བཅོམ་ལྡན་འདས་ཉམ་ཐག་ནད་པ་ཞིག་དང་འཕྲད་པ་
ཡབ་རྒྱལ་པོ་ཟས་གཙང་མའི་དགོངས་པར། ཐེངས་འདིའི་རྒྱལ་སྲས་ཀྱི་གཟིགས་སྐོར་དེ་ལ་བཀག་འགོག་བྱེད་རྒྱུའི་ཐབས་ལམ་ཅི་འདྲ་ཞིག་བཙལ་ཡང་། ད་ལྟའི་གནས་སྟངས་འདི་ལ་གཞིགས་ན་རྒྱལ་སྲས་ཀྱི་ཐུགས་སེམས་མི་སྐྱིད་པའི་རྐྱེན་དུ་འགྱུར་བ་ལས་གཞན་ཕན་ཐོགས་མེད་པར་གཟིགས་ནས། ཡབ་རྒྱལ་པོ་ལ་ཐུགས་འདོད་མེད་བཞིན་དུ་རྒྱལ་སྲས་གཞོན་ནུ་དོན་གྲུབ་གྲོང་ཁྱེར་སེར་སྐྱའི་གཞིར་གཟིགས་སྐོར་ལ་བཏང་ངོ་། ། ཐེངས་འདིའི་གཟིགས་སྐོར་སྐབས་རྒྱལ་སྲས་གཞོན་ནུ་དོན་གྲུབ་ཀྱིས། རང་ཉིད་ཡུལ་མི་རྣམས་ཀྱིས་རྒྱལ་སྲས་ཡིན་པ་མི་ཚོར་བའི་ཕྱིར། སྐུ་དྲག་གམ་ཁྱིམ་ཚང་ཆེན་པོའི་སྲས་ཀྱི་ཆས་སུ་སྤྲས་ཏེ་ཁ་ལོ་སྒྱུར་བ་འདུན་པའི་ཕྱག་རོགས་དང་བཅས་ཁོང་རྣམ་གཉིས་གྲོང་ཁྱེར་དུ་ཕེབས། ད་རེས་ཀྱི་གཟིགས་སྐོར་ནི་ཐེངས་སྔོན་མའི་གཟིགས་སྐོར་དང་ཡེ་ནས་མི་འདྲ་བར། ཉམས་དགའ་ཞིང་སྤྲོ་སྣང་གིས་ཁེངས་པའི་ཡུལ་མི་རྣམས་ཕེབས་བསུར་ཡོང་མེད་ལ། སྲང་ལམ་གཡས་གཡོན་དུ་དགའ་བསུའི་རྣམ་པ་མཚོན་པའི་དར་ཆ་སོགས་མེད་ཅིང་། ལག་ཏུ་མེ་ཏོག་ཐོགས་ཤིང་གཟབ་འཆོར་སྤྲས་པའི་མི་ཚོགས་ཀྱང་ག་ལ་ཡོད། དེ་ལས་ལྡོག་སྟེ་མི་དམངས་དཀྱུས་མ་རྣམས་ཀྱིས་རང་རང་སོ་སོའི་ཉིན་རེའི་འཚོ་བའི་བྱེད་སྒོ་ཁག་བསྒྲུབས་ཏེ་འཚོ་བ་སྐྱེལ་བཞིན་མཆིས། མགར་བ་ཞིག་གིས་རང་ཉིད་ཀྱི་སྟོད་རྒྱབ་ནས་རྔུལ་ཆུ་འཛར་བཞིན་རལ་གྲི་རྡུང་གིན་འདུག་ལ། ནོར་བུ་མཁན་དང་གསེར་བཟོ་བ་དག་གིས་ཀྱང་རྡོ་རྗེ་ཕ་ལམ་དང་། གསེར་དངུལ་སོགས་ཀྱིས་རྒྱུ་ཆ་བྱས་པའི་སྐེ་རྒྱན་དང་། སྙན་རྒྱན། གདུ་བུ། སོར་གདུབ་སོགས་བཟོ་སྐྲུན་བྱེད་ཅིང་། བཙོ་བརླག་མཁན་རྣམས་ཀྱིས་ནི་རྒྱུ་སྤུས་ལེགས་པའི་ཚོན་རྩི་དག་བེད་སྤྱད་དེ་གྱོན་ཆས་ལ་ཁ་སྒྱུར་བཞིན་ཐག་རྡང་དུ་དཔྱངས་ནས་སྐམ་སྲད་བྱེད་ཀྱིན་གདའ། དེ་བཞིན་བག་ལེབ་བཟོ་མཁན་རྣམས་ཀྱིས་ཀྱང་བྲེལ་ཟིང་གི་ཁྲོད་ན་ཞིབ་མངར་ལྡན་པའི་བག་ལེབ་དང་ཁ་ཟས་བཟོ་ཞིང་ཚོང་ཤག་རྣམས་ལ་འགྲེམ་ཚོང་བྱེད། དེ་ལྟར་ཡུལ་མི་དཀྱུས་མ་རྣམས་ཀྱིས་དགའ་སྐྱིད་དང་བྲེལ་འཚུབ་ཀྱི་ཀློང་ན་ཁོམ་པ་མེད་པའི་རང་རང་སོ་སོའི་ཉིན་རེའི་འཚོ་བ་སྐྱེལ་སྟངས་དེ་རྒྱལ་སྲས་གཞོན་ནུ་དོན་གྲུབ་ཀྱིས་གསལ་ལེར་མཐོང་། དེ་ནས་རྒྱལ་སྲས་ཀྱིས་ལམ་ཕྱོགས་གཞན་ཞིག་ན་སྐྱེ་བོ་ཞིག་གིས་རང་ཉིད་ཀྱི་གཟུགས་པོ་གཅུས་རིས་རྒྱག་བཞིན། ན་ཟུག་གིས་མ་བཟོད་པར་ལག་གཉིས་ཀྱིས་རང་གི་གྲོད་ཁོག་བསྐྱོར་ཏེ་སྐད་ཤུགས་ཆེན་པོས་ངུ་ངག་འབྱིན་ཞིང་། གདོང་དང་ལུས་པོ་ཡོངས་རྫོགས་སྔོ་ནག་ཏུ་གྱུར་པ། མིག་གཉིས་ཀྱང་ཡོམ་ཡོམ་པོར་གྱུར་ཅིང་དབུགས་ཀྱི་རྒྱུ་བའང་ལྷེམ་ལྷེམ་དུ་བྱེད་བཞིན་པ་ཞིག་མཐོང་། དེས་རྐྱེན་པས་རྒྱལ་སྲས་ཀྱི་གཟིགས་སྐོར་གཉིས་པ་དེས་ཀྱང་ཁོང་ལ་ཧ་ཅང་གི་སྐྱོ་སྣང་དང་སྡུག་བསྔལ་སྟེར། འོན་ཀྱང་རྒྱལ་སྲས་གཞོན་ནུ་དོན་གྲུབ་ནི་བྱམས་དང་བརྩེ་བའི་བདག་ཉིད་ཅན་དུ་ངེས་པས། ཁོང་མྱུར་སྟབས་ཀྱིས་ནད་པ་དེའི་ཕྱོགས་སུ་བྱོན་ཏེ་ནད་པ་སྐུ་རྒྱབ་ཏུ་ཁུར་ནས། ཁོའི་མགོ་བོ་རྒྱལ་སྲས་རང་ཉིད་ཀྱི་པུས་མོའི་ཐོག་བཞག་སྟེ་ངལ་གསོ་རུ་བཅུག་ནས་མགོ་ལ་ཕྱག་གིས་བྱིལ་བྱིལ་བྱེད་བཞིན་སྨྲས་པ། ཁྱོད་ལ་གནད་དོན་ཅི་ཞིག་བྱུང་། འདི་ལྟར་གྱུར་པ་ཅི་ཡིས་ལན། ཞེས་བཀའ་འདྲི་གནང་ཡང་ནད་པ་དེས་ནི་ངུ་ངག་འབྱིན་པ་ཙམ་ལས་བཀའ་ལན་ཚིག་གཅིག་ཀྱང་ཐོན་མ་ཐུབ་སྟབས། རྒྱལ་སྲས་ཀྱིས་ཤིང་རྟའི་ཁ་ལོ་པ་ལ་སྨྲས་པ། ཁ་ལོ་སྒྱུར་པ། ཁྱོད་ཀྱིས་ང་ལ་མ་གསང་དྲང་པོར་ཤོད། ཁོང་རྒྱུ་རྐྱེན་ཅི་ཞིག་ལ་བརྟེན་ནས་ཚད་འདི་འདྲར་ལྷུང་བ་རེད། ཁོས་གླེང་མོལ་ཡང་བྱེད་མི་ཐུབ་ཅིང་དབུགས་ལྷེམ་ལྷེམ་བྱེད་པ་སོགས་ཅི་ཡིས་ལན། ཞེས་བཀའ་འདྲི་གནང་བར་ཁ་ལོ་སྒྱུར་བ་ན་རེ། རྒྱལ་སྲས་རིན་པོ་ཆེ། ཁོང་ནི་ནད་ཀྱིས་མནར་བའི་སྐྱེས་བུ་ཞིག་ཡིན་པས་ཁྱེད་ཀྱིས་ཁོང་གི་ལུས་ལ་གང་བྱུང་དུ་ཕྱག་གིས་འཆང་ན་ཧ་ཅང་ཉེན་ཚབས་ཆེ། ད་ལྟའི་ཆར་ནད་པ་འདིའི་ཟུངས་ཁྲག་ནང་དུག་གིས་ཁེངས་ཤིང་། ཚ་བའི་ནད་ཡམས་ཀྱིས་ཟིན་ཡོད་པར་བརྟེན་ལུས་པོ་ཡོངས་རྫོགས་ཚ་བས་འབར་བཞིན་པ་རེད། དེར་བརྟེན་ཁོས་སྐད་ཆ་བཤད་མི་ཐུབ་ཅིང་སྐད་ཤུགས་ཆེན་པོས་ངུ་ངག་འབྱིན་དགོས་བྱུང་བ་རེད་ཅེས་ཞུས་པ་ན། རྒྱལ་སྲས་ན་རེ། འོ་ན་ད་དུང་ཁོང་དང་འདྲ་བའི་ནད་མནར་བ་གཞན་པ་ཡང་ཡོད་དམ། ཞེས་བཀའ་འདྲི་གནང་བར། ཁ་ལོ་སྒྱུར་བས། ཡོད་དང་ཡོད། རྒྱལ་སྲས་ཁྱེད་ཀྱང་ནད་པ་འདིའི་ཉེ་སར་བཅར་ཏེ་ཁོང་ལ་གང་བྱུང་དུ་ཕྱག་གིས་འཆང་ན་ནད་ཡམས་འདི་ཁྱེད་ལའང་འགོ་སྲིད་པ་ཡིན། དེས་ན་ཐུགས་རྗེས་གཟིགས། ཁྱེད་ཀྱིས་ནད་པ་འདི་ཐང་ལ་འཇོག་པར་ཞུ། དེ་མིན་ཁོའི་ནད་ཡམས་དེ་ཐད་ཀར་ཁྱེད་ལ་འགོ་བར་འགྱུར་བས་ཁྱེད་ཀྱང་ནད་པ་འདི་འདྲར་འགྱུར་རྒྱུ་རེད། ཅེས་ཞུས་པ་ན། ཡང་རྒྱལ་སྲས་ཀྱིས་ཁ་ལོ་སྒྱུར་བ་ལ་སྨྲས་པ། ནད་ཡམས་སྐོར་ལ་དེ་མིན་གྱི་ནད་རིགས་གཞན་པ་ཡང་ཡོད་དམ། ཞེས་བཀའ་འདྲི་གནང་བར། ཁ་ལོ་སྒྱུར་བས་སླར་ཡང་ཞུས་པ། ཡོད་དང་ཡོད། རྒྱལ་སྲས་རིན་པོ་ཆེ། འདི་འདྲའི་ནད་ཡམས་ཀྱི་རིགས་བརྒྱ་ཕྲག་མང་བོ་ཡོད་པ་རེད། ཅེས་ཞུས། ཡང་རྒྱལ་སྲས་ཀྱིས། འོ་ན་ནད་ཡམས་འདིའི་སྐོར་ལ་སྐྱེ་བོ་སུ་གང་གིས་ཀྱང་ཕན་ཐོགས་ཀྱི་མེད་པ་ཡིན་ནམ། ན་བའི་སྡུག་བསྔལ་འདི་སྐྱེ་བོ་ཀུན་ལ་ཉེ་རིང་མེད་པར་ཆ་སྙོམས་སུ་ཡོང་གི་ཡོད་དམ། ཡང་ན་དུས་ཚོད་ལ་ངེས་པ་མེད་པར་གློ་བུར་དུ་ནད་ཀྱིས་ཟིན་ཡོང་གི་ཡོད། ཅེས་བཀའ་འདྲི་གནང་བར་ཁ་ལོ་སྒྱུར་བ་ན་རེ། རྒྱལ་སྲས་རིན་པོ་ཆེ། དེ་ཡང་དེ་ལྟར་ལགས་སོ། །འཇིག་རྟེན་འདིའི་སྐྱེ་བོ་ཡོད་དོ་ཅོག་གི་ན་བའི་སྡུག་བསྔལ་ནི་སུས་ཀྱང་འགོག་ཐབས་བྲལ་བ་ལགས། མ་ཟད་དུས་ཚོད་ལ་ཡང་སྔ་གཞུག་གི་ངེས་པ་མེད་པར་ནད་ཀྱིས་མནར་ཏེ་སྡུག་བསྔལ་དཔག་མེད་སྟེར་གྱིན་ཡོད་ཅེས་ཞུས་པར། རྒྱལ་སྲས་གཞོན་ནུ་དོན་གྲུབ་ལ་ཐེངས་དང་པོའི་གཟིགས་སྐོར་ལས་ཀྱང་ཆེས་ཐུགས་སྐྱོ་ཞིང་ཡི་མུག་པ་བྱུང་སྟེ་ཕྱིར་ཕོ་བྲང་དུ་ཕེབས་ནས་ན་བའི་སྡུག་བསྔལ་སྐོར་ལ་ཐུགས་བསམ་བཞེས་ཏེ་བཞུགས་སོ། །
གསལ་འདེབས། སྤྱིར་བོད་རང་གིས་བརྩམས་པ་དང་བསྒྱུར་བའི་སྟོན་པའི་མཛད་རྣམ། སྐྱེས་རབས་སོ་བཞི་དཔག་བསམ་འཁྲི་ཤིང་སོགས་སྔ་ཕྱི་མི་ཉུང་བ་ཞིག་བཞུགས། ཡིན་ནའང་འདི་ནི་དེ་དག་དང་མི་འདྲ་བར་ཚིག་གི་སྡེབ་སྦྱོར་གོ་སླ་ཞིང་། དོན་དུ་རྒྱལ་སྲས་གཞོན་ནུ་དོན་གྲུབ་འགྲོ་བ་ཐུན་མོང་གི་མཐོང་སྣང་ལྟར་དངོས་ཡོད་མི་ཞིག་གི་བྱུང་རབས་ལྟར་བརྗོད་ཡོད། མ་ཟད་ལྷ་སྒྲུང་དང་དག་སྣང་རྐྱང་བས་གྱ་ཚོམ་དུ་མ་འཇུག་པར། ཞིབ་འཚོལ་རྩད་གཅོད་ཀྱི་དངོས་བྱུང་ལོ་རྒྱུས་ལ་གཞི་རྐང་བཙུགས། ཁོང་གིས་བྲན་གཡོག་ལམ་ལུགས་ལ་འགོག་རྒོལ་དང་དམངས་གཙོའི་ལམ་ལུགས་བསླངས་པ། རིགས་རུས་མཆོག་དམན་གྱི་ལྟ་བ་དགག་པ། བུད་མེད་ལ་འདྲ་མཉམ་གྱི་ཐོབ་ཐང་ཡོད་པ། ཕྱི་རོལ་བའི་སྟོན་པ་དང་ཆོས་ལུགས་སོགས་ལ་གུ་ཡངས་དང་གུས་ཞབས་བྱེད་སྟངས། ཁོང་གི་རྗེས་འཇུག་པ་ཚོས་རྫུ་འཕྲུལ་སྟོན་པ་ནི་ངོ་ཚ་དགོས་པའི་གནས་ཤིག་ཡིན་པ་སོགས་གདམས་པ་ཁྱད་པར་ཅན་དུ་མ་ཞིག་ཀྱང་མཛད་རྣམ་འདིའི་ཟུར་དུ་མངོན་ཡོད།