བཀྲ་ཤིས་བརྒྱད་པ

ཡོང་ཁུངས་Wikipedia

ཨོ། སྣང་སྲིད་རྣམ་དག་རང་བཞིན་ལྷུན་གྲུབ་པའི།

བཀྲ་ཤིས་ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི།

སངས་རྒྱས་ཆོས་དང་དགེ་འདུན་འཕགས་པའི་ཚོགས།

ཀུན་ལ་ཕྱག་འཚལ་བདག་ཅག་བཀྲ་ཤིས་ཤོག

སྒྲོན་མེའི་རྒྱལ་པོ་རྩལ་ལྡན་དོན་འགྲུབ་དགོངས།

བྱམས་པའི་རྒྱན་དཔལ་དགེ་གྲགས་དཔལ་དམ་པ།

ཀུན་ལ་དགོངས་པ་རྒྱ་ཆེར་གྲགས་པ་ཅན།

ལྷུན་པོ་ལྟར་འཕགས་རྩལ་གྲགས་དཔལ་དང་ནི།

སེམས་ཅན་ཐམས་ཅད་ལ་དགོངས་གྲགས་པའི་དཔལ།

ཡིད་ཚིམས་མཛད་པ་རྩལ་རབ་གྲགས་དཔལ་ཏེ།

མཚན་རྩམ་ཐོས་པས་བཀྲ་ཤིས་དཔལ་འཕེལ་བ།

བདེ་བར་བཤེགས་པ་བརྒྱད་ལ་ཕྱག་འཚལ་ལོ།

འཇམ་དཔལ་གཞོན་ནུ་དཔལ་ལྡན་རྡོ་རྗེ་འཛིན།

སྤྱན་རས་གཟིགས་དབང་མགོན་པོ་བྱམས་པའི་དཔལ།

ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ།

ནམ་མཁའི་སྙིང་པོ་འཕགས་མཆོག་ཀུན་ཏུ་བཟང་།

ཨུཏྤལ་རྡོ་རྗེ་པད་དཀར་ཀླུ་ཤིང་དང་།

ནོར་བུ་ཟླ་བ་རལ་གྲི་ཉི་མ་ཡི།

ཕྱག་འཚན་ལེགས་བསྣམས་བཀྲ་ཤིས་དཔལ་གྱི་མཆོག

བྱང་ཆུབ་སེམས་དཔའ་བརྒྱད་ལ་ཕྱག་འཚལ་ལོ།

རིན་ཆེན་གདུགས་མཆོག་བཀྲ་ཤིས་གསེར་གྱི་ཉ།

འདོད་འབྱུང་བུམ་བཟང་ཡིད་འོངཀཱ་མ་ལ།

སྙན་གྲགས་དུང་དང་ཕུན་ཚོགས་དཔལ་བེའུ།

མི་ནུབ་རྒྱལ་མཚན་དབང་བསྒྱུར་འཁོར་ལོ་སྟེ།

རིན་ཆེན་རྟགས་མཆོག་བརྒྱད་ཀྱི་ཕྱག་འཚན་ཅན།

ཕྱོགས་དུས་རྒྱལ་བ་མཆོད་ཅིང་དགྱེས་བསྐྱེད་མ།

སྒེག་སོགས་ངོ་བོ་དྲན་པས་དཔལ་སྤེལ་བའི།

བཀྲ་ཤིས་ལྷ་མོ་བརྒྱད་ལ་ཕྱག་འཚལ་ལོ།

ཚངས་པ་ཆེན་པོ་བདེ་འབྱུང་སྲིད་མེད་བུ།

མིག་སྟོང་ལྡན་དང་རྒྱལ་པོ་ཡུལ་འཁོར་སྲུང་།

འཕགས་སྐྱེས་པོ་དང་ཀླུ་དབང་མིག་མི་བཟང་།

རྣམ་ཐོས་སྲས་ཏེ་ལྷ་རྫས་འཁོར་ལོ་དང་།

ཏྲི་ཤུ་ལ་དང་མདུང་ཐུང་རྡོ་རྗེ་ཅན།

པེ་ཝཾ་རལ་གྲི་མཆོད་རྟེན་རྒྱལ་མཚན་འཛིན།

ས་གསུམ་གནས་སུ་དགེ་ལེགས་བཀྲ་ཤིས་སྤེལ།

འཇིག་རྟེན་སྐྱོང་བ་བརྒྱད་ལ་ཕྱག་འཚལ་ལོ།

བདག་ཅག་དེང་འདིར་བྱ་བ་རྩོམ་པ་ལ།

བགེགས་དང་ཉེ་བར་འཚེ་བ་ཀུན་ཞི་ནས།

འདོད་དོན་དཔལ་འཕེལ་བསམ་དོན་ཡིད་བཞིན་འགྲུབ།

བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག