Jump to content

བཅོམ་ལྡན་འདས་རྒས་ཤིང་འཁོགས་པའི་སློང་མི་བ་ཞིག་དང་འཕྲད་པ་

ཡོང་ཁུངས་Wikipedia

ཡབ་རྒྱལ་པོ་ཟས་གཙང་མས་རྒྱལ་སྲས་གཞོན་ནུ་དོན་གྲུབ་ཀྱི་ཐུགས་ཡིད་ཡོངས་སུ་མགུ་བའི་ཕྱིར། ཁོང་གི་ངོས་ནས་བསྒྲུབ་དགོས་ཀྱི་མཐུན་རྐྱེན་གང་ཡོད་རྒྱལ་སྲས་ལ་གནང་སྟེ། ད་ནི་རྒྱལ་སྲས་གཞོན་ནུ་དོན་གྲུབ་རིང་པོར་མི་ཐོགས་པར་གསེར་ཁྲིར་མངའ་གསོལ་ཞུས་ནས་ཁོང་གིས་ངའི་རྒྱུད་འཛིན་གྱི་རྒྱལ་པོ་གནང་གི་རེད་དགོངས་སོ། ། རྒྱལ་པོ་ཟས་གཙང་མས་བཀའ་རྒྱ་བཏང་སྟེ། སྐྱེད་མོས་ཚལ་ཐེ་བའི་རྒྱལ་སྲས་གཞོན་ནུ་དོན་གྲུབ་ཀྱི་ཕོ་བྲང་ལ་མཐོ་ཞིང་བརྗིད་ཉམས་ལྡན་པའི་ལྕགས་རི་སྐོར་དུ་བཅུག འོན་ཀྱང་རྒྱལ་སྲས་ནི་ཕོ་བྲང་ན་བཙོན་པ་ཞིག་དང་འདྲ་བར་སྐྱིད་སྣང་དང་སྤྲོ་སེམས་ཡེ་ནས་མེད་པར་བརྟེན། ཉིན་གཅིག་རྒྱལ་སྲས་ཀྱིས་ཡབ་རྒྱལ་པོ་ལ་ཞུས་པ། ཡབ་ཆེན་ལགས། ང་ངེས་པར་དུ་ཕོ་བྲང་གི་ལྕགས་རིའི་ཕྱི་ལ་སོང་ནས་ཡུལ་མི་གཞན་པ་རྣམས་ཀྱི་འཚོ་བ་སྐྱེལ་སྟངས་ལ་ལྟ་ཞིབ་བྱེད་ཀྱི་ཡིན། ཞེས་གསུངས་པར་ཡབ་རྒྱལ་པོ་ན་རེ། དེ་ཡིན་དང་ཡིན། ཁྱེད་ཕོ་བྲང་ཕྱི་ལ་ཕེབས་ཏེ་ངོས་ཀྱི་ཡུལ་མི་གྲོང་ཁྱེར་དུ་འཚོ་བ་དག་གི་འཚོ་བའི་གནས་སྟངས་ལ་གཟིགས་ཞིབ་གནང་ན་ལོས་ཀྱང་འགྲིགའོན་ཀྱང་ཁྱེད་ཕོ་བྲང་ནས་མ་ཕེབས་སྔོན། ཁྱེད་ཀྱི་གཟིགས་སྐོར་དེ་ཕྱོགས་གང་ཐད་ནས་ལེགས་པོ་ཡོང་ཆེད། བདག་གིས་ཅིས་ཀྱང་སྟ་གོན་ནམ་གྲ་སྒྲིག་ཅིག་བྱེད་དགོས་གསུངས། དེ་ནས་ཡུལ་མི་ཀུན་གྱིས་གྲོང་ཁྱེར་མཐའ་དབུས་ཐམས་ཅད་རྒྱན་གྱིས་ལེགས་པར་སྤྲས་ཤིང་གཙང་སྦྲ་སོགས་ཕུན་སུམ་ཚོགས་པ་བྱས་རྗེས། ཡབ་རྒྱལ་པོས་སྨྲས་པ། ངའི་བརྩེ་བའི་སྲས་གཅིག་པུ། ད་ཁྱེད་ཀྱིས་རང་ཉིད་ལ་ཐུགས་འདོད་གང་ཡོད་ཀྱིས་གྲོང་ཁྱེར་དུ་གཟིགས་སྐོར་ལ་ཕེབས་ན་འགྲིག་ཅེས་གསུངས། དེ་ནས་རྒྱལ་སྲས་གཞོན་ནུ་དོན་གྲུབ་གྲོང་ཁྱེར་དུ་ཕེབས་ཏེ་ཤར་མར་སྲང་ལམ་ཐོག་ཕེབས་བཞིན་པ་ན། གློ་བུར་དུ་སྲང་ལམ་ཟུར་གྱི་རྩྭ་ཁང་ཆུང་ངུ་རྙིང་རལ་ལ་སོང་བ་ཞིག་ནས། མགོ་ལ་དུང་ལྟར་དཀར་བའི་སྐྲ་ལོ་རིང་པོ་སྐྱེས་ཤིང་། ཙབ་རལ་དུ་སོང་བའི་གྱོན་གོས་མདོག་ཉེས་གྱོན་པའི་རྒས་ཤིང་འཁོགས་པ་ཞིག་སྟེ། བཞིན་རས་ནི་སྐམ་ཞིང་རིད་ལ་གཉེར་མས་ཁེངས་བ། མིག་རིལ་གཉིས་ཀྱང་ཁུང་དུ་ལྷུངས་ཏེ་ཕལ་ཆེར་ལོང་ལ་ཁད་དུ་གྱུར་པ། ཁ་ནས་སོ་འཐོར་ཞིང་གོམ་པ་ཡང་འཁྱར་འཁྱོར་ངང་འདར་སིག་རྒྱག་བཞིན། སྐམ་ཞིང་རིད་པའི་ལག་ཟུང་འཁར་བ་ལ་བརྟེན་པ་ཞིག་འོང་བ་མཐོང་། དེ་ལྟར་རྒས་འཁོགས་དེས་རང་གི་མཐའ་འཁོར་གྱི་དགའ་བདེའི་དཔལ་ལ་རོལ་བཞིན་པའི་མི་ཚོགས་རྣམས་ལ་དོ་སྣང་ཙམ་ཡང་མེད་པར་ལམ་མདོ་ནས་ག་ལེར་རྐང་གཉིས་དྲུད་སྤོར་བྱེད་བཞིན་འགྲོ་ཞིང་། ཉམ་ཐག་པའི་སྐད་གདངས་ཤིག་དང་བཅས་རང་གི་གཡས་གཡོན་གྱི་མི་ཚོགས་ལ་སློང་མོ་བྱེད་ཀྱིན་འདུགཕར་བལྟས་ཚོད་ལ་རྒས་འཁོགས་དེར་ཟས་ཅུང་ཙམ་མ་རག་ན་ཉི་མ་དེ་ག་རང་དུ་ཤི་མི་ཡོང་ངམ་སྙམ་པ་ཞིག་འདུག རྒྱལ་སྲས་གཞོན་ནུ་དོན་གྲུབ་ཀྱིས་རང་གི་མི་ཚེའི་ནང་འདི་ལྟ་བུའི་རྒས་འཁོགས་ཤིག་མཐོང་བ་ཐོག་མ་དེ་ཡིན་སྟབས། རང་ཉིད་ཀྱི་མིག་ལམ་དུ་མངོན་པ་དེ་ཅི་ཞིག་ཡིན་མིན་ངོ་ཐག་མ་ཆོད་པས། རང་གི་ཤིང་རྟའི་ཁ་ལོ་སྒྱུར་བ་འདུན་པ (CHANNA) ལ་སྨྲས་པ། ཁ་ལོ་སྒྱུར་བ། ཕ་གི་སུ་ཞིག་རེད། ཕལ་ཆེར་མི་ཞིག་ཡིན་རྒྱུ་མ་རེད། གནད་དོན་ཅི་ཞིག་ལ་བརྟེན་ནས་དེ་འདྲའི་འདར་གསིག་རྒྱག་ཅིང་སྒུར་བར་གྱུར། ཁོང་གི་སྐྲ་ལོ་དེ་ཡང་ང་ཚོའི་སྐྲ་ལྟར་གནག་སྣུམ་མེད་ཅིང་དུང་ལྟར་དཀར་བ་ཅི་ཡིས་ལན། མིག་རིལ་གཉིས་ཀྱང་དོང་དུ་ལྷུངས་ཤིང་ཁ་ན་སོ་གཅིག་ཀྱང་མེད་པ་སུ་ཡིས་བྱས། འོ་ན་སྐྱེ་བོ་ཁ་ཤས་སྐྱེས་ཙམ་ཉིད་ནས་འདི་ལྟར་གྱུར་པ་ཡིན་ནམ། ཁ་ལོ་སྒྱུར་བ། ཁྱོད་ཀྱིས་ང་ལ་ཤོད་དང་། དེའི་གནད་དོན་ཅི་ཞིག་རེད། ཅེས་བཀའ་འདྲི་གནང་བར་ཁ་ལོ་སྒྱུར་བ་ན་རེ། རྒྱལ་སྲས་ལགས། ཕ་གི་མི་དེ་ནི་རྒས་འཁོགས་ཤིག་རེད། འོན་ཀྱང་ཁོང་ནི་སྐྱེས་ཙམ་ཉིད་ནས་དེ་ལྟར་གྱུར་པ་ཞིག་མ་ཡིན་པར། ཆུང་བྱིས་པའི་དུས་སུ་འུ་ཅག་དང་གཅིག་མཚུངས་སུ་ཡོད་ནའང་ལོ་ན་རྒས་དུས་འདི་ལྟར་འགྱུར་བ་ཆོས་ཉིད་རེད། ཅེས་རྒྱལ་སྲས་ཀྱི་དྲན་ལམ་ནས་རྒས་འཁོགས་དེ་བརྗེད་ཕྱིར་དེ་ལྟར་ཞུས་ཀྱང་ཁ་ལོ་སྒྱུར་བའི་དྲི་ལན་དེ་ཡིས་རྒྱལ་སྲས་ཀྱི་ཐུགས་ཡིད་ཚིམས་པ་ཞིག་གཏན་ནས་མ་བྱུང་། དེ་ནས་ཡང་ཁ་ལོ་སྒྱུར་བས། གལ་ཏེ་འཛམ་གླིང་འདིའི་སྐྱེ་བོ་ཚང་མ་རེ་རེ་བཞིན་ཚེ་རིང་པོར་འཚོ་ཞིང་བསྡད་ན་ཁོང་དང་གཅིག་མཚུངས་སུ་འགྱུར་རྒྱུ་ལས། རྒས་པའི་སྡུག་བསྔལ་དུས་ནམ་ཡང་འགོག་ཐབས་ཡོད་པ་ཞིག་མ་ཡིན་ནོ། །ཞེས་ཞུས་པར། རྒྱལ་སྲས་གཞོན་ནུ་དོན་གྲུབ་ཆེས་ཤིན་ཏུ་ནས་ཐུགས་སེམས་སྐྱོ་བཞིན་འདི་ལྟར། རྒ་བའི་སྡུག་བསྔལ་ནི་སུས་ཀྱང་འགོག་མི་ཐུབ་པས། རྒྱལ་སྲས་ཀྱིས་གཙོས་སྐྱེ་བོ་ཚང་མ་མཐར་རྒས་ཤིང་ཉམ་ཐག་པར་གྱུར་ཏེ་སྡུག་བསྔལ་གྱིས་ནོན་པར་འགྱུར་ཞིང་། ཐ་ན་འབྱོར་ཕྱུག་ལྡན་ཞིང་སྟོབས་དང་དཔུང་ཡོད་ནའང་གང་ལྟར་ཐམས་ཅད་ཀྱི་ཐོག་ཏུ་རྒས་པའི་སྡུག་བསྔལ་ཡོང་རྒྱུ་ཡིན་པ་གདོན་མི་ཟ། དེས་ན་རྒ་བའི་སྡུག་བསྔལ་ཞེས་འཇིགས་སུ་རུང་བའི་དོན་གནད་འདིའི་སྐོར་ལ་ཞིབ་ཅིང་ཕྲ་བའི་ཐུགས་བསམ་ཞིག་བཞེས་དགོས་དགོངས་ནས། ཁ་ལོ་སྒྱུར་བ་ལ་ཤིང་རྟའི་ཁ་ལོ་ཕྱིར་ཕོ་བྲང་དུ་སྒྱུར་དགོས་པའི་བཀའ་ཕབ་སྟེ་ཁོང་རྣམ་གཉིས་ཕྱིར་ཕོ་བྲང་དུ་ཕེབས། དེའི་དགོང་མོ་ཡབ་རྒྱལ་པོ་ཟས་གཙང་མས་རྒྱལ་སྲས་ཀྱི་ཆེད་དུ་གསོལ་སྟོན་མཚན་ཚོགས་ཤིག་གོ་སྒྲིག་ཞུས་ཡོད་ནའང་། རྒྱལ་སྲས་གཞོན་ནུ་དོན་གྲུབ་ནི་གསོལ་སྟོན་དང་གླུ་གཞས་ཀྱི་སྤྲོ་ཚོགས་དེ་ལ་ཡིད་འཐད་པའི་དོ་སྣང་དང་སྤྲོ་སེམས་ཙམ་ཡང་མེད་པར། ཉིན་ཞིག་སྐྱེ་བོ་ཚང་མ་རེ་རེ་བཞིན་རྒ་བའི་སྡུག་བསྔལ་གྱིས་ནོན་པར་ངེས་ཤིང་། ཐ་ན་ཆེས་མཛེས་སྡུག་ཡིད་དུ་འོང་བ་ཡིན་ཡང་རྒ་བའི་སྡུག་བསྔལ་གྱིས་ཟིན་རྒྱུ་ནི་སྨོས་མེད་རེད་དགོངས་ཏེ། དུས་དང་རྣམ་པར་ཀུན་ཏུ་ཡིད་སྐྱོ་བའི་ཐུགས་བསམ་བཞེས་བཞིན་བཞུགས། གང་ལྟར་དུས་དེ་ནས་བཟུང་རྒྱལ་སྲས་གཞོན་ནུ་དོན་གྲུབ་ནི་མཚན་མོའི་གཉིད་ཀྱང་མ་ཁུག་པར་ལུས་སོ། ། ད་དུང་ཁོང་གི་དགོངས་པར། རྒས་ཤིང་འཁོགས་པའི་སྤྲང་པོ་དེ་ནང་བཞིན་སྐྱེ་བོ་ཚང་མ་རེ་རེ་ནས་རྒས་ཤིང་འཁོགས་པར་གྱུར་ཏེ་གདོང་ལ་གཉེར་མས་ཁེངས་ཤིང་སྐྲ་ལོ་དཀར་པོར་འགྱུར་བ། ཁ་ནས་དུང་སོ་ཡང་འཐོར་ཏེ་རྒ་བའི་སྡུག་བསྔལ་གྱིས་ནོན་རྒྱུ་གདོན་མི་ཟའོ་སྙམ་ཞིང་། རྒ་བའི་སྡུག་བསྔལ་ཞེས་པའི་འཇིགས་སུ་རུང་བ་དེ་འགོག་ཐུབ་པའི་ཐབས་མཆོག་ཐུགས་ལ་མངའ་བའི་སྐྱེས་བུ་ཞིག་འཛམ་གླིང་འདིར་ཡོད་མེད་ལའང་ཤེས་འདོད་ཆེན་པོ་འཁྲུངས། ཡབ་རྒྱལ་པོ་ཟས་གཙང་མས་རྒྱལ་སྲས་སྐོར་གྱི་གནས་ཚུལ་དེ་ཐོས་པ་ནས་བཟུང་། ཁོང་ཡང་ཐུགས་སེམས་ཧ་ཅང་སྐྱོ་སྟེ། སྟབས་ཉེས་ན་ཉིན་གཅིག་རྒྱལ་སྲས་ཀྱིས་ཕོ་བྲང་འདི་ཡང་བཞག་སྟེ་ཕེབས་མི་འགྲོའམ་སྙམ་ནས་ཐུགས་ཁྲལ་ཚད་མེད་གནང་། དེར་བརྟེན་ཡབ་རྒྱལ་པོས་ཁོང་གི་གཉེན་ཚན་དང་ཞབས་ཕྱི་བ་དག་ལ། དུས་ད་ནས་བཟུང་རྒྱལ་སྲས་གཞོན་ནུ་དོན་གྲུབ་ལ་གསོལ་སྟོན་དང་གླུ་གཞས་སོགས་སྔར་ལས་ཀྱང་གཟབ་ནན་དགོས་པའི་བཀའ་ཕབ། ཡང་རྒྱལ་སྲས་ཀྱིས་ཡབ་རྒྱལ་པོ་ལ་ཞུས་པ། བདག་གིས་ཡང་བསྐྱར་སེར་སྐྱའི་གཞི་ལ་སྐོར་ཞིབ་ཅིག་བྱེད་དགོས་ཤིང་། དེ་ནི་དམིགས་བསལ་མིན་པ་རྒྱུན་ལྡན་གྱི་ཉིན་མོ་ཞིག་སྟེ། ཁོ་བོ་སྐོར་ཞིབ་ཏུ་འགྲོ་བཞིན་པའི་གནས་ཚུལ་ཡུལ་མི་རྣམས་ཀྱི་ཧ་མ་གོ་བའི་ཐོག་ནས་ཕེབས་ཆོག་པ་ཞུ། ཞེས་ཞུ་བ་ནན་གྱིས་ཕུལ་ལོ། །

གསལ་འདེབས། སྤྱིར་བོད་རང་གིས་བརྩམས་པ་དང་བསྒྱུར་བའི་སྟོན་པའི་མཛད་རྣམ། སྐྱེས་རབས་སོ་བཞི་དཔག་བསམ་འཁྲི་ཤིང་སོགས་སྔ་ཕྱི་མི་ཉུང་བ་ཞིག་བཞུགས། ཡིན་ནའང་འདི་ནི་དེ་དག་དང་མི་འདྲ་བར་ཚིག་གི་སྡེབ་སྦྱོར་གོ་སླ་ཞིང་། དོན་དུ་རྒྱལ་སྲས་གཞོན་ནུ་དོན་གྲུབ་འགྲོ་བ་ཐུན་མོང་གི་མཐོང་སྣང་ལྟར་དངོས་ཡོད་མི་ཞིག་གི་བྱུང་རབས་ལྟར་བརྗོད་ཡོད། མ་ཟད་ལྷ་སྒྲུང་དང་དག་སྣང་རྐྱང་བས་གྱ་ཚོམ་དུ་མ་འཇུག་པར། ཞིབ་འཚོལ་རྩད་གཅོད་ཀྱི་དངོས་བྱུང་ལོ་རྒྱུས་ལ་གཞི་རྐང་བཙུགས། ཁོང་གིས་བྲན་གཡོག་ལམ་ལུགས་ལ་འགོག་རྒོལ་དང་དམངས་གཙོའི་ལམ་ལུགས་བསླངས་པ། རིགས་རུས་མཆོག་དམན་གྱི་ལྟ་བ་དགག་པ། བུད་མེད་ལ་འདྲ་མཉམ་གྱི་ཐོབ་ཐང་ཡོད་པ། ཕྱི་རོལ་བའི་སྟོན་པ་དང་ཆོས་ལུགས་སོགས་ལ་གུ་ཡངས་དང་གུས་ཞབས་བྱེད་སྟངས། ཁོང་གི་རྗེས་འཇུག་པ་ཚོས་རྫུ་འཕྲུལ་སྟོན་པ་ནི་ངོ་ཚ་དགོས་པའི་གནས་ཤིག་ཡིན་པ་སོགས་གདམས་པ་ཁྱད་པར་ཅན་དུ་མ་ཞིག་ཀྱང་མཛད་རྣམ་འདིའི་ཟུར་དུ་མངོན་ཡོད།