བདེ་བ་ཅན་གྱི་སྨོན་ལམ་ཡིད་བཞིན་དཔལ་སྟེར།

ཡོང་ཁུངས་Wikipedia

བདེ་བ་ཅན་གྱི་སྨོན་ལམ་ཡིད་བཞིན་དཔལ་སྟེར་བཞུགས་སོ༎

ན་མཿགུ་རུ་ཨ་མི་ཏཱ་བྷ་ཝ་ཡེ།
རབ་འབྱམས་ཞིང་ཁམས་རྒྱ་མཚོའི་ངོ་མཚར་ཕུལ། །གཅིག་བསྡུས་ཡོན་ཏན་བཀོད་པ་ཕུན་ཚོགས་པ། །ཐུབ་པས་བསྔགས་པའི་ཞིང་ཁམས་ཁྱད་པར་ཅན། །བདེ་བ་ཅན་གྱི་ཞིང་དེར་སྐྱེ་བར་ཤོག །༡


སངས་རྒྱས་དབང་ཕྱུག་རྒྱལ་པོའི་བསྟན་པ་ལ། །དགེ་སློང་ཆོས་ཀྱི་འབྱུང་གནས་ཞེས་བགྱི་བའི། །ཐུགས་བསྐྱེད་སྨོན་ལམ་འབྲས་བུ་ཡོངས་སྨིན་པའི། །བདེ་བ་ཅན་གྱི་ཞིང་དེར་སྐྱེ་བར་ཤོག །༢


ལྷ་མིའི་སྟོན་པ་འདྲེན་མཆོག་འོད་དཔག་མེད། །གང་གིས་ཡོངས་བཟུང་ཞིང་ཁམས་བདེ་བ་ཅན། །ངོ་མཚར་བཀོད་པའི་ཁྱད་པར་མཐའ་ཡས་པའི། །བདེ་བ་ཅན་གྱི་ཞིང་དེར་སྐྱེ་བར་ཤོག །༣


ངན་སོང་གསུམ་སོགས་མི་ཁོམ་གནས་མེད་ཅིང་། །སྣ་ཚོགས་སྤོས་ཀྱི་དྲི་ལྡང་མེ་ཏོག་དང་། །རིན་ཆེན་ལྗོན་ཤིང་འཕྲེང་བས་ལེགས་བརྒྱན་པའི། །བདེ་བ་ཅན་གྱི་ཞིང་དེར་སྐྱེ་བར་ཤོག །༤


སྤྲུལ་པའི་བྱ་ཚོགས་ཡིད་འོང་སྒྲ་འབྱིན་ཅིང་། །ལྷ་རྫས་ལྔ་ལྡན་དར་གྱི་ཕྱོགས་ཀུན་བྲེས། །རྣམ་མངས་རིན་ཆེན་ཚོགས་ཀྱིས་རབ་བརྒྱན་པའི། །བདེ་བ་ཅན་གྱི་ཞིང་དེར་སྐྱེ་བར་ཤོག །༥


མཚོ་དང་རྫིང་བུ་ལྟེང་ཀ་ཆུ་ཀླུང་ཆེ། །རབ་འབབ་སྙན་པའི་སྒྲ་འབྱིན་མེ་ཏོག་དང་། །སྤོས་ཆུ་རིན་ཆེན་བསིལ་མའི་ཆར་འབེབས་པའི། །བདེ་བ་ཅན་གྱི་ཞིང་དེར་སྐྱེ་བར་ཤོག །༦


པདྨ་ཨུཏྤ་ལ་དང་ཀུ་མུ་ད། །པད་དཀར་དྲི་ཞིམ་གྱིས་ཁེབས་མཚོ་ཡི་ནང་། །ངང་ངུར་ཁྲུང་ཁྲུང་བྱ་ཚོགས་ཡོངས་རྒྱུ་བའི། །བདེ་བ་ཅན་གྱི་ཞིང་དེར་སྐྱེ་བར་ཤོག །༧


ཆུ་ཀླུང་དལ་བར་འབབ་ལས་ཆོས་ཀྱི་སྒྲ། །འགག་མེད་དུ་མར་སྒྲོག་ལས་ས་ལམ་གྱི། །ཡོན་ཏན་རྗེས་སུ་སྒྲོག་པའི་གླུར་ལེན་པ། །བདེ་བ་ཅན་གྱི་ཞིང་དེར་སྐྱེ་བར་ཤོག །༨


ཞིང་དེར་མི་དགེ་ལས་ཉོན་ངན་སོང་གི །སྡུག་བསྔལ་རྗེས་སུ་སྒྲོག་པའི་མིང་མེད་ཅིང་། །དགའ་བདེ་འཇིག་པའི་སྒྲ་ཡང་ཡོངས་སྤངས་པའི། །བདེ་བ་ཅན་གྱི་ཞིང་དེར་སྐྱེ་བར་ཤོག །༩


བདེ་སོགས་བདག་པོའི་དཔལ་གྱིས་བསྒྲུབས་མིན་པའི། །རབ་མཛེས་སྐྱེད་མོས་ཚལ་དང་གཞལ་མེད་ཁང་། །ཁང་བརྩེགས་འདོད་ཡོན་ཁྱད་པར་ཀུན་ཚང་བའི། །བདེ་བ་ཅན་གྱི་ཞིང་དེར་སྐྱེ་བར་ཤོག །༡༠


ཡིད་འོངས་འཛིན་པ་མེད་པའི་ཁམ་གྱི་ཟས། །དྲི་ཞིམ་ཕྱོགས་བརྒྱར་འཐུལ་བའི་སྤོས་ཀྱི་སྤྲིན། །འཕྲེང་བ་བྱུག་པ་ཕྱེ་མ་ལེགས་འཐོར་བའི། །བདེ་བ་ཅན་གྱི་ཞིང་དེར་སྐྱེ་བར་ཤོག །༡༡


རབ་མཛེས་གདུགས་དང་རྒྱལ་མཚན་བ་དན་སྒྲེང་། །སིལ་སྙན་ཡན་ལག་ལྔ་པ་རྣམ་པར་འཁྲོལ། །མཆོད་སྤྲིན་དེ་ཡིས་རབ་འབྱམས་ཞིང་མཆོད་པའི། །བདེ་བ་ཅན་གྱི་ཞིང་དེར་སྐྱེ་བར་ཤོག །༡༢


རྣམ་མང་གོས་དང་རྒྱན་གྱི་ཁྱད་པར་དག །ལྗོན་ཤིང་ལས་དཔྱངས་རིན་ཆེན་བ་གམ་མཛེས། །ཁྲི་སྟན་ལྷ་རྫས་ལས་གྲུབ་ཆེས་མང་བ། །བདེ་བ་ཅན་གྱི་ཞིང་དེར་སྐྱེ་བར་ཤོག །༡༣


ཞིང་དེར་ལྷ་མིའི་ཁྱད་པར་ཐ་མི་དད། །ཀུན་རྫོབ་མ་ཡིན་དོན་དམ་ལྷུན་གྲུབ་པ། །གཞན་འཕྲུལ་བདག་པོའི་དཔལ་དང་མཚུངས་ལྡན་པའི། །བདེ་བ་ཅན་གྱི་ཞིང་དེར་སྐྱེ་བར་ཤོག །༡༤


མནན་ན་ནེམ་ཞིང་བཏེགས་ན་རབ་འཕར་བའི། །རིན་ཆེན་ས་གཞིར་མེ་ཏོག་བཅལ་བཀྲམ་ཞིང་། །བསུང་ཞིམ་དྲི་ཡི་ངད་ལྡང་བདེ་བ་བསྐྱེད། །བདེ་བ་ཅན་གྱི་ཞིང་དེར་སྐྱེ་བར་ཤོག །༡༥


ཞིང་དེའི་དབུས་ན་རབ་ཡངས་རིན་ཆེན་ཁྲི། །བྱང་ཆུབ་ཤིང་གི་དྲུང་དུ་ལེགས་བཤམས་པ། །སྣ་ཚོགས་གོས་ཀྱི་བླ་རེ་དང་བཅས་པའི། །བདེ་བ་ཅན་གྱི་ཞིང་དེར་སྐྱེ་བར་ཤོག །༡༦


ཁྲི་སྟན་པད་ཟླར་རབ་འགྱིང་སྟོན་པ་མཆོག །མགོན་པོ་འོད་དཔག་མེད་པ་མཚན་དཔེར་ལྡན། །དམར་གསལ་མཉམ་བཞག་ཕྱག་རྒྱ་རབ་བཅིངས་དྲུང་། །བདེ་བ་ཅན་གྱི་ཞིང་དེར་སྐྱེ་བར་ཤོག །༡༧


གཡས་ན་སྙིང་རྗེའི་བདག་ཉིད་སྤྱན་རས་གཟིགས། །གཡོན་ན་བྱང་སེམས་མི་འཇིགས་མཐུ་ཆེན་ཐོབ། །གཞན་ཡང་བྱང་སེམས་དུ་མས་ཡོངས་བསྐོར་བའི། །བདེ་བ་ཅན་གྱི་ཞིང་དེར་སྐྱེ་བར་ཤོག །༡༨


ཉོན་མོངས་དགྲ་བཅོམ་ཉན་ཐོས་རང་རྒྱལ་གྱི། །ཚུལ་འཛིན་བྱང་ཆུབ་སེམས་དཔའི་འདུས་པ་ཆེ། །སར་གནས་ལྷ་ཀླུ་དྲང་སྲོང་རིག་འཛིན་གང་། །བདེ་བ་ཅན་གྱི་ཞིང་དེར་སྐྱེ་བར་ཤོག །༡༩


གང་ཞིག་ཞིང་དེའི་ཡོན་ཏན་ལེགས་ཐོས་ནས། །སྐྱེ་བར་འདུན་པས་མི་ཕྱེད་དད་པ་ཡིས། །སྨོན་ལམ་བཏབ་ཀུན་ཐོགས་མེད་སྐྱེ་འགྱུར་བའི། །བདེ་བ་ཅན་གྱི་ཞིང་དེར་སྐྱེ་བར་ཤོག །༢༠


ཁྱད་པར་འཆི་དུས་ཞིང་དེའི་ཡིད་བྱེད་ལས། །གཡོ་མེད་བློ་བརྟན་གང་དག་སྐད་ཅིག་ལ། །རབ་མཛེས་མེ་ཏོག་པདྨར་རྫུས་སྐྱེ་བའི། །བདེ་བ་ཅན་གྱི་ཞིང་དེར་སྐྱེ་བར་ཤོག །༢༡


འདུས་པའི་དབུས་སུ་སྟོན་པས་ཟབ་མོའི་ཆོས། །ཡན་ལག་དྲུག་ཅུའི་དབྱངས་ལྡན་རྒྱུན་མི་ཆད། །ཐོས་པས་ས་ལམ་ཡོན་ཏན་རབ་རྫོགས་བྱེད། །བདེ་བ་ཅན་གྱི་ཞིང་དེར་སྐྱེ་བར་ཤོག །༢༢


བདག་གཞན་དུས་གསུམ་དགེ་ཚོགས་མི་ཟད་མཐུས། །འདི་ནས་ཉིང་མཚམས་སྦྱོར་བའི་དུས་ཀྱི་ཚེ། །༼ཚེ་འདས་དབང་ལྡན་སྒྲོལ་མ་ཞེས་བྱ་བ། ལྟ་བུར་བསྒྱུར།༽སྐད་ཅིག་ལག་པ་བརྐྱངས་བསྐུམས་ལྟ་བུ་ཡི། །བདེ་བ་ཅན་གྱི་ཞིང་དེར་སྐྱེ་བར་ཤོག །༢༣


སྐྱེས་ནས་དམ་ཆོས་བདུད་རྩིས་ལེགས་ཚིམས་ཤིང་། །རྣམ་དག་ཞིང་སྦྱངས་ཡོན་ཏན་རབ་རྫོགས་བྱེད། །དངོས་བརྒྱུད་སེམས་ཅན་ཕ་མ་མ་ལུས་ཀུན། །བདེ་བ་ཅན་གྱི་ཞིང་དེར་སྐྱེ་བར་ཤོག །༢༤


མཆོག་གསུམ་བདེན་པའི་བྱིན་རླབས་བསླུ་མེད་དང་། །རྒྱུ་འབྲས་ཆོས་ཉིད་དག་པའི་མཐུ་སྟོབས་ཀྱིས། །སྨོན་ལམ་རྒྱ་ཆེན་འབྲས་བུ་ཡོངས་གྲུབ་སྟེ། །བདེ་བ་ཅན་གྱི་ཞིང་དེར་སྐྱེ་བར་ཤོག །༢༥
དེ་ལྟར་མདོ་སྡེ་དཀོན་མཆོག་བརྩེགས་པ་ལས་བྱུང་བའི་བདེ་བ་ཅན་གྱི་ཞིང་བཀོད་ཀྱི་མདོ་དང་མཐུན་པའི་སྨོན་ལམ་ཡིད་བཞིན་དཔལ་སྟེར་ཞེས་བྱ་བ་འདི་ཡང་ཆུ་སྐོར་དཀར་པོ་བ་དད་ལྡན་བླ་མཁྱེན་དཀོན་འཕེལ་གྱིས་གུས་པས་བསྐུལ་བའི་ངོར། དགེ་སློང་སྡེ་སྣོད་འཛིན་པ་པདྨ་འཕྲིན་ལས་ཀྱིས་ཐུབ་བསྟན་ཡང་རྩེ་དུས་འཁོར་ཕུག་ཏུ་ཐུན་གཅིག་ལ་སྦྱར་བའི་ཡི་གེ་པ་ནི་དགེ་སློང་སྨན་མཆོག་གིས་བགྱིས་པ་འགྲོ་ཀུན་བདེ་བ་ཅན་དུ་སྐྱེ་བར་གྱུར་ཅིག་གུ ། ཤུ་བྷཾ།། །།

༼མ་དཔེ་རབ་རྒྱན་ས་གླང་ལོར་རྡོར་བྲག་སྐྱབས་མགོན་རིན་པོ་ཆེ་རྣམ་གྲོལ་རྒྱ་མཚོ་མཆོག་གིས་ལྷ་ས་ནས་བསྐུར་གནང་མཛད་པའོ།།༽