Jump to content

བཙན་པོའི་བང་སོ།

ཡོང་ཁུངས་Wikipedia

སྤུར་རྒྱལ་བཙན་པོའི་བང་སོ་ཞེས་པ་འདི་ནི་བོད་ཀྱི་བཙན་པོའི་དུས་སྐབས་སུ་བཏབ་པའི་ཆོས་རྒྱལ་གྱི་བང་སོ་ཡིན། དེ་ནི་ལྷོ་ཁ་འཕྱོངས་རྒྱས་རྫོངས་ཁོངས་མུ་ར་རིའི་འདབས་སུ་གནས་ཡོད།

དེ་ཡང་ཡོངས་གྲགས་ཀྱི་ལོ་རྒྱུས་དེབ་ཐེར་རྣམས་སུ་བྱུང་བ་ལྟར་ན། གཉའ་ཁྲི་བཙན་པོ་སོགས་གནམ་གྱི་ཁྲི་བདུན་རྣམས་རིམ་པ་བཞིན་དུ་རྨུ་ཐག་ལ་འཇུས་ནས་རྨུ་སྐས་ལ་འཛེགས་ཏེ་ནམ་མཁའི་དབྱིངས་སུ་འཇའ་ཚོན་ཡལ་བ་ལྟར་སོང་བས་ན་དེ་རྣམས་གྲོངས་པའི་བང་སོ་གནམ་ལ་བཏབ་པར་གྲགས། སྟོད་ཀྱི་སྟེང་གཉིས་ཀྱི་དང་པོ་རྒྱལ་པོ་གྲི་གུམ་བཙན་པོ་དང་བློན་པོ་ལོ་ངམ་རྟ་རྫི་གཉིས་འཐབ་སྟེ་རྒྱལ་པོ་བཀྲོངས། དེ་ནི་རྒྱལ་པོ་ལོ་ངམ་རྟ་རྫིའི་གཡོ་འོག་ཏུ་ཚུད་པས་གནམ་གྱི་རྨུ་ཐག་རང་ཉིད་ཀྱིས་བཅད་པས་ནམ་མཁར་བྱོན་མ་ཐུབ་པར་ས་ཐོག་ཏུ་ལུས་ནས་པུར་བྱུང་བ་ལས་བོད་ཀྱི་བཙན་པོར་བང་སོ་བརྩིགས་པའི་སྲོལ་དར་བ་ཡིན།

རྒྱལ་པོ་གྲི་གུམ་བཙན་པོ་ནས་གླང་དར་མའི་བར་དུ་སྟོད་ཀྱི་སྟེང་གཉིས། ས་ཡི་ལེགས་དྲུག བར་གྱི་ལྡེ་བརྒྱད། འོག་གི་བཙན་ལྔ། སྐྱིད་པའི་གདུང་རབས་བརྒྱད། ཤིན་ནུ་སྐྱིད་པའི་གདུང་རབས་ལྔ། སྨད་ཀྱི་སྟེང་གཅིག་བཅས་བཙན་པོ་སུམ་ཅུ་སོ་ལྔ་རིམ་པར་བྱོན་པ་ཀུན་ལ་བང་སོ་མཆིས་ཤིང་། བང་སོ་བཏབ་ཡུལ་ཐད་ལའང་༼མཁས་པའི་དགའ་སྟོན༽དུ་སྟེང་གཉིས་བང་སོ་རྫ་དང་གཡའ་ལ་བཏབ་ཅེས་རི་སྒང་གི་ཆེས་མཐོ་སར་བཏབ་པ་དང་། ལེགས་དྲུག་བང་སོ་གཡའ་སྤང་མཚམས་སུ་བཏབ་ཅེས་སྔ་མ་ལས་ཅུང་ཟད་ཕབ་སྟེ་བཏབ་པ་དང་། ལྡེ་བརྒྱད་བང་སོ་ཆུ་བོའི་གཞུང་ལ་བཏབ་ཅེས་གསུངས་ཤིང་། བང་སོའི་བཟོ་དབྱིབས་ལ་ཡང་སྣ་ཚོགས་ཡོད་པ་ལས་གཙོ་ཆེ་བ་གཉིས་སུ་འདུ་ཆོག་པར་སྣང་སྟེ་སྟོད་ཀྱི་སྟེང་གཉིས་ནས་འོག་གི་བཙན་ལྔ་ཡན་ཆད་ཀྱི་བཙན་པོའི་བང་སོ་རྫ་རི་མཐོ་ཞིང་བཙན་པའི་གནས་སུ་བརྩིགས་ཤིང་། བང་སོ་བརྩིས་པའི་དབྱིབས་ཟླུམ་པོ་ཉིད་དུ་ངེས། དེ་མན་ཆད་ནས་བཙན་པོའི་བང་སོ་རི་ལ་བརྩིགས་པ་ལས་ཡུལ་དུ་འདེབས་པའི་སྲོལ་དུ་གནས་སྤོས། གནམ་རི་སྲོང་བཙན་གྱི་དུས་ནས་བང་སོ་གྲུ་བཞིར་བརྩིགས་པའི་སྲོལ་དར།

ཆོས་རྒྱལ་བང་སོར་བང་སོ་ཇི་ཙམ་ཡོད་མེད་སྐོར༼ཆོས་འབྱུང་མཁས་པའི་དགའ་སྟོན༽སོགས་ལྟར་ན་ས་དེར་བང་སོ་ཉི་ཤུ་རྩ་གཅིག་ཙམ་ཡོད་འདུག་ཀྱང་། ད་ཆ་དེ་ལྟ་བུའི་མང་པོ་མཐོང་རྒྱུ་མེད་པ་ནི་ལ་ལ་དམག་འཁྲུག་དང་དུས་ཟིང་ནང་གཏོར་བརླག་སོང་བའམ་ཡང་ན་ལ་ལ་ཆར་ཆུས་འཇིག་པ་གང་རུང་བྱུང་བར་ངེས། ཡང་སྙིང་བང་སོ་ཁ་གྲངས་ཇི་ཙམ་ཡོད་མེད་ནི་མཁས་དབང་རྣམས་ཀྱིས་རྟོག་ཞིབ་གནང་གཞིར་གྱུར། ད་ཆ་མུ་ར་རིའི་འདབས་སུ་བང་སོ་བརྒྱད་དགུ་ཙམ་ཞིག་དངོས་སུ་མཐོང་རྒྱུ་ཡོད་ཀྱང་བང་སོ་དེ་དག་གི་ནང་དུ་བཙན་པོ་སུ་དང་སུ་བཞུགས་ཡོད་མེད་ཐད་ལ་ཡང་ཡོངས་སུ་གཏན་འཁེལ་བའི་ཚིག་ཐག་གཅོད་པར་དཀའ། འོན་ཀྱང་སྲོང་བཙན་སྒམ་པོ་དང་ཁྲི་སྲོང་ལྡེ་བཙན། ཁྲི་རལ་པ་ཅན་བཅས་ཀྱི་བང་སོ་ངོས་འཛིན་རྒྱུའི་ཐད་ཕལ་ཆེ་བ་གཅིག་མཐུན་ཡིན།

ད་ཡོད་ཀྱི་བང་སོ་རྣམས་ནི་ས་རྡོས་བརྩིགས་པའི་ཐོག་ལེབ་མོ་ཤ་སྟག་རེད། བང་སོའི་ཞིག་ཁ་ནས་གྱང་ཤུལ་བང་རིམ་གསལ་པོ་མཐོང་རྒྱུ་འདུག་པས་གྱང་སྟར་རེའི་དབར་ལ་མཐོ་ཚད་སྨིད་བཅོ་ལྔ་ནས་ཉི་ཤུ་བར་ཟིན། དང་ཐོག་བང་སོ་དེ་དག་སྟེང་དབྱིབས་གྲུ་བཞི་ཡིན་སྲིད་ཀྱང་དུས་ཡུན་རིང་པོའི་ནང་ཆར་ཆུས་བཤལ་བའི་དབང་གིས་ད་ཆ་བང་སོའི་སྟེང་ཐོག་རྣམས་དབྱིབས་སྒོར་མོ་ཆགས་ཡོད་པ་ཡིན།

མུ་ར་རིའི་རི་སྐེད་མཚམས་སུ་བང་སོ་ཞིག་ཡོད་པ་དེ་ནི་བང་སོ་ཀུན་ལས་གནས་ས་མཐོ་ཤོས་དང་ཆེ་ཤོས་ཡིན་པས་བང་སོ་དེའི་སྟེང་དུ་ལངས་ནས་ལྟ་སྐབས་རི་གཤམ་གྱི་བང་སོ་ཐམས་ཅད་གསལ་པོ་མཐོང་ཐུབ། བང་སོ་དེའི་ཤར་དུ་གཟུགས་ཚད་སྤྱི་ཁྲེ་གཅིག་དང་སྐར་མ་ལྔ་བཅུ་ང་ལྔ་ཙམ་ཟིན་པའི་རྡོའི་སེང་གེ་ལག་གཡས་པ་ལ་ཆག་སྐྱོན་ཤོར་བ་གཅིག་དང་། ནུབ་ཏུ་རྡོའི་སེང་གེ་ཉལ་མ་མགོ་མེད་གཅིག་བཅས་ཡོད། དེ་ནི་ཁྲི་ལྡེ་བཙུག་བརྟན་མེས་ཨག་ཚོམ་གྱི་བང་སོ་ཡིན་པར་གྲགས། བང་སོ་དང་པོར་ངོས་འཛིན།

ཁྲི་སྲོང་ལྡེ་བཙན་གྱི་བང་སོ་ནི་མུ་ར་རིའི་ཤར་ངོས་རི་ཟུར་དུ་བཏབ་ཡོད། ལོ་རྒྱུས་ཀྱི་དེབ་ཐེར་ནང་དེ་ཡི་བང་སོ་མུ་ར་རི་ལ་བརྩིགས། གྲལ་ནི་ཡབ་ཀྱི་རྒྱབ་ངོས་གཡས་ན་ཡོད། དེ་ནི་མ་གྲོངས་དུས་ནས་ཉིད་ཀྱིས་བརྩིགས། མིང་ནི་འཕྲུལ་རི་གཙུག་སྣང་བྱ་བ་བཏགས། དེ་ཡི་རྩ་ན་རྡོ་རིང་གཅིག་ཀྱང་ཡོད། བང་སོ་ཕྱི་རྒྱན་ཅན་དུ་གྲགས་པར་གྱུར་ཞེས་འཁོད་ཡོད་ཀྱང་དེང་སྐབས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བང་སོའི་མདུན་དུ་རྡོ་རིང་མཐོང་རྒྱུ་མེད།

སྲོང་བཙན་བང་སོ།

ཆོས་རྒྱལ་སྲོང་བཙན་སྒམ་པོའི་བང་སོ་ནི་བང་སོ་དང་པོའི་གཡོན་ངོས་རི་གཤམ་གྱི་ཆུ་བོའི་འགྲམ་དུ་ཆགས། དེ་ཡང་མཐའ་ལྕགས་རིས་བསྐོར་བའི་ནང་བང་སོའི་སྒོ་ནུབ་ཏུ་གཏད་པ་ལ་གྱང་རིམ་པ་གཉིས་ཀྱིས་བསྐོར་ཞིང་ནང་དུ་རྡོ་རྩིག་ཉིས་སྐོར་ཅན་སྟེང་ཐོག་ཕུབ་པ་དེའི་སྟེང་ལྷ་ཁང་དམར་པོ་སྒོ་ཤར་དུ་གཏད་པ།  ད་ཡོད་ལྷ་ཁང་མདོ་སྦུག་གཉིས་ལ་རྒྱ་ཁྱོན་ཀ་དྲུག་གི་ས།  ནང་རྟེན་དུ་རྒྱལ་བ་བྱམས་པ་འཁོར་དུ་ཕྱག་གཡས་ནས་བརྩིས་འཕགས་པ་ལོ་ཀེ་ཤྭ་ར།  མར་མེ་མཛད།  རྒྱལ་བ་ཚེ་དཔག་མེད།  ཕྱག་རྡོར་བཅས་དང་།  ཕྱག་གཡོན་དུ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་།  ཤཱཀྱ་ཐུབ་པ།  གུ་རུ་སྣང་སྲིད།  རྟ་མགྲིན་དཔའ་འཇིགས།  མདོ་རུ་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་། གཡས་སུ་རྒྱ་བཟའ། བློན་པོ་མགར་བ་སྟོང་བཙན། གཡོན་དུ་བལ་བཟའ་དང་། ཐོན་མི་སམ་བྷོ་ཊ་སོགས་རྟེན་མང་དུ་བཞུགས་ལ་ད་དུང་ལྡེབས་བྲིས་ཀྱང་མང་པོ་ཡོད། དེ་བཞིན་སྔར་སྲོང་བཙན་ལྷ་ཁང་གི་ནང་སྒོའི་ལྷོ་ངོས་སུ་སྲོང་བཙན་བང་སོའི་དཀར་ཆག་བཀོད་ཡོད་སྐད་དང་དཀར་ཆག་ནང་སྲོང་བཙན་བང་སོ་ཆུ་བོའི་མདའ་རུ་ཆགས་ཆེ་ཆུང་ཚད་ནི་དཔའ་ཆེན་མདའ་རྒྱང་གང་།  སྟེང་གི་ཞེང་ནི་ཉག་གི་རྡོ་རྒྱང་གང་།  ནང་དུ་ལྷ་ཁང་ལྔ་ཡི་བཞུགས་སུ་གསོལ།  བང་སོ་ནང་རྒྱན་ཅན་དུ་གྲགས་པ་ཡིན།  གསང་བའི་མཚན་ནི་མུ་རི་སྨུག་པོ་ཞེས་འཛམ་བུ་གླིང་གི་ནོར་ཕུད་ལན་གསུམ་བསྡུས།  ལྷ་ཀླུ་མི་ཡི་སྐྱེ་འགྲོའི་བདེ་སྐྱིད་བསྐྲུན་ཞེས་འཁོད་ཡོད་པ་དང་།  ད་དུང་ལོ་རྒྱུས་ཀྱི་ཡིག་ཆ་འགའ་རེའི་ནང་བང་སོ་འདིར་རེའུ་མིག་དགུ་ཡོད་པའི་དབུས་སུ་བཙན་པོའི་སྐུ་ཕུང་གསེར་གྱིས་བཏུམས་པ་བཞུགས་ཤིང་།  ནང་གི་རེའུ་མིག་ཐམས་ཅད་ནོར་གྱིས་བཀང་བ་དང་སྙིགས་མའི་དུས་སུ་ཆུ་བོས་འཇིག་སྟེ་གནས་སྒོ་ཕྱེ་རྒྱུ་སོགས་བརྗོད་འདུག  མཁས་པ་ལ་ལས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བང་སོ་དེ་བང་སོ་ཨང་ལྔ་པར་བརྩི་བ་དང་ཁྲི་སྲོང་ལྡེ་བཙན་གྱི་བང་སོ་དེ་བང་སོ་ཨང་བརྒྱད་པར་འཇོག་པ་རེད།  དེ་ལྟར་པུར་རྒྱལ་བཙན་པོའི་བང་སོ་དེ་དག་གི་ནང་ནས་ལྷ་ཁང་རྣམས་རྩ་ཞིག་སོང་བ་ཕུད་ད་ལྟ་ལྷག་བསྡད་པ་རྣམས་སྤྱི་ལོ ༡༩༦༡ ལོ་ནས་བཟུང་རྒྱལ་ཡོང་ཀྱི་གཙོ་གནད་རིག་དངོས་སྡེ་ཚན་གྱི་ཁོངས་སུ་གཏོགས་པས་རྒྱལ་ཁབ་ནས་དོ་དམ་སྲུང་སྐྱོབ་མཛད་བཞིན་ཡོད། །