བདུན་ཟུར་

ཡོང་ཁུངས་Wikipedia

༄༅།   །བདུན་ཟུར་བཅོས་ཐབས་བཞུགས་སོ། །བདུན་ཟུར་གྱི་བཅོས་ཐབས་ལ། དང་པོ་ཡས་བསགས་པ་ནི། ནམ་མཁའ་རྒྱང་བུ་མདའ་ཕང་རེ་རེ། སྦྱིན་བདག་གི་སྐུ་གླུད་གཅིག་གི་མཐའ་མར་ཞལ་ཟས་བདུན་དང་མར་མེ་ལོ་གྲངས་འདྲེ་ལྔ་སྡོད་སར་བསྐྱལ་ལོ། །རྡོ་རྗེས་ལན་མེད་སྟོན་མོ་བྱ། །དེ་ཡང་བསྡུས་ན་ལམ་དུ་བཅོལ། །རང་འཇམ་དཔལ་བསྒོམ་ལ་འདི་སྐད་དོ།། ཧཱུཾཿ ཡོན་བདག་བྱི་བའི་ལོ་པ་ལ། །གནམ་ལོ་རྟ་ཡིས་དགྲ་རུ་སྡང༌། །ལོ་བདུན་སྲོག་ནི་ཆད་པའི་སྐེག །རྟ་ཡིས་གནོད་པ་ཟློག་ཏུ་གསོལ། །ཡོན་བདག་གླང་གི་ལོ་པ་ལ། །གནམ་ལོ་ལུག་གིས་དགྲ་རུ་སྡང༌། །བཅུ་དགུ་དཔལ་ཐོབ་བདུན་ཟུར་ཡིན། །ལུག་གིས་གནོད་པ་ཟློག་ཏུ་གསོལ། །ཡོན་བདག་སྟག་གི་ལོ་པ་ལ། །གནམ་ལོ་སྤྲེ་འུས་དགྲ་རུ་སྡང༌། །སོ་གཅིག་རང་ཐོག་བྱེ་བྲལ་ཡིན། །སྤྲེལ་གྱིས་གནོད་པ་ཟློག་ཏུ་གསོལ། །ཡོན་བདག་ཡོས་ཀྱི་ལོ་པ་ལ། །གནམ་ལོ་བྱ་ཡིས་དགྲ་རུ་སྡང༌། །ཞེ་གསུམ་བཅུ་ཐོག་འབྱོར་སྒྲུབ་ཡི། །བྱ་ཡིས་གནོད་པ་ཟློག་ཏུ་གསོལ། །ཡོན་བདག་འབྲུག་གི་ལོ་པ་ལ། །གནམ་ལོ་ཁྱི་ཡིས་དགྲ་རུ་སྡང༌། །ང་ལྔ་གྲོགས་ཐོག་བུ་གསོ་ཡིན། །ཁྱི་ཡིས་གནོད་པ་ཟློག་ཏུ་གསོལ། །ཡོན་བདག་སྦྲུལ་གྱི་ལོ་པ་ལ། །གནམ་ལོ་ཕག་གིས་དགྲ་རུ་སྡང༌། །དྲུག་ཅུ་རེ་བདུན་དགྲ་ཐོག་ཡིན། །ཕག་གིས་གནོད་པ་ཟློག་ཏུ་གསོལ། །ཡོན་བདག་རྟ་ཡི་ལོ་པ་ལ། །གནམ་ལོ་བྱི་བས་དགྲ་རུ་སྡང༌། །དོན་དགུ་བདུན་ཟུར་ཚེ་ཚེ་ཡིན། །བྱི་བས་གནོད་པ་ཟློག་ཏུ་གསོལ། །ཡོན་བདག་ལུག་གི་ལོ་པ་ལ། །གནམ་ལོ་གླང་གིས་དགྲ་རུ་སྡང༌།  །དགུ་བཅུ་གོ་གཅིག་འཆི་རྟགས་ཡིན། །གླང་གིས་གནོད་པ་ཟློག་ཏུ་གསོལ། །ཡོན་བདག་སྤྲེལ་གྱི་ལོ་པ་ལ། །གནམ་ལོ་སྟག་གིས་དགྲ་རུ་སྡང༌། །བརྒྱ་ཐམ་པ་དང་གསུམ་ཡིན་ནོ།  །སྟག་གིས་གནོད་པ་ཟློག་ཏུ་གསོལ།  །ཡོན་བདག་བྱ་ཡི་ལོ་པ་ལ། །གནམ་ལོ་ཡོས་ཀྱིས་དགྲ་རུ་སྡང༌།  །བཅོ་ལྔ་དེ་ནི་རང་ལོ་ཡིན།  །ཡོས་བུས་གནོད་པ་ཟློག་ཏུ་གསོལ། །ཡོན་བདག་ཁྱི་ཡི་ལོ་པ་ལ། །གནམ་ལོ་འབྲུག་གིས་དགྲ་རུ་སྡང༌། །ཉི་ཤུ་རྩ་བདུན་བདུན་ཟུར་ཡིན། །འབྲུག་གིས་གནོད་པ་ཟློག་ཏུ་གསོལ། །ཡོན་བདག་ཕག་གི་ལོ་པ་ལ། །གནམ་ལོ་སྦྲུལ་གྱིས་དགྲ་རུ་སྡང༌།  །སུམ་ཅུ་སོ་དགུ་བདུན་ཟུར་ཡིན།  །སྦྲུལ་གྱིས་གནོད་པ་ཟློག་ཏུ་གསོལ།།  དེ་ནས་གླུད་ཀྱི་ལམ་བསྟན་འདི་སྐད་དོ།།

ཀྱཻ། སྣང་ཞིང་སྲིད་པའི་ལྷ་འདྲེ་ཀུན། །ཉིད་ཀྱི་གླུད་དང་གཏོར་མ་འདི། །རིན་ཆེན་དུང་ལས་གྲུབ་པ་ཡིན། །རིན་ཆེན་དུང་ལས་གྲུབ་པའི་གླུད་དང་གཏོར་མ་འདི། །ཤར་ཕྱོགས་དྲི་ཟའི་ཚོགས་རྣམས་བཞེས་སུ་གསོལ། །ཉིད་ཀྱི་གླུད་དང་གཏོར་མ་འདི། །རིན་ཆེན་གསེར་ལས་གྲུབ་པ་ཡིན། །རིན་ཆེན་གསེར་ལས་གྲུབ་པའི་གླུད་དང་གཏོར་མ་འདི། །ལྷོ་ཕྱོགས་གཤིན་རྗེའི་ཚོགས་རྣམས་བཞེས་སུ་གསོལ། །ཉིད་ཀྱི་གླུད་དང་གཏོར་མ་འདི།  །རིན་ཆེན་ཟངས་ལས་གྲུབ་པ་ཡིན།  །རིན་ཆེན་ཟངས་ལས་གྲུབ་པའི་གླུད་དང་གཏོར་མ་འདི། །ནུབ་ཕྱོགས་ཀླུ་དབང་ཚོགས་རྣམས་བཞེས་སུ་གསོལ།  །ཉིད་ཀྱི་གླུད་དང་གཏོར་མ་འདི། །རིན་ཆེན་གཡུ་ལས་གྲུབ་པ་ཡིན།  །རིན་ཆེན་གཡུ་ལས་གྲུབ་པའི་གླུད་དང་གཏོར་མ་འདི། །བྱང་ཕྱོགས་གནོད་སྦྱིན་ཚོགས་རྣམས་བཞེས་སུ་གསོལ། །ཉིད་ཀྱི་གླུད་དང་གཏོར་མ་འདི། །དེ་རིང་ཤ་ཁྲག་དམར་ལས་གྲུབ་པ་ཡིན། །ཤ་ཁྲག་དམར་ལས་གྲུབ་པའི་གླུད་དང་གཏོར་མ་འདི། །སྣང་སྲིད་ལྷ་འདྲེ་ཚོགས་རྣམས་བཞེས་སུ་གསོལ། །

ཀྱཻ། ཕྱོགས་ཕྱོགས་འདི་ནི་ཕ་གི་ན། །ཉི་མ་ཤར་ཕྱོགས་ཕ་གི་ན། །ཡུལ་གཅིག་ཡོད་པ་དུང་གི་ཡུལ། །མཁར་གཅིག་ཡོད་པ་དུང་གི་མཁར། །དུང་མཁར་དེ་ཡི་ནང་ཤེད་ན། །མངའ་བདག་དུང་གི་མི་བོ་ཆེས། །ཕྱག་ན་དུང་གི་ལྡེ་མིག་བསྣམས། །གླུད་ཤོང་ཙམ་གྱི་སྒོ་ཕྱེ་ཞིག །ཡས་ཤོང་ཙམ་གྱི་འཕྲང་སེལ་ཞིག  །ཤར་ན་གནས་པའི་སྣང་སྲིད་ལྷ་འདྲེ་ཀུན། །གླུད་དང་གཏོར་མ་འདི་ལོངས་ཤིག །ཕྱོགས་ཕྱོགས་འདི་ནི་ཕ་གི་ན།  །ཉི་མ་ལྷོ་ཕྱོགས་ཕ་གི་ན། །ཡུལ་གཅིག་ཡོད་པ་གསེར་གྱི་ཡུལ། །མཁར་གཅིག་ཡོད་པ་གསེར་གྱི་མཁར། །གསེར་མཁར་དེ་ཡི་ནང་ཤེད་ན། །མངའ་བདག་གསེར་གྱི་མི་བོ་ཆེས། །ཕྱག་ན་གསེར་གྱི་ལྡེ་མིག་བསྣམས།  །གླུད་ཤོང་ཙམ་གྱི་སྒོ་ཕྱེ་ཞིག  །ཡས་ཤོང་ཙམ་གྱི་འཕྲང་སེལ་ཞིག །ལྷོ་ན་གནས་པའི་སྣང་སྲིད་ལྷ་འདྲེ་ཀུན། །གླུད་དང་གཏོར་མ་འདི་ལོངས་ཤིག །ཕྱོགས་ཕྱོགས་འདི་ནི་ཕ་གི་ན། །ཉི་མ་ནུབ་ཕྱོགས་ཕ་གི་ན། །ཡུལ་གཅིག་ཡོད་པ་ཟངས་ཀྱི་ཡུལ། །མཁར་གཅིག་ཡོད་པ་ཟངས་ཀྱི་མཁར། །ཟངས་མཁར་དེ་ཡི་ནང་ཤེད་ན། །མངའ་བདག་ཟངས་ཀྱི་མི་བོ་ཆེས། །ཕྱག་ན་ཟངས་ཀྱི་ལྡེ་མིག་བསྣམས། །གླུད་ཤོང་ཙམ་གྱི་སྒོ་ཕྱེ་ཞིག །ཡས་ཤོང་ཙམ་གྱི་འཕྲང་སེལ་ཞིག །ནུབ་ན་གནས་པའི་སྣང་སྲིད་ལྷ་འདྲེ་ཀུན། །གླུད་དང་གཏོར་མ་འདི་ལོངས་ཤིག  །ཕྱོགས་ཕྱོགས་དེ་ནི་ཕ་གི་ན།  །ཉི་མ་བྱང་ཕྱོགས་ཕ་གི་ན། །ཡུལ་གཅིག་ཡོད་པ་གཡུ་ཡི་ཡུལ།  །མཁར་གཅིག་ཡོད་པ་གཡུ་ཡི་མཁར།  །གཡུ་མཁར་དེ་ཡི་ནང་ཤེད་ན། །མངའ་བདག་གཡུ་ཡི་མི་བོ་ཆེས། །ཕྱག་ན་གཡུ་ཡི་ལྡེ་མི་བསྣམས། །གླུད་ཤོང་ཙམ་གྱི་སྒོ་ཕྱེ་ཞིག །ཡས་ཤོང་ཙམ་གྱི་འཕྲང་སེལ་ཞིག །བྱང་ན་གནས་པའི་སྣང་སྲིད་ལྷ་འདྲེ་ཀུན། །གླུད་དང་གཏོར་མ་འདི་ལོངས་ཤིག  །ཆག་ཆེ་ཉམ་ང་ཐམས་ཅད་ཟློག  །ལོ་སྐག་ཟླ་སྐག་ཞག་སྐག་ཟློག  །དུས་ཚོད་ཚེས་གྲངས་ངན་པ་ཟློག  །མཐུན་གསུམ་བདུན་ཟུར་སྐག་རྣམས་ཟློག  །སྤར་ཁ་ལྕགས་ངར་ཐུག་པ་ཟློག  །ཁྱིམ་མཚེས་ལོ་ཁྱིམ་རྩུབ་པ་ཟློག །མི་ཁ་སྨྲ་ཆུ་ངན་པ་ཟློག །བཅུ་གསུམ་ཉེར་ལྔའི་སྐག་རྣམས་ཟློག  །སོ་བདུན་རང་སྐག་བབས་པ་ཟློག  །ཞེ་དགུ་དགྲ་སྣ་བཙན་འདྲེ་ཟློག  །རེ་གཅིག་བདུད་གནོད་ཧུར་ཐུམ་ཟློག །དོན་གསུམ་ལྷ་སྲུང་ལང་བ་ཟློག །གྱ་ལྔ་སྲིད་པ་འཁྲུགས་པ་ཟློག །གཙོ་བོ་བདུན་ཟུར་རྩུབ་པ་ཟློག  །སྐྱེས་པ་བདུན་ཟུར་རྩུབ་པ་ཟློག །རྒས་པོ་བདུན་ཟུར་རྩུབ་པ་ཟློག  །རྒན་མོ་བདུན་ཟུར་རྩུབ་པ་ཟློག  །བྱིས་པ་བདུན་ཟུར་རྩུབ་པ་ཟློག  །མ་བུ་བདུན་ཟུར་རྩུབ་པ་ཟློག  །བྷྱོ་བྷྱོ་ཟློག་ཟློག །     བདུན་ཟུར་ཡོད་སར་བསྐྱལ་ལོ།། དགེའོ།། །། Publish on January 10, 2021