང་། མདོ་ལས། འཆི་བདག་བདུད་ནི་སོ་བྱ་ཉ་སྡོད་འདྲ། །སྐྱེ་རྒ་ན་འཆི་རང་འཐག་རི་མོ་འདྲ། །འཇིག་རྟེན་འདི་ནས་ཆེ་ཆུང་དབུལ་ཕྱུག་ཀུན། །འཆི་བདག་ལག་ཏུ་མི་འགྲོ་གཅིག་ཀྱང་མེད། །ཅེས་པ་དང་།ཡང་ཐེག་ཆེན་རྣལ་འབྱོར་ལས། སྔ་མ་ཤི་བའི་རྒན་རབས་ཀུན་གྱིས་ཀྱང་། །རྟག་ཏུ་རེ་ནས་བུ་དང་ནོར་བསོགས་ཀྱང་། །བུ་ནོར་ཕྱི་ལུས་བདག་ལ་ཕན་པ་ཉུང་། །ཞེས་གསུངས་ཏེ། དེ་ལྟར་དུ་མི་རྟག་ཅིང་སྐད་ཅིག་ཀྱང་མི་སྡོད་པར་འགྲོ་བས། ལེ་ལོར་སྡོད་པའི་ལོང་མེད་དོ། །ཞེས་མདོ་རྒྱུད་རྣམས་ནས་ལུང་མང་དུ་དྲངས་ལ་སྐྱོ་བ་བསྐྱེད་པར་བྱའོ། །དེ་ལྟ་བུའི་འཆི་བ་མི་རྟག་པའི་ཉེས་པ་བསྒོམ་པ་ཉམས་སུ་བླངས་ན། འཇིག་རྟེན་གྱི་བྱ་བྱེད་ཐམས་ཅད་མི་རྟག་པར་གོ་ནས་ལྷག་པར་རང་རྒྱུད་ཞི་སྟེ། ཆོས་ལ་བརྩོན་པ་ལ་སོགས་པའི་ཉམས་འབྱུང་ངོ་། །མི་རྟག་པ་བསྒོམས་ཀྱང་། ཚེ་འདིའི་འདོད་པ་ཆེར་སོང་ནས། དབེན་པར་མི་ཆགས་ན་ཉམས་མ་སྐྱེས་ཀྱི་བར་དུ་བསྒོམ་པར་བྱའོ། །འདི་ནི་ཆོས་ཐམས་ཅད་ཀྱི་བཅུད་ཡིན་ཏེ། འདི་ལ་བོགས་མ་ཐོན་ན། བསྒོམ་ཉམས་སྐྱེ་བར་མི་འགྱུར་བས། འདི་ལ་བརྩོན་པ་གལ་ཆེའོ། །དབང་པོ་རབ་འབྲིང་ཐ་མ་གང་ཡང་འདིས་གྲོལ་བར་འགྱུར་བས། འདི་ལ་འབད་པ་གལ་ཆེ་སྟེ། འཆི་བ་མི་དྲན་པའི་སེམས་ཅན་མཐོང་བའི་ཚེ། མཆི་མ་ཕྲོམ་ཕྲོམ་པའི་སྙིང་རྗེ་མ་བྱུང་གི་བར་དུ་སྒོམས་ཤིག འདི་ལ་ཞག་གསུམ་བསྒོམ་པར་བྱས་ཤིག དེ་ལྟར་བསྒོམས་པས།གནས་སྐབས་སུ་བདེ་བ་ཕུན་སུམ་ཚོགས་པ་ཐོབ་པ་དང་། མཐར་ཐུག་སངས་རྒྱས་སོ༑ ༑ཉམས་སུ་ལོངས་ཤིག བར་དོ་དྲུག་གི་ཉམས་ཁྲིད་དགོངས་པ་རང་གྲོལ་ལས།འཆི་བ་མི་རྟག་པ་བསྒོམ་པ་སྟེ། ཆོས་ཐུན་གསུམ་པའོ། །དེ་གསུམ་ནི་རང་རྒྱུད་འདུལ་བར་བྱེད་པའི་སྔོན་འགྲོ་སྟེ། ཐོག་མར་འདི་གསུམ་ལ་ནན་ཆགས་བྱེད་པ་ནི་ཤིན་ཏུ་ནས་ཀྱང་གལ་ཆེའོ། །འདི་རྣམས་ལ་རྐང་མ་ཚུགས་ན། ཆོས་གཞན་ཐམས་ཅད་འདྲེད་ནས་འགྲོ་བར་འདུག་པས། དེ་རྣམས་ཀྱིས་རྒྱུད་སྐྱོ་ལྷང་གིས་སྐྱེས་བུའི་སྙིང་ལ་མདའ་ཟུག་པ་ལྟར། དུས་རྒྱུན་དུ་མི་རྟག་པ་སྐྱོ་ལྷང་ངེ་བ་ཞིག་མ་བྱུང་བར་དུ་བསྒོམ་པར་བྱའོ། །ས་མ་ཡཱ། ཉམས་སུ་ལོངས་ཤིག།།སྔོན་འགྲོ་རང་རྒྱུད་འདུལ་བྱེད་ཅེས་བྱ་བ།འཁོར་བ་མ་སྟོང་གི་བར་དུ་མ་རྫོགས་སོ། །བར་དོ་དྲུག་གི་ཉམས་ཁྲིད། དགོངས་པ་རང་གྲོལ་གྱི་སྔོན་འགྲོ་རང་རྒྱུད་འདུལ་བྱེད་འདི་ཉིད། གཏེར་སྟོན་ཀརྨ་གླིང་པའི་སྲས་ཀྱི་ཐུ་བོ། ཆོས་རྗེ་གླིང་པའི་ཕྱག་སྲོལ་ཞལ་གདམས་རྣམས། གུ་རུ་ཉི་ཟླ་འོད་ཟེར་གྱིས་ཡི་གེར་བཀོད་པ་འདིས། སངས་རྒྱས་ཀྱི་བསྟན་པ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །དགེའོ། །དགེའོ།། དགེའོ།། །།