Jump to content

བཙན་པོ་བསྟན་འཛིན་འཇམ་དཔལ་འཕྲིན་ལས།

ཡོང་ཁུངས་Wikipedia

བཙན་པོ་བསྟན་འཛིན་འཕྲིན་ལས་ནི་བོད་ཀྱི་ལོ་རྒྱུས་ཐོག་ཏུ་བྱུང་བའི་མཁས་བ་དམིགས་བསལ་ཅན་ཞིག་ཡིན། ཁོང་ནི་ནང་དོན་རིག་པ་དང་གསོ་བ་རིག་པ་གཉིས་ལ་མཁྱེན་རྒྱ་ཡངས་བ་མ་ཟད། ས་ཁམས་རིག་པ་ལ་ཡང་ཤིན་ཏུ་མཁས།

མཚན
སྨིན་གྲོལ་འཇམ་དཔལ་བསྟན་འཛིན་འཕྲིན་ལས་
བཙན་པོ་འཇམ་དཔལ་བསྟན་འཛིན་འཕྲིན་ལས
འཁྲུངས་འདས་ཀྱི་ལོ ༼ ༡༧༨༩ ནས ༡༨༣༨༽
གོ་གནས། ཛ་སག་ཏཱ་བླ་མ། འབྲས་སྤུངས་དགོན་པའི་ཚོགས་ཆེན་དགེ་བསྐོས
ཐོབ་ཐང་། བླ་སྤྲུལ གསོ་བ་རིག་པ་བ། ས་ཁམས་རིག་པ་བ།
གདན་ས བཙན་པོ་དགོན་ནམ་གསེར་ཁོག་དགོན།
གྲུབ་མཐའ། དགེ་ལུགས་པ།
གསུང་རྩོམ། ༼མན་ངག་རིན་ཆེན་འབྱུང་གནས༽ ༼འཛམ་གླིང་རྒྱས་བཤད༽

༡ སྐུ་ཕྲེང་དང་པོའི་ ་རྣམ་ཐར།

[རྩོམ་སྒྲིག]

སྨིན་གྲོལ་སྐུ་ཕྲེང་ཐོག་མ་ནི་འཕྲིན་ལས་ལྷུན་འགྲུབ་ཡིན་ལ། ཁོང་ནི་༡༦༢༢ལོར་མདོ་སྨད་ཆུ་འཁོར་ཐང་ནས་སྐུ་བལྟམས་ཤིང་། ཆུང་དུས་ནས་དབུས་སུ་ཐུགས་གཉེར་ལ་ཕེབས།དགུང་ལོ་དྲུག་བདུན་སྟེང་བྱ་ཁྱུང་ལ་ཕེབས་ཏེ་ལོ་ཤས་དེར་བཞུགས། སྤྱི་ལོ་༡༦༥༢ནས་༡༦༦༤བར་དུ་གཞུང་གིས་བཀའ་བསྒྱུར་ལྟར་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་མཁན་པོ་ལ་བཞུགས། ༡༦༦༥ལོར་ལྔ་བ་ཆེན་མོས་སྨིན་གྲོལ་ནོ་མོན་ཧན་གྱི་ཆོ་ལོ་གནང་བ་དང་བོད་གཞུང་་གིས་བཀའ་ལྟར་ཕྱིར་མདོ་སྨད་དུ་ཕེབས། འདི་ནི་སྨིན་གྲོལ་སྐུ་ཕྲེང་དང་པོ་ཡིན་ནོ།།གང་ཉིད་ཕྱིར་རང་ཡུལ་ཏུ་ལོག་རྗེས། བཙན་པོ་དགོན་པའི་དགོན་བདག་ལ་བཞུགས་པ་དང་། ཕྱི་ཕྱིར་དགོན་པ་དེ་ཉིད་སྨིན་གྲོལ་སྐུ་ཕྲེང་རིམ་བྱོན་གྱི་རྩ་བའི་གདན་ས་རུ་གྱུར།དགོན་མིང་དེའི་དབང་གིས། སྨིན་གྲོལ་སྐུ་ཕྲེང་རིམ་བྱོན་གྱི་མཚན་གཞན་ལ་བཙན་པོ་བླ་མའམ་བཙན་པོ་ནོ་མིན་ཧན་ཞེས་ཐོགས་པ་ཡིན་ནོ།།

༢ སྐུ་ཕྲེང་གཉིས་བ་བློ་བཟང་བསྟན་འཛིན་རྒྱ་མཚོ།

[རྩོམ་སྒྲིག]

སྨིན་གྲོལ་སྐུ་ཕྲེང་གཉིས་པ་བློ་བཟང་བསྟན་འཛིན་རྒྱ་མཚོ་ནི་སྤྱི་ལོ་༡༧༠༠ལོར་ཙོང་ཁ་བདེ་ཁམས་ཀྱི་བྱ་ཁྱུང་དགོན་པའི་ཉེ་འདབས་སུ་འཁྲུངས་པ་ཡིན་ལ། དགུང་ལོ་དགུ་བའི་སྟེང་གདན་སར་བཀོད།ཆུ་བཟང་བསྟན་པའི་རྒྱལ་མཚན་ལས་རབ་བྱུང་དང་དགེ་བསྒྲུབས།བློ་བཟང་དཔལ་ལྡན་དགེ་རྒན་དུ་བསྟེན།དགུང་ལོ་༢༢སྟེང་ལ་དབུས་སུ་ཐུགས་གཉེར་ལ་ཕེབས། ༡༧༢༦ལོར། ཁོང་ལ་རྒྱལ་དབང་སྐུ་ཕྲེང་བདུན་པའི་ནོ་མོན་ཧན་གྱི་ཆོ་ལོ་གནང། ལོ་དེར་ཆིན་གཞུང་ཀྱིས་ཁོང་ཉིད་པེ་ཅིན་ལ་གདན་འདྲེན་ཞུས།ལོ་ཕྱི་མར།གོང་མ་ཡུང་ཀྲིན་གྱིས་ཁོང་ལ་ཧུ་ཐོ་ཐུག་གི་མཚན་བཏགས་གནང་། དེའི་རྗེས་ཕྱིར་མདོ་སྨད་དུ་ལོག་ནས། རྒྱ་དམག་གིས་མེ་ལ་བསྲེགས་པའི་བཙན་པོ་དགོན་པ་ཞིག་གསོ་གནང་བ་དང་དགོན་པའི་འཆད་ཉན་ཡང་ཉིད་རང་ནས་མཛད་ཀྱང་། ཐུགས་བྲེལ་དང་ཆར་ཆུ་ཅི་བྱུང་ཡང་བརྩི་བཞག་ཆག་མེད། དོགས་འདྲི། དོགས་སློང་།འཛིན་གྲྭ་རེས་མོས་ཀྱི་སྐུ་མདུན་དུ་དམ་བཅའ་འཛུགས་པ།གསར་བུ་རྣམས་ལ་ཡིག་ཀློག་དོ་དམ་མཛད་དེ་གཟེངས་བསྟོད།དམའ་འབེབས་གང་དགོས་འཕྲལ་དུ་མཛད་པའི་འཆད་ཉན་ཤིན་ཏུ་འཕེལ་བ་བྱུང་།༡༧༣༤ལོ་ལ་ཡང་བསྐྱར་པེ་ཅིན་དུ་ཆིབས་བསྒྱུར་གནང་བ་དང་། བསྟན་པའི་ལྷ་ཁང་སེར་བོ་ནང་ནས་ཡུན་རིང་ལ་བཞུགས།༡༧༣༦ལོར་མཚོ་བདུན་གྱི་གཟུམས་གུར་ཞིག་གི་ནང་ནས་སྐུ་ཞི་བར་གཤེགས།

༣ སྐུ་ཕྲེང་གསུམ་པ་ངག་དབང་འཕྲིན་ལས་རྒྱ་མཚོ།

[རྩོམ་སྒྲིག]

སྨིན་གྲོལ་སྐུ་ཕྲེང་གསུམ་པ་ངག་དབང་འཕྲིན་ལས་རྒྱ་མཚོ་ནི་སྤྱི་ལོ་༡༧༣༧ལོར་མདོ་སྨད་བཙན་པོ་དགོན་ཉེ་འཁོར་དུ་སྐུ་བལྟམས། བཤེས་གཉེན་བློ་བཟང་དཔལ་ལྡན་ལས་དགེ་བསྙེན་དང་ལྕང་སྐྱ་རོལ་བའི་རྡོ་རྗེ་ལས་རབ་ཏུ་བྱུང་།༡༧༥༩ལོར་དབུས་སུ་སློབ་གཉེར་ལ་ཕེབས། ༡༧༦༧ལོར་པེ་ཅིན་ལ་ཕེབས་ནས་གོང་མ་ཡུང་ཌི་དང་ཐུག་ཕྲད་མཛད། ༡༧༨༠ལོར། པཎ་ཆེན་སྐུ་ཕྲེང་བདུན་པ་དང་མཇལ་ཕྲད་གནང་བ་དང་དབང་ཞུ།༡༧༨༥ལོར་ལྷ་ཁང་སེར་བོ་རུ་སྐུ་གཤེགས།

བཙན་པོ་བསྟན་འཛིན་འཕྲིན་ལས་གྱི་སྐུ་གོང་མ་རྣམས་ཀྱིས་མདོ་སྨད་ཡུལ་དུ་བསྟན་པ་དར་ཞིང་རྒྱས་པར་བགྱིས་པ་དང་།བོད་རྒྱ་བར་གྱི་རིག་གནས་འབྲེལ་འདྲིས་ལ་གསེར་གྱི་ཟམ་པ་བསྐྲུན།ཁོང་རྣམས་ཀྱང་བསྟན་འཛིན་འཕྲིན་ལས་དང་འདྲ་བར་གཟིགས་རྒྱང་ཡངས་ཤིང་། བློ་སྤོབས་ཆེ་ལ། དམ་ཚིག་བརྟན་ཞིང་།རིགས་ཞེན་ལྡན་པའི་བདག་ཉིད་ཅན་ཁོ་ནར་སྣང་སྟེ། སྐུ་ཕྲེང་དང་པོ་ལ་མི་ཞིག་གིས་གཞུང་གིས་བཀའ་བསྒྱུར་བཙན་པོ་ལ་ཐུག་ན་ཅི་བྱེད་ཟེར་བར་བཀའ་འདྲི་ཞུས་བ་ལ། གཞུང་གིས་ང་ལྟ་བུའི་གྲྭ་རྐྱང་ལ་བྱེད་རྒྱུ་གང་ཡོད།གསོད་ན་ཡང་ལུས་སྲོག་ལ་ལྟས་བ་མེད་ཅེས་མཐོ་ལ་མགོ་མི་སྒུར་ཞིང་དམ་བཅའ་བརྟན་པོ་སྲུང་ཐུབ་པས་གཤིས་རྒྱུད་དེ་རང་བཞིན་དུ་མངོན་ལ། སྐུ་ཕྲེང་གཉིས་བ་ཉིད་ཐེངས་ཤིག་ཆ་ཧར་བུ་ཕེབས་སྐབས་གྲྭ་བ་ལྔའི་བསྙེན་རྫོགས་ཞུས་པར།ང་བསྙེན་པར་རྫོགས་ནས་ལོ་བཅུ་མ་སོང་བར་གཞན་གྱི་མཁན་པོར་བཤད་མི་རུང་བ་འདུལ་བའི་རང་ལུགས་ཡིན་ཞེས་ནན་གྱིས་གསུངས་ཏེ་བཏང་ལེན་མ་བྱས་པ་དང་ཁོང་གིས་གསེར་དགོན་དུ་འཆད་ཉན་བཙུགས་ནས་ཐུགས་བྲེལ་དང་ཆར་ཆུ་ཅི་བྱུང་ཡང་བརྩི་བཞག་ཆག་མེད། དོགས་འདྲི། དོགས་སློང་།འཛིན་གྲྭ་རེས་མོས་ཀྱི་སྐུ་མདུན་དུ་དམ་བཅའ་འཛུགས་པ།གསར་བུ་རྣམས་ལ་ཡིག་ཀློག་དོ་དམ་མཛད་དེ་གཟེངས་བསྟོད།དམའ་འབེབས་གང་དགོས་འཕྲལ་དུ་མཛད་པའི་འཆད་ཉན་ཤིན་ཏུ་འཕེལ་བ་བྱུང་།སྐུ་གོང་མ་དག་ལ་དེ་ལྟ་བུའི་མཛད་པ་ཤིན་ཏུ་མང་མོད། ཡིག་ཚོགས་ལ་དོགས་ནས་རྒྱས་པར་མི་སྤྲོའོ།།

སྨིན་གྲོལ་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་ནི་དེང་གི་མཚོ་སྔོན་ཞིང་ཆེན་གྱིི་གསར་ཁོག་ཐོའོ་རིགས་ཧེ་རིགས་རང་སྐྱོང་རྫོང་གིས་མངའ་ཁོངས་སུ་གནས་པའི་བཙན་པོ་དགོན་དགའ་ལྡན་དམ་ཆོས་གླིང་ཞེས་བ་དེ་ཡིན་ལ། ཆོས་སྡེ་འདི་ག་ནི་སྤྱི་ལོ་༡༦༤༩ལོ་ལ་སེ་ཆེན་ཧུང་ཐེའུ་ཅཇི་དང་ཨེརྟ་ནི་ཏའི་ཆེང་གཉིས་ཀྱིས་སྦྱིན་བདག་བྱས་ཏེ་རབ་འབྱམས་པ་བཙན་པོ་དོན་འགྲུབ་རྒྱ་མཚོའི་ཕྱག་བཏབ་པ་ཡིན།ཡང་ཆོས་སྡེ་འདིས་ཁྲིད་རྒྱུན་འབྲས་སྤུངས་སྒོ་མང་གྲྭ་ཚང་དང་འདྲ་བའི་དབང་གིས་སྒོ་མང་དགོན་ཞེས་ཀྱང་འབོད། ཡུལ་མི་རྣམས་ཀྱིས་ས་མིང་ལ་གཞིར་བཞག་བྱས་ནས་གསེར་ཁོག་དགོན་ནམ་གསེར་དགོན་ཞེས་འབོད་པ་ཡང་ཡོད་དོ།།སྨིན་གྲོལ་སྐུ་ཐོག་དང་པོ་སྐབས་སུ་འཆད་ཉན་ཀྱི་སྡེ་བཙུགས།

༤ སྐུ་ཚེ་རྣམ་ཐར།

[རྩོམ་སྒྲིག]

བོད་རབ་བྱུང་བཅུ་གསུམ་པའི་ས་བྱ་ལོ་སྤྱི་ལོ་༡༧༨༩ལོར་སྨིན་གྲོལ་སྐུ་ཕྲེང་བཞི་བ་འཇམ་དཔལ་ཆོས་ཀྱི་བསྟན་འཛིན་འཕྲིན་ལས་མཆོག་ཁོང་གི་སྐུ་གོང་མའི་ཡང་སྲིད་དུ་མདོ་སྨད་ཨུ་ལན་མུ་ར་ཟེར་བའི་ཡུལ་ཞིག་ཏུ་ཡབ་དོན་འགྲུབ་ཚེ་བརྟན་དང་ཡུམ་དཀར་མོ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།

ལོ་བཞིའི་སྟེང་ཐུའུ་བཀན་བློ་བཟང་ཆོས་ཀྱི་ཉི་མས་ཡང་སྲིད་དུ་ངོས་འཛིན་གནང་ཞིང་།གསེར་ཁོག་དགོན་ལ་གདན་དྲངས་ནས་གདན་སར་བཀོད། ཆུ་བཟང་ཧོ་ཐོ་ཐུག་ངག་དབང་ཐུབ་བསྟན་དབང་ཕྱུག་གི་དྲུང་ནས་རབ་བྱུང་གི་སྡོམ་པ་བཞེས་ཤིང་མཚན་ལ་འཇམ་དཔལ་བསྟན་འཛིན་ཆོས་ཀྱི་འཕྲིན་ལས་ཞེས་གསོལ།སྐུ་ན་ཕྲ་དུས་ནས་ཡེ་གེ་འབྲི་ཀློག་དང་བརྡ་སྤྲོད་ལ་སོགས་པར་རྟག་གུས་གྱིས་སྦྱངས་བ་བྱས།

༡༧༩༩ལོར། ཅ་ཆིན་གོང་མ་དང་ཐུག་ཕྲད་མཛད།

༡༨༠༨ལོར། དབུས་སུ་ཐུགས་གཉེར་ལ་ཕེབས་པ་དང་། འཇམ་དབྱངས་བཞད་པ་དང་མཉམ་དུ་འབྲས་སྤུངས་སྒོ་མང་གྲྭ་ཚང་ནང་དུ་ཞུགས།མདོ་སྨད་ཆོས་འབྱུང་ལས་ཀུན་གཟིགས་མཐོང་བ་དོན་ལྡན་མཆོག་དང་སྒོ་མང་ཆོས་གྲྭར་མཉམ་ཕེབས་ཀྱིས་ཐུགས་ནང་ཤིན་ཏུ་ཉེ་ཞེས་གསལ།

༡༨༡༣ལོར་ཀུན་གཟིགས་མཐོང་བ་དོན་ལྡན་དང་མཉམ་དུ་དབུས་དང་ཁ་བྲལ་ཏེ་རང་རང་གི་དགོན་པར་ལོག

༡༨༢༠ཡས་མས་སུ་པེ་ཅིན་ལ་ཆིབས་བསྒྱུར་གནང་ཞིང་། ཛ་སག་ཏཱ་བླ་མའི་གོ་གནས་གཏད།

ལོ་དེར་འཛམ་གླིང་རྒྱས་བཤད་བརྩམས།

༡༨༢༨ལོར་བཀྲ་ཤིས་འཁྱིལ་དུ་གདན་དྲངས།ཚོགས་མང་ལ་དགའ་ལྡན་ལྷ་བརྒྱ་མའི་ཁྲིད་གང་རྒྱས་གནང་།

༡༨༣༠ལོར་འཛམ་གླིང་རྒྱས་བཤད་ཀྱིས་མ་ཡིག་ལ་ཞུས་དག་གནང་།༡༨༣༨ལོར་ལྷ་ཁང་སེར་བོ་རུ་སྐུ་གཤེགས།

༦ གདན་ས།

[རྩོམ་སྒྲིག]

ཁོང་གི་གདན་ས་ནི་བྱང་གི་དགོན་ཆེན་བཞིའི་ཡ་གྱལ་གསེར་ཁོག་དགོན་པ་ཡིན་ལ། དེ་ལ་བཙན་པོ་དགོན་པ་དང་སྒོ་མང་དགོན་པ་ཞེས་འབོད་མཁན་ཡང་ཡོད།

༧གསུང་རྩོམ།

[རྩོམ་སྒྲིག]

ཁོང་གི་གསུང་རྩོམ་ལ་ཤིན་ཏུ་མང་པོ་ཡོད་ཚོད་གདའ་མོད། ད་ལྟའི་ཆར་རྙེད་སོན་བྱུང་བ་ནི་གསོ་བ་རིག་པའི་བརྩམས་ཆོས་ལ་༼ མན་ངག་རིན་ཆེན་འབྱུང་གནས་༽ དང་ས་ཁམས་རིག་པའི་བརྩམས་ཆོས་༼འཛམ་གླིང་རྒྱས་བཤད་༽གཉིས་མ་གཏོགས་མེད་དོ།

༨ དཔྱད་གཞི་ཡིག་ཆ།

[རྩོམ་སྒྲིག]

【1】སུམ་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར།  《ཆོས་འབྱུང་དཔག་བསམ་འཁྲི་ཤིང་།》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  1992

【2】    བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས།《མདོ་སྨད་ཆོས་འབྱུང་།》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  1982

【3】Turrell V Wylie:  "The geography of Tibet . Roma,1962.