བཅོམ་ལྡན་འདས་རབ་ཏུ་བྱུང་བ་
རྒྱལ་སྲས་གཞོན་ནུ་དོན་གྲུབ་ཀྱི་ཐེངས་བཞི་པའི་གྲོང་ཁྱེར་གྱི་གཟིགས་སྐོར་སྐབས། ཁོང་གིས་སྐྱེད་མོས་ཚལ་ཞིག་ནས་ཡིད་སེམས་ལྷོད་ལ་བབ་ཅིང་སེམས་པ་སྤྲོ་སྣང་གིས་ཁེངས་པའི་སྐྱེ་བོ་ཞིག་སྟེ། ལུས་ལ་ངུར་སྨྲིག་གི་ན་བཟའ་བཞེས་པ་ཞིག་གཟིགས་པས་ཁ་ལོ་སྒྱུར་བ་ལ་སྨྲས་པ། ཁ་ལོ་སྒྱུར་བ། ཕ་གིའི་སྐྲ་བཞར་ཏེ་མགོ་རིལ་བཟོས་ཤིང་ངུར་སྨྲིག་གི་རྒྱལ་མཚན་གོས་སུ་ཀླུབ་པའི་སྐྱེ་བོ་དེ་སུ་ཞིག་རེད། ཁོང་གི་ཞལ་རས་ལས་དེ་འདྲའི་སྤྲོ་སྣང་གི་རྣམ་པ་ཞིག་ཅིའི་ཕྱིར་མངོན་པ་ཡིན། དེས་ན་ཁོང་གིས་འཚོ་བ་སྐྱེལ་སྟངས་དང་འཚོ་བའི་ཕྱིར་དུ་བྱ་བ་ཅི་ཞིག་སྒྲུབ་ཀྱིན་ཡོད། ཅེས་བཀའ་འདྲི་གནང་བར། ཁ་ལོ་སྒྱུར་བ་ན་རེ། རྒྱལ་སྲས་རིན་པོ་ཆེ། ཁོང་ནི་གྲྭ་པ་ཞིག་ཡིན་པས་བཞུགས་གནས་ནི་དགོན་པའམ་གཙུག་ལག་ཁང་རེད། ཡུལ་ཕྱོགས་གཅིག་ནས་གཅིག་ཏུ་བརྒྱུད་དེ་ཡུལ་མི་མང་ཚོགས་རྣམས་ལ། ཐབས་ལམ་གང་འདྲ་ཞིག་ལ་བརྟེན་ནས་བདེ་སྐྱིད་ཇི་ལྟར་བསྐྲུན་དགོས་མིན་དང་། ཡ་རབས་སྤྱོད་བཟང་ཇི་ལྟར་བྱེད་དགོས་མིན་སོགས་ཀྱི་ཐད་བཀའ་སློབ་གསུང་བཤད་གནང་ནས་ཕེབས་ཀྱི་ཡོད་ཅིང་། བཟའ་བཏུང་གི་ཕྱིར་ཁྱིམ་ཚང་ནས་ཁྱིམ་ཚང་བརྒྱུད་དེ་བསོད་སྙོམས་བསླངས་ནས་ཕེབས་བཞིན་པ་རེད་ལགས་ཞེས་ཞུས་པ་ན། རྒྱལ་སྲས་ཀྱི་ཐུགས་ཡིད་རབ་ཏུ་དགྱེས་ཏེ། བདག་གིས་ཀྱང་ངེས་པར་དུ་ཁོང་དང་འདྲ་བར་གྲྭ་པ་བྱེད་ཀྱི་ཡིན་དགོངས་ནས། དགའ་ཞིང་སྤྲོ་བའི་ངང་མེ་ཏོག་ལྡུམ་ར་ནས་ཤར་མར་ཕེབས་ཏེ་སྐུ་ཐང་མ་ཆད་ཀྱི་བར་ཞབས་ཐང་ལ་བྱོན། མཐར་སྐུ་མཉེལ་བ་ན་བསིལ་གྲིབ་ལྡན་པའི་ཤིང་སྡོང་ཞིག་གི་འོག་ངལ་གསོས་ཏེ་བཞུགས་པ་དང་སྐབས་ཁེལ་བར། ཁོང་གི་བཙུན་མོ་གྲགས་འཛིན་མ་ལ་ཆེས་ཁམས་དྭངས་ཤིང་ལང་ཚོ་རྒྱས་པའི་སྲས་ཤིག་འཁྲུངས་པའི་སྙན་གསན་འབྱོར་མ་ཐག་ཁོང་གིས། ཨོ། ང་ལ་བར་ཆད་ཅིག་སྐྱེས་སོང་ཞེས་གསུངས་པས། སྲས་ཀྱི་མཚན་ལ་ཡང་སྒྲ་གཅན་འཛིན (RAHULA) ཞེས་བཏགས་སོ། ། དེ་ནས་རྒྱལ་སྲས་གཞོན་ནུ་དོན་གྲུབ་སྐྱེད་མོས་ཚལ་ནས་ཕྱིར་ཕོ་བྲང་དུ་བྱོན་པའི་ལམ་བར་དུ། མིང་ལ་ཀི་ས་གོ་ཏ་མི (KISAGOTAMI) ཟེར་བའི་སྲས་མོ་ཞིག་གི་གཟིམས་ཁང་བརྒྱུད་དེ་ཕེབས་བཞིན་པ་ན། སྲས་མོ་དེས་སྒེའུ་ཁུང་ནས་ཕྱི་ལ་བལྟས་པའི་སྐབས་དང་ཁེལ་བས། ལང་ཚོ་དར་ལ་བབ་ཅིང་མིག་གི་བདུད་རྩིར་གྱུར་པའི་རྒྱལ་སྲས་གཞོན་ནུ་དོན་གྲུབ་ཀྱིས་སྲས་མོ་དེའི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོགས་པ་ན་མོས་སྐད་གསང་མཐོན་པོའི་སྒོ་ནས་སྨྲས་པ། ཨོ། ཅི་འདྲའི་དགའ་བ་ལ། མཐོང་འདོད་ཅིང་མཛེས་ཉམས་ལྡན་པའི་རྒྱལ་སྲས་འདིའི་ཡབ་ཡུམ་གཉིས་ཁོང་གི་བཙུན་མོ་སོགས་ཅི་འདྲའི་བསོད་ནམས་ཆེ་བ་ལ་ཨང་། ཞེས་ཁ་ནས་དབང་མེད་དུ་ཤོར་རོ། ། རྒྱལ་སྲས་གཞོན་ནུ་དོན་གྲུབ་ཀྱིས་སྲས་མོ་ཁོང་གི་སྐད་ཆ་དེ་ཐོས་པས་འདི་ལྟར། གལ་སྲིད་སྐྱེ་བོ་ཚང་མས་གཏན་གྱི་བདེ་བ་དང་རང་དོན་ཉི་ཚེ་བའི་བདེ་བ་སོགས་སོ་སོར་ཤེས་ཤིང་ཁོང་དུ་ཆུད་པར་གྱུར་ན། ཁོང་རྣམས་ལ་ད་ཡོད་ཀྱི་སྤྲོ་སྣང་འདི་ལས་ཀྱང་ཆེས་རྨད་དུ་བྱུང་བའི་བདེ་སྐྱིད་ཅིག་འཐོབ་རྒྱུ་ཡིན་པ་གདོན་མི་ཟའོ་སྙམ་དུ་དགོངས་སོ། །
གསལ་འདེབས། སྤྱིར་བོད་རང་གིས་བརྩམས་པ་དང་བསྒྱུར་བའི་སྟོན་པའི་མཛད་རྣམ། སྐྱེས་རབས་སོ་བཞི་དཔག་བསམ་འཁྲི་ཤིང་སོགས་སྔ་ཕྱི་མི་ཉུང་བ་ཞིག་བཞུགས། ཡིན་ནའང་འདི་ནི་དེ་དག་དང་མི་འདྲ་བར་ཚིག་གི་སྡེབ་སྦྱོར་གོ་སླ་ཞིང་། དོན་དུ་རྒྱལ་སྲས་གཞོན་ནུ་དོན་གྲུབ་འགྲོ་བ་ཐུན་མོང་གི་མཐོང་སྣང་ལྟར་དངོས་ཡོད་མི་ཞིག་གི་བྱུང་རབས་ལྟར་བརྗོད་ཡོད། མ་ཟད་ལྷ་སྒྲུང་དང་དག་སྣང་རྐྱང་བས་གྱ་ཚོམ་དུ་མ་འཇུག་པར། ཞིབ་འཚོལ་རྩད་གཅོད་ཀྱི་དངོས་བྱུང་ལོ་རྒྱུས་ལ་གཞི་རྐང་བཙུགས། ཁོང་གིས་བྲན་གཡོག་ལམ་ལུགས་ལ་འགོག་རྒོལ་དང་དམངས་གཙོའི་ལམ་ལུགས་བསླངས་པ། རིགས་རུས་མཆོག་དམན་གྱི་ལྟ་བ་དགག་པ། བུད་མེད་ལ་འདྲ་མཉམ་གྱི་ཐོབ་ཐང་ཡོད་པ། ཕྱི་རོལ་བའི་སྟོན་པ་དང་ཆོས་ལུགས་སོགས་ལ་གུ་ཡངས་དང་གུས་ཞབས་བྱེད་སྟངས། ཁོང་གི་རྗེས་འཇུག་པ་ཚོས་རྫུ་འཕྲུལ་སྟོན་པ་ནི་ངོ་ཚ་དགོས་པའི་གནས་ཤིག་ཡིན་པ་སོགས་གདམས་པ་ཁྱད་པར་ཅན་དུ་མ་ཞིག་ཀྱང་མཛད་རྣམ་འདིའི་ཟུར་དུ་མངོན་ཡོད།