བཀའ་ཆེམས་ཀ་ཁོལ་མ་

ཡོང་ཁུངས་Wikipedia

༄༅། །བཀའ་ཆེམས་ཀ་ཁོལ་མ།

ལེའུ་དང་པོ། ལོངས་སྤྱོད་རྫོགས་པའི་སྐུས་འདུལ་བ། ༄༅། །ཨོཾ་མ་ཎི་པདྨེ་ཧཱུཾ། །དཀོན་མཆོག་གསུམ་པོ་བླ་ན་མེད་པར་མཉན་པ། །ཇོ་བོ་ཐུགས་རྗེ་ཅན་ལ་མོས་ཤིང་གུས་པར་ཕྱག་འཚལ་ལོ། །རིགས་གསུམ་མགོན་པོའི་རྣམ་འཕྲལ་གྱིས། །ཁ་བ་ཅན་གྱི་རྒྱལ་ཁམས་འདིར། །ཤ་ཟ་གདོང་དམར་འདུལ་བ་ཡི། །ཆོས་རྒྱལ་མེས་དབོན་ལ་སོགས་པ། །རྣམ་པ་གསུམ་དུ་མཚན་གསོལ་བའི། །ངོ་མཚར་རྨད་དུ་བྱུང་བ་ཡི། །རྒྱལ་པོའི་བཀའ་ཆེམས་འདི་ལྟར་ལགས། །མགོན་པོ་ཚེ་དཔག་ཏུ་མེད་པའི་སྲས། །བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྐུ་ལུས་ཀྱི་བཀོད་པ་དང༌། རྫུ་འཕྲུལ་བསམ་གྱིས་མི་ཁྱབ་སྟེ། དེ་ཅིའི་ཕྱིར་ཞེ་ན། མདོ་དང་རྒྱུད་སྡེ་དུ་མ་ན་ཡང་མང་དུ་བཞུགས་ནས་ཡོད། ཡི་གེ་འདིའི་དཔེ་ཡང་སུ་ཐོ་དོད་ལ་མེད་པས་དཀའ་བ་ལགས་པས། དེ་བས་ན་འདི་བྲིས་པ་དང་ཀློག་འདོན་བྱས་པ་ལ་ཕན་ཡོན་གྱིས་བསོད་ནམས་ཆེན་པོ་བསམ་གྱིས་མི་ཁྱབ་པ་ཐོབ་ཡོང་བར་བཤད་ཅིང་ལུང་བསྟན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཡེ་ཤེས་ཀྱི་མཁའ་འགྲོ་མས་ལུང་བསྟན་པ་ལས། གཞན་གྱིས་རྙེད་པ་མ་ཡིན་ཏེ། དེ་ཡང་རྒྱ་གར་གྱི་པཎྜི་ཏ་དཱི་བཾ་ཀཱ་ར་ཤྲཱི་ཛྙཱ་ན་ཞེས་བྱ་བ་འཕགས་པ་སྤྱན་རས་གཟིགས་ཐུགས་རྗེ་ཆེན་པོའི་ངོ་བོ་ཆེན་པོ་རྗེ་ལྷ་ཅིག་དེ་སྙེ་ཐང་འོར་ན་བཞགུས་ཙ་ན་རྒྱབ་རིའི་ངོས་ཆད་པའི་གསེབ་ན། ཨ་བ་བི་ཤོ་ཏའི་སྐད་ཀྱིས་མི་མ་ཡིན་པ་རྣམས་ལ་ཆོས་སྟོན་གྱིན་བཞུགས་པའི་དུས་སུ། ཕོ་བྲང་དམར་པོ་རི་དང་ལྕགས་ཁ་རི་གཉིས་ཀྱི་ཐད་ན་འཇའ་འོད་ཁ་དོག་མི་གཅིག་པ་ལྔ་འགྱུ་ཡིན་འགྲོ་བ་གཟིགས་ན། འདི་ཅིའི་ཡོན་ཏན་ཡིན་དྲིས་པ་དང༌། འདིའི་ཡོན་ཏན་ནི་རི་ཡ་གི་གཉིས་ཀྱི་ཤར་ན་རྗེ་གཉན་ཁྲི་བཙན་པོའི་གདུང་བརྒྱུད་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཐུགས་དམ་གྱི་ལྷ་ཁང་ཡོད། དེའི་ཡོན་ཏན་དང་ཆ་རྐྱེན་ཡིན་ཞེས་གྲགས་སོ། །སང་ནང་བར་པཎྜི་ཏ་ན་རེ། རྒྱལ་བོ་སྲོང་བཙན་སྒམ་པོའི་ཐུགས་དམ་བལྟར་འགྲོ་གསུངས་ནས། མཆོད་པའི་ཆས་མང་པོ་ཁྱེར་ནས་བྱོན། དགེ་བཤེས་རྣལ་འབྱོར་བས་ཆིབས་པ་ཁྲིད་ནས་འཕྲུལ་སྣང་གི་སྒོ་ཀ་ན་ཕར་བྱོན་ཙ་ན། ཇོ་བོས་ཕྱག་གསུམ་མཛད་ནས་སང་ཀྲི་(སཾ་སྐྲྀ)ཏའི་སྐད་མང་པོ་འདོན་ཅིང་ན་བཟའ་བོར་སྟེ་རྒྱུགས་ནས་གཤེགས་སོ། །རྣལ་འབྱོར་བས་པཎྜི་ཏ་ལགས། ལྷ་ཤཱཀྱ་མུ་ནེ་ར་མོ་ཆེ་ན་བཞུགས་བྱས་ཀྱང་མ་གསན་པར་འཕྲུལ་སྣང་དུ་བཞུད་དོ། །དེ་ནས་ཇོ་བོ་ཕྱིར་བྱོན་ནས། རྣལ་འབྱོར་བ་ཁྱེད་ཀྱི་ངའི་མདུན་དུ་ཅི་འདུག་པ་མཐོང་ངམ་གསུངས་པས། ངས་ཅི་ཡང་མ་མཐོང་པཎྜི་ཏ་ཁྱེད་རེ་རིངས་བྱས་པས། པཎྜི་ཏའི་ཞལ་ནས་ཐུགས་རྗེ་ཆེན་པོ་ངའི་མདུན་དུ་བསུར་བྱུང་སྟེ། པཎྜི་ཏ་བོད་དུ་བྱོན་པ་ལེགས་སོ་གསུངས་ནས་མདུན་དུ་ང་ལ་བསུ་བ་མཛད། ངས་ཁོང་གི་ཕྱིར་རྒྱུགས་པས་མ་ཟིན་པར་ཇོ་བོ་རང་བྱོན་ལྔ་ལྡན་ལ་ཐིམ་སོང༌། ཁྱོད་ཀྱིས་མི་དཀར་པོ་དེ་ཨེ་མཐོང་གསུངས་པས་མ་མཐོང་ཟེར་རོ། །ཇོ་བོའི་ཞལ་ནས་མི་དཀར་པོ་ཅི་བྱུང་བ་དེ་རང་བྱོན་ལྔ་ལྡན་ལ་ཐིམ་སོང༌། ཇོ་བོ་རང་བྱོན་ལྔ་ལྡན་འདི་ཇོ་བོ་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དངོས་ཡིན་ནོ་གསུང་ངོ༌། །དེར་པཎྜི་ཏ་དཔོན་སློབ་གཉིས་ཀྱིས་མཆོད་པ་རྣམ་པ་མང་པོ་ཕུལ་ནས་ལེགས་པར་གཟིགས་པས། པཎྜི་ཏའི་ཞལ་ནས་ལྷ་ཁང་འདི་སྤྲུལ་པའི་སྐུ་དང་ཁྱད་མེད་པ་ཅིག་འདུག་གསུངས། འདི་ཇི་ལྟར་བཞེངས་པའི་ལོ་རྒྱུས་ཤེས་ན་དགའ་བ་ལ་གསུང་ངོ༌། །དེ་ཙ་ན་ཁྱམས་ཁྲ་ཆེན་མོའི་སྒོ་རྩ་ན། རྒན་མོ་མུ་འགྲམ་སེའོ་བྱས་པ། སྐལ་ཐགས་བྱས་ནས་རྒྱགས་འཚོལ་ཞིང་རེས་འགའ་གཅེར་མོར་འགྲོ་བ། རེས་ངུ་རེས་རྒོད་པ་ལྷ་སའི་སྨྱོན་མ་བྱ་བ་ཅིག་ཡོད་པ་དེ་ནི། པཎྜི་ཏ་ལགས། ལྷ་ཁང་འདི་ཇི་ལྟར་བཞེངས་པའི་ལོ་རྒྱུས་ཤེས་པར་འདོད་དམ་ཟེར་བས། ཤེས་པར་འདོད་ཀྱི་ཁྱོད་ཀྱིས་ཤེས་སམ་བྱས་པས། ངས་ཏ་ཤེས་ཏེ་ང་ལ་བཤད་དབང་མེད། ཀ་བ་བུམ་པ་ཅན་གྱི་སྟེང་ནས་འདོམ་ཕྱེད་དང་གསུམ་གཞལ་བའི་ནང་ན། འདི་བཞེངས་མཁན་གྱིས་མཛད་པའི་ཡི་གེ་ཡོད་དོ། །དེ་ཐོན་ལ་ལྟོས་ཤིག་ཟེར་ནས་རྒན་མོ་མི་སྣང་བར་གྱུར་ཏོ། །དེ་ནས་སང་ནང་བར་པཎྜི་ཏ་དཔོན་གཡོག་གསུམ་གྱིས་ཤོག་དྲིལ་གསུམ་བཏོན་གཟིགས་པས། སྔོན་མ་ལ་བློན་པོ་རྣམས་ཀྱིས་བྱས་པའི་ལོ་རྒྱུས་ཟླ་བ་འདོད་འཇོ་བྱ་བ་བྱུང༌། བར་བ་གཉིས་པ་ལ་བཙུན་མོ་རྣམས་ཀྱིས་བྱས་པའི་དར་དཀར་གསལ་བ་བྱ་བ་བྱུང༌། ཕྱི་མ་གསུམ་པ་ནས་རྒྱལ་པོ་རང་གིས་མཛད་པའི་ལོ་རྒྱུས་བཀའ་ཆེམ་(ས)ཀྱི་ཡི་གེ་འདི་བྱུང་བ་ཡིན་ནོ། །ཇོ་བོ་པཎྜི་ཏ་དཱི་པཾ་ཀཱ་ར་ལ་ལུང་སྟོན་པའི་རྒན་མོ་གཅེར་བུ་རེས་ངུ་རེས་རྒོད་པའི་སྨྱོན་མ་དེ་ནི་རྒྱ་མོ་ཨོང་ཅོང་གི་སྐྱེ་བ་ཡིན་ཡང་ཟེར། རྗེ་བཙུན་སྒྲོལ་མ་སྔོན་མོའི་སྤྲུལ་པ་ཡང་ཡིན་གསུང༌། དེ་གཉིས་སུ་མེད་སོ་སོ་མ་ཡིན་ཐ་མི་དད་གསུང་ངོ༌། །སྨྱོན་མ་རྒན་མོ་རེས་ངུ་རེས་རྒོད་པའི་རྒྱུ་མཚན་ནི། རེས་ངུ་བ་ནི་སེམས་ཅན་དགེ་བ་ལ་མི་མོས་ཤིང་དུག་ལྔ་ལ་རང་དགར་སྤྱོད་ཅིང༌། སྡིག་པ་མང་དུ་བསགས་ནས་ངན་སོང་གསུམ་དུ་ལྟུང་བ་ལ་གཟིགས་ནས་ངུ་བ་ཡིན། རེས་རྒོད་པ་ནི་སེམས་ཅན་གྱི་དགེ་བ་བྱས་ཤིང་བྱང་ཆུབ་བསྒྲུབས་ནས། དུག་ལྔ་ཡེ་ཤེས་ལྔར་ལམ་གྱིས་ཤར་ནས་སངས་རྒྱས་སུ་འགྲོ་བ་འདུག་པ་ལ་གཟིགས་ནས་རྒོད་པ་ཡིན། རེས་འགའ་གཅེར་བུར་འོང་བ་དེ། སྐྱེས་ཀྱང་གཅེར་བུར་སྐྱེས། ཤི་ཡང་གཅེར་བུར་ཤི། ལུས་དང་རྒྱན་ཆ་དང་གོས་ཟས་རྣམས་མི་རྟག་པས་གཅེར་བུར་འོང་བ་ཡིན། འཚོ་བ་སྐལ་ཐགས་ལ་རེ་བ་ནི། གཞི་ཁང་ནང་ནོར་རྫས་འདུས་བྱས་ཐམས་ཅད་ཁྱེད་དབང་མེད་མི་རྟག་པར་བཞག་ནས་འགྲོ་བས་འཚོ་བ་ལ་འཕྲལ་ཕྱེད་བྱེད་པ་ཡིན། ལྷ་ས་བཞེངས་ལུགས་བཤད་དབང་མེད་པ་ནི་བུད་མེད་སྐྱེ་བ་དམའ་བས་བཤད་དབང་མེད་པ་ཡིན། ཇོ་བོ་པཎྜི་ཏ་ལ་ལུང་སྟོན་ནུས་པ་ནི། པཎྜི་ཏ་དང་སྔོན་གྱི་འབྲེལ་བ་ཡོད་པས་ལུང་སྟོན་ནུས་པ་ཡིན་ནོ་གསུང་ངོ༌། །དེ་བཞིན་གཤེགས་པའི་གདུལ་བྱར་མ་གྱུར་པ་དེ། གངས་རི་དང་མཚོ་དང་ནགས་དང་རི་དྭགས་དང་གཅན་(ག)ཟན་དང་འདྲེ་སྲིན་གྱི་ཡུལ་དུ་ཡོད་པས་ལན་ཟེར་བ་ཡིན་ནོ་གསུང་ངོ༌། །བོད་ཡུལ་ཁ་བ་ཅན་གྱི་རྒྱལ་ཁམས་སུ་དེ་བཞིན་གཤེགས་པའི་གདུལ་བྱར་མ་གྱུར་པ་རྣམས་ལ། བཀའ་དྲིན་ཆེ་བ་རྣམ་པ་གསུམ་གྱི་སྒོ་ནས་བཀའ་དྲིན་ཆེ་བའོ། །དེ་ཡང་སྐྱེ་བོ་ཐ་མལ་བ་རྣམས་ལ་བཀའ་དྲིན་ཆེ་བ་དང༌། བྱང་ཆུབ་སེམས་དཔའ་རྣམས་ལ་བཀའ་དྲིན་ཆེ་བ་དང༌། དེ་བཞིན་གཤེགས་པ་རྣམས་ལ་བཀའ་དྲིན་ཆེའོ། །སྐྱེ་བ་ཐ་མལ་བ་རྣམས་ལ་བཀའ་དྲིན་ཆེ་བ་ནི། ལུང་གི་ཆོས་གོ་བར་བྱ་བའི་ཕྱིར་སྒྲུང་བསྟན། རིག་པའི་ཆོས་གོ་བར་བྱ་བའི་ཕྱིར་ལྡེའུ་བསྟན། བསླབ་པ་གསུམ་ལ་འཇུག་པ་གོ་བར་བྱ་བའི་ཕྱིར་གཡུ་རུང་གི་བོན་བསྟན། མི་དགེ་བ་ལས་བཟློག་ནས་སྤྱོད་པ་དག་པས་དགེ་བ་ལ་འགོད་པར་བྱ་བའི་ཕྱིར་དགེ་བ་བཅུའི་ཁྲིམས་བྱས་པ་ལ་སོགས་ཏེ་འོག་ནས་འབྱུང་བ་ཀུན་ཡིན་ནོ། །དེ་ལ་སྒྲུང་ནི་རྒྱལ་པོ་གྲགས་པ་མཐའ་ཡས་ཡང་ཟེར། རྒྱལ་པོ་སྤྱི་བོ་སྐྱེས་ཀྱིས་གཏམ་རྒྱུད་ལ་སོགས་པ་དང༌། བྱའི་སྒྲུང་དང༌། སྤྲེའུའི་སྒྲུང་དང༌། དེ་ལ་སོགས་པའི་གཏམ་རྒྱུད་མང་དུ་གསུངས་ཏེ། ར་སའི་གློ་འབུར་གོང་མ་ན་གཟུགས་བརྙན་དུ་བཀོད་ནས་ཡོད་དོ། །ལྡེའུ་ཡང་སྟེང་ན་དབུ་ཉི་མ་བ། འོག་ན་ཆུ་ཆར་ཅི་ཡི་བྱ་བྱས་སྣང་དྲངས་པ། ཐེམ་སྙེར་སྦ་བ་ཕྱིས་ཅི་ཡིན། དམར་པོ་སྤུ་མེད་བཅུག་ཅིང་ཕྱུང༌། སེར་བོ་མགོ་ཆེ་བསྐྱེད་ཅིང་རྒྱགས་ཅི་ཡིན། བྱ་བ་ལ་སོགས་པ་ནུབ་བྱང་མཚམས་ཀྱི་པང་ན་གཟུགས་བརྙན་དུ་བཀོད་ནས་ཡོད་དོ། །བོན་ཡང་ཤ་བ་ནམ་མཁའ་ལ་འགྲོ་ཤེས་པས་སྣ་དྲངས་པ་ལ་སོགས་པ་དང༌། ནད་པ་མངོན་སུམ་དུ་གསོ་བ་ལ་སོགས་པ་ཀ་བ་ཤིང་ལོ་ཅན་གྱི་འོག་ན་གཏེར་དུ་སྦས་ནས་ཡོད་དོ། །ཁྲིམས་ཀྱི་ཡི་གེ་ནི་བསད་ན་སྟོང༌། འདོད་པ་རྐུས་ན་འཇལ་འདོད། རྫུན་དང་ཕྲ་མ་ལ་ལྕེ་འབྲེག མི་བདེན་པ་ལ་ཡོ་ལོག་གཏོང་བྱ་བ་ལ་སོགས་པ་རྒྱལ་བློན་ཀུན་ལ་སྒྲ་བསྒྲགས་ནས་ཁྲིམས་ཡིག་ཕྱག་མཛོད་ན་མངའ་སྟེ། མི་དགེ་བ་ལས་བཟློག་པའི་ཁྲིམས་བཅས་པ་ཡང༌། དབུ་རུར་ལིའི་བན་དྷེ་དང་འཕྲད་པ་ལ་སོགས་པ། དགུང་ལོ་བརྒྱད་བཞེས་པའི་དུས་ན་སྔ་དྲོ་ཅིག་ཅེས་སོ། །བྱང་ཆུབ་སེམས་དཔའ་ལ་བཀའ་དྲིན་ཆེ་བ་ནི། སངས་རྒྱས་པའི་དུས་སུ་མདོ་སྡེ་བཞི་གསུངས་པ་དེ་ལྟར་རོ། །དེ་བཞིན་གཤེགས་པ་ལ་བཀའ་དྲིན་ཆེ་བ་ནི། རྒྱལ་པོ་སྲོང་བཙན་སྒམ་པོ་དབང་བསྐུར་བའི་དུས་ཡིན་ནོ། །ཚུལ་དེ་བཞིན་དུ་ནམ་མཁའི་མཐས་གར་ཁྱབ་པར་སེམས་ཅན་གྱིས་ཁྱབ། དེས་གར་ཁྱབ་པར་འཕགས་པ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་དེ་ཡང༌། དང་པོ་སངས་རྒྱས་འོད་དཔག་མེད་ལ་སོགས་པ་སངས་རྒྱས་བྱེ་བ་ཕྲག་བཅུ་གཅིག་གི་དྲུང་དུ་འདི་ལྟར་སེམས་བསྐྱེད་དོ། །བདག་གི་བ་སྤུའི་བུ་ག་རེ་རེ་ནས་ཀྱང༌། སྐད་ཅིག་མ་རེ་རེ་ལ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་མཛད་པའི་རྣམ་འཕྲུལ་བྱུང་ནས། སེམས་ཅན་གཅིག་ཀྱང་མ་ལུས་པར་བླ་ན་མེད་པའི་བྱང་ཆུབ་སེམས་ལ་འགོད་པར་བྱའོ། །དེ་མ་བཀོད་པར་རང་རེ་གཅིག་པུ་བདེ་བ་འདོད་པའི་བློ་བྱུང་ན། ངའི་མགོ་ཨ་རྫ་ཀའི་དོག་པ་བཞིན་དུ་ཚལ་བ་བཅུར་འགས་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པོ། །དེ་ལ་འོད་དཔག་ཏུ་མེད་པ་ལ་སོགས་པས་འདི་སྐད་ཅེས་གསུངས་སོ། །ལེགས་སོ་ལེགས་སོ། །རིགས་ཀྱི་བུ་བདག་ཅག་ལ་སོགས་པ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་ཚུལ་དེ་ལྟ་བུ་ལ་བརྟེན་ནས་སངས་རྒྱས་པ་ཡིན་པས། ཁྱོད་ཀྱིས་སེམས་ཅན་འདོན་པའི་གྲོགས་ཀྱང་ངས་བྱ་ཡིས་གསུང་ངོ༌། །དེ་ནས་སྤྱན་རས་གཟིགས་ཀྱང་བྱང་ཆུབ་བསྒྲུབས་ནས། ལོངས་སྤྱོད་རྫོགས་པའི་སྐུས་འདུལ་བའི་སེམས་ཅན་རྣམས་ལ་ལོངས་སྤྱོད་རྫོགས་པའི་སྣང་བ་བསྟན་ནས་དོན་མཛད། སྤྲུལ་པའི་སྐུས་འདུལ་བ་ལ་སྤྲུལ་པའི་སྐུའི་སྣང་བ་བསྟན་ནས་དོན་མཛད། དེ་བཞིན་དུ་སྟག་དང་རི་བོང་དང༌། ཉན་ཐོས་དང༌། རང་སངས་རྒྱས་དང་དེ་བཞིན་དུ་སྣང་བ་མ་དག་པ་རྣམས་ལ་རྒྱལ་པོ་ལ་སོགས་པ་དང་སྐལ་བ་མཉམ་པའི་སྣང་བ་བསྟན་ནས། གང་ལ་ཅིས་འདུལ་བའི་འཕྲིན་ལས་མཛད་ནས། སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའི་ས་ལ་བཀོད་ནས། སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའི་ས་ལ་བཀོད་ནས། ད་མ་ལུས་སྙམ་ནས་བལྟས་པས་སེམས་ཅན་ནི་ཉུང་དུ་མ་སོང་བར་འདུག་གོ །ལན་གཉིས་ལན་གསུམ་གྱི་བར་དུ་བཏོན་ཡང་ཉུང་དུ་མ་སོང་བས་ཡི་མུག་སྟེ། ཀྱེ་མ་དེ་བཞིན་གཤེགས་པའི་དགོངས་པ་བསམ་གྱིས་མི་ཁྱབ། ནམ་མཁའི་ཁམས་བསམ་གྱིས་མི་ཁྱབ། སེམས་ཅན་གྱི་ཁམས་བསམ་གྱིས་མི་ཁྱབ་བྱ་བ་བདེན་པར་འདུག ངས་དེ་ཙམ་པའི་སེམས་ཅན་གྱི་དོན་བྱས་རུང་ད་དུང་ཉུང་དུ་མ་སོང་བར་འདུག སེམས་ཅན་གྱི་དོན་བྱེད་དུ་མི་བཏུབ་པར་འདུག ད་ང་རང་གཅིག་པུ་ཞི་བའི་བདེ་བ་ཐོབ་པར་བྱའོ་སྙམ་པ་དང༌། སྔར་གྱི་དམ་བཅའ་ཉམས་ནས་མགོ་བོ་ཚལ་བ་བཅུར་གས་སོ། །དེའི་ཚེ་དེའི་དུས་ན་འོད་དཔག་ཏུ་མེད་པས་མགོ་གས་པ་དེ་སྤྱི་བོར་བསྡུས་ཏེ། ཁྱོད་ཀྱིས་བདག་ཅག་སངས་རྒྱས་བྱེ་བ་ཕྲག་བཅུ་གཅིག་སླུ་བར་བྱེད་པ་ཡིན་ནམ། སེམས་ཅན་གྱི་དོན་འཁོར་བ་མ་སྟོངས་ཀྱི་བར་དུ་བྱེད་པ་ཡིན་ནོ་གསུངས་པས། མགོ་བོ་ཚལ་བ་བཅུར་གས་པ་དེ་ཞལ་བཅུར་གྱུར་ཏོ། །ཡང་སྔ་མ་བཞིན་དུ་སྐུ་ལུས་ཀྱི་བཀོད་པ་མཛད་ནས་གང་ལ་ཅིས་འདུལ་བ་དེའི་སྐུར་བསྟན་ནས་སེམས་ཅན་གྱི་དོན་མཛད་དོ། །དེ་ལ་ལོངས་སྤྱོད་རྫོགས་པའི་སྐུས་འདུལ་བ་གང་ཞེ་ན། དེ་ཡང་ནམ་མཁའི་ཁམས་གང་བ་ཅིག་ཡོད་དོ། །དེའི་ཞིང་ཁམས་ཅིག་བཤད་པར་བྱ་སྟེ། འཇིག་རྟེན་གྱི་ཁམས་མེ་ཏོག་གིས་བརྒྱན་པ་ཞེས་བྱ་བ་ཞིག་ཡོད་དེ། དེ་ལ་རྒྱར་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འབུམ་ཕྲག་བཅུའི་རྒྱ་དང་མཉམ་མོ། །དེའི་སྟེང་ན་རྣམ་པར་སྣང་མཛད་གངས་ཆེན་མཚོའི་སྐུ་དང་མཉམ་པ་ཅིག་བཞུགས། དེའི་བ་སྤུའི་བུ་ཁ་ཐམས་ཅད་ཞིང་ཁམས་མི་འདྲ་བཀང་ནས་སེམས་ཅན་གྱི་དོན་མཛད་དོ། །བ་སྤུ་གྱེན་ལ་ལྟ་བ་ཐམས་ཅད་འཇིག་རྟེན་གྱི་ཁམས་གཞི་མཉམ་པ་ཞེས་བྱ་སྟེ། དེར་སངས་རྒྱས་བྱོན་ནས་སེམས་ཅན་གྱི་དོན་མཛད་དོ། །བ་སྤུ་ཁ་ཕྲེད་ལ་ལྟ་བ་ཐམས་ཅད་ངོས་ཕྱལ་ཞེས་བྱ་སྟེ། དེར་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་སེམས་ཅན་གྱི་དོན་མཛད་དོ། །བ་སྤུ་ཁ་ཐུར་ལ་ལྟ་བ་ཐམས་ཅད་གལ་ལོག་ཅེས་བྱ་བ་དང༌། སྤྱན་གྱི་བུ་ག་ནས་འཇུག་པ་ཁྱིམ་ཅན་ཅེས་བྱ་སྟེ། རང་དང་ལུས་དང་སྐལ་བ་མཉམ་པར་སེམས་ཅན་གྱི་དོན་མཛད་དོ། །ཕྱག་མཉམ་བཞག་གི་སྟེང་ན་སྤོས་ཀྱི་རྒྱ་མཚོ་ཆེན་པོ་ཡོད་པའི་ནང་ན། པདྨ་ཡོད་པའི་ཟེའུ་འབྲུ་ལ་ཞིང་ཁམས་དཔག་ཏུ་མེད་པ་ཅི་ཡོད་པ་དེའི་ཟེའུ་འབྲུ་གཅིག་གི་ནང་ན་ཞིང་ཁམས་ཉི་ཤུ་རྩ་ལྔ་ཡོད་པའི། བཅུ་གསུམ་པ་ནི་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདི་ཡིན་ཏེ། རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་ན་ཡོད་པ་ཡིན་ནོ། །འདིར་སྐྱེས་པའི་སེམས་ཅན་རྣམས་ནི་ཡིད་འབྱུང་བ་ཤས་ཆེ་སྟེ། འཇིག་རྟེན་གྱི་ཁམས་གཞན་དུ་བསྐལ་བར་དགེ་སྡིག་སྤྱད་པ་བས་འདིར་སྐད་ཅིག་ཙམ་ལ་སྤྱད་པ་ནུས་པ་ཆེའོ། །ཚུལ་འདི་ལྟ་བུ་ནི་གསང་བ་རྡོ་རྗེ་ཐོད་པའི་རྒྱུད་ལས་བཤད། སངས་རྒྱས་ཕལ་བོ་ཆེའི་མདོ་ལས་ཀྱང་ཅུང་ཞིག་གསལ་ལོ། །ལོངས་སྤྱོད་རྫོགས་པའི་སྐུས་འདུལ་བའི་ལེའུ་སྟེ་དང་པོའོ།། །། ལེའུ་གཉིས་པ། སྐུ་ལུས་ཀྱི་བཀོད་པ་མཛད་པ། དེ་ནས་ཡང་འཇིག་རྟེན་གྱི་ཁམས་མི་མཇེད་འདིའི་དབང་དུ་བྱས་ན། འོག་ནམ་མཁའ་སྟོང་པའི་གཞི་རླུང་རྡོ་རྗེ་རྒྱ་གྲམ་གྱི་དཀྱིལ་འཁོར་གཅིག་གིས་འདེབས་པ། སྤྲུལ་སྐུ་གཅིག་གིས་གདུལ་བྱར་གྱུར་པ་འདི། རྒྱལ་བ་ཤཱཀྱ་ཐུབ་པར་སྐུ་སྤྲུལ་ནས་འགྲོ་བ་སེམས་ཅན་གྱི་དོན་མཛད་དོ། །འདི་ན་འཛམ་བུའི་གླིང་འབུམ་ཕྲག་གཉིས་སྟོང་ཡོད་པ་ལས། འཛམ་བུའི་(གླིང་)འདིའི་དབང་དུ་བྱས་ན་འོག་མིན་གྱི་གནས་ནས་རྣམ་པར་སྣང་མཛད་འོད་ཀྱི་རྒྱལ་པོའི་ཐུགས་ཀ་ནས་པདྨའི་ཟེའུ་འབྲུ་སྟོང་པའི་ནང་ནས་ཕྱོགས་ཐམས་ཅད་ནས་རླུང་ལངས་པས། རླུང་གི་དཀྱིལ་འཁོར་མཐིང་ནག་ཟླ་གམ་ཚན་པོ་ཆེའི་སྟོབས་ཀྱིས་ཀྱང་མི་ཤིགས་པ་ཅིག་ཆགས། དེའི་སྟེང་དུ་གསེར་གྱི་སྙིང་པོ་ཅན་གྱི་སྤྲིན་ལས་ཆར་གཉའ་ཤིང་གི་རྒྱུན་ཙམ་བབ་པས། ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་ཆགས། དེ་རླུང་གིས་བསྲུབས་པ་ལས་གསེར་གྱི་གཞི་གྲུ་བཞི་ཆགས། དེའི་སྟེང་དུ་ཁམས་སྣ་ཚོགས་ཀྱི་སྤྲིན་ཆགས་པ་ལས། ཆར་གླང་པོ་ཆེའི་ཕོ་མཚན་ཙམ་བབ་པས། ཕྱིའི་རྒྱ་མཚོ་ཆེན་པོ་ཆགས། དེ་བསྲུབས་པས་རི་རབ་གསེར་གྱི་རི་བདུན། རོལ་པའི་མཚོ་བདུན། གླིང་བཞི་ལྕགས་རི་མུ་ཁྱུད་དང་བཅས་པ་ཆགས། དེ་ལྟར་སེམས་ཅན་ཡང་རིམ་གྱིས་ཆགས། དེའི་སྟེང་འོག་མིན་གྱི་ཕོ་བྲང་དུ་རྣམ་པར་སྣང་མཛད་གངས་ཆེན་མཚོ་འོད་ཀྱིས་བརྒྱན་པ་ཅིག་ཏུ་སྤྲུལ། དེའི་ཐུགས་ཀ་ནས་འོད་ཟེར་བྱེ་བ་ཕྲག་ཉིས་བརྒྱ་བཀྱེ་སྟེ། འོད་ཟེར་རེ་རེ་འཛམ་བུ་གླིང་རེ་རེར་སོང༌། དེའི་དཀྱིལ་ན་རྡོ་རྗེ་གདན་རེ་རེ་ཡོད་པའི་ལྦུ་བར་སོང་སྟེ་དབང་ཆེན་གསེར་གྱི་ས་གཞི་ལ་ཐུག་ལྦུ་བ་ཞུ། ལྦུ་བ་འཁྱིལ་བ་ལ་བྱང་ཆུབ་ཀྱི་ཤིང་རེ་རེ་སྐྱེས། ནམ་མཁའི་མཐོངས་དགའ་ལྡན་གྱི་ལྷ་གནས་རེ་རེ་ཆགས། ལྷའི་བུ་དམ་པ་ཏོག་དཀར་པོ་རེ་རེར་སྤྲུལ། གཟིགས་པ་ལྔ་ཡིས་འཛམ་བུའི་གླིང་ལ་གཟིགས། དེ་ནས་གླང་པོ་ཆེ་ཐལ་དཀར་མཆེ་བ་དྲུག་པར་སྐུ་སྤྲུལ་ཏེ། གྲོང་ཁྱེར་སེར་སྐྱར་རྒྱལ་པོ་ཟས་གཙང་གི་བཙུན་མོ་ཡུམ་སྒྱུ་མ་ལྷ་མཛེས་ཀྱི་ལྷུམས་ས་ཞུགས་ཏེ། སྲས་རྒྱལ་བུ་དོན་གྲུབ་ཏུ་སྐུ་སྤྲུལ་ཏེ། གྲོང་ཁྱེར་སེར་སྐྱར་རྒྱལ་པོ་ཟས་གཙང་གི་བཙུན་མོ་ཡུམ་སྒྱུ་མ་ལྷ་མཛེས་ཀྱི་ལྷུམས་སུ་ཞུགས་ཏེ། སྲས་རྒྱལ་བུ་དོན་གྲུབ་ཏུ་སྐུ་སྤྲུལ་ནས། མཛད་པ་བཅུ་གཉིས་ཀྱི་སྒོ་ནས་སེམས་ཅན་གྱི་དོན་མཛད་དོ། །དགའ་ལྡན་གནས་ནས་འཕོ་བ་དང༌། ལྷུམས་སུ་ཞུགས་དང་བལྟམས་པ་དང༌། གཞོན་ནུ་རོལ་རྩེད་མཛད་པ་དང༌། བཙུན་མོ་འཁོར་དུ་རོལ་བ་དང༌། ངེས་འབྱུང་དཀའ་ཐུབ་མཛད་པ་དང༌། སྙིང་པོར་གཤེགས་དང་བདུད་འདུལ་དང༌། བྱང་ཆུབ་ཆོས་འཁོར་མྱ་ངན་འདས་ཅེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་འཁོར་ལོ་རིམ་པ་གསུམ་དུ་བསྐོར་པ་ནི། དང་པོ་ཡུལ་བ་ར་ཎ་སིར་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར། དེ་ནས་རྒྱལ་པོའི་ཁབ་ཏུ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར། དེ་ནས་ཡུལ་ཡངས་པ་ཅན་དང༌། པདྨོ་ཅན་དུ་ངེས་དོན་དང་དྲང་དོན་གྱི་ཆོས་ཀྱི་འཁོར་ལོ་བསྐོར་ནས། ཐ་མ་ལེ་ལོ་ཅན་རྣམས་ཆོས་ལ་བསྐུལ་བའི་དོན་དུ་གྲོང་ཁྱེར་རྩྭ་མཆོག་ཏུ། བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་པར་དགོངས་པ་དེའི་ཚེ། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ན། བཅོམ་ལྡན་འདས་འོད་དཔག་མེད་བཞུགས་ཡོད་པས་མཁྱེན་ཅིང་གཟིགས་ཏེ། འཁོར་འདུས་པ་རྣམས་ཀྱི་མཆོག་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་རྣམ་པར་འཕྲུལ་བ་བསམ་གྱིས་མི་ཁྱབ་སྟེ། ནམ་མཁའི་མཐའ་དང་མཉམ་མོ། །སྤྱན་རས་གཟིགས་རང་གི་ངོ་བོ་དེ་འོད་དཔག་ཏུ་མེད་པའི་དྲུང་ན་ཉེ་གནས་ཀྱི་ཚུལ་ཏུ་བཞུགས་པ་དེ་འོད་ཟེར་གྱིས་བསྐུལ་ནས། དེ་ལ་འོད་དཔག་ཏུ་མེད་པས་འདི་སྐད་ཅེས་གསུངས་སོ། །རིགས་ཀྱི་བུ་འདི་ནས་ཤར་ཕྱོགས་ལོགས་ནས་བསྐལ་བ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ཕ་རོལ་ན། མི་མཇེད་ཅེས་བྱ་བའི་འཇིག་རྟེན་ཡོད་དེ་དེ་ན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཞེས་བྱ་བའི་སངས་རྒྱས་ད་ལྟར་བཞུགས་ཤིང་ཆོས་སྟོན་ཏོ། །དེ་ནི་སྐུ་མྱ་ངན་ལས་འདའ་བར་བཞེད་དེ་གཟིགས་པ་དང༌། དེའི་དགོངས་པ་ད་རུང་མ་རྫོགས་པས་ཁྱོད་དེར་སོང་ལ་བཅོམ་ལྡན་འདས་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་སུ་མི་འགྲོའམ་ཞེས་གསུངས་པ་དང༌། སྤྱན་རས་གཟིགས་ཀྱིས་གསོལ་བ་འདེབས་སུ་འགྲོ་ལགས་ཞེས་ཞུས་པ་དང༌། འོད་དཔག་མེད་ཀྱི་ཞལ་ནས་ཁྱོད་དེར་སོང་ལ་ཁ་བ་ཅན་གྱི་རྒྱལ་ཁམས་སུ་སེམས་ཅན་རྣམས་ཀྱི་དོན་ལ་བཅོམ་ལྡན་འདས་མྱ་ངན་ལས་འདའ་བར་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་འདེབས་སུ་སོང་ཅིག ཅེས་གསུངས་པ་དང༌། སྤྱན་རས་གཟིགས་བདེ་བ་ཅན་ན་མི་སྣང་བར་གྱུར་ཏོ། །དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་རི་ག་ཡའི་མགོ་ལ་འཁོར་རྒྱ་མཚོ་སྙེད་ཀྱིས་བསྐོར་ནས། བཅོམ་ལྡན་འདས་ཀྱིས་སྤྱན་རས་གཟིགས་ཀྱི་སྐུ་ཆེ་བའི་ཡོན་ཏན་དཔག་ཏུ་མེད་པ་བརྗོད་པ། སྤྱན་རས་གཟིགས་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཆོག་ཏུ་གྱུར་པ་ཅིག་ཡོད་པ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དང་མཉམ་པའི་སངས་རྒྱས་སྟོང་རྩ་གཉིས་སུ་སྤྲུལ་ནས། སེམས་ཅན་གྱི་དོན་མཛད་ཅེས་ཆུ་ཀླུང་སྣ་ཚོགས་ཀྱི་མདོ་ལས་གསུངས་སོ། །ཡང་སྤྱན་རས་གཟིགས་དེས་སྟོང་གསུམ་གྱི་སྟོང་ཆེན་པོ་བཀོད་པ་བར་མའི་འབྱུང་བ་ཆེན་པོ་བཞིའི་རྡུལ་ཕྲ་རབ་དང་མཉམ་པའི་མཛད་པ་བཅུ་གཉིས་སུ་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པར་བུན་ད་རི་ཀའི་མདོ་ནས་གསུངས་སོ། །ཡང་སྤྱན་རས་གཟིགས་དེས་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱར་ཡོད་པ། དེ་ན་རྡོ་རྗེ་གདན་བྱེ་བ་ཕྲབ་བརྒྱ་ན་སངས་རྒྱས་ཤཱཀྱ་ཐུབ་པ་བྱེ་བ་ཕྲག་བརྒྱ། དེའི་བྱང་ཕྱོགས་ན་ཁ་བ་ཅན་བྱེ་བ་ཕྲག་བརྒྱ་ན་རྒྱལ་པོ་སྲོང་བཙན་སྒམ་པོ་བྱེ་བ་ཕྲག་བརྒྱ། བལ་མོ་ཟ་ཁྲི་བཙུན་དང་རྒྱ་མོ་ཨོང་ཅོང་བྱེ་བ་ཕྲག་བརྒྱ། དེ་ནས་ར་ས་གཙུག་ལག་ཁང་བྱེ་བ་ཕྲག་བརྒྱར་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པར་སྙིང་རྗེ་སྣ་ཚོགས་རོལ་པའི་མདོ་ལས་གསུངས་ས། །དེའི་ཚེ་འཁོར་དེའི་ནང་ནས་སྒྲིབ་པ་རྣམ་པར་སེལ་བ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་སྟན་ལས་ལངས་ནས་འདི་སྐད་ཅེས་ཟེར་རོ། །བཅོམ་ལྡན་འདས་སྤྱན་རས་གཟིགས་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་དེ་ངོ་མཚར་ཅན་ཅིག་འདུག་པ་དེ་ད་ལྟ་གང་ན་འདུག ང་ལྟ་བར་འགྲོ་འདོད་དོ་ཞེས་པ་དང༌། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཞལ་ནས། འཛམ་བུའི་གླིང་ན་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་བུ་སྤུའི་ཁུང་བུ་རེ་རེ་ནས་ཀྱང་འོ་སྐོལ་འདྲ་བའི་སངས་རྒྱས་ཀྱི་ཞིང་ཁམས་དཔག་ཏུ་མེད་པ་བཀོད་ནས་སེམས་ཅན་གྱི་དོན་མཛད་པ་ཡིན་ཏེ། ཁྱོད་ལྟ་བུས་དེ་ལྟ་བར་མི་ནུས་པས་ལན་ཅིག་བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱིས་བསྐུལ་ནས་ང་ཅན་དུ་འོང་ཅིག དེ་ཙ་ན་ངས་འོད་ཟེར་གྱི་སྒོ་ནས་བསྟན་ཅིག་ཅེས་ཟ་མ་ཏོག་བཀོད་པའི་མདོ་ལས་གསུངས་སོ། །ཚུལ་དེ་བཞིན་དུ་ནམ་མཁའི་མཐས་གར་ཁྱབ་པར་སེམས་ཅན་གྱིས་ཁྱབ། སེམས་ཅན་གྱིས་གར་ཁྱབ་པར་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྣམ་པར་འཕྲུལ་བས་ཁྱབ་ནས་སེམས་ཅན་གྱི་དོན་མཛད་དོ། །དེ་ནས་བཅོམ་ལྡན་འདས་འཁོར་དང་བཅས་པ་མཛེ་ཏའི་ཚལ་ན་བཞུགས་སོ། །སྐུ་ལུས་ཀྱི་བཀོད་པ་མཛད་པའི་ལེའུ་སྟེ་གཉིས་པའོ།། །། ལེའུ་གསུམ་པ། སྤྲུལ་སྐུས་འདུལ་བ། དེ་ནས་དེའི་ཚེ་ནམ་མཁའ་ལ་སྒྲ་དང་རིན་པོ་ཆེའི་མཆོད་རྫས་དང་བཅས་ཏེ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་བྱོན་ནས། བཅོམ་ལྡན་འདས་ཀྱི་མདུན་དྲང་བོར་འདུག་པ་དང༌། འཁོར་དེའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པ་ལ། ཁྱེད་ཀྱང་ངོ་མཚར་ཅན་ཅིག་འདུག་སྟེ། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ངེད་ཀྱང་ཡིན་སྙམ་ནས་ཕྱག་མི་བྱེད་པ་ལ་སྤྱན་རས་གཟིགས་དགྱེས་པར་གྱུར་ཏོ། །དེ་ནས་སྤྱན་རས་གཟིགས་ཀྱིས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་འདི་སྐད་ཅེས་གསོལ་བ། བཅོམ་ལྡན་འདས་ཁྱེད་ཀྱི་དགོངས་པ་ནི་ད་དུང་མ་རྫོགས་ཏེ། ཁ་བ་ཅན་གྱི་སེམས་ཅན་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་རོ་ཞེས་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་གསུངས་པ། ཁ་བ་ཅན་དུ་སྐྱེས་པའི་སེམས་ཅན་འདི་རྣམས་ནི་ཤིན་ཏུ་འདུལ་དཀའ་བ་སྟེ། ད་རུང་སྨིན་པར་བྱ་བར་མི་ནུས་པས་ཕྱི་མའི་དུས་ན་བྱང་ཆུབ་སེམས་དཔའ་ཁྱོད་ལྟ་བུས་སྨིན་པར་བྱེད་པར་འགྱུར་གྱིས་ཞེས་གསུངས་པ་དང༌། དེ་ནས་སྤྱན་རས་གཟིགས་ཀྱིས་ཤཱཀྱ་ཐུབ་པ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལགས། ནུབ་ཕྱོགས་བདེ་བ་ཅན་ན་དེ་བཞིན་གཤེགས་པ་འོད་དཔག་མེད་བཞུགས་པས། ཁྱེད་མྱ་ངན་ལས་འདའ་བར་མཁྱེན་ཅིང་གཟིགས་ནས། མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་སུ་བཏང་སྟེ། མྱ་ངན་ལས་མི་འདའ་བར་ཅི་གནང༌། བཅོམ་ལྡན་འདས་ཀྱིས་གསུངས་པ། ངའི་གདུལ་བྱ་ཀུན་ཏུ་རྒྱུ་རབ་བཟང་དང༌། དྲི་ཟ་རབ་དགའ་མ་གཏོགས་པའི་དོན་རྫོགས་པས། ད་ནི་ལེ་ལོ་ཅན་ཆོས་ལ་བསྐུལ་བ་དང༌། ཐམས་ཅད་མི་རྟག་པར་བསྐུལ་པའི་ཕྱིར་ང་མྱ་ངན་ལས་འདའ་བའི་ཚུལ་སྟོན་ཏོ། །སྤྱན་རས་གཟིགས་ཀྱིས་གསོལ་བ། འོ་ན་བྱང་ཕྱོགས་ཁ་བ་ཅན་མ་ཀི་རྣམས་ལ་ཁྱེད་ཀྱི་ཞབས་ཀྱིས་མ་བཅགས། གསུང་གི་འོད་ཟེར་གྱིས་ཀྱང་མ་ཁྱབ་པོ་ཅེས་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་གསུངས་པ། ཁ་བ་ཅན་དུ་སྐྱེས་པའི་སེམས་ཅན་མ་ཀི་རྣམས་ནི་དེ་བཞིན་གཤེགས་པའི་གདུལ་བྱར་མ་གྱུར་པས། མཚན་མོ་མུན་པའི་སྨག་རུམ་དུ་གྱུར་པས་ངན་འགྲོ་ནས་ངན་འགྲོའི་མིའི་འཇིག་རྟེན་དུ་སྐྱེས་པ། ཤི་བ་ཐམས་ཅད་གཅིག་ཀྱང་ཡར་ལ་མི་ཟློག་པར་མཚོ་ལ་ཁ་བ་བབ་པ་བཞིན་དུ་ངན་སོང་དུ་འགྲོ་བ་ཡིན་པས། མ་འོངས་པ་ཁྱོད་ལྟ་བུའི་བྱང་ཆུབ་སེམས་དཔས་འདུལ་བར་འགྱུར་རོ་ཞེས་གསུངས་པ་དང༌། སྤྱན་རས་གཟིགས་འཛེ་ཏའི་ཚལ་ནས་མི་སྣང་བར་གྱུར་ཏེ། བདེ་བ་ཅན་དུ་བྱོན་ནས་དེ་བཞིན་གཤེགས་པ་འོད་དཔག་མེད་པ་ལ་ཤཱཀྱ་ཐུབ་ཀྱིས་གསུངས་པ་རྣམས་འདི་སྐད་ཅེས་བཤད་དོ། །ཤཱཀྱ་ཐུབ་པ་དེའི་ཞལ་ནས་ཁ་བ་ཅན་དུ་སྐྱེས་པའི་སེམས་ཅན་རྣམས་ངའི་གདུལ་བྱར་མ་གྱུར་ཏེ། མ་འོངས་པ་ན་ཁྱོད་ལྟ་བུས་འདུལ་བར་འགྱུར་རོ་ཞེས་གསུངས་པ་དེ་བཤད་པ་དང༌། བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་ཞལ་ནས་གསུངས་པ། རིགས་ཀྱི་བུ་ཕྱི་མའི་དུས་སུ་ཁ་བ་ཅན་དུ་སྐྱེས་པའི་སེམས་ཅན་དེ་རྣམས་ནི་ཤིན་ཏུ་འདུལ་དཀའ་བ་ཡིན་པས་དེར་སྐྱེས་པའི་སེམས་ཅན་དེ་རྣམས་ཤི་མ་ཐག་ཏུ་ངན་སོང་དུ་འགྲོ་བ་དེའི་ཐད་ཀའི་འོག་ནས་མར་མནར་མེད་པའི་དམྱལ་བ་ཁང་བ་ལྕགས་ཀྱི་ཟ་མ་ཏོག་གི་ཁ་བཅད་པ་འདྲ་བ་ཞིག་ཡོད་དོ། །ཁྱོད་ཀྱི་སྤྲུལ་པས་དེ་ཤིག་ལ་དེ་ནས་དངོས་སུ་འདུལ་དུ་བཏུབ་ཙ་ན། དང་པོ་ཟང་ཟིང་གིས་བསྡུས་ལ། དེ་ནས་བར་དུ་ཆོས་ཀྱིས་རྒྱུད་སྨིན་པ་གྲོལ་བར་གྱིས་ལ། དེ་ནས་མཐའ་མར་བདེ་བ་ཅན་གྱི་ཞིང་ཁམས་སངས་རྒྱས་ཀྱི་ཞིང་འདིར་ངའི་དྲུང་དུ་ཁྲིད་ལ་ཤོག་ཅིག ངས་ཀྱང་འདུལ་བ་དང་སེམས་ཅན་ངན་སོང་ནས་འདོན་པའི་གྲོགས་བྱའོ་ཅེས་གསུང་ངོ༌། །དེ་ལ་སྤྱན་རས་གཟིགས་དེས་སླར་མཉན་ནས་སྤྱན་རས་གཟིགས་ཀྱིས་གསོལ་བ། བཅོམ་ལྡན་འདས་འོད་དཔག་མེད་ལགས། ཉིད་རང་གཉིས་ལ་ལས་འབྲེལ་ཆེར་བཞག་པའི་སེམས་ཅན་རྣམས་མཐར་བདེ་བ་ཅན་གྱི་ཞིང་ཁམས་འདིར། སངས་རྒྱས་འོད་དཔག་མེད་ཁྱེད་ཀྱི་ཞབས་དྲུང་དུ་ཁྲིད་ལ་འོང་གི་གསུངས་ནས། བྱང་ཆུབ་སེམས་དཔའ་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེས་མི་མཇེད་འཇིག་རྟེན་གྱི་ཁམས་འཛམ་བུ་གླིང་འདིར་བྱོན་ཏེ་འོངས་ནས། རྒྱ་གར་གྱི་གནས་མཆོག་རི་པོ་ཏ་ལར་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཐུགས་ཀ་ནས་འོད་ཟེར་སྣ་ཚོགས་ཕྱོགས་བཅུར་བཀྱེ་ནས། སླར་ཞལ་དུ་ནུབ་པར་མཛད་པ་དང༌། ཀུན་དགའ་བོས་དེ་ཇི་ལྟར་ལགས་ཞེས་ཞུས་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། དེ་འཕགས་པ་བྱམས་པ་ལ་དྲིས་ཞེས་གསུངས་སོ། །བྱམས་པས་སྨྲས་པ། འོད་ཟེར་འདི་ནི་བཅོམ་ལྡན་འདས་མྱ་ངན་ལས་འདའ་བའི་ལྟས་ཡིན། ཞུ་བར་འོས་པ་རྣམས་ཞུ་བ་དང་འདྲི་བའི་དུས་ལ་བབ་པོ་གསུང་ངོ༌། །དེའི་དུས་ན་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་མྱ་ངན་ལས་འདའ་བར་ཐོས་ནས་འཁོར་ཕལ་པོ་ཆེ་རྣམས་ན་རེ། སྟོན་པ་སྐུ་སྟོད་ནས་ཆུ་འབབ། སྐུ་སྨད་ནས་མེ་འབར་བའི་རྫུ་འཕྲུལ་བསྟན་ནས་དགྲ་བཅོམ་པ་ལྔ་བརྒྱ་ཙམ་ཞིག་མྱ་ངན་ལས་འདས་སོ། །བྱང་ཆུབ་སེམས་དཔའ་ཕལ་ཆེར་འཇིག་རྟེན་གྱི་ཁམས་གཞན་དུ་སོང་ངོ༌། །དེའི་ཚེ་འཕགས་པ་འཇམ་དཔལ་དང་ཀུན་དགའ་བོ་གཉིས་འཁོར་དེའི་ནང་ན་འདུག་པས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་ཞུས་སོ། །ད་ལྟ་དད་པ་ཅན་རྣམས་ཞལ་ཡང་ཁྱེད་ལ་ལྟ། འཁོར་གྱི་ཐེ་ཚོམ་ཡང་ཁྱེད་ཀྱིས་གཅོད། སྦྱིན་བདག་གི་ཡོན་ཡང་ཁྱེད་ཀྱི་སྦྱོང༌། དྲུག་སྡེ་ཡང་ཁྱེད་ཀྱིས་འདུལ། མུ་སྟེགས་ཟིལ་གྱིས་གནོན་པ་ཡང་ཁྱེད་ཀྱིས་མཛད་ན། བཅོམ་ལྡན་འདས་ཁྱེད་མྱ་ངན་ལས་འདས་ནས་དྲུག་སྡེ་སུས་འདུལ། འཁོར་གྱི་ཐེ་ཚོམ་སུས་གཅོད། སྦྱིན་བདག་གི་ཡོན་སུ་སྦྱོང༌། མུ་སྟེགས་ཟིལ་གྱིས་སུས་གནོན། ཀྱི་ཧུད་འཇིག་རྟེན་གྱི་སྟོན་པ་མི་བཞུགས་སོ་ཞེས་སྨྲས་པ་དང༌། བཅོམ་ལྡན་འདས་ཀྱིས་གསུངས་པ། ང་འདས་ནས་ཡུན་རིང་བོ་མ་ལོན་པ་ན། ངའི་ཉན་ཐོས་དྲན་པའི་གཟུངས་ཐོབ་པ་རྣམས་ཀྱིས་ངའི་གསུང་རབ་རྣམས་བསྡུད་པར་འགྱུར་བས། འཁོར་གྱི་ཐེ་ཚོམ་ཡང་ངའི་གསུང་རབ་དེས་ཆོད། དྲག་སྡེ་འཇིག་རྟེན་གྱི་ཁམས་གཞན་གྱི་སངས་རྒྱས་ཀྱི་སྤྲུལ་པ་ཡིན་པས་རང་དུལ་ལ་འགྲོ། སྦྱིན་བདག་གི་ཡོན་ཡང་ངའི་ཉན་ཐོས་དགེ་སློང་རྣམས་ཀྱིས་སྦྱོང་བར་འགྱུར་རོ། །མུ་སྟེགས་ཟིལ་གྱིས་གནོན་པ་དང༌། སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དུ་གནས་པའི་ཕྱིར་ངའི་སྐུ་ཚབ་བཞེངས་ཤིག་ཅེས་བཀའ་སྩལ་ཏོ། །དེ་མ་ཐག་ཏུ་ལྷའི་དབང་པོ་བརྒྱ་བྱིན་སྟན་ལས་ལངས་ནས། སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུ་ཚབ་རྣམ་པ་གསུམ་ལ། ཡོན་བདག་ལྷའི་དབང་པོ་བརྒྱ་བྱིན་ངས་བྱེད་པར་ཞུ་ཟེར། ལྷའི་བཟོ་བོ་བི་ཤོ་ཀརྨན་རེ་སྐུའི་བཟོ་བོ་ངས་བྱེད་པར་ཞུ་ཟེར། དཔལ་མགོན་བདུན་བཅུ་རྩ་གཉིས་ན་རེ་སྐུའི་རིམ་གྲོ་ངས་བྱེད་པར་ཞུ་ཟེར། དཔལ་ཕྱག་ན་རྡོ་རྗེ་ན་རེ་སྐུའི་གསང་བ་འཛིན་པ་ངས་བྱེད་པར་ཞུ་ཟེར་བ་དང༌། ཡང་བཅོམ་ལྡན་འདས་ཀྱི་ཞལ་ནས་འོད་ཟེར་གསུམ་སྤྲོས་ཏེ་འོད་ཟེར་གཅིག་ནི་འཕགས་པ་བྱམས་པ་ལ་ཕོག་པར་མཛད། འོད་ཟེར་གཉིས་པ་ནི་ལྷ་ཚངས་པ་ལ་ཕོག་པར་མཛད། འོད་ཟེར་གསུམ་པ་ནི་གཟའ་ར་ཧུ་ལར་ཕོག་པར་མཛད་དོ། །འོད་ཟེར་དེ་གསུམ་ཞག་དྲུག་ཏུ་བྱུང་བར་གྱུར་རོ། །བྱམས་པས་དེ་ཇི་ལྟར་ཡིན་ཞུས་པ་དང༌། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བཀའ་སྩལ་བ། བྱམས་པ་ཁྱོད་ཀྱིས་ཇི་ལྟར་སྤོབས་པ་བཞིན་དུ་སྨྲོས་ཤིག་ཅེས་བཀའ་སྩལ་བ་དང༌། བྱམས་པ་སྨྲས་པ། དེ་བཞིན་གཤེགས་པ་ནི་དགོངས་པ་ཡོངས་སུ་མྱ་ངན་ལས་འདའ་བས་དེའི་སྐུ་ཚབ་བཞེངས་ཤིག་པར་ལུང་བསྟན་པ་ཡིན་ནོ་ཞེས་པ་དང༌། གཟའ་ར་ཧུ་ལ་ན་རེ། བྱམས་པ་ལ་སྤྲུལ་པའི་སྐུའི་རྟེན་བཞེངས་པར་བསྐོས། ལྷ་ཚངས་པ་ལ་ལོངས་སྤྱོད་རྫོགས་པའི་སྐུའི་རྟེན་བཞེངས་པར་བསྐོས། གཟའ་ར་ཧུ་ལ་ང་ལ་ཆོས་སྐུའི་རྟེན་བཞེངས་པར་བསྐོས་ཟེར་ནས་ར་ཧུ་ལ་མི་སྣང་བར་གྱུར་རོ། །སྐུའི་རྒྱུ་རིན་པོ་ཆེའི་དབང་གི་རྒྱལ་པོ་དང༌། ལྷའི་མན་ཤེལ་དང༌། གསེར་ལ་སོགས་པ་འཇིག་རྟེན་ན་ཡོད་ཚོད་མིའི་རིན་པོ་ཆེའི་ཕུང་པོ་དཔག་ཏུ་མེད་པ་ཁྱེར་ནས་ལྷའི་བཟོ་བོ་བི་ཤོ་ཀརྨའི་མདུན་དུ་སྤུངས་སོ། །ལྷའི་བཟོ་བོ་བི་ཤོ་ཀརྨས་དེ་རྣམས་བཞུ་བཏུལ་བྱས་ནས་ཆོས་སྐུ་ཕྱོགས་བཅུར་བསྟན་པའི་ཕྱིར་བུམ་པ་ཟླུམ་པོར་བྱས། དེ་ཇེ་ཆེ་ལ་རེད་ནས་ནམ་མཁའ་ལ་དེངས་ཏེ་ཆོས་སྐུ་ནམ་མཁའ་དང་འདྲ་བར་བསྟན། དེའི་སྙིང་པོ་ལྷ་ཚངས་པའི་འདོམ་གང་བ་མདོག་མཐིང་ནག་དཔལ་དུད་པ་ལྟ་བུའི་མཆོད་རྟེན་དེ་ལ་ཡོན་ཏན་ཅི་ཡོད་ན། དེ་ལ་བསྐོར་བ་ཞག་བདུན་གྱི་བར་དུ་མ་ཆད་པར་བྱས་ན་མཆོག་གི་དངོས་གྲུབ་སྟེར་ནུས་པ་ཅིག་འབྱུང༌། དེ་མཁའ་འགྲོ་མས་སྤྱན་དྲངས་ནས་ཨུ་རྒྱན་ཧེ་རུ་ཀའི་རྒྱལ་ཁམས་ན་མི་མ་ཡིན་རྣམས་ཚོགས་གསོག་པའི་ཕྱག་རྟེན་བྱེད་དེ་ད་ལྟ་ཡང་དཔལ་རེག་པ་མེད་པའི་མཆོད་རྟེན་ཞེས་གྲགས་སོ། །དེ་མ་ཐག་ཏུ་ལྷ་ཚངས་པ་མི་སྣང་བར་གྱུར་ཏེ། སྐུའི་རྒྱུ་རིན་པོ་ཆེ་ཟེ་མེ་རུ་དང༌། བཀོད་མཛེས་དང༌། ཆུ་ཤེལ་ཞུན་མ་དཔག་ཏུ་མེད་པ་ཁྱེར་ནས། ལྷའི་བཟོ་བོ་བི་ཤོ་ཀརྨའི་མདུན་དུ་སྤུངས་པ་དང༌། བི་ཤོ་ཀརྨས་དེ་རྣམས་བཞུ་བཏུལ་བྱས་ཏེ་ལོངས་སྤྱོད་རྫོགས་པའི་སྐུའི་རྟེན་དཔག་ཚད་བརྒྱད་ཅུ་བ་མདོག་སྔོ་སྐྱ། དེ་ལ་ཡོན་ཏན་ཅི་ཡོད་ན་མཆོད་པ་ཕུལ་ནས་གསོལ་བ་བཏབ་པས་འབྲས་ཀྱི་ཆར་བ་ཉིན་ལམ་བཅུ་གཉིས་སུ་ཕེབས་སོ། །དེ་ནི་རྒྱ་གར་གསེར་གླེང་དུ་འགྲོ་བའི་ལམ་ཁ་ན་མཚོའི་དཀྱིལ་ན་བཞུགས་ཏེ། འཇིག་རྟེན་གྱི་ལྷ་དྲེགས་པ་ཅན་ཚོགས་གསོག་པའི་རྟེན་དུ་བཞུགས་ཏེ་མཚན་ཡང་མུ་སྟེགས་འདུལ་བྱེད་ཅེས་བྱའོ། །དེ་ནས་དེ་མ་ཐག་ཏུ་འཕགས་པ་བྱམས་པ་མི་སྣང་བར་གྱུར་ཏེ། ལྷའི་རིན་པོ་ཆེ་ལྔ། ཨིནྡ྄ར་ནཱི་ལ། ཨིནྡ྄ར་གར་བ། ཐོན་ཀ མརྒད། པདྨ་ར་ག མིའི་རིན་པོ་ཆེ་བྱི་རུ། མུ་མེན། མུ་ཏིག ལྷའི་རིན་པོ་ཆེ་བས་ངན་པ། མིའི་རིན་པོ་ཆེ་བས་བཟང་བ་མཆིང་བུ་ལྔ་བཅུ་རྩ་ལྔ་སྤྱན་དྲངས་ནས་ལྷའི་བཟོ་བོ་བི་ཤོ་ཀརྨའི་མདུན་དུ་སྤུངས་པ་དང༌། གཟུགས་ཁམས་ཀྱི་ལྷ་རྣམས་ན་རེ། བཅོམ་ལྡན་འདས་ཀྱི་སྐུ་ཚད་མིའི་ཁྲུ་སུམ་ཅུ་སོ་དྲུག་ཡིན་ནོ་ཟེར་རོ། །འདོད་ཁམས་ཀྱི་ལྷ་རྣམས་ན་རེ་མིའི་ཁྲུ་བཅུ་དྲུག་ཡིན་ནོ་ཟེར། རྒྱལ་པོ་གསལ་རྒྱལ་ལ་སོགས་པའི་མི་རྣམས་ན་རེ། གཅུང་དགའ་བོ་དང་དབུའི་གཙུག་ཏོར་ལས་ཁྱད་མེད་པ་ཡིན་ཟེར་སངས་རྒྱས་ཀྱི་སྐུ་ཚད་ལ་མ་མཐུན་ནོ། །བཟོ་བོ་བི་ཤོ་ཀརྨ་ན་རེ། སངས་རྒྱས་ཀྱི་སྐུ་ལ་ཐིག་གུས་འཇལ་ཟེར་ནས་བཟོ་བོ་བི་ཤོས་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཞལ་མངོན་སུམ་བཞུགས་པའི་ཞབས་ཀྱི་མཐེའུ་ཆུང་ལ་ནི་རིན་པོ་ཆེའི་ཐིག་གུ་བཏགས་ཏེ། སྐུའི་སྨད་ནས་དབུའི་གཙུག་ཏོར་ལ་འཇལ་བས་མ་སླེབས། ཡང་བཟོ་བོ་བི་ཤོས་རྫུ་འཕྲུལ་གྱིས་ཡར་ལ་ལན་བདུན་དུ་ཐེན་ཡང་མ་སླེབས་ནས། དེའི་ཐད་ཀ་ནས་འཇིག་རྟེན་གྱི་ཁམས་མདངས་དགའ་བ་ཅན་བྱ་བ་ན། སངས་རྒྱས་ཀྱི་ཞིང་ཁམས་ཞིག་འདུག་པས་བཟོ་བོ་བི་ཤོས་བྱང་ཆུབ་སེམས་དཔའ་དགའ་བས་སྦྱིན་བྱ་བ་ལ་དྲིས་པ། བྱང་ཆུབ་སེམས་དཔའི་ཞིང་ཁམས་ཅི་སྐད་བྱ་བ་ཡིན། འདིའི་སྟོན་པའི་མཚན་ཅི་སྐད་བྱ་བ་ཡིན་དྲིས་པ་དང༌། བྱང་ཆུབ་སེམས་དཔའ་དགའ་བས་སྦྱིན་གྱིས་སྨྲས་པ། ལྷའི་བཟོ་བོ་འདི་ནི་འཇིག་རྟེན་གྱི་ཁམས་མདངས་དགའ་བ་ཅན་ཞེས་བྱ་བ་ཡིན། སྟོན་པ་ནི་དེ་བཞིན་གཤེགས་པ་དགའ་བའི་དཔལ་ཞེས་བྱ་བ་ཡིན། ཡང་བཟོ་བོ་བི་ཤོས་དྲིས་པ་བཅོམ་ལྡན་འདས་འོག་གི་ཕྱོགས་ཀྱི་མི་མཇེད་འཇིག་རྟེན་གྱི་ཁམས་དང་ཐག་ཉེ་རིང་ཅི་ཙམ་ཡོད་དྲིས་པས། ཡང་སངས་རྒྱས་དགའ་བའི་དཔལ་གྱིས་བཀའ་སྩལ་བ། འཇིག་རྟེན་གྱི་ཁམས་འདི་དང༌། འོག་གི་མི་མཇེད་ཀྱི་བར་ན་ཐག་རིང་བ་ནི། འཇིག་རྟེན་ཁམས་འདིའི་རྡུལ་ཕྲ་རབ་དང་མཉམ་མོ། །ཁྱོད་འདིར་ཡོང་བ་ཡང་ཁྱོད་ཀྱི་སྟོན་པ་ཤཱཀྱ་ཐུབ་པའི་མཐུས། དེ་བཞིན་བཤེགས་པའི་སྐུ་ལ་ཚད་མེད་པར་བསྟན་པའི་ཕྱིར་ཁྱོད་འདིར་འོངས་པ་ཡིན་ནོ། །ཁྱོད་རང་གི་རྫུ་འཕྲུལ་གྱིས་འདིར་འོངས་ན་ཁྱོད་དམའ་མོ་ཞིག་ཏུ་ཚེའི་དུས་བྱེད་དོ། །ཁྱོད་ཀྱིས་འདིར་འོང་བར་མི་ནུས་སོ་གསུངས་སོ། །བཟོ་བོ་བི་ཤོས་ཞུས་པ། འོ་ན་ང་མི་མཇེད་ཀྱི་འཇིག་རྟེན་དུ་འགྲོ་བར་འདོད་པས་ཇི་ལྟར་བྱས་ཏེ་འགྲོ་ཞུས་པས། ཡང་སངས་རྒྱས་དགའ་པའི་དཔལ་གྱིས་གསུངས་པ། ཁྱོད་རང་གི་སྟོན་པའི་ཡོན་ཏན་ཡིད་ལ་དྲན་པར་གྱིས་དང་འགྲོ་བར་ནུས་ཀྱིས་ཞེས་གསུངས་པ་དང༌། ཡིད་ལ་དྲན་པར་བྱས་པ་ཙམ་གྱིས་སྐྱེས་བུའི་ལག་པ་བརྐྱངས་པ་ལས་བསྐུམས་པ་ཙམ་གྱིས་རང་གི་ཡུལ་དུ་གཏོལ་བར་གྱུར་ཏོ། །ཡང་སངས་རྒྱས་དགའ་བའི་དཔལ་གྱིས་བཀའ་སྩལ་བ། ལྷའི་བཟོ་བོ་ཁྱོད་བས་ཉན་ཐོས་ཆེན་པོ་དགྲ་བཅོམ་པ་རྫུ་འཕྲུལ་ཐོབ་པ་དང༌། བྱང་ཆུབ་སེམས་དཔའ་ས་བཅུ་ཐོབ་པ་རྣམས་ཀྱིས་ཀྱང་སངས་རྒྱས་ཀྱི་གཙུག་ཏོར་ལྟ་བར་མི་ནུས། སངས་རྒྱས་ཀྱི་གཙུག་ཏོར་ནི་སངས་རྒྱས་ཀྱི་རྫུ་འཕྲུལ་ཡིན། ཉན་ཐོས་དང་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་གྱིས་ཀྱང་དེ་བཞིན་གཤེགས་པའི་རྫུ་འཕྲུལ་ཟིལ་གྱིས་གནོན་པར་མི་ནུས། ཉན་ཐོས་ཆེན་པོ་རྣམས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྫུ་འཕྲུལ་གྱིས་ཀྱང་དེ་བཞིན་གཤེགས་པའི་རྫུ་འཕྲུལ་ཟིལ་གྱིས་གནོན་པར་མི་ནུས་སོ། །ཞེས་པ་ལ་སོགས་པ་འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་དབུ་དུམ་ནང་ན་སྐུའི་གསང་བ་བསམ་གྱིས་མི་ཁྱབ་པར་བསྟན་པའི་ལེའུའི་ནང་ནས་ཀྱང་གསུངས་སོ། །ཚུལ་དེ་ལྟ་བུ་ནི་བུམ་ཐང་སྐྱེར་ཆུའི་ལྷ་ཁང་གི་རྒྱུད་རིས་སུ་བྲིས་ནས་ཡོད་དོ།། དེ་ནས་ཡང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བཀའ་སྩལ་བ། བཟོ་བོ་བི་ཤོ་ཀརྨ་ཁྱོད་ལ་དེ་བཞིན་གཤེགས་པའི་སྐུ་ལ་ཆེ་བ་དང་ལེགས་པའི་ཆག་ཚད་མེད་པར་བསྟན་པ་ཡིན་ནོ་གསུངས་ནས། ངའི་སྐུ་ཚབ་རྣམ་པ་གཉིས་ཀྱིས་ཤིག་གསུང་ངོ༌། །སྐུ་ཚད་རྣམ་པ་གཅིག་ནི་དགུང་ལོ་བརྒྱད་ལོན་པའི་བོངས་དང་མཉམ་པ་གཅིག་གྱིས་གསུང་ངོ༌། །སྐུ་ཚད་རྣམ་པ་གཅིག་ནི་དགུང་ལོ་བཅུ་གཉིས་ལོན་པའི་བོངས་དང་མཉམ་པ་གཅིག་གྱིས་གསུང་ངོ༌། །དགུང་ལོ་བརྒྱད་པ་དང་བཅུ་གཉིས་པ་གཉིས་ཀྱི་ཚད་ནི་སུས་ཀྱང་མ་ཤེས་ནས། གྲོང་ཁྱེར་སེར་སྐྱའི་རྒན་མོ་བྱིས་པ་རྣམས་ཀྱི་རྩེད་མོ་རྩེ་བའི་མ་མ་འདྲིའོ་ཟེར་སྟེ་དྲིས་པས་གྲོང་ཁྱེར་སེར་སྐྱའི་སྒོའི་སྐྱས་བུ་དང་མཉམ་ཟེར་ཙ་ན། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཁོང་གིས་རྩེད་མོ་རྩེ་བའི་མ་མ་ལ་སྤྱན་ཟུར་ཙམ་པ་ཅིག་གིས་གཟིགས་པས་མ་མ་སྤྲོ་བ་སྐྱེད་དེ། རྒྱལ་བུ་ལོ་བརྒྱད་དང་བཅུ་གཉིས་ལོན་ཙ་ན་ངས་རྩེད་མོ་རྩེ་མོ་པའི་དོན་དུ་དེད་པས། གྲོང་ཁྱེར་སེར་སྐྱའི་བསིལ་ཁང་གི་སྒོའི་སྐྱེས་བུ་ཕྱི་ནང་གཉིས་དང་རྒྱལ་བུ་ལོ་བརྒྱད་དང་བཅུ་གཉིས་པ་དང་མཉམ་མོ་ཟེར་ནས། སྐྱེས་བུ་ནང་མ་ལ་ཚད་བྱས་ཏེ་དགུང་ལོ་བརྒྱད་པ་ཅིག་བཞེངས་སོ། །ཡང་སྐྱེས་བུ་ཕྱི་མ་ལ་ཚད་ནས་ཏེ་དགུང་ལོ་བཅུ་གཉིས་པ་གཅིག་ལུགས་སུ་བླུགས་ཏེ་བཞེངས་པས། སྐུ་དེ་ཀའི་སྤྱན་འཁོར་ལ་གཟིགས་པ། ས་གནོན་གྱི་ཕྱག་རྒྱ་མཛད་པ། ཞབས་འཁོར་ལོ་རྩིབས་བརྒྱད་ཡོད་པ། དབུའི་གཙུག་ཏོར་ནོར་བུ་རིན་པོ་ཆེས་བརྒྱན་པ། མདོག་སྣ་ཚོགས་སུ་ཡོད་པ། གདན་ཁྲི་ལ་སེངྒེ་བརྒྱ་རྩ་བརྒྱད་དང༌། སྒྲོལ་མ་བརྒྱ་རྩ་བརྒྱད་ཀྱིས་བརྒྱན་པ། རྒྱབ་ཡོལ་ལ་མདོ་རྒྱ་ཆེར་རོལ་པའི་རྒྱུད་རིས་མཛད་པ་བཅུ་གཉིས་འབུར་དུ་བཏོད་པ། འོད་སྐོར་ལ་སངས་རྒྱས་སུམ་ཅུ་སོ་ལྔ་དང༌། ལྟག་ཁུང་ལ་ཁྲོ་བོ་བདུད་རྩི་འཁྱིལ་བ་འབུར་དུ་བཏོད་པ། རྒྱབ་ཡོལ་གྱི་ནང་སྐོར་གྱི་གཡས་གཡོན་ལ། ཉན་ཐོས་ཆེན་པོ་ཤཱ་རིའི་བུ་དང་མོའུ་འགལ་གྱི་བུ་དང༌། རབ་འབྱོར་དང་ཀུན་དགའ་བོ་ལ་སོགས་པ་མང་པོ་འབུར་དུ་བཏོད་པ། ཕྱི་སྐོར་ལ་རྒྱན་རྣམ་བཞི་དང༌། རྒྱལ་སྲིད་སྣ་བདུན་དང༌། བཀྲ་ཤིས་རྫས་བརྒྱད་འབུར་དུ་བཏོད་པ། རིན་པོ་ཆེ་སྣ་ལྔ་ལ་དབུ་རྒྱན་རྒྱལ་བ་རིགས་ལྔ་བཞེངས་ནས་དབུ་ལ་གསོལ་བ། ཟ་འོག་གི་སྣམ་ཡོལ་པདྨ་སྟོང་ལྡན་བྲིས་པ་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ཀའི་ཆ་ལུགས་ཚང་བ་གཉིས་བཞེངས་སོ། །སྐུ་དེ་གཉིས་གང་དུ་བཞུགས་པའི་སར་ཉན་ཐོས་རྒྱུན་དུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པ་དང༌། བྱང་ཆུབ་སེམས་དཔའ་ས་ཐོབ་པ་ཉི་ཟེར་གྱི་རྡུལ་ཙམ་པ་བཞུགས། དེའི་དབང་གིས་སྐུ་དེ་གང་ན་བཞུགས་པའི་སར་ཐེག་པ་ཆེན་པོ་འི་ཆོས་འབད་པ་མེད་པར་འོང་བ་དང་ལྡན་པ་གཉིས་བཞེངས་སོ། །བཟོ་བོ་ནི་ལྷའི་བཟོ་བོ་བི་ཤོ་ཀརྨས་བྱས། ཡོན་གྱི་སྦྱིན་བདག་ནི་ལྷའི་དབང་པོ་བརྒྱ་བྱིན་གྱིས་བྱས། སྐུའི་རྒྱུ་ནི་འཕགས་པ་བྱམས་པས་བསགས། རྟེན་རྫས་ནི་སངས་རྒྱས་འཁོར་བ་འཇིག་དང༌། རྣམ་པར་གཟིགས་དང༌། གཙུག་ཏོར་ཅན་དང༌། འོད་སྲུངས་གསུམ་གྱི་གདུང་དང་རང་བསྲེལ་མ་ག་ཏའི་བྲེ་རེ་རེ་སྟེ་བྲེ་གསུམ་དང༌། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བསམ་འཕེལ་དོན་གྲུབ་ཕུག་རོན་ཙམ་ཞིག་ནུ་མ་གཡས་པའི་ཐད་ཀ་ན་བཞུགས་སོ། །མངའ་གསོལ་དང་རབ་གནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཁོང་རང་གིས་མཛད་ནས། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་ཞལ་ནས་འདི་སྐད་ཅེས་གསུང་ངོ༌། །ངའི་སྐུ་རྟེན་འདི་ཇི་སྲིད་འཇིག་རྟེན་ན་གནས་ཀྱི་རིང་ལ་སྟོན་པ་ཤཱཀྱ་ཐུབ་པ་ང་འཇིག་རྟེན་ན་བཞུགས་པ་དང་འདྲ། མུ་སྟེགས་པ་ཡང་ཟིལ་གྱིས་འདིས་མནོན། སངས་རྒྱས་ཀྱི་བསྟན་པ་ཡང་འཇིག་རྟེན་དུ་ཡུན་རིང་དུ་གནས་ཏེ། སྐུ་དེ་ཀུན་གང་ན་གནས་པ་དེ་ཡུལ་དབུས་ཡིན་པས་འདིས་སྟོན་པའི་བྱ་བ་བྱེད་པར་འགྱུར་རོ་ཞེས་གསུངས་པ་དང༌། ཕྱག་ན་རྡོ་རྗེ་ན་རེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གསང་བ་ངས་འཛིན་པ་ཡིན་པས་གསང་བ་འཛིན་པ་ངས་འཛིན་བྱེད་ཟེར་ནས་དཀོན་གཉེར་ཁས་བླངས། ཡོན་བདག་ནི་ཚོགས་ཀྱི་བདག་པོས་ཁས་བླངས་སོ། །དེ་ནས་སྐུ་ཚབ་དེ་གཉིས་དང་པོ་རྒྱལ་པོ་གསལ་རྒྱལ་གྱི་ཕྱག་ཏུ་བཞུགས། དེ་ནས་ཤཱཀྱ་ཐུབ་པ་དགུང་ལོ་བརྒྱད་པའི་སྐུ་འདྲ་དེ་ཀླུའི་ཡུལ་དུ་ཀླུའི་རྒྱལ་པོ་བཏང་བཟུང་གིས་སྤྱན་དྲངས་ནས། ཀླུའི་རྒྱལ་པོ་བཏང་བཟུང་གི་འགྲོ་དོན་ལ་ཉིས་སྟོང་མཛད་དོ། །དེ་ནས་བལ་བོའི་རྒྱལ་པོ་ཧ་ལན་འདི་མཆོད་གནས་ཤི་མེ་ཏ་ཆུ་བབས་ཏི་དང༌། མཁན་པོ་ཀར་ཤཾ་གཉིས་ཀྱིས་མངོན་པར་ཤེས་པས་ཤཱཀྱ་ཐུབ་ཀྱི་སྐུ་ཚབ་མི་བསྐྱོད་རྡོ་རྗེ་དེ་ཀླུའི་ཡུལ་ན་བཞུགས་ཡོད་པར་ཤེས་ནས། ཀླུའི་རྒྱལ་པོ་བཏང་བཟུང་སྙུང་ནད་ཀྱིས་གཟིར་ནས་སྙུངས་ཏེ། དེ་ནད་ལས་གྲོལ་བར་མཛད་པའི་ཡོན་ཏུ་ཇོ་བོ་མི་བསྐྱོད་རྡོ་རྗེ་ཕུལ་ནས་དེ་བཞིན་གཤེགས་པ་ཁྲུས་མཛད་པའི་རྫིང་ན་ཡར་སྐུ་དེ་སྤྱན་དྲངས་སོ། །གདན་ཁྲི་ཀླུའི་ཡུལ་དུ་ཀླུ་ཕྱག་མཆོད་བྱེད་པའི་རྟེན་ལ་བཞུགས་སོ། །བསྟན་པ་ནུབ་ཙམ་ན་སྐུ་སྤྱན་འདྲེན་དུ་འཇུག་པར་ཁས་བླངས་པ་ཡིན། རིན་པོ་ཆེའི་མཆོད་རྟེན་མི་ཡུལ་ན་བཞུགས་ཚད་ཀླུའི་ཡུལ་དུ་སྤྱན་འདྲེན་པར་བྱས་སོ། །དེ་ནས་ཤཱཀྱ་ཐུབ་ཀྱི་སྐུ་ཚབ་དགུང་ལོ་བརྒྱད་པ་ཇོ་བོ་མི་བསྐྱོད་རྡོ་རྗེའི་སྐུ་དེ་བལ་པོའི་དགེ་སློང་ཤི་མེ་ཏ་ཆུ་འབབ་ཏི་དང༌། མཁན་པོ་ཀར་ཤཾ་གཉིས་ཀྱིས་གདན་ཁྲི་མེད་པའི་རྒྱལ་ཡོལ་བླ་བྲེ་དང་བཅས་པ་དེ་བལ་ཡུལ་དུ་གདན་དྲངས་ནས་བལ་ཡུལ་དུ་མི་ལོ་ཉིས་སྟོང་བཞུགས་ཏེ། བལ་པོའི་འགྲོ་དོན་མཛད་དོ། །བོད་ཡུལ་དུ་བྱོན་ཚུལ་ནི་འོག་གི་ལེའུ་ན་གསལ་ཏེ། རྒྱལ་པོ་སྲོང་བཙན་སྒམ་པོས་བལ་ཟ་ཁྲི་བཙུན་སྤྱན་དྲངས་པའི་ནང་ན་ཡོད་དོ། །གཟུགས་ཁམས་ཀྱི་ལྷ་རྣམས་ཤཱཀྱ་ཐུབ་ཀྱི་སྐུ་ཚབ་ནི་མིའི་ཁྲུ་སུམ་ཅུ་སོ་དྲུག་པ་ཞིག་བཞེངས་པ་དེ་ལྷ་ཚངས་པས་སྤྱན་དྲངས་ནས་གཟུགས་ཁམས་ཀྱི་ལྷ་རྣམས་ཚོགས་གསོག་པའི་རྟེན་མཛད་དོ། །ཡུལ་དང་ཞིང་ཁམས་གཞན་དུ་འབྱོན་པར་མ་བྱས། དེའི་བཟོ་ཡང་བི་ཤོ་ཀརྨས་བྱས་སོ། །འདོད་ཁམས་ཀྱི་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུ་ཚབ་མིའི་ཁྲུ་དྲུག་ཅུ་བ་གཅིག་བཞེངས་ཏེ། དེའི་བཟོ་ཡང་བི་ཤོ་ཀརྨས་བྱས་སོ། །སྐུ་དེ་ནི་འཕགས་པ་དྲུག་སྡེས་བལ་ཡུལ་དུ་གདན་དྲངས་ཏེ་ཡུལ་དང་ཞིང་ཁམས་གཞན་དུ་འབྱོན་པར་མ་བྱས་གསུང་གི་རྟེན་དུ་མྱ་ངན་འདས་ཆེན་དང་འདས་ཆུང་བཞེངས་སུ་གསོལ་ལོ། །དེ་ནས་ཀྱང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དགུང་ལོ་བཅུ་གཉིས་པའི་སྐུ་ཚབ་དེ་ལྷའི་དབང་པོ་བརྒྱ་བྱིན་གྱིས་གདན་ཁྲི་རྒྱབ་ཡོལ་དང༌། ཤ་དབུ་རྒྱན་བླ་བྲེ་དང་བཅས་པ་དེ་དགའ་ལྡན་དུ་གདན་དྲངས་སོ། །དགའ་ལྡན་ལྷ་ཡུལ་དུ་མི་ལོ་ལྔ་བརྒྱར་འགྲོ་དོན་མཛད་དོ། །དེ་ནས་ཨུ་རྒྱན་གྱི་མཁའ་འགྲོ་མ་རྣམས་ཀྱིས་ཨུ་རྒྱན་ཡུལ་དུ་གདན་དྲངས་ནས། བླ་བྲེ་ལྷའི་ཡུལ་དུ་བཞག་གོ །མི་ལོ་ལྔ་བརྒྱར་ཨུ་རྒྱན་ཡུལ་དུ་འགྲོ་དོན་མཛད་དོ། །དེ་ནས་རྒྱ་གར་ཡུལ་དུ་འབྱོན་པར་དགོངས་ནས་དབུ་རྒྱན་དེ་ཨུ་རྒྱན་ཡུལ་དུ་བཞུགས་སོ། །དེ་ནས་རྒྱ་གར་གྱི་གྲུབ་ཐོབ་པཎྜི་ཏ་རྣམས་ཀྱིས་ཁྲི་རྒྱབ་ཡོལ་དང་བཅས་པ་རྒྱ་གར་ཡུལ་དུ་གདན་དྲངས་ནས། དཔལ་ན་ལེནྡ྄ར་ཤཱི་ལའི་གཙུག་ལག་ཁང་དུ་བཞུགས་སོ། །རྒྱ་གར་ཡུལ་དུ་མི་ལོ་ལྔ་བརྒྱར་འགྲོ་དོན་མཛད་དོ། །རྒྱ་ནག་ཡུལ་དུ་འབྱོན་པ་ནི་འོག་ནས་སྟོན་པར་བྱའོ། །དེ་ནས་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་ནས་ཉན་ཐོས་ཆེན་པོ་རྣམས་ནི་རང་རང་གི་ཐུགས་ཀ་ནས་མེ་ཕྱུང་ནས་ཕུང་པོ་ལྷག་མ་མེད་པར་གྱུར། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་གདུལ་བྱའི་དོན་ལ་འཇིག་རྟེན་གྱི་ཁམས་གཞན་དུ་གཤེགས་སོ། །དེ་ནས་དེའི་ཕྱིར་སྦྱར་ཨ་སུ་ར་གསང་བའི་བྲག་ཕུག་ཏུ་སློབ་དཔོན་དགེ་སློང་ལྔ་བརྒྱས་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གསུངས་པའི་གསུང་རབ་སྡེ་སྣོད་གསུམ་བསྡུས་ནས། ལྷའི་བཟོ་བོ་བི་ཤོ་ཀརྨས་བརྗེད་ཐོར་ཡི་གེར་བཀོད་པས་སངས་རྒྱས་ཀྱི་བསྟན་པའི་མངའ་བདག་ནི་དགེ་སློང་ཡིན་ནོ། །དེ་མི་ནུབ་པའི་རྒྱལ་མཚན་དུ་ལོ་བརྒྱ་ན་གྲོང་ཁྱེར་ཡངས་པ་ཅན་དུ་དགེ་སློང་ལྔ་བརྒྱ་སྡེ་སྣོད་གསུམ་གྱི་དོན་བཀའ་འཁོར་ལོ་དང་པོའི་དགོངས་པ། བསྟན་བཅོས་ཀྱི་བྱེ་བྲག་ཏུ་བཤད་མཚོ་ཆེན་པོ་བམ་པོ་སུམ་བརྒྱ་བ་བརྩམས་སོ། །བསྟན་བཅོས་ལ་སྔ་བ་དེ་ཡིན་ནོ། །སངས་རྒྱས་ཤཱཀྱ་ཐུབ་འདས་ནས་མི་ལོ་བཞི་བརྒྱ་ན་སློབ་དཔོན་འཕགས་པ་ཀླུ་སྒྲུབ་བྱོན་ནས། བཀའི་འཁོར་ལོ་བར་བའི་དགོངས་པ་དབུ་མ་རིག་པའི་ཚོགས་དྲུག་རྣམས་བརྩམས་སོ། །སངས་རྒྱས་ཤཱཀྱ་ཐུབ་འདས་ནས་མི་ལོ་དགུ་བརྒྱ་ན་འཕགས་པ་བྱམས་པ་བྱོན་ནས། བཀའི་འཁོར་ལོ་ཐ་མའི་དགོངས་པའི་དོན་ངེས་པར་འགྲེལ་པ་ལྔར་བཀྲོལ་ལོ། །དེ་དག་ཐམས་ཅད་ཀྱང་ལྟ་བ་དང་སྤྱོད་པ་རྣམ་པར་དག་པ་ཉམས་སུ་བླང་བར་བྱ་བ་ལ་སོགས་པ་རྒྱས་པར་གནང་ངོ༌། །དེ་ནས་ལོ་ལྔ་བརྒྱ་ན་མ་ག་ཏའི་གྲུབ་ཐོབ་ཅིག་གི་ཇོ་མོ་འོད་ཟེར་ཅན་བསྒྲུབས་པས་འགྲུབ་པ་དང་ཤར་ཕྱོགས་བ་ལང་རྫིའི་གྲོང་ཁྱེར་དུ་ཕྱིན་པ་དང༌། བ་ལང་རྫིའི་མ་སྨད་གསུམ་སྐྲ་འབལ་ཞིང་ངུ་བྲང་རྡུང་བྱེད་པ་མཐོང་ནས་ཁྱོད་རྣམས་ཅི་ལ་མྱ་ངན་བྱེད་པ་ཡིན་བྱས་པས། ཨ་མ་ན་རེ་ངའི་བུ་ལ་རྒྱལ་པོའི་བུ་རེས་མོས་འབབ་པར་ཡོད་ཟེར། དེ་ལ་ངུ་ཅི་ལ་དགོས་བྱས་པས། རྒྱལ་པོ་བྱས་པ་དང་ངའི་བུ་འཆི་བ་ཡིན་ཟེར། འོ་ན་ངས་རྒྱལ་པོ་བྱའམ་བྱས་པས། བྱེད་པར་ཞུ་ཟེར། ཉི་མ་ནུབ་པ་དང་གྲོང་ཁྱེར་པའི་མི་ཐམས་ཅད་འདུས་ནས་ཕོ་བྲང་དུ་གྲུབ་ཐོབ་དེ་རྒྱལ་པོར་དབང་བསྐུར་རོ། །གྲོང་ཁྱེར་པ་རྣམས་ན་རེ་ཉིད་རང་རྣམས་ལ་རྒྱལ་པོ་མེད་ན་ཡུལ་གྱི་ཁྲིམས་འཇིག་ཉེན་ཡོད་ཟེར་རོ། །གྲུབ་ཐོབ་དེ་རྒྱལ་པོའི་ཁྲི་ལ་སྲོད་ཀྱི་དུས་ན་བཞུགས་ཡོད་ཙ་ན། ནམ་གུང་གི་དུས་སུ་ཀླུ་ཅིག་བཙུན་མོར་སྤྲུལ་ནས་བྱུང༌། བཙུན་མོ་དེ་སྦྲུལ་དུ་རེད་སོང་ནས་རྒྱལ་པོ་ཟར་བྱུང་བས་གྲུབ་ཐོབ་དེས་སྦྲུལ་བསད་དོ། །ནམ་ལངས་པ་དང་གྲོང་ཁྱེར་པའི་མི་ཐམས་ཅད་རོལ་ཆ་ཁྱེར་ནས་ནང་མའི་རིས་ཀྱི་རྒྱལ་པོའིརོ་སྤྱན་འདྲེན་པ་ཡིན་པ་ལ། དེའི་ནང་བར་རྒྱལ་པོ་དེ་ཀླུ་བདུད་ཀྱིས་བསད་ནས་ཤི་ཡོད་སྙམ་ནས་རོ་སྤྱན་འདྲེན་དུ་ཕྱིན་པ་ན་རྒྱལ་པོ་མ་ཤི་བར་འདུག་གོ །གྲུབ་ཐོབ་ཀྱི་རྒྱལ་པོ་ན་རེ་ངས་རྒྱལ་པོ་ཟ་མཁན་གྱི་ཀླུ་དེ་བཏུལ་ཡོད་ཅིང༌། ད་ཁྱེད་རང་ཚོ་རྒྱལ་པོའི་རེ་མོས་སུ་ཡོད་པ་དེ་རྒྱལ་པོར་འོས་པ་གང་ཡིན་པ་ཅིག་རྒྱལ་པོར་བསྐོས་བྱས་པས། ཁོང་རྣམས་ན་རེ་ད་ཁྱེད་ཀྱིས་རྒྱལ་པོ་མཛད་པར་ཞུ་ཟེར་བས་གྲུབ་ཐོབ་དེས་རྒྱལ་པོ་མཛད་དོ། །རྒྱལ་པོ་དེའི་མིང་ནི་དག་པ་ཞེས་བྱའོ། །དེའི་སྲས་དྷརྨ་པ་ལ། དེའི་སྲས་དེ་བ་པ་ལ། དེའི་སྲས་དྷརྨ་པཱ་ལའི་སྐུ་རིང་ལ་ནུབ་ཕྱོགས་སུ་ན་ལེནྡ྄རར་ཕྱི་པ་མུ་སྟེགས་པས་དམག་དྲངས་པའི་དུས་ཕན་ཆད་དུ། ཇོ་བོ་ཤཱཀྱ་མུ་ནེའི་སྐུ་དེ་མི་ལོ་བཞི་བརྒྱར་དཔལ་ན་ལེནྡ྄ར་ཤཱི་ལར་བཞུགས་ནས་འགྲོ་དོན་མཛད་པ་ཡིན། དེ་ནས་མུ་སྟེགས་ཀྱི་དམག་དུགས་ཆེ་བས་མ་ཐུབ་ཀྱི་དོགས་ནས་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་དེ་ཨོ་ཏན་ཏ་པུ་རིའི་གཙུག་ལག་ཁང་དེ་བཙན་ལ་མཐུ་དཔུང་ཆེ་སྟེ་མུ་སྟེགས་ཀྱི་དམག་གིས་མི་ཐུབ་པས་ཤཱཀྱ་མུ་ནེ་དེ་ཨོ་ཏན་ཏ་པུ་རིའི་ལྷ་ཁང་དུ་མི་ལོ་བརྒྱ་ཐམ་པ་བཞུགས་པ་ཡིན། དེ་ནས་ཕྱི་པ་མུ་སྟེགས་པའི་དམག་ཆེན་བྱུང་ནས་དཔལ་ན་ལེནྡ྄རའི་མགོན་པོ་བརྒྱད་ཀྱི་ལྷ་ཁང་དང༌། སྒྲོལ་མ་བརྒྱད་ཀྱི་ལྷ་ཁང་ལ་སོགས་པ་བཤིག པཎྜི་ཏ་ཐམས་ཅད་བཀྲོངས། གླེགས་བམ་གསུང་རབ་ཐམས་ཅད་ཀྱང་མེས་བསྲེགས་ནས་ཆོས་བསྣུབས་སོ། །ཡུལ་མ་ག་ཏའི་རྒྱལ་པོ་འཕམ་པར་བྱས་པས། དེར་རྒྱལ་པོ་དྷརྨ་པ་ལས་རྒྱ་ནག་ཀེ་ཤི་ཁྲི་སྒོའི་རྒྱལ་པོ་ལ་ཕོ་ཉ་བཏང་སྟེ། ཨེ་མ་ངེད་ལ་རྒྱུ་སེམས་ཅན་ལ་སངས་རྒྱས་འབྱུང་བ་སྒྲུབ་ཏུ་ཡོད་པའི་ཆོས་བྱ་བ་ཅིག་ཡོད་པས། དེ་ལ་ཕྱི་པ་མུ་སྟེགས་པས་ཕྲག་དོག་བྱས་ཏེ་མུ་སྟེགས་དུ་རུ་ཀའི་དམག་བརྒྱབ་ནས། ཉིད་ཀྱི་ཆོས་ལེགས་པོ་དེ་ཁོང་གིས་བསྣུབས་ནས་མེད་པས། ད་ཁྱེད་རྒྱ་ནག་འདི་དཔུང་ཆེ་བས་དམག་གཏོང་བར་ཞུ་བ་ཕུལ་བས། དེ་ལ་རྒྱ་ནག་གིས་སྐྱེས་ལན་གཉིས་བྱུང་བ་ལ་སྐྱེས་ཀྱི་དང་པོ་ནི་རྒྱ་ནག་གི་རྒྱལ་པོས་ཟ་འུག་ཆེན་པོའི་བེར་བསྲུབས་མེད་པ་ཇི་ལྟར་བྱས་གོན་ཀྱང་ཐུགས་ཀར་དཔལ་བེ་བཞི་ཕུང་ངེ་ཡོད་པ་གཉིས་ཀྱི་སྐྱེས་ལན་གཉིས་བྱུང་ནས། ཟབ་ཆེན་གྱི་བེར་གཅིག་བྷ་གྷ་ལའི་རྒྱལ་པོ་ལ་ཕུལ་ཏེ་དམག་ཞུས་པས་གནང་ནས། རྒྱ་ནག་གི་དམག་དང་བྷ་གྷ་ལའི་དམག་དང་བཅས་ཏེ་ནང་པ་སངས་རྒྱས་པའི་རྒྱལ་པོའི་དམག་ཡང་ཤོགས་ཏེ། ཕྱི་པ་མུ་སྟེགས་པའི་རྒྱལ་པོ་ལ་དམག་ཐམས་ཅད་དྲངས་ནས། མུ་སྟེགས་དང་དུ་རུ་ཀའི་དམག་ཚོགས་ཐམས་ཅད་ཐལ་བར་བཏུལ། མུ་སྟེགས་པའི་རྟེན་ཐམས་ཅད་ཀྱང་བཤིག་ནས་མུ་སྟེགས་ཐམས་ཅད་བརླག་པར་བྱས་སོ། །སྐྱེས་ལན་གཉིས་པ་ཕྱི་མ་ལ་ལྷ་ཁང་བཤིག་པ་ཐམས་ཅད་གསོས། གླེགས་བམ་དང་གསུང་རབ་རྣམས་བྲིས། ཆོས་ཁྲིམས་བཙུགས་པས་སངས་རྒྱས་ཀྱི་བསྟན་པ་ཡང་སྔར་ལྟར་ཚུད་དོ། །དེ་རྒྱ་ནག་པོའི་དྲིན་ཡིན་པས་དེའི་སྐྱས་ལན་གྱི་དོད་ཐུབ་པ་ཅིག་བསྐུར་བར་འདོད་པས་ཁོང་གི་དེ་ལ་འགྲན་ཟླ་མ་རྙེད་ནས། མི་རྣམས་ལ་རེ་ཉིད་ཀྱི་རྒྱལ་པོ་འདི་ཆེ་བ་ཡིན་ཟེར། རྒྱལ་པོ་ནི་ཁོང་སྐྱེས་ལན་དུ་མི་འགྲུབ་པ་ཅིག་འདོད་པ་ཡིན་སྙནམ་ནས་བློ་མ་བདེ། དེའི་དུས་སུ་རྒྱ་ནག་པོ་ན་རེ། ཁྱེད་རྒྱ་གར་བོ་ཆོས་ཀྱི་ཉམས་ཆེ། ངེད་རྒྱ་ནག་པོ་ཆོས་ཀྱི་ཉམས་ཆུང་བས་ང་ལ་སྐྱེས་ལན་དུ་སངས་རྒྱས་དཀོན་མཆོག་གི་རྟེན་དུ་ཤཱཀྱ་ཐུབ་པ་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་ལྷ་ཤཱཀྱ་མུ་ནེ་དང༌། ཆོས་དཀོན་མཆོག་གི་རྟེན་དུ་ཆུ་ཀླུང་བ་ཚའི་མདོ་དང༌། རྒྱན་སྟུག་པོའི་མདོ་དང༌། འདུལ་བ་བཀོད་པའི་མདོ་དང༌། ཟ་མ་ཏོག་བཀོད་པའི་མདོ་དང་བཞི། དགེ་འདུན་དཀོན་མཆོག་གི་རྟེན་དུ་དགེ་སློང་མདོ་སྡེ་འཛིན་པ་དང༌། མངོན་པ་འཛིན་པ་དང༌། འདུལ་བ་འཛིན་པ་དང༌། ཕར་ཕྱིན་འཛིན་པ་དང་བཅས་ཏེ་དགེ་སློང་བཞི་སྡེ་རྣམས་བསྐུར་དགོས་ཟེར་བ་བྱུང་བས། དེ་མི་བསྐུར་མ་བཏུབ་པར་རྒྱལ་པོ་དང༌། གནས་བརྟན་དང༌། པཎྜི་ཏ་དང༌། ཡོན་བདག་རྣམས་གྲོས་ཏེ་རྒྱ་ནག་རྒྱལ་པོ་ལ་སྐྱེས་ལན་དུ། བཅོམ་ལྡན་འདས་ཤཱཀྱ་ཐུབ་ཀྱི་སྐུ་ཚབ་ལྷ་ཤཱཀྱ་མུ་ནེ་གདན་ཁྲི་དང་བཅས་པ་དེ་དང༌། གསུང་རབ་བ་ཚ་ཆུ་ཀླུང༌། རྒྱན་སྟུག་པོ། འདུལ་བ། ཟ་མ་ཏོག དགེ་སློང་མདོ་འཛིན་པ་བཞི་དང༌། ཤཱཀྱ་མུ་ནེ་གདན་ཁྲི་དང་བཅས་པ་རྒྱབ་ཡོལ་མེད་པར་གཟིངས་ཀྱི་ནང་དུ་བཞུགས་ནས་ཆུ་བོ་ཆེན་པོའི་ཁ་ལ་གདན་དྲངས་ཏེ་རྒྱ་ནག་ཏུ་བརྫངས་སོ། །རྒྱ་ནག་ཡུལ་དུ་ཆོས་དར་བ་དང་བཀྲ་ཤིས་པར་བྱས་སོ། །ཇོ་བོའི་རྒྱབ་ཡོལ་མཛད་པ་བཅུ་གཉིས་ཡོད་པ་དེ་རྒྱ་གར་གྱི་ཨོ་ཏན་པུ་རིའི་གཙུག་ལག་ཁང་ན་བཞུགས་ཡོད་དོ། །དེ་ནས་བོད་ཡུལ་དུ་ཁྲི་རྒྱབ་ཡོལ་མེད་པར་རྒྱ་མོ་ཨོང་ཅོང་གི་མཆོད་གནས་སུ་གྱད་ལྷ་དགའ་དང་ཀླུ་དགས་གདན་དྲངས་ནས་རྒྱས་བཏབ་ར་མོ་ཆེར་ཀླུའི་ཕོ་བྲང་འཇིགས་གཟུགས་ཀྱི་སྟེང་དུ་བཞུགས་པ་ནི། རྒྱལ་པོ་སྲོང་བཙན་སྒམ་པོས་རྒྱ་མོ་ཨོང་ཅོང་སྤྱན་དྲངས་པའི་ལེའུ་མ་གི་ན་རྒྱས་པར་གསལ་ལོ། །སངས་རྒྱས་ཅིང་མི་གསུང་བའི་སྐུ་ཚབ་ནི། སངས་རྒྱས་འདས་ནས་མི་ལོ་བརྒྱད་ཅུ་ན། བྲམ་ཟེ་མ་ཧཱ་ཆེན་པོ་ལ་བུ་གསུམ་ཡོད་པའི་བུ་ཆེ་བའི་མིང་ལ་མ་ཧཱ་ས་མེ་ཟེར། འབྲིང་པོའི་མིང་ནི་བྷི་མེ་ཟེར། བུ་ཆུང་པའི་མིང་ལ་ཙཀྲ་ས་མེ་ཟེར་རོ། །བྲམ་ཟེའི་བུ་གསུམ་པོ་དེ་ཉི་མའི་རེས་ཀྱིས་འཐབས་ནས་མཆི་མ་ཙ་རེ་ལོག་ཡོངས་པས། ཨ་མ་ན་རེ་ཁྱོད་རྣམས་འཁྱགས་ན་རས་གོན། ལྟོགས་ན་འབྲས་ཟོ་ལ་མ་འཐབ་དང༌། ཁྱོད་ཚོ་ཅི་ལ་འཐབ་བྱས་པས། བུ་ཆུང་བ་ན་རེ་ངེད་ཚོ་ལྟོགས་པ་དང་འཁྱགས་ནས་འཐབས་པ་རང་མིན་ཏེ། ངས་ལྷ་དཀོན་མཆོག་གསུམ་བཟང་ཆོས་ལུགས་ནང་པ་སངས་རྒྱས་པ་བཟང་བྱས་པས། ཨ་བོ་གཉིས་ན་རེ་ལྷ་དབང་ཕྱུག་མ་ཧཱ་དེ་བ་བཟང་ཆོས་ལུགས་ཕྱི་པ་མུ་སྟེགས་པ་བཟང་བ་ཡིན་ཟེར་ནས་ཉིད་ཚོ་མ་འཆམ་པར་འཐབས་པ་ཡིན་ཟེར་བས། ཨ་མ་ན་རེ་ལྷ་དང་ཆོས་ལུགས་གཉིས་ཀ་བཟང་བ་ཡིན་ཅིག འདི་ནས་བྱང་ཕྱོགས་ཀྱི་རི་ནག་པོ་བདུན་འདས་པ་ན་གངས་རི་ཏི་སེའི་རྩ་ན་ལྷ་དབང་ཕྱུག་མ་ཧཱ་དེ་བ་ཡོད་ཀྱིས་དེ་ལ་དྲིས་ཤིག་ཟེར་ནས་བུ་གསུམ་པོའི་རྐང་པ་ལ་རྐང་མགྱོགས་ཀྱི་རྫུས་བྱུགས་ནས་འཕུར་སྟེ་བཏང་བས། གངས་རི་ཏི་སེའི་རྩ་ན་ལྷའི་བུ་མོ་གསུམ་སྣོད་མཛེས་པ་རེ་ཁྱེར་ནས་མེ་ཏོག་དཀར་སེར་སྔོ་གསུམ་འཐུ་ཡི་འདུག་པ་ལ། ཁྱེད་རྣམས་མེ་ཏོག་བཏུས་ནས་ཅི་བྱེད་བྱས་པས། བུ་མོ་རྣམས་ན་རེ། ལྷ་མ་ཧཱ་དེ་བས་ཉན་ཐོས་ལ་མཆོད་པ་འབུལ་བ་ཡིན་ཟེར། བུ་མོ་རྣམས་དང་འགྲོགས་ནས་ཕྱིན་པས། ལྷ་མ་ཧཱ་དེ་བས་བཅོམ་ལྡན་འདས་ཀྱི་འཁོར་ཉན་ཐོས་རྣམས་ལ་གསོལ་བ་བཏབ་པས། ཉན་ཐོས་རྣམས་མདུན་གྱི་མཁའ་ལ་བྱོན་ནས་གདན་བཤམས་པ་ལ་བཞུགས་སོ། །དེ་ནས་ལྷ་མ་ཧཱ་དེ་བས་ཉན་ཐོས་རྣམས་ལ་བསྙེན་བཀུར་བྱས་མེ་ཏོག་གཏོར་བས་ཉན་ཐོས་རྣམས་ནམ་མཁའ་ལ་བཞུད་དོ། །དེ་ནས་བྲམ་ཟེ་སྤུན་གསུམ་ན་རེ་ལྷ་མ་ཧཱ་དེ་བ་ལགས། ཆོས་ལུགས་ཕྱི་པ་མུ་སྟེགས་པ་དང་ནང་པ་སངས་རྒྱས་པ་གཉིས་གང་བཟང་བྱས་དྲིས་པས། མ་ཧཱ་དེ་བ་ན་རེ་ཚེ་འདིའི་ཐུན་མོང་གི་དངོས་གྲུབ་ང་མྱུར། ཚེ་ཕྱི་མའི་བྱང་ཆུབ་སྒྲུབ་རྒྱུ་ང་ལ་མེད། ང་རང་ཡང་ཕྱི་མའི་བདེ་བ་འདོད་པའི་ཆེད་དུ་འཁོར་ཉན་ཐོས་ལ་མཆོད་པ་ཡིན་ནོ། །དེ་རིང་ཁྱེད་རང་ཚོས་མཐོང་བས་ཤེས་མོད་ཅེས་ཟེར་ནས་ཚིགས་བཅད་ཅིག་མཛད་དོ། །བཅོམ་ལྡན་ལྷ་ཡི་ལྷར་གྱུར་པ། །བླ་མའི་ཡང་ནི་བླ་མ་མཆོག །མཆོག་གནས་ཀྱི་ཡང་མཆོད་གནས་ཏེ། །འཇིག་རྟེན་གསུམ་ན་མཉམ་མེད་པ། །བྱ་བ་ལ་སོགས་པ་གསུངས་སོ། །དེ་ནས་ཆོས་ལུགས་ནང་པ་སངས་རྒྱས་པ་བཟང་བར་ཤེས་ནས་ཁོང་སྤུན་ཚོས་ཨ་མའི་དྲུང་དུ་ལོག་འོངས་ནས་དེ་རྣམས་སྨྲས་པས། མ་ན་རེ་ངས་དང་པོ་ནས་ཆོས་ལུགས་ནང་པ་བཟང་བར་ཤེས་ཏེ། ངས་འདི་ལྟར་ཡིན་བཤད་ན་ཕྱོགས་གོ་ཡི་དོགས་པ་ཡིན་ཟེར་རོ། །དེ་ནས་བུ་ཆེ་ཤོས་དེ་ན་རེ་ང་ཚོས་བྱེད་པའི་ལྷ་གར་བྱ་ཟེར་བས་མ་ན་རེ་ཁྱོད་ཀྱི་ལྷ་རི་བོ་གངས་ཅན་གྱི་རྒྱུད། ཆུ་བོ་སྐལ་ལྡན་ཤིང་རྟའི་འགྲམ། ཡུལ་ཝ་ར་ན་སི་ན་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་ཁྲོད་ན་སངས་རྒྱས་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ས་ན་རྡོ་རྗེ་རིན་པོ་ཆེའི་གསེར་ཡོད་དེར་གྱིས། བུ་འབྲིང་བོ་ན་རེ་ང་ཆོས་བྱེད་ལྟ་གར་བྱ་ཟེར་བས། མ་ན་རེ་ཁྱོད་ཀྱི་ལྷ་ནི་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ཏ་ཀའི་སྐད་འདོན་པའི་ས་ན། སངས་རྒྱས་མཚན་མ་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ས་ན་གནས་ཆེན་པོ་བརྒྱད་ཀྱི་ས་ལོང་ལ་དེར་གྱིས་ཟེར། བུ་ཆུང་ཤོས་ན་རེ་ང་ཆོས་བྱེད་པའི་ལྷ་གར་བྱ་ཟེར་བས། མ་ན་རེ་ཁྱོད་ཀྱི་ལྷ་ཁོང་ཨ་བོ་ཕོ་བོ་གཉིས་པས་བྱེད་ས་བཟང་བ་ཅིག་ཡོད། ཁྱོད་དང་པོ་ནས་ནང་པ་སངས་རྒྱས་པ་ལ་མོས་ལ་གུས་པས། ཆུ་བོ་གངྒཱའི་འགྲན་ན་སངས་རྒྱས་ཀྱི་ཁྲུས་ཀྱི་རྫིང་བུའི་རྩ་ན་མ་ཧེ་ཞལ་བའི་འོག་ན་ཙན་དན་གོར་ཤི་ཤའི་སྡོང་པོ་ཡོད་པ་དེ་བ་དཀར་མོའི་འོ་མས་འདག་པ་གྱིས་ལ། བུ་མ་གཙང་མ་བཞི་ལ་ཙན་དན་བརྡར་དུ་ཆུག་ལ་རྡོ་རྗེ་གདན་གྱི་སྟེང་ན་ཟག་པ་མེད་པའི་ཏིང་ངེ་འཛིན་ལ་བཞུགས་པའི་ས་ཡོད་པས། དེར་ཕྱི་མཆོད་རྟེན་ལ་ནང་སྤྱིལ་བོར་འདུག་པ་ཅིག་སོ་ཕག་ལ་རྩིགས་ལ་དེའི་ནང་དུ་སྤོས་ཀྱི་གོང་བུ་དེ་ཆུག་ལ་ཞོག་དང༌། ཟླ་བ་དྲུག་དང་ཞག་དྲུག་ན་ཁྱོད་ཀྱི་ལྷར་བྱོན་ནས་འོང་ཅིག་ཟེར་བས་བུས་ཀྱང་དེ་ལྟར་དུ་བྱས་པའི་ཚེ་ན། མ་ག་ཏའི་དེད་དཔོན་ཅིག་རྒྱ་མཚོར་ནོར་བུ་རིན་པོ་ཆེ་ལེན་དུ་འགྲོ་བ་ལ་ཕ་དེ་ན་རེ་ཁྱོད་ཀྱིས་མིས་མི་ཉོ་བའི་ཟོང་ཅིག་ཉོས་ཤིག་ཅིག་ཟེར་བས། མི་རྒན་གྱིས་ཟེར་བའི་གཏམ་ལ་གཏད་པ་ཡོད་དམ་སྙམ་ནས་ཡིད་ལ་བཞག་སྟེ་ནོར་བུ་བསླངས་ནས་ཡོང་བས། རྒྱ་མཚོའི་གཟིངས་ཡོད་པའི་ནང་དུ་སྔར་མེད་པའི་མི་སྔོ་སང་ངེ་བ་ཅིག་བྱུང་བས། ཚོང་པ་རྣམས་ན་རེ་འདི་ངན་པ་བྱེད་པ་ཅིག་ཡིན་ཟེར་ནས་ཐག་པས་བཅིངས་ཏེ་གསོད་རྩིས་བྱས་པ་དང༌། དེད་དཔོན་དེས་ཕའི་གཏམ་དེ་དྲན་ནས་འདི་སུས་ཀྱང་ཉོར་མི་བཏུབ་པའི་ཟོང་ཡིན་སྙམ་ནས་ཁོང་གི་རིན་པོ་ཆེའི་སྐལ་བ་དེ་གཞལ་ནས་མི་དེ་ཉོས་པས། མི་སྔོན་པོ་དེ་ཆུར་མཆོངས་ནས་སོང་བ་དང་རིན་པོ་ཆེ་མ་རྒད་མཐིང་ཀའི་མདོག་ཅན་བརྒྱད་གཞོག་བྱས་སྣ་ཐོ་གཉིས་སྒོ་ལྟར་ཟླུམ་པོར་ཡོད་པ་ཁྲུ་གང་ལག་ཏུ་ཐོགས་ཏེ། ང་གསོད་དུ་མ་བཅུག་པའི་བྱ་དགའ་འདི་འབུལ་ཟེར་ནས་དེད་དཔོན་ལ་ཕུལ་ལོ། །དེད་དཔོན་དགའ་དྲགས་ནས་འདི་དུམ་བུ་གཉིས་སུ་སོང་ན་བྲམ་ཟེ་ཙཀྲ་ས་མེའི་ལྷའི་སྤྱན་འབྲས་བྱེད་པ་ཡིན་སྙམ་མོ། །དེ་ཙ་ན་རྫིངས་ཀྱི་ཕྱིར་ཐོན་པ་དང་དེད་དཔོན་དེ་བརྡབ་ཕོགས་ཅིག་འཕྱོས་པས་རིན་པོ་ཆེ་དེ་ཆག་ནས་དུམ་བུ་གཉིས་སུ་སོང་ནས། བྲམ་ཟེ་ཙཀྲ་ས་མེ་ལ་ཕུལ་ལོ། །བྲམ་ཟེ་དེས་སོ་ཕག་གི་མཆོད་རྟེན་སྤྱིལ་བུའི་བུག་པ་ནས་ཕར་བཅུག་བཏང་ངོ༌། །དེ་ནས་ཟླ་བ་དྲུག་དང་ཞག་ལྔ་ན་བྲམ་ཟེའི་ཨ་མ་ན་རེ། བུ་ཁྱོད་ཀྱི་ལྷ་དེ་སངས་རྒྱས་དངོས་འདྲའམ་མི་འདྲ་ངས་བལྟའོ། །སོ་ཕག་ཁ་ཕྱེ་ཅིག་ཟེར་བས། ཨ་མ་ན་རེ་ནང་བར་ང་འཆི་བ་ཡིན་པས་ང་མིན་པ་སངས་རྒྱས་ཤཱཀྱ་ཐུབ་པའི་ཞལ་མཐོང་མཁན་མེད་པས། ངས་མ་བལྟས་ན་སངས་རྒྱས་དངོས་འདྲའམ་མི་འདྲ་མི་ཤེས་ཟེར་བས། དེ་ནས་བུས་སོ་ཕོག་སྒོ་ནས་ཨ་མ་རྒན་མོས་བུའི་ལྷ་དེ་སངས་རྒྱས་དངོས་འདྲའམ་མི་འདྲ་བལྟས་ནས་ཕྱིར་བྱུང་བ་ལ། བུ་དེས་ཨ་མ་ངའི་ལྷ་སངས་རྒྱས་ཤཱཀྱ་ཐུབ་པ་འདྲའམ་མི་འདྲ་བྱས་དྲིས་པས། ཨ་མ་ན་རེ་བུ་ཁྱོད་ཀྱི་ལྷ་དེ་སངས་རྒྱས་ཀྱི་དངོས་པོ་རྣམ་པ་བརྒྱད་ཀྱིས་མི་འདྲ་བར་འདུག་ཟེར་བས། བུ་ན་རེ་ཅི་ལྟར་དུ་མི་འདྲ་ཟེར་བས་ཨ་མ་ན་རེ། སངས་རྒྱས་ལ་དབུའི་གཙུག་ཏོར་བལྟར་མི་མངོན་པར་ཡོད་པ་ལ། འདི་ལ་དབུའི་གཙུག་ཏོར་ལྟར་མངོན་པར་འདུག སངས་རྒྱས་ལ་དབུ་སྐྲ་བུང་བ་ལྟར་གནག་པ་འདི་ལ་དབུ་སྐྲ་སྔོ་བར་འདུག །སྨིན་མཚམས་ཀྱི་མཛོད་སྤུས་འགྲོ་བ་མང་པོའི་དོན་མཛད་ནུས་པ་ཡོད་པ་ལ་འདི་ལ་མི་འདུག །གསུང་གི་ཆོས་ཀྱི་སྒྲས་འགྲོ་བ་མང་པོ་སོ་སོར་རང་རང་གི་སྐད་དུ་གོ་བར་ཡོད་པ་ལ་འདི་ལ་མི་འདུག །སྤྱོད་ལམ་རྣམ་པ་བཞིས་སེམས་ཅན་གྱི་དོན་མཛད་པར་ཡོད་པ་ལ་འདི་ལ་མི་འདུག །དད་པ་ཅན་གྱིས་ན་བཟའ་ཕུལ་ནས་གསོལ་ཙ་ན་སོར་བཞིས་སྐུ་ལ་མི་རེག་པར་འོང་བ་ལ་འདི་ལ་མི་འདུག །སྐུ་ལ་འོད་ཟེར་འདོམ་གང་ཡོད་པ་ལ་འདི་ལ་མི་འདུག །བྱིན་བརླབས་དང་ཡོན་ཏན་གཞན་ཐམས་ཅད་འདྲ་བར་འདུག་ཟེར་རོ། །ཡང་བུ་ན་རེ་ཨ་མ་དུས་ཕྱིས་ངའི་ལྷ་འདི་ལ་ཡོན་ཏན་ཇི་ལྟ་བུ་ཡོད་ཟེར་བ་ལ། མ་ན་རེ་བུ་ཁྱོད་ཀྱི་ལྷ་འདི་ལ་ཡོན་ཏན་དུས་ཕྱིས་འདི་ལྟར་ཡོང༌། །ཕྱི་པ་མུ་སྟེགས་པ་དང་ནང་པ་སངས་རྒྱས་པ་གཉིས་མཆོད་པའི་སྐུ་རྟེན་གང་བཟང་འགྲན་པའི་དུས་སུ་ནང་པས་ཕྱི་པའི་རྟེན་ལ་ཕྱག་མི་འཚལ་བ་ཡིན། ཕྱི་པ་མུ་སྟེགས་པས་ནང་པའི་རྟེན་ལ་ཕྱག་མི་འཚལ་བའི་དམ་བཅས་ནས་ཡོད་པ་ཡིན་པ་ལ། །བུ་ཁྱོད་ཀྱི་ལྷའི་སྐུ་རྟེན་འདི་མཐོང་བའི་དུས་སུ་མུ་སྟེགས་པ་རང་དབང་མེད་པར་ཕྱག་འཚལ་དགོས་པ་ཡིན། སྐུ་འདི་ལྟ་བས་ཆོག་མི་ཤེས་ཏེ་ཞལ་ལྟ་བའི་དུས་སུའང་ཟས་སྐོམ་ཡིད་ལ་མི་དྲན་པ་འོང༌། ཕྱིར་འོང་བའི་དུས་སུ་རྒྱབ་སྟོན་མི་ཕོད་པར་ཕྱིར་ནུར་བྱེད་དགོས་པ་འོང་ཟེར། དུས་ཕྱིས་ཀྱང་དེ་བཞིན་དུ་བྱུང་བ་ཡིན་སྐད། །བུ་ཆུང་ཤོས་བྲམ་ཟེ་ཙཀྲ་ས་མེའི་ལྷ་ནི་བྱང་ཆུབ་ཆེན་པོའི་རང་བྱོན་གོང་དུ་བཤད་པ་དེ་ཡིན་ནོ། །སྐུ་དེ་ད་ལྟ་རྒྱ་གར་རྡོ་རྗེ་གདན་ན་བཞུགས་ཡོད་དོ། །བུ་ཆེ་ཤོས་བྲམ་ཟེ་མ་ཧཱ་ས་མེའི་ལྷ་ནི་ཆོས་ཀྱི་འཁོར་ལོ་ཞེས་གྲགས་སོ། །སྐུ་དེ་ད་ལྟ་དཔལ་ན་ལེནྡ྄ར་ན་བཞུགས་ཡོད་དོ། །བུ་འབྲིང་པོ་བྲམ་ཟེ་བྷི་ས་མེའི་ལྷ་ནི། བྷི་ཧུ་ལུ་ཝིན་ཞེས་གྲགས་སོ། །སྐུ་དེ་ད་ལྟ་ཨོ་ཏན་པུ་རི་ན་བཞུགས་ཡོད་དོ། །བྲམ་ཟེ་མ་ཧཱ་ཆེན་པོ་དང་མ་རྒན་གཉིས་ལ་བུ་གསུམ་ཡོད་པ་ལས། བུ་ཆེ་ཤོས་མ་ཧཱ་ས་མེ་ཟེར། བུ་འབྲིང་པོ་བྷི་ས་མེ་ཟེར། བུ་ཆུང་ཤོས་ཙཀྲ་ས་མེ་ཟེར་རོ། །བུ་སྤུན་གསུམ་གྱིས་སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་ཚབ་རེ་རེ་སྟེ་གསུམ་བཞེངས་ཏེ། གནས་རྡོ་རྗེ་གདན་དང༌། ན་ལེནྡ྄ར་དང༌། ཨོ་ཏན་ཏ་པུ་རི་དང་གསུམ་ན་བཞུགས་སོ། །མ་རྒན་མོ་དེ་ཤི་བ་དང་སྐུ་གདུང་རིང་བསྲེལ་འབའ་ཞིག་ཏུ་གྱུར་ཏོ། །སྤྲུལ་སྐུས་འདུལ་བའི་ལེའུ་སྟེ་གསུམ་པའོ།། །། ལེའུ་བཞི་པ། ཟང་ཟིང་གིས་བཏུལ་བ། དེ་ནས་བར་མ་བསྟན་པ་ལ། སངས་རྒྱས་འདས་པའི་གསུང་གིས་འཛམ་བུའི་གླིང་གི་སེམས་ཅན་རྣམས་རིགས་གསུམ་མགོན་པོའི་རྣམ་འཕྲུལ་གྱིས་སེམས་ཅན་དྭ་ཕྲུག་གི་ཚུལ་དུ་སྐྱོང་སྟེ། འཛམ་བུའི་གླིང་གི་ནུབ་བྱང་ན་ལྕང་ལོ་ཅན་གྱི་ཕོ་བྲང་ན་བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་བཞུགས་ནས། དེའི་ཕྱོགས་ཀྱིས་ཕྲ་མེན་མ་རྣམས་ལ་ཆོས་སྟོན་ཏོ། །འཛམ་བུའི་གླིང་གི་བྱང་ཤར་ན་རི་བོ་རྩེ་ལྔ་ན་བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་བཞུགས་ནས། མཁའ་འགྲོ་མ་རྣམས་ལ་གསང་སྔགས་ནང་པའི་ཆོས་སྟོན་ཏོ། །འཛམ་བུ་གླིང་གི་ལྷོ་ནུབ་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཨུ་རྒྱན་པདྨར་སྐུ་འཁྲུངས་ཏེ་དུར་ཁྲོད་ལང་ག་རྩེགས་པའི་ཚལ་ཆེན་ན་མཁའ་འགྲོ་མ་རྣམས་ལ་གསང་སྔགས་ནང་པའི་ཆོས་སྟོན་ཏོ། །འཛམ་བུའི་གླིང་གི་ཤར་ལྷོའི་རི་པོ་ཏ་ལ་ན་བཅོམ་ལྡན་འདས་ཨཱརྱ་པ་ལོ་སྤྱན་རས་གཟིགས་ཐུགས་རྗེ་ཆེན་པོ་དེ་འགྲོ་བ་སེམས་ཅན་གྱི་དོན་ལ་དགོངས་ཏེ་བཞུགས་སོ། །དེ་ནས་ཡང་ཤར་ལྷོའི་རི་པོ་ཏ་ལ་ནས་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་དེ་བྱང་ཕྱོགས་ཁ་བ་ཅན་རྣམས་ཀྱི་དོན་མཛད་པ་ལ། དེའི་སེམས་ཅན་རྣམས་ཆོས་ཀྱི་སྣོད་དུ་མ་གྱུར་པས། ཐམས་ཅད་དམྱལ་བར་སྐྱེ་བར་གཟིགས་ནས་འཕགས་པ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས་སངས་རྒྱས་བྱང་ཆུབ་སེམས་དཔའ་ཕྱག་སྟོང་སྤྱན་སྟོང་ཞལ་བཅུ་གཅིག་བྱས་པ་ཞིག་སྤྲུལ་ནས། བོད་ཡུལ་ཁ་བ་ཅན་གྱི་ས་འོག་དཔག་ཚད་བརྒྱ་ན་ཡི་དྭགས་ཀྱི་གནས་རྣམས་ཡོད་དོ། །དེ་ནས་ས་ངམས་དཔག་ཚད་བརྒྱ་ན་ན་རག་དམྱལ་བའི་གནས་ལྕགས་ཀྱི་ཟ་མ་ཏོག་ཁ་བཅད་པ་འདྲ་བ་ཞིག་རིམ་གྱིས་ཡོད་པ་དེ་འོད་ཟེར་གྱི་ཚལ་བ་བཞིས་བཀབ་ནས་སྟེང་མེ་ཏོག་གི་བླ་བྲི་འདྲ་བ། འོག་མཚོ་ལ་པདྨ་ཁ་གྱེས་པ་འདྲ་བ། ལོགས་ལ་ལྷའི་གོས་ཀ་ཙ་ལིན་ད་ཀ་འདྲ་བ་བྱས་ཏེ་དམྱལ་བ་རྣམས་ཀྱིས་དེ་མཐོང་བས་གཅིག་ལ་གཅིག་འདི་སྐད་ཟེར་ཏེ། ཀྱཻ་གྲོགས་པོདག་སྐྱེས་བུ་འདོད་པའི་གཟུགས་ཅན་མེ་ཏོག་ཀུན་ད་ལའི་མདོག་ལྟ་བུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རལ་པའི་ཐོར་ཚུགས་ཅན་དེ་མཐོང་བས་བདག་ཅག་རྣམས་བསིལ་བར་གྱུར་ཏོ། །ཞེས་དབུགས་འབྱིན་པའི་གཏམ་སྨྲས་པས་ཤི་བ་དང་སུམ་ཅུ་རྩ་གསུམ་པའི་ལྷར་སྐྱེས་ནས་ཕྱིར་མི་ལྡོག་པར་གྱུར་རོ། །དེ་ནས་ཡང་ཨཱརྱ་པ་ལོ་ཐུགས་རྗེ་ཆེན་པོ་དེ་ནི་རི་པོ་ཏ་ལ་ན་བཞུགས་ཏེ་རི་པོ་ཏ་ལ་ནས་བྱང་ཕྱོགས་ཁ་བ་ཅན་པའི་སེམས་ཅན་རྣམས་འདུལ་བའི་དོན་དུ། ཉིན་ལན་གསུམ་མཚན་ལན་གསུམ་དུ་གཟིགས་ཀྱང་ས་ཕྱོགས་དེ་ན་སངས་རྒྱས་ཀྱི་བསྟན་པ་མེད་པ། དེ་བཞིན་གཤེགས་པའི་ཞབས་ཀྱིས་མ་བཅགས་པ། གསུང་གི་འོད་ཟེར་གྱིས་མ་ཁྱབ་པ། མཚན་མོ་མུན་པའི་སྨག་རུམ་དུ་གྱུར་པ་ལྟར་ནག་ཐིབ་བེ་འདུག་པ་ལྟར་གཟིགས་ཏེ། དེར་སྐྱེས་པའི་སེམས་ཅན་དུད་འགྲོ་དེ་རྣམས་ནི་མཚོ་ལ་ཆར་བབ་པ་ལྟར་གཅིག་ཀྱང་ཐོན་པ་མེད་པར་ངན་སོང་ནས་ངན་སོང་དུ་འགྲོ་སྟེ། སེམས་ཅན་མིའི་འགྲོ་བ་འདུག་པ་མ་མཐོང་ནས་འདུལ་བའི་སྐབས་མ་རྙེད་དོ།། དེ་ནས་ཡང་བོད་ཡུལ་ཁ་བ་ཅན་དེའི་སྟོད་ཁམས་གསུམ་ན་གངས་རི་དང༌། བྲག་རི་དང༌། གཡའ་རིའི་ར་བ་ན་སེངྒེ་དང་ལྕེ་སྤྱང་ལ་སོགས་པའི་གཅན་གཟན་སྣ་ཚོགས་དང༌། ཤ་རྒོ་སྙན་ལ་སོགས་པ་རི་དྭགས་སྣ་ཚོགས་གནས་པ། བར་ཁམས་གསུམ་ན་བྲག་དང་སྤང་དང་ནགས་ཀྱི་ར་བ་ན་བྲག་སྲིན་མོ་དང་སྤྲེའུ་དང༌། དོམ་དྲེད་ལ་སོགས་པ་སེམས་ཅན་དུད་འགྲོ་སྣ་ཚོགས་པས་དབང་བྱས། སྨད་ཁམས་གསུམ་ན་ནགས་ཀྱི་ལྗོངས་དང༌། མཚོ་དང་མཚེའུ་དང་ནེའུ་སིང་གི་ར་བ་འདབ་ཆགས་ཀྱི་བྱ་སྣ་ཚོགས་དང༌། གླང་པོ་ཆེ་དང་ཆུ་རྟ་ཆུ་གླང་ལ་སོགས་པ་དུད་འགྲོའི་རིགས་སུ་གྱུར་པ་སྣ་ཚོགས་པ་གནས་ཏེ། མིའི་འགྲོ་བ་ནི་གཅིག་ཀྱང་ཡེ་མེད་པས་འདུལ་བའི་སྐབས་མ་རྙེད་དོ། །དེའི་ཚེ་སྲིན་ཡུལ་ལང་ཀ་པུ་རི་ན། སྲིན་པོ་ལང་ཀ་མགྲིན་བཅུ་དང༌། ལྷའི་རྒྱལ་པོ་ར་མ་ཎ་གཉིས་ལྷ་མོ་གཟི་ལྡན་མ་ལ་མ་འཆམས་ནས་འཐབ་པའི་སྤྲེའུ་གྱད་ཧ་ལུ་མ་ད་བྱ་བ་སྤྱན་རས་གཟིགས་ཀྱི་སྤྲུལ་པའི་སློབ་མ་དེ་རི་པོ་ཏ་ལར་སྤྱན་རས་གཟིགས་ཀྱི་དྲུང་དུ་ཕྱིན་པ་དང༌། སྤྲེའུ་དེ་ལ་སྤྱན་རས་གཟིགས་ཀྱིས་གསུངས་པ། སྤྲེའུ་ཁྱོད་ཀྱིས་བྱང་ཕྱོགས་ཁ་བ་ཅན་གྱི་བྲག་རི་ལ་སྒོམ་དུས་སམ་གསུངས་པས། སྤྲེའུ་དེ་ན་རེ་ངས་བོད་ཡུལ་ཁ་བ་ཅན་གྱི་བྲག་རི་ལ་སྒོམ་ནུས་ལགས་ཞུས་པས། ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱིས་སྤྲེའུ་དེ་ལ་མི་སྡུག་པའི་སྒོམ་བསླབས། དགེ་བསྙེན་གྱི་སྡོམ་པ་ཕོག ཟབ་པ་དང་རྒྱ་ཆེ་བའི་ཆོས་བསླབས་སྤྲེའུ་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་མིང་བཏགས་ནས་བྱང་ཕྱོགས་ཁ་བ་ཅན་གྱི་རི་ལ་སྒོམ་དུ་བཏང་ངོ༌། །སྤྲེའུ་སྒོམ་བྱང་ཆུབ་སེམས་དཔའ་དེས་ཀྱང་རྫུ་འཕྲུལ་གྱིས་བོད་ཡུལ་བྱང་ཕྱོགས་ཁ་བ་ཅན་དུ་ཕྱིན་ཏེ། དེ་ནས་བྲག་རུམ་གྱི་དབུས་ཀྱི་བྲག་ཕུག་ཅིག་ན་སྒོམ་གྱིན་ཡོད་པའི་ཚེ། བྲག་སྲིན་མོ་ཅིག་སྤྲེའུ་མོའི་ཆ་བྱད་དུ་བརྫུས་སྤྲེའུ་སྒོམ་པའི་དྲུང་དུ་འོངས་ནས་འདོམས་བསྟན། ས་གཏོར་འདོད་པ་བརྟེན་པའི་བརྡའ་ཆོས་བྱས་ཏེ་སོང་ངོ༌། །ཚུལ་དེ་བཞིན་དུ་ཉིན་ཞག་བདུན་གྱི་བར་དུ་བྱས་ཀྱང༌། སྤྲེའུས་མི་སྡུག་པ་བསྒོམས་པས་སྤྲེའུ་མོའི་འདོད་པ་ལ་སེམས་གཡོ་བར་མ་གྱུར་ཏོ། །ཉི་མ་བརྒྱད་པ་ལ་བྲག་སྲིན་མོ་དེ་མིའི་བུད་མེད་མཚར་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་གཅིག་ཏུ་སྤྲུལ་ནས་སྤྲེའུའི་དྲུང་དུ་འོངས་འདོམས་བསྟན་འདོད་པ་སྤྱོད་པའི་བརྡའ་ཆོས་བྱས་ས་གཏོར་བྱེད་ཀྱི་འདུག་པ་ལ་བལྟས་པས། སྤྲེའུ་སྒོམ་གྱི་བསམ་པ་ལ་སེར་ཀར་རླུང་འཇུག སྡིག་པ་ཅན་ལ་བདུད་ཀྱང་འཇུག་སྙམ་ནས་ཅི་ཡང་མ་བྱས་པར་བསྡད་པས། བྲག་སྲིན་མོ་དེ་ན་རེ་ཁྱོད་དང་ང་གཉིས་ཁྱིམ་ཐབས་བཟའ་ཚོ་བྱའོ་ཟེར་བ་ལ། སྤྲེའུ་སྒོམ་ན་རེ་ང་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཨཱརྱ་པ་ལོའི་དགེ་བསྙེན་ཡིན་པས་དེ་ལྟ་བུ་བྱར་མི་རུང་ཟེར་བས། བྲག་སྲིན་མོའ་སྤྲུལ་པ་བུད་མེད་ན་རེ། འོ་ན་ང་ཁྱོད་ལ་ཞེ་སྡང་སྐྱེས་ནས་འདི་ཉིད་དུ་ཚེའི་དུས་བྱས་ཏེ་ཤི་ནས་ངན་སོང་དང་ངན་འགྲོ་རྣམས་སུ་ཡང་ནས་ཡང་དུ་སྐྱེས་ཟེར་བས་སྤྲེའུ་སྒོམ་གྱི་བསམ་པ་ལ། ཁྱིམ་ཐབ་བྱས་ན་སྡོམ་པ་འཆོར། མ་བྱས་ན་འདི་ནི་ངན་སོང་དུ་འགྲོ་སྟེ་སྡིག་ཆེ་བས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཉམས་འགྲོ་སྙམ་ནས་སྤྲེའུ་སྒོམ་དེ་སྙིང་རྗེ་སྐྱེས་ཏེ། བྲག་སྲིན་མོའི་གདོང་དུ་མིག་འབྲུ་ཚུགས་སུ་ཞག་གཅིག་ཏུ་བལྟས་ཀྱང་ཅི་ཡང་ཤེས་པར་མ་གྱུར་ཏོ། །ད་འཕགས་པ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཨཱརྱ་པ་ལོ་དེ་ལ་འདྲི་དགོས་སྙམ་ནས། སྤྲེའུ་དེས་རྫུ་འཕྲུལ་གྱིས་རི་པོ་ཏ་ལར་ཕྱིན་པ་དང༌། སྤྲེའུ་སྒོམ་གྱིས་འཕགས་པ་ཐུགས་རྗེ་ཆེན་པོ་ཨཱརྱ་པ་ལོ་ལ་འདི་སྐད་ཅེས་ཞུས་སོ། །འཕགས་པ་ཨཱརྱ་པ་ལོ་ལགས། ངས་ཁ་བ་ཅན་དུ་ཕྱིན་དེ་བྲག་རུམ་གྱི་དབུས་ཀྱི་བྲག་ཕུག་ཅིག་ཏུ་སྒོམ་ཡིན་ཡོད་པའི་མདུན་དུ་བྲག་སྲིན་མོ་ཅིག་བྱུང་ནས། ཁྱོད་དང་ང་གཉིས་ཁྱིམ་ཐབ་བྱའོ་ཟེར་དུ་བྱུང་བའི་བྱར་རུང་ངམ་མི་རུང་ཞུས་པས། འཕགས་པ་ཨཱརྱ་པ་ལོའི་ཞལ་ནས་ཁྱིམ་ཐབ་ཀྱིས་ཤིག་གསུངས་ནས་བྱ་དགའ་གསུམ་གནང་ངོ༌། །འབྲུ་སྣ་ལྔ་གནང༌། རིན་པོ་ཆེའི་གཏེར་ཁ་འབྱེད་པའི་བྱིན་གྱིས་བརླབས། སྤྲེའུ་སྒོམ་ཁྱོད་ཀྱི་བུ་ཚ་བོ་རྣམས་སངས་རྒྱས་ཀྱི་རྒྱུར་འགྱུར་རོ་ཞེས་གསུངས་སོ། །དེའི་དྲུང་ན་རྗེ་བཙུན་མ་ཇོ་མོ་སྒྲོལ་མ་བཞུགས་འདུག་པས་ཀྱང་ལེགས་སོ་ལེགས་སོ་ཞེས་ཟེར་རོ། །དེ་ནས་སྤྲེའུ་སྒོམ་གྱིས་བྲག་སྲིན་མོ་དེ་ཤི་དོགས་ནས་མགྱོགས་ཤིང་མྱུར་བར་རྫུ་འཕྲུལ་གྱིས་བོད་ཡུལ་གྱི་བྲག་རུམ་དེར་ཕྱིན་ཏེ་ཁྱིམ་ཐབ་བྱེད་པར་ཁས་བླངས་ཁྱིམ་ཐབ་བྱས་པ་དང༌། ཟླ་བ་བཅུ་ན་བྲག་སྲིན་མོ་དེ་ལ་བུ་ཕ་ཡང་མི་འདྲ། མ་ཡང་མི་འདྲ། ལུས་ལ་སྤུ་མེད་པ་མཇུག་མ་མེད་པ། གདོང་བ་དམར་བ། ཟས་སུ་ཤ་དམར་པོ་ཟ་བ། སྐོམ་དུ་ཁྲག་དྲོན་མོ་འཐུང་བ་ཅིག་སྐྱེས་སོ། །དེ་སྐྱེས་པ་དང་མ་བྲན་སྲིན་མོ་དེ་གསུས་པ་ལྟོགས་ནས་བུ་དེ་ཟ་བར་འདུག་པ་དང༌། ཕ་སྤྲེའུ་དེས་འཁུར་ནས་ནགས་མ་བྱ་ཚོགས་ཅན་དུ་སྤྲེའུ་མང་པོའི་ཟླ་ལ་བསྐྱལ་ལོ། །སང་ཕོད་ལོ་དུས་སུ་ནགས་མ་བྱ་ཚོགས་ཅན་དུ་ཕྱིན་ནས་ངའི་བུ་དེ་ཅི་བྱེད་ཀྱི་ཡོད་དམ་སྙམ་ནས་ལྟར་ཡོང་ཙ་ན། སྤྲེའུ་མོ་རྣམས་དང་དལ་རྒྱགས་བྱས་ནས་འདོད་ཆགས་ལ་བརྩེས་པས། ཕྲུ་གུ་བཞི་བརྒྱ་སྐྱེས་ནས་འདུག་གོ །ཕྲུ་གུ་དེ་རྣམས་ཀྱང་མེས་པོ་སྤྲེའུ་སྒོམ་དེ་མི་འདྲ་བ། ཕ་དེ་མི་འདྲ་བ། མ་སྤྲེའུ་མོ་དེ་རྣམས་དང་མི་འདྲ་བ། སྤུ་དང་མཇུག་མ་མེད་པ་ཤིང་ལ་མི་ཐར་བ་ཤི་ལ་ཁད་པ་ཁ་དམར་ཏིང་ཏིང་འདུག་པས། དེ་རྣམས་ལ་མེས་པོ་སྤྲེའུ་སྒོམ་དེ་སྙིང་རྗེ་སྐྱེས་ནས་ཤིང་ཏོག་བཏུས་ཀྱིན་གསོས་པས་མ་ཤི་ཙམ་བྱུང༌། མེས་པོའི་ལུས་ཀྱི་སྤུ་ཐམས་ཅད་བྱི། རྐང་པ་དང་ལག་པ་ཡང་གས། མཇུག་མ་ཡང་སྐྱ་བ་བཞིན་སོང་ནས་ཀྱེ་མ་རེ་སྡུག་ན་འདི་ཅིས་ལན་ནམ་སྙམ་ནས་བསམ་པས། འདི་ནི་ཁྱིམ་ཐབ་བྱས་པས་ལན། དེ་འཕགས་པའི་གསུང་བསྒྲུབས་པས་ལན་སྙམ་ནས། ད་འཕགས་པ་ལ་འདྲི་དགོས་སྙམ་ནས་རྫུ་འཕྲུལ་གྱིས་རི་པོ་ཏ་ལར་ཕྱིན་ཏེ། འཕགས་པ་ལ་ཞེ་ས་ཕུལ་ནས་འདི་སྐད་ཅེས་ཟེར་རོ། །ཀྱེ་མ་ཁྱིམ་ཐབ་འཁོར་བའི་བཙོན་རར་མ་ཤེས་ཤིང༌། བུད་མེད་བདུད་ཀྱི་འཆིང་བར་མ་ཤེས་ཏེ། བུ་ཚ་འཁོར་བའི་རྡོས་སུ་མ་ཤེས་པར། འདོད་ཆགས་དུག་གི་ལོ་མར་མ་རྟོགས་ཏེ། སྙིང་རྗེས་ཆགས་པར་གྱུར་པས་བདག་སླུས་ཏེ། འདོད་པའི་འདམ་བྱིང་སྡུག་བསྔལ་རི་ཡིས་ནོན། ཉོན་མོངས་དུག་འཐུངས་ལས་ངན་རིམས་ཀྱིས་བཏབ། སྡུག་བསྔལ་གྱིས་ནི་བདག་ཉིད་མནར་གྱུར་ནས། འཁོར་བའི་གནས་སུ་བདག་ཉིད་རང་གིས་བཅིངས། མ་རིག་མུན་འཐིབས་རྟོག་པའི་དྲ་བར་ཚུད། འདི་ལྟ་བུ་ཡི་སྡུག་བསྔལ་མྱོང་གྱུར་ན། ད་ནི་ཇི་ལྟར་བུ་ཚ་བསྐྱང་བར་བགྱི། འཕགས་པས་གནང་བས་བདག་ནི་འདི་ལྟར་གྱུར། ཚེ་འདི་ཉིད་ལ་ཡི་དྭགས་གནས་སུ་གྱུར། ཕྱི་མ་དམྱལ་བར་འགྲོ་བར་ཐེ་ཚོམ་མེད། དེ་ཕྱིར་ཐུགས་རྗེས་བདག་ལ་བསྐྱབ་ཏུ་གསོལ། ཟེར་ནས་འཕགས་པ་ལ་འདི་སྐད་ཅེས་དྲིས་སོ། །འཕགས་པ་ལགས་བདག་གིས་བྲག་སྲིན་མོ་དང་ཁྱིམ་ཐབ་བྱས་པས་ཕྲུ་གུ་མང་པོ་བྱུང་ནས་མ་སོས་པར་སྡུག་བསྔལ་པར་གྱུར་ཏོ་ཞེས་ཞུས་པས། འཕགས་པའི་ཞལ་ནས་ཁྱོད་ཀྱི་རིགས་བརྒྱུད་དུ་གྱུར་པ་དེ་རྣམས་ནི་གཅིག་ནི་ཕའི་རིགས་སུ་གྱུར་པ། གཅིག་ནི་མའི་རིགས་སུ་གྱུར་པ་རིགས་བརྒྱུད་གཉིས་སུ་གྱུར་པ་ལས། ཕའི་རིགས་སུ་གྱུར་པ་དེ་དག་ནི་དད་པ་ཆེ་བ། མོས་གུས་ཆེ་བ། སྙིང་རྗེ་ཆེ་བ། ཤེས་རབ་ཆེ་བ། བརྩོན་འགྲུས་ཆེ་བ། བཟོད་པ་ཆེ་བ། ཆོས་ཟབ་མོ་སྟོང་པ་ཉིད་ཀྱི་དོན་ལ་མི་སྐྲག་པར་ལྷག་པར་མོས་པ། བསོད་ནམས་ཚོགས་བསོག་ཆུང་དུ་མི་ངོམས་ཤིང༌། དགེ་བའི་རྩ་བ་ཆུང་བས་མི་ངོམས་པ། བློ་རྒྱ་ཆེན་པོ་དང་ལྡན་པ། ཕྱག་གིས་འདུག་མི་ཚུགས་པ། རྡེའུ་དང་ཤིང་བུ་རྣམས་བཏུབ་པ། མིག་ཀྱང་ས་གཅིག་ཏུ་མི་ཚུགས་པར་ཕར་རིག་ཚུར་རིག་བྱེད་པ། བྱང་ཆུབ་སེམས་དཔའ་བློ་ཆེན་ལྡན་ཞེས་བྱ་བའི་རིགས་སུ་འགྱུར་རོ། །དེའི་རིགས་བརྒྱུད་ཀྱིས་སྟོན་པའི་བསྟན་པ་འཕེལ་བར་བྱེད་པ་དང་བྱང་ཆུབ་སེམས་དཔའ་ཆེན་པོའི་བྱ་བ་བྱེད་པར་འགྱུར་རོ། །མའི་རིགས་སུ་གྱུར་པ་ནི་དད་པ་ཆུང་བ། མོས་གུས་ཆུང་བ། སྙིང་རྗེ་ཆུང་བ། ཤེས་རབ་ཆུང་བ། བརྩོན་འགྲུས་ཆུང་བ། བཟོད་པ་ཆུང་བ། འདོད་ཆགས་ཆེ་བ། ཞེ་སྣང་ཆེ་བ། ང་རྒྱལ་ཆེ་བ། ཕྲག་དོག་ཆེ་བ། གཏི་མུག་ཆེ་བ། སྦྱིན་པ་གཏོང་བ་ལ་མི་དགའ་བ། ཤ་དམར་པོ་ཟ་བ། ཁྲག་དྲོན་མོ་འཐུང་བ་ལ་དགའ་བ། ཚོང་དང་ཁེ་སྤོགས་ཀྱི་སྦྱོར་བ་ལ་སེམས་པ། སྐད་རྒྱ་ཆེན་པོར་གཏོང་བ་ལ་དགའ་བ། རང་གི་སྐྱོན་ཐོས་ན་མི་དགའ་བ། གཞན་གྱི་སྐྱོན་ཐོས་པ་ལ་དགའ་བ། རང་མཐོང་ཆེ་བ། མི་མཐོང་ཆུང་བ། དགེ་བ་ཆུང་བ། སྡིག་པ་ཆེ་བ། ལུས་སྟོབས་ཆེ་བ། བསམ་པ་ངན་པ། མ་རུངས་པ། འདུལ་དཀའ་བ། གདོལ་བ་ཤིག་ཟ་ཤ་ཟན་ཞེས་བྱ་བའི་རིགས་སུ་འགྱུར་ཏེ། དེ་རྣམས་གསོས་ཤིག་སྐྱོངས་ཤིག་ངས་ཀྱང་བསྐྱང་གིས། དེ་རྣམས་ཀྱིས་མཐའི་རྒྱལ་པོ་འདུལ་བར་འགྱུར་རོ་ཞེས་གསུངས་པས། སྤྲེའུ་སྒོམ་བྱང་ཆུབ་སེམས་དཔའ་ན་རེ། ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ལགས། ངས་དེ་རྣམས་མ་སོས་མ་སྐྱོངས་པས་ང་ལ་སྡུག་བསྔལ་ཆེན་པོ་བྱུང་བ་ལགས་བྱས་པས། ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་ཞལ་ནས། སྤྲེའུ་སྒོམ་ཁྱོད་ཀྱི་བུ་དང་ཚ་བོ་དང་ཡང་ཚ་རྣམས་ཀྱི་ཟས་སྐལ་འདི་ཡིན་པས་འདི་ལ་གྱིས་ཤིག་གསུངས་ནས། འབྲུ་རྣམ་པ་ལྔ་བསྐུར་བ་ནི་འདི་ལྟ་སྟེ། ནས་དང༌། གྲོ་དང༌། སོ་བ་དང༌། སྲན་མ་དང༌། སྲན་ཆུང་ངོ༌། །སྤྲེའུ་སྒོམ་གྱིས་འབྲུ་སྣ་ལྔ་བོ་དེ་ཁྱེར་ནས་བོད་ཁ་བ་ཅན་གྱི་ཡུལ་ལ་འགྲོ་བར་ཁ་བལྟས་པ་དང༌། འཕགས་པས་གསེར་ཕྱེ་སྙིམ་པ་གང་ཕྱག་ཏུ་བསྣམས་ཏེ། འདི་སྐད་ཅེས་གསུང་ངོ༌། །སྤྲེའུ་སྒོམ་ཁྱོད་ཀྱི་བུ་ཚ་བོ་དང༌། ཡང་ཚ་རྣམས་ཀྱིས་འཚོ་བ་ཡང་མཐར་རིན་པོ་ཆེའི་གསེར་གྱིས་འཚོ་བར་བྱ་ཡིས། སྐབས་སྐབས་སུ་བྱང་སེམས་དཔའ་ཐོད་རྒལ་བ་རེ་རེ་ཡང་འབྱུང་བར་འགྱུར་རོ་གསུང་ངོ༌། །སྤྲེའུ་སྒོམ་གྱིས་བྲག་སྲིན་མོ་ཁྱིམ་ཐབ་བཟའ་འཚོ་བྱས་པ་ལ། བྱ་དགའི་ཚུལ་དུ་གསེར་ཕྱེ་ཁྱོར་བ་གང་བོད་ཡུལ་ཁ་བ་ཅན་དུ་གཏོར་ནས་སྤྲེའུ་སྒོམ་ཁྱོད་ཀྱི་རིགས་བརྒྱུད་དུ་གྱུར་པ་རྣམས་འཚོ་བ་རིན་པོ་ཆེ་གསེར་གྱིས་འཚོ་བར་འགྱུར་རོ་གསུངས་ནས། བོད་ཀྱི་ས་ཆ་ལ་གསེར་ཁ་འབྱེད་པར་འབྱུང་བ་ནི་འཕགས་པ་ཐུགས་རྗེ་ཆེན་པོས་བོད་ཡུལ་ཁ་བ་ཅན་དུ་དུས་དུས་སུ་རིན་པོ་ཆེའི་གཏེར་ཁུངས་ཁ་འབྱེད་པ་དང༌། ཡུལ་ཕྱོགས་གཞན་ནས་ནོར་ངོ་མཚར་ཅན་ཡོང་བའི་ཕྱིར་ཕྱོགས་བཞིའི་སྒོ་ཐམས་ཅད་ཁ་འབྱེད་པ་དང༌། སྐབས་སྐབས་སུ་བྱང་ཆུབ་སེམས་དཔའ་ཐོད་རྒལ་རེ་རེ་འབྱུང་བར་བྱིན་གྱིས་བརླབས་སོ། །དེ་ནས་སྤྲེའུ་སྒོམ་གྱིས་འབྲུ་སྣ་ལྔ་བོ་ཁྱེར་ནས་ཁ་བ་ཅན་གྱི་ཡུལ་གྱི་དབུས་ཀྱི་ས་ལ་བརྟེན་པ། ས་གཞི་ཉམས་དགའ་བ། བཀྲ་ཤིས་པ། རང་བཞིན་གྱི་ཡོན་ཏན་ཐམས་ཅད་འབྱུང་བ། འབྲུ་སྣ་ཚོགས་སྐྱེ་བ། དྲོ་བ། བཞེད་པ་རྣམ་པ་དགུ་དང་ལྡན་པ། རྒྱ་གར་ཡུལ་གྱི་མ་ག་ཏའི་ས་ཆ་འདྲ་བ་ལ་བརྟེན་པ་ཁ་བ་ཅན་གྱི་སྙིང་པོ་དེར་ཕྱིན་ནས། འབྲུ་སྣ་ལྔ་པོ་དེར་བཏབ་ནས་བཞག་གོ །དེ་ནས་དབྱར་ཟླ་གསུམ་ནགས་མ་བྱ་ཚོགས་ཅན་དུ་བུ་དང་ཚ་བོ་རྣམས་གསོས་ནས་བསྐྱངས་ཏེ། གསེར་སྒང་འབྲུ་སྣ་ལྔ་བོ་དེ་བཏབ་པའི་སར་བུ་དང་ཚ་བོ་རྣམས་ཁྲིད་ནས་ཕྱིན་པ་དང༌། འབྲུ་སྣ་ལྔ་བོ་དེ་ཁམ་ཤར་རེ་སྨིན་ནས་འདུག་གོ །དེ་ནས་བུ་ཚ་རྣམས་ལ་སྨྲས་པ། ཁྱེད་བུ་ཚ་བོ་རྣམས་ལ་འཕགས་པ་ཐུགས་རྗེ་ཆེན་པོ་ཨཱརྱ་པ་ལོས་གནང་བའི་ཟས་སྐལ་འདི་ཡིན་ནོ་ཟོ་དང་བྱས་པས། སྤྲེའི་སྒོམ་གྱི་ཕྲུ་གུ་བུ་ཚ་བོ་བཞི་བརྒྱ་བོ་ཤིན་ཏུ་དགའ་འོ། །ཡུལ་འཛིན་པ་ལ་སྔ་བ་ཡར་ལུངས་ཟོ་ཐང་འདི་ཡིན་ནོ། །དེ་ནས་ཁོང་རྣམས་ཚོས་ཟོས་པས་མ་རྨོས་པའི་ལོ་ཏོག་ལྟར་ཞིམ་པར་གྱུར་ནས། ཁོང་རྣམས་ཀྱིས་སྙེ་མའི་གྲངས་བགྲངས་པས་འབྲུའི་གྲངས་ཁྲི་ཁྲི་འདུག་ནས་ཡར་ལུངས་ཁྲི་ཐང་ཞེས་ཀྱང་བྱའོ། །དེ་ཡང་རོ་མཆོག་ཞིམ་པར་གྱུར་ནས་ཟོས་པས་བརྒྱགས་པར་གྱུར་ཏེ་བརྩེས་དང་བྱས་པས་རྩེད་མོ་རྩེས་ཡས་ཡར་ལུངས་རྩེས་དང་བྱ་བ་བྱུང་ངོ༌། །ཡང་འབྲུའི་ལོ་ཏོག་ལ་ཟོས་ཏེ་བརྒྱགས་པར་གྱུར་ནས་རྒྱུ་དང་བྱས་པས་ཡར་ལུངས་འོལ་ཁ་རྒྱུག་ཐང་བྱ་བ་བྱུང་ངོ༌། །དེ་ནས་སྤྲེའུ་ཕྲུག་རྣམས་འཛིངས་འཐབས་ནས་མ་འཆམ་སྟེ། གཅིག་ལ་གཅིག་མི་འཇིགས་ཏེ་ཚན་པ་བཞིར་ཆད་དེ་གྱེས་སོ། །དེར་མེས་པོ་སྤྲེའུ་སྒོམ་གྱིས་བུ་ཚ་བོ་ཡང་ཚ་རྣམས་ལ་བརྟག་གཞི་བྱས་པས། ཚན་པ་གཅིག་ནི་སྣ་ལྡོང་ངེས་བྱས་པ་ཞིག་བྱུང་ནས། མིང་རུས་ལྡོང་བྱ་བར་བཏགས་ཏེ། ལྡོང་ལ་རུས་ཆེན་པོ་བཅོ་བརྒྱད་བྱ་བ་བྱུང་ངོ༌། །དེའི་འོག་མ་ནི་འགྲམ་ཤ་སྟོང་ངེ་བྱས་པ་ཞིག་བྱུང་ནས། མིང་རུས་སྟོང་བྱ་བར་བཏགས་ཏེ། སྟོང་ལ་རྗེ་བཞི་ཁོལ་བརྒྱད་བྱ་བ་བྱུང་ངོ༌། །དེའི་འོག་མ་ནི་མགོ་སེ་ཡང་ངེས་པ་ཞིག་བྱུང་ནས། མིང་རུས་སེ་བྱ་བར་བཏགས་ཏེ། སེ་ལ་འཇུག་ལེ་སྤྱན་དགུ་བྱ་བ་བྱུང་ངོ༌། །དེའི་འོག་མ་ནི་འཚུལ་བ་སྨུག་སྒོ་རེ་བྱས་པ་ཅིག་བྱུང་ནས། མིང་རུས་སྨུ་བྱ་བར་བཏགས་ཏེ། སྨུ་ལ་ཀོ་ལེའི་འཕྲ་བརྒྱད་བྱ་བ་བྱུང་ངོ༌། །ལྡོང་དང་སྟོང་གཉིས། སེ་དང་སྨུ་གཉིས་ཏེ་ནང་གི་མིའུ་རིགས་བཞི་བྱ་བར་གྲགས་ཏེ། བོད་ཡུལ་ཁ་བ་ཅན་གྱི་མི་ལ་སྔ་བ་ཡང་དེ་རྣམས་ཡིན་ནོ། །དེ་རྣམས་འཕགས་པ་སྤྱན་རས་གཟིགས་འོད་དཔག་ཏུ་མེད་པ་ཞེས་ཀྱང་བྱ་སངས་རྒྱས་ཚེ་དཔག་མེད་ཅེས་ཀྱང་བྱ་བ་ཨ་མི་དེ་བ་དེའི་དྲུང་དུ་ཁ་བ་ཅན་གྱི་སེམས་ཅན་རྣམས་ཟང་ཟིང་གིས་བསྡུས་ནས་སྨིན་པར་དམ་བཅས་ཁས་བླངས་ནས། ཆད་བཙན་པ་བསྟན་པར་བྱས་པ་ཡིན་སྐད་དོ། །ཟང་ཟིང་གིས་བཏུལ་བའི་ལེའུ་སྟེ་བཞི་པོའོ།། །། ལེའུ་ལྔ་པ། རིགས་རྒྱུད་དང་རྒྱལ་པོའི་གདུང་རྒྱུད་ཀྱི་ལོ་རྒྱུས། དེ་ནས་ཡང་སྤྲེའུ་སྒོམ་གྱིས་བུ་ཚ་བོ་བཞི་བརྒྱ་བོ་དེ་ཚན་པ་བཞིར་གྱེས་ཏེ་འཐབས་པ་དང༌། མེས་པོ་སྤྲེའུ་སྒོམ་གྱིས་བར་མ་བྱས་ནས་ས་ཆ་བཞིར་བགོས་པ་ནི་དབུས་གཙང་རུ་བཞི་ཡིན་ནོ། །དབུས་གཙང་རི་བཞི་འདི་ལྟ་སྟེ། གཡུ་རུ་དང་དབུ་རུ་གཉིས། གཙང་གཡས་རུ་དང་གཡོན་རུ་སྟེ་བཞིའོ། །མིང་རུས་ཚན་པ་བཞིར་གྱེས་པ་ནི། ལྡོང་དང་སྟོང་གཉིས། སེ་དང་སྨུ་གཉིས་ཏེ་བཞིའོ། །ལྡོང་ལ་གཡུ་རུ་བྱིན། སྟོང་ནི་གཙང་གཡས་རུར་བསྐོས། སེ་ལ་གཙང་གཡོན་རུ་བྱིན། སྨུ་ནི་དབུ་རུར་བསྐོས་སོ། །སྐོས་ལུགས་གཞན་ནི་དུས་ཕྱིས་ཀྱི་རྒྱལ་པོ་རྣམས་ཀྱིས་མཛད་དོ་ཞེས་ལུང་བསྟན་ནོ། །ད་རུང་གར་མ་གཏོགས་ཀྱི་རུས་ངན་ཁེངས་པོ་བདུན་བྱ་བ་བྱུང་སྟེ་འདི་རྣམས་ཡིན་ནོ། །གར་ལོག་ཀྱུངས་སྐད་ཅན་དང་གཅིག་ཀེ་ལེ་མི་ཤ་ཅན་དང་གཉིས། སོག་པོ་སྤྲེ་སླག་ཅན་དང་གསུམ་དང༌། རྒྱལ་མོ་ཀྱི་ཁྱོ་ཅན་དང་བཞི། གློ་བུ་མིག་དམར་ཅན་དང་ལྔ། རྡོ་རུ་རྐང་སྔོན་ཅན་དང་དྲུག མོན་བུ་སྤྱི་འདུམ་ཅན་དང་བདུན་ནོ། །ད་རུང་ཕ་སྤྲེའུ་དང་མ་བྲག་སྲིན་མོ་གཉིས་ལ་བུ་ཚ་རིགས་བརྒྱུད་དུ་གྱུར་པ་དཔའ་བོ་མི་རྒོད་མི་གསུམ་བྱ་བ་བྱུང་བ་ལ། ལྟ་བ་མིག་རྣོ་དང༌། ཉན་པ་རྣ་གསང་དང༌། སྙོབ་པ་ལག་རིངས་དང་གསུམ་ཡིན་ཏེ་མ་སངས་འདི་རྣམས་ཡིན་ནོ། །ད་ནི་ཨ་མི་དེ་བའི་དྲུང་དུ། ཨཱརྱ་པ་ལོས་ཁ་བ་ཅན་གྱི་སེམས་ཅན་རྣམས་ཐ་མ་ཆོས་ཀྱིས་རྒྱུད་སྨིན་པ་དང་གྲོལ་བར་བྱེད་པའི་དམ་བཅས་པ་དེ་མི་ཉམས་པར་བྱ་བའི་ཕྱིར། བོད་ཡུལ་ཁ་བ་ཅན་གྱི་སེམས་ཅན་རྣམས་ནི་དུད་འགྲོའི་བུ་ཚ་དང་རིགས་བརྒྱུད་དུ་སོང་བས་ཤིན་ཏུ་ནས་ཀྱང་འདུལ་དཀའ་སྟེ། འདི་རྣམས་ཞི་བས་མི་ཐུལ་བས་དྲག་པོའི་ཆད་པ་དང་ཁྲིམས་ལ་བརྟེན་ཏེ་འདུལ་དགོས་པར་གཟིགས་ཏེ། དེ་ལ་དབང་ཆེ་ཞིང་རབ་ཏུ་ཆེ་བ་ཞིག་གིས་འདུལད་དགོས་པས་དབང་ཆེ་བ་ནི་རྒྱལ་པོ་ཡིན་པས། རྒྱལ་པོར་སྤྲུལ་ནས་འདུལ་བར་སེམས་སོ། །རྒྱལ་པོ་ནི་བསྐལ་པ་དང་པོའི་རྗེ་མང་པོས་བཀུར་བ་ནས་མགོ་བཙུགས་པ་དེ་ཡིན་ཏེ། དེ་ཅི་ལྟར་དུ་ཅི་ཙམ་ན་བྱུང་སྟེ་དེ་ནི་འདི་ལྟ་སྟེ། སྔོན་གྱི་བསྐལ་བའི་དང་པོ་ལ་བསྐལ་པ་མངོན་པར་དགའ་བ་ཞེས་བྱ་བའི་བསྐལ་པ་ཆེན་པོ་ཆགས་ནས་འདས། དེའི་ཕྱི་ལ་བསྐལ་པ་བཟང་ལྡན་ཞེས་བྱ་བའི་བསྐལ་པ་ཆེན་པོ་ཅིག་ཆགས་ནས་འདས། དེའི་ཕྱི་ལ་བསྐལ་པ་མཐོང་དགའ་ཞེས་བྱ་བའི་བསྐལ་པ་ཆེན་པོ་ཅིག་ཆགས་ནས་འདས། དེའི་ཕྱི་ལ་བསྐལ་པ་དགའ་བ་དང་ལྡན་པ་ཞེས་བྱ་བའི་བསྐལ་པ་ཆེན་པོ་ཅིག་འདས་ཏེ། དེའི་རྗེས་ལ་ཅི་ཡང་མི་སྣང་ཞིང་ཅི་ཡང་མི་སྲིད་པ་ལས་དང་པོ་ནི་སེམས་ཅན་སྤྱི་མཐུན་གྱི་ལས་དང་བསོད་ནམས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་རྗེ་དང་སྨོན་ལམ་གྱི་ནུས་མཐུ་ལ་བརྟེན་ནས། ད་ལྟར་གྱི་བསྐལ་པ་བཟང་པོ་འདི་བགས་ཀྱིས་འདི་ལྟར་ཆགས་ཏེ། ནམ་མཁའ་སྟོང་པ་ལ་རླུང་གི་དཀྱིལ་འཁོར་ཅིས་ཀྱང་མི་ཤིགས་པ་ཞིག་ཆགས་སོ། །དེའི་ཐད་ཀར་སྣ་ཚོགས་འདུས་པའི་སྤྲིན་ཆེན་པོ་ཞིག་ཆགས་ཏེ། ཆར་ཆེན་པོའི་རྒྱུན་གླང་བོ་ཆེའི་ཕོ་མཚན་ཙམ་བབ་ནས། དེ་ལ་ཆུའི་དཀྱིལ་འཁོར་སྔོ་དཀར་དུ་ཆགས་སོ། །དེ་ལ་རླུང་གིས་ཁྱོམས་པའི་ཁར་སྤྲིས་མའི་ཚུལ་དུ་སའི་དཀྱིལ་འཁོར་སེར་པོར་ཆགས། དེའི་སྟེང་དུ་རིན་པོ་ཆེའི་སྤྲིན་ཆགས་ཏེ། ཆར་གྱི་རྒྱུན་བབ་ནས་རིན་པོ་ཆེའི་མཚོ་རླུང་གིས་བསྲུབས་པ་ལས་དབུས་ཀྱི་རི་བོ་མཆོག་རབ། གསེར་གྱི་རི་བདུན་དང༌། རོལ་བའི་མཚོ་བདུན་དང༌། ལྕགས་རི་མུ་ཁྱུད། ཕྱིའི་རྒྱ་མཚོ་ཆེན་པོ་དང་བཅས་པ་ཆགས་སོ། །གླིང་བཞི་གླིང་ཕྲན་དང་བཅས་པ་ཡང་ཆགས་སོ། །དུས་དེ་ཙ་ན་བེམ་པོའི་རྒྱལ་པོ་ཆེན་པོ་བཞི་བྱུང་སྟེ། རིའི་རྒྱལ་པོ་མཆོག་རབ། རྡོའི་རྒྱལ་པོ་ཨར་མོ་ལེ་ཀ ཤིང་གི་རྒྱལ་པོ་ཤིང་ཆེན་ས་རྟོལ། མཚོའི་རྒྱལ་པོ་མཚོ་ཆེན་མ་དྲོས་པ་དང་བཞི་ཡིན་ནོ། །དེ་ནས་རིག་པ་ཅན་གྱི་རྒྱལ་པོ་བཞི་བྱུང་སྟེ། འདབ་ཆགས་མཁའ་ལྡིང་གི་རྒྱལ་པོ་བྱ་ཁྱུང་དང༌། གཅན་ཟན་གྱི་རྒྱལ་པོ་ཆེན་པོ་སེང་གེ་དང༌། བྱོལ་སོང་རྐང་འགྲོས་ཀྱི་རྒྱལ་པོ་ཆེན་པོ་གླང་བོ་ཆེ་དང༌། མཆོག་གྲུབ་མིའི་རྒྱལ་པོ་ཆེན་པོ་རྗེ་མང་པོས་བཀུར་བ་དང་བཞི་ཡིན་ནོ། །མིའི་རྒྱལ་པོ་ལ་ཡང༌། གདུང་བརྒྱུད་ཀྱི་རྒྱལ་པོ་དང༌། བསྐོས་པའི་རྒྱལ་པོ་དང༌། ཆོས་ཀྱི་རྒྱལ་པོ་དང༌། གློ་བུར་གྱི་རྒྱལ་པོ་བཞི་ཡིན་ནོ། །དེ་ལ་གདུང་བརྒྱུད་ཀྱི་རྒྱལ་པོ་དང་ཆོས་ཀྱི་རྒྱལ་པོ་ནི་གདུང་བརྒྱུད་གཅིག་གོ །དེ་ནི་དང་པོ་འོད་གསལ་གྱི་ལྷའི་བུ་ཤེད་ཅན་དང་ཤེད་ལ་གྲོགས་གཉིས་ལྷའི་ཚེ་དང་བསོད་ནམས་ཟད་པ་ལ་བརྟེན་ནས་ཡར་མར་རིམ་གྱིས་འཆུགས་ཏེ། འཛམ་བུ་གླིང་དུ་ལྷུང་ནས་དེ་གཉིས་པོའི་བཅུད་མེ་ཏོག་གི་ལྡུམ་བུ་འདྲ་བ་གཉིས་ལ་རྫུས་སྐྱེས་སུ་བྱུང་སྟེ། འདྲ་བ་ལྷ་འདྲ་སྟེ་སྐྱེས་པ་མིའི་ལུས་སུ་སྐྱེས་པ་ཡིན་ནོ། །དེའི་ཟས་བཞི་ཡང་དང་རིམ་པ་བཞིན་མི་ཐོག་གཉིས་དང་གསུམ་དང་བཞི་དང་ལྔ་ལ་ཟས་མི་གཅིག་པ་རེ་རེ་བྱུང་བ་ཡིན་ནོ། །དེའི་དུས་སུ་ཚེ་ལོ་ཡང་དཔག་ཏུ་མེད་བརྗོད་དུ་མེད་པ་ཐུབ་པ་ཡིན་ནོ། །ཕོ་མོའི་མཚན་མ་ཡང་མེད། ལུས་ཀྱི་ཆགས་པ་སྤྱོད་པ་ཡང་མེད་པས་གཅིག་གིས་གཅིག་ལ་མིག་གི་བལྟས་པས་ལུས་གྲུབ་སྟེ་སྐྱེ་བ་ཡིན། ལས་བྱེད་པ་ཡང་མེད། ཟས་ནི་སའི་བཅུད་གང་སྐྱེས་པ་དེ་ཟ་བ་ཡིན། མི་ནི་ཡང་མཚན་ཅན་རེ་རེ་མིན་པ་མིང་མེད་ཅིང་མི་ནི་མང་དུ་བྱུང་སྟེ་མིའི་མིང་སེམས་ཅན་ཟེར་བ་ཡིན་ནོ། །དེ་འོད་གསལ་གྱི་ལྷའི་བུ་ཤེད་ཅན་གྱིས་ཤེད་ལ་གྲགས་ཀྱི་ལུས་ལ་མིག་གིས་བལྟས་པས་ལུས་གྲུབ་སྟེ་བུ་ནི་ལྷ་ཆེན་ཤེད་བུ་བྱ་བ་བྱུང་ངོ༌། །ཟས་ནི་སའི་བཅུད་མར་དཀར་འདྲ་བ་ཟ་བ། འོད་ནི་རང་རང་ལ་ཡོད་པ་དེ་དེ་ནི་བསྐལ་པ་ཕྲན་བུ་ཞིག་གནས་སོ། །འོད་ཕྲན་བུ་དེ་ཟད་རང་རང་གི་འོད་དེ་ནུབ་ནས་མུན་པའི་བསྐལ་པ་གཅིག་བྱུང་ངོ༌། །ཤེད་བུའི་རྒྱུད་ལ་སྟོངས་པར་བུ་ནི་ལྷ་ཆེན་དུང་བྱམས་བྱ་བ་བྱུང༌། དེའི་བུ་ལྷ་ཆེན་རུ་བྷེ་བྱམས་བྱ་བ་བྱུང༌། དེའི་བུ་ལྷ་ཆེན་འཁོར་བ་དུང་སྐྱོང་བྱ་བ་བྱུང་ངོ༌། །དེ་གསུམ་གྱི་མི་ཐོག་ལ་ཟས་ནི་སའི་བཅུད་དོང་ཀའི་མེ་ཏོག་འདྲ་བ་ཟ། འོད་ནི་རང་རང་ལ་བྱུང་སྟེ་མུན་པའི་བསྐལ་པ་སངས་སོ། །དེ་ཡང་བསྐལ་པ་ཕྲན་བུ་ཅིག་གནས་སོ། །ཕྲན་བུ་དེ་ཟད་རང་རང་གི་འོད་དེ་ནུབ་ནས་མུན་པའི་བསྐལ་པ་ཅིག་བྱུང་ངོ༌། །ལྷ་ཆེན་འཁོར་བ་དུང་སྐྱོང་གི་རྒྱུད་མ་སྟོངས་པར་བུ་ནི་ལྷ་ཆེན་ཉེ་བའི་བཀྲ་ཤིས་བྱ་བ་བྱུང༌། དེའི་བུ་ལྷ་ཆེན་བཀྲ་ཤིས་འོད་དཔལ་བྱ་བ་བྱུང༌། དེའི་བུ་ལྷ་ཆེན་གཟི་ལྡན་བྱ་བ་བྱུང༌། དེའི་བུ་ལྷ་ཆེན་རྒྱལ་བ་བྱ་བ་བྱུང༌། དེའི་བུ་ལྷ་ཆེན་བདེ་ལྡན་རྒྱལ་བ་བྱ་བ་བྱུང་ངོ༌། །ཟས་ནི་སའི་བཅུད་ཤ་མོ་འདྲ་བ་ཟ། རང་ལ་འོད་རེ་བྱུང་བས་མུན་པའི་བསྐལ་པ་དེ་སངས་སོ། །དུས་དེ་ཙ་ན་གཅིག་གིས་གཅིག་ལ་ལག་པ་བཅངས་པས་ལུས་ཆགས་ཏེ་སྐྱེས་པ་ཡིན། དེ་ཡང་བསྐལ་པ་ཕྲན་བུ་ཞིག་གནས་སོ། །བསྐལ་པ་ཕྲན་བུ་དེ་ཟད་རང་གི་འོད་དེ་ནུབ་ནས་ཡང་མུན་པའི་བསྐལ་པ་ཅིག་བྱུང་ངོ༌། །ལྷ་ཆེན་བདེ་ལྡན་གྱི་རྒྱུད་མ་བོར་བར་དེའི་བུ་ནི་ལྷ་ཆེན་སྣང་བ་མུན་སེལ་འཛིན་ཞེས་བྱ་བ་བྱུང་ངོ༌། །ལྷ་ཆེན་སྣང་བ་མུན་སེལ་འཛིན་གྱི་དུས་སུ་ཉི་མ་དང་ཟླ་བ་ཡང་བྱུང་ངོ༌། །ཉི་ཟླའི་ནུས་པ་ལ་བརྟེན་ནས་འབྲས་ས་ལུའི་ལྗང་བ་ནང་བར་བརྔས་ཀྱང་ནུབ་མོ་སྐྱེ་བ། ནུབ་མོ་བརྔས་ཀྱང་ནང་བར་སྐྱེ་བ་སྙེ་མ་མདངས་དང་ལྡན་ཞིང་རོ་མཆོག་བརྒྱ་དང་ལྡན་པ། ནུས་པ་སྟོང་དང་ལྡན་པ་ཅིག་བྱུང་ངོ༌། །དེ་ལ་མི་རྣམས་ཀྱིས་ཟས་དེ་ཟོས་ཟོས་པས་ཟས་དེའི་ནུབ་པ་ལ་བརྟེན་ནས་ཕོ་མཚན་དང་མོ་མཚན་ཡང་བྱུང་ངོ༌། །དེ་ནས་མི་ལ་ལ་ཞིག་གིས་ནང་བར་གྱི་སྐལ་བ་དོ་ནུབ་དགོང་མོ་ནས་བརྔས་པས་རྗེས་ཆེན་པོ་བྱུང་སྟེ་སུས་ཐོབ་བྱས་པས། ང་བདག་བྱུང་ནས་སྒོག་ངན་པ་དང་ཆུང་བ་རྣམས་ལ་ཟས་ཀྱིས་སྐལ་བ་ཆད་དོ། །དེ་ནས་ལྷ་ཆེན་བདེ་ལྡན་རྒྱལ་བའི་བུ་ལྷ་ཆེན་སྣང་བ་མུན་སེལ་འཛིན་ཅེས་བྱ་བ་ལྷའི་བུ་གཟུགས་དང་བསམ་པ་བཟང་བ་དེས་བདག་པོ་བྱས་ནས་མི་གཞན་མ་རྣམས་ལ་བྱམས་སྡང་མེད་པར་བགོས་པས། ལྷ་ཆེན་སྣང་བ་མུན་སེལ་འཛིན་བྱ་བ་ལ་ཟས་དེའི་སྐལ་བ་ཆད་པས། མི་གཞན་པ་རྣམས་ཀྱིས་འབྲས་ས་ལུ་ཐོ་རྩེ་རེ་བསྡུས་ནས་ཁོང་ལ་ཕུལ་བས་ཁོང་ཤིན་ཏུ་རབ་ཏུ་རྒྱས་བ། ཐོ་རྩེ་བསྡུས་པའི་རྒྱལ་པོ་ཞེས་ཀྱང་བྱ། མིའི་སྐྱེ་བོ་མང་པོས་འབྲས་ས་ལུའི་བསྙེན་བཀུར་མང་པོ་བྱས་ཏེ་རྒྱལ་པོར་མངའ་གསོལ་བས་རྗེ་མང་པོས་བཀུར་བའི་རྒྱལ་པོ་ཞེས་ཀྱང་བྱའོ། །དེ་ནས་མི་རྣམས་ཀྱིས་གཅིག་ལ་གཅིག་འཁྱུད་ནས་ཕོ་མོའི་མཚན་མ་གཉིས་བུ་གའི་སྒོ་སྦྱར་བས་དུས་དེ་ནས་སྐྱེས་པ་དང་བུད་མེད་ཀྱི་འཁྲི་བ་ཡང་བྱུང༌། ངོ་ཚའི་ཁང་བ་ཡང་དུས་དེ་ནས་བྱུང༌། ཉི་ཟླ་ཡང་དུས་དེ་ནས་བྱུང་ངོ༌། །དེ་གོང་ཡན་ཆད་ལ་ཉི་ཟླ་མེད། སྐྱེས་པ་དང་བུད་མེད་ཀྱི་འཁྲི་བ་མེད་དོ།། མིའི་རྒྱལ་པོ་རྗེ་མང་པོས་བཀུར་བ་ཉིད་ནས་ཉི་ཟླ་ཡང་བྱུང༌། སྐྱེས་པ་དང་བུད་མེད་ཀྱི་འཁྲི་བ་བྱུང་ངོ༌། །རྒྱལ་པོ་ལ་སྔ་མ་རྗེ་མང་པོས་བཀུར་བ་ཡིན་ནོ། །དེའི་བུ་ནི་འོད་མཛེས། དེའི་བུ་དགེ་བ། དེའི་བུ་དགེ་མཆོག དེའི་བུ་ཏ་ལའི་རྐང༌། རྒྱལ་པོ་གསོ་སྦྱོང་འཕགས་ཞེས་ཀྱང་བྱའོ། །གསོ་སྦྱོང་འཕགས་ཀྱི་སྤྱི་བོར་བུ་ཅིག་སྐྱེས་པས་རྒྱལ་བོ་སྤྱི་བོ་སྐྱེས་ཡིན་ནོ། །རྒྱལ་པོ་གྲགས་པ་མཐའ་ཡས་ཞེས་ཀྱང་བྱའོ། །རྗེ་མང་པོས་བཀུར་བ་དང་གདུང་རྒྱུད་གཅིག་གོ །དེའི་བུ་འོད་མཛེས་དང་གཉིས། དེའི་བུ་དགེ་བ་དང་གསུམ། དེའི་བུ་དགེ་མཆོག་དང་བཞི། དེའི་བུ་གསོ་སྦྱོང་འཕགས་པ་ལྔ། དེའི་བུ་སྤྱི་བོ་སྐྱེས་དང་དྲུག་ཡིན་པས་བསྐལ་པ་དང་པོའི་རྒྱལ་པོ་སྡེ་དྲུག་ཞེས་ཀྱང་བྱའོ། །རྒྱལ་པོ་སྤྱི་བོ་སྐྱེས་ཀྱི་བུ་མཛེས་པ། དེའི་བུ་ཉེ་མཛེས། དེའི་བུ་འོད་མཛེས་ལྡན། དེའི་བུ་བཟང་པོ། དེའི་བུ་ཀུན་ནས་འོད་ཟེར་ནས་རྒྱུད་པ་བརྒྱད་ཁྲི་བཞི་སྟོང་ནི་ཡུལ་གྲུ་འཛིན་དུ་བྱུང་ངོ༌། །དེའི་བུ་ཐ་ཆུང་དགྲ་འདུལ། དེའི་བུ་ཚ་བོ་ལྔ་ཁྲི་བཞི་སྟོང་ནི་ཡུལ་དམག་གིས་མི་ཚུགས་པར་བྱུང་ངོ༌། །དེའི་བུ་ཐ་ཆུང་དམག་ལས་རྒྱལ་བ། དེའི་བུ་ཚ་ཡང་ཚའི་རྒྱུད་སུམ་ཁྲི་དྲུག་སྟོང་ནི་ཡུལ་དང་གྲོང་ཁྱེར་བ་ར་ཎཱ་སིར་བྱུང་ངོ༌། །དེའི་ཐ་ཆུང་བཟོད་པ་དཀའ་ཐུབ་ཀྱི་རྒྱུད་བརྒྱད་ཁྲི་བཞི་སྟོང་ནི་ཀི་མ་པ་ལའི་གྲོང་ཁྱེར་དུ་བྱུང་ངོ༌། །དེའི་བུ་ཚ་ཐ་ཆུང་གླང་པོས་བྱིན་གྱི་རྒྱུད་སུམ་ཁྲི་ལྔ་སྟོང་ནི་གྲོང་ཁྱེར་རྡོ་འཇོག་ཏུ་བྱུང་ངོ༌། །དེའི་བུ་ཚ་ཐ་ཆུང་བ་ལ་བུ་ཅན་གྱི་རྒྱུད་སུམ་ཁྲི་ཉིས་སྟོང་ནི་གྲོང་ཁྱེར་ཉི་ཅན་དུ་བྱུང་ངོ༌། །དེའི་བུ་ཚ་ཐ་ཆུང་ཚ་ཆེན་གྱིས་འདུལ་བའི་རྒྱུད་སུམ་ཁྲི་ལྔ་དང་ཉིས་སྟོང་ཡང་གྲོང་ཁྱེར་དམག་ལས་རྒྱལ་བར་བྱུང་ངོ༌། །དེའི་བུ་ཚ་ཐ་ཆུང་རྒྱལ་སྦྱིན་གྱི་རྒྱུད་སུམ་ཁྲི་ལྔ་དང་ཉིས་སྟོང་ཡང་གྲོང་ཁྱེར་ཀ་བྱ་ཀར་བྱུང་ངོ༌། །དེའི་བུ་ཚ་ཐ་ཆུང་རྒྱལ་པོ་ལྡེའི་གདུང་རྒྱུད་སུམ་ཁྲི་ཉིས་སྟོང་ནི་གྲོང་ཁྱེར་ཙམ་པ་ལར་བྱུང་ངོ༌། །དེའི་བུ་ཚ་ཐ་ཆུང་ཀླུའི་ལྷ་ཞེས་བྱའོ། །དེའི་བུ་ཚ་ཡང་ཚའི་རྒྱུད་ཉིས་ཁྲི་ལྔ་སྟོང་ནི་གྲོང་ཁྱེར་ཏ་ལའི་ཕྲེང་བར་བྱུང་ངོ༌། །དེའི་བུ་ཚ་ཐ་ཆུང་ནི་མིའི་ལྷ་ཞེས་བྱའོ། །དེའི་བུ་ཚ་ཡང་ཚའི་རྒྱུད་ཉིས་སྟོང་ནི་གྲོང་ཁྱེར་ཏ་མ་ལིར་བྱུང་ངོ༌། །དེའི་བུ་ཚ་ཐ་ཆུང་ནི་རྒྱ་མཚོའི་ལྷ་ཞེས་བྱའོ། །དེའི་བུ་ཚ་ཡང་ཚའི་རྒྱུད་ཁྲི་བརྒྱད་སྟོང་ནི་ཡུལ་བ་ར་ཎཱ་སིའི་གྲོང་ཁྱེར་དུ་བྱུང་ངོ༌། །དེའི་བུ་ཚ་ཐ་ཆུང་ནི་བློ་གྲོས་བཟང་པོ་ཞེས་བྱའོ། །དེའི་བུ་ཚ་ཡང་ཚའི་རྒྱུད་ཉིས་ཁྲི་ལྔ་སྟོང་ནི་གྲོང་ཁྱེར་རྒྱལ་པོའི་ཁབ་ཏུ་བྱུང་ངོ༌། །དེའི་བུ་ཚ་ཐ་ཆུང་ནི་རྒྱལ་བོ་མུན་སེལ་ཞེས་བྱའོ། །དེའི་བུ་ཚ་ཡང་ཚའི་རྒྱུད་བརྒྱ་ཐམ་པ་ནི་ཡུལ་བ་ར་ཎཱ་སའི་གྲོང་ཁྱེར་དུ་བྱུང་ངོ༌། །དེའི་བུ་ཚ་ཐ་ཆུང་ནི་དབང་ཕྱུག་ཆེན་པོའི་སྡེ་ཞེས་བྱའོ། །དེའི་བུ་ཚ་ཡང་ཚའི་རྒྱུད་བརྒྱད་ཁྲི་བཞི་སྟོང་ནི་གྲོང་ཁྱེར་རྩ་ཅན་དུ་བྱུང་ངོ༌། །དེའི་བུ་ཚ་ཐ་ཆུང་ནི་རྒྱ་མཚོའི་སྡེ་ཞེས་བྱའོ། །དེའི་བུ་ཚ་ཡང་ཚའི་རྒྱུད་སྟོང་ཐམ་པ་ནི་ཡུལ་གྲུ་འཛིན་གྱི་གྲོང་ཁྱེར་དུ་བྱུང་ངོ༌། །དེའི་བུ་ཚ་ཐ་ཆུང་ནི་དཀའ་ཐུབ་ཅན་ཞེས་བྱའོ། །དེའི་བུ་ཚ་ཡང་ཚའི་རྒྱུད་བརྒྱད་ཁྲི་བཞི་སྟོང་ཡང་གྲོང་ཁྱེར་རྩ་ཅན་དུ་བྱུང་ངོ༌། །དེའི་བུ་ཚ་ཐ་ཆུང་ནི་སའི་གདོང་ཞེས་བྱ་བ་བྱུང་སྟེ། དེའི་བུ་ཚ་ཡང་ཚའི་རྒྱུད་འབུམ་ཐམ་པ་ཡང་ཡུལ་བ་ར་ཎཱ་སའི་གྲོང་ཁྱེར་དུ་བྱུང་ངོ༌། །དེའི་བུ་ཚ་ཐ་ཆུང་ནི་སའི་བདག་པོ་ཞེས་བྱ་བ་སྟེ། དེའི་བུ་ཚ་ཡང་ཚའི་རྒྱུད་འབུམ་ཐམ་པ་ཡང་ཡུལ་དམག་གིས་མི་ཚུགས་པའི་གྲོང་ཁྱེར་དུ་བྱུང་ངོ༌། །དེའི་བུ་ཚ་ཡང་ཚའི་རྒྱུད་བརྒྱད་ཁྲི་བཞི་སྟོང་ནི་གྲོང་ཁྱེར་མི་ལིར་བྱུང་ངོ༌། །དེའི་བུ་ཚ་ཐ་ཆུང་ནི་རྒྱལ་པོ་ལྷ་ཆེན་པོ་ཞེས་བྱ་སྟེ། དེའི་བུ་ཚ་ཡང་ཚའི་རྒྱུད་བརྒྱད་ཁྲི་བཞི་སྟོང་ནི་གྲོང་ཁྱེར་མི་ལར་ཚངས་པར་སྤྱད་པ་སྤྱོད་དོ། །དེའི་བུ་ཚ་ཐ་ཆུང་ནི་རྒྱལ་པོ་མུ་ཁྱུད་ཅེས་བྱ་སྟེ། དེའི་བུ་ཚ་ཡང་ཚའི་རྒྱུད་བཞི་ཁྲི་དྲུག་བརྒྱ་ནི་གྲོང་ཁྱེར་སྣང་འོད་ཅན་དུ་བྱུང་ངོ༌། །དེའི་བུ་ཚ་ཐ་ཆུང་ནི་ཤིང་རྟ་བསྲ་བའོ། །དེའི་བུ་ཚ་ཡང་ཚོའི་རྒྱུད་བདུན་ཁྲི་བདུན་སྟོང་ནི་གྲོང་ཁྱེར་ཀུན་ཏུ་སྣང་བར་བྱུང་སྟེ། དེའི་བུ་ཚ་ཐ་ཆུང་ནི་རྒྱལ་པོ་ཀྲི་ཀྲི་ཞེས་བྱའོ། །དེ་ནི་སངས་རྒྱས་འོད་སྲུངས་དང་དུས་མཚུངས་སོ། །རྒྱལ་པོ་ཀྲི་ཀྲིའི་སྲས་ནི་རྒྱལ་པོ་ལེགས་སྐྱེས་ཡིན་ནོ། །རྒྱལ་པོ་ལེགས་སྐྱེས་དེའི་བ་ཚ་ཡང་ཚོའི་རྒྱུད་བརྒྱ་ཐམ་པ་ནི་གྲུ་འཛིན་གྱི་གྲོང་ཁྱེར་དུ་བྱུང་ངོ༌། །དེའི་བུ་ཚ་ཐ་ཆུང་ནི་ཉི་འོད་ཀྱི་རྒྱལ་པོ་རྣ་བ་ཅན་ཞེས་བྱའོ། །དེའི་སྲས་ནི་གཉིས་ཏེ་བ་ར་དྷྭ་ཙ་དང་གོའུ་ཏ་མ་ཞེས་བྱའོ། །གོའུ་ཏ་མས་ནི་སངས་རྒྱས་དྲང་སྲོང་མདོག་ནག་གི་དྲུང་དུ་བཙུན་པ་བྱས་ནས་རབ་ཏུ་བྱུང་ངོ༌། །སངས་རྒྱས་དྲང་སྲོང་མདོག་ནག་དང་རྒྱལ་བུ་གོའུ་ཏ་མ་ནི་ཆུའི་འཚོ་བས་དཀའ་ཐུབ་ནུས་ཏེ། རྒྱལ་བུ་བ་ར་དྷྭ་ཙ་ནི་ཆུའི་འཚོ་བས་དཀའ་ཐུབ་མ་ནུས་ནས་བཙུན་མོ་བླངས་ནས་རྒྱལ་སྲིད་བཟུང་ངོ༌། །གོའུ་ཏ་མས་ནི་མཁན་པོ་དྲང་སྲོང་མདོག་ནག་ལ་ཞུས་ཏེ་གྲོང་ཁྱེར་གྲུ་འཛིན་དང་སྐྱེར་ཏེའི་གྲོང་ཁྱེར་གྱི་བར་དུ་རྩྭ་འི་སྤྱིལ་པོ་བྱས་ནས་བསྒོམ་ཡིན་ཡོད་པའི་དུས་ན། གྲོང་ཁྱེར་གྲུ་འཛིན་ན་སྨད་ཚོང་མ་འགྲོ་བཟང་བྱ་བ་ཡོད་པས། སྐྱེར་ཏའི་གྲོང་ན་སྐྱེས་བུ་གཡོན་ཅན་པདྨའི་རྩ་ལག་བྱ་བ་ཡོད་པས་ཁོས་སྨད་ཚོང་མ་ལ་གོས་དང་རྒྱན་སྟེར་རོ་ངའི་ཕག་ཏུ་ཤོག་ཅིག་བྱས་པས་མོས་ཁས་བླངས་སོ། །ཁས་བླངས་པ་དེ་ཆད་མ་བཙན་ནས་དེའི་བར་དུ་ཚོང་བ་ཨ་རི་ལིས་ཀར་ཤ་བ་ནི་ལྔ་བརྒྱ་བྱིན་ནས་སྨད་ཚོང་མ་འགྲོ་བཟང་ངའི་ཕག་ཏུ་ཤོག་ཅིག་བྱས་པས་སྔོན་ལ་ཚོང་བ་ཨ་ཀི་ལིའི་ཕག་ཏུ་ཕྱིན་ཏེ་དགའ་མགུར་སྤྱོད་ཀྱིན་ཡོད་ཙ་ན། འགྲོ་བཟང་གི་བུ་མོ་གྲོགས་སྤྱོད་བཟང་པོས་ཚོང་བ་ཨ་རི་ལི་ལ་སྨད་བཙོངས་ནས་ཀར་ཤ་བ་ནི་ཉོར་ཡོངས་པས། ཨ་མ་འགྲོ་བཟང་ནི་ཚོང་བ་ཨ་རི་ལའི་ཕག་ན་ཉལ་བ་མཐོང་ནས། བུ་མོ་གྲོགས་སྤྱོད་བཟང་མོས་སྐྱེས་བུ་གཡོན་ཅན་པདྨའི་རྩ་ལག་ཅན་དུ་ཕྱིན་ནས། ངའི་ཨ་མ་ནི་ཚོང་བ་ཨ་རི་ལི་དང་དགའ་མགུར་སྤྱོད་ཀྱིན་འདུག་གོ་བྱས་པས། སྐྱེས་བུ་གཡོན་ཅན་པདྨའི་རྩ་ལག་ཁྲོས་ནས་སྨད་ཚོང་འགྲོ་བཟང་གི་སྐེ་རལ་གྲིས་བཅད་དེ་བསད་དོ། །དེ་ནས་བུ་མོ་གྲོགས་སྤྱོད་བཟང་མོས་སྐད་ངན་བཏོན་པས་ཡུལ་གྲུ་འཛིན་གྱི་གྲོང་ཁྱེར་གྱི་མི་ཀུན་གྱིས་ཐོས་ནས་དེད་པས། པདྨའི་རྩ་ལག་གིས་སྨད་ཚོང་འགྲོ་བཟང་བསད་པའི་རལ་གྲི་ཁྲག་ཅན་དེ་གོའུ་ཏ་མ་རྩྭའི་སྤྱིལ་བོ་ན་སྒོམ་བྱེད་ཀྱིན་ཡོད་པའི་མདུན་དུ་བོར་ནས་བྲོས་སོ། །ཚོང་བ་ཨ་རི་ལིས་ཡང་འགྲོ་བཟང་གི་བུ་མོ་གྲོགས་སྤྱོད་བཟང་མོའི་སྐེ་རལ་གྲིས་བཅད་དེ་བསད་ནས། རལ་གྲི་ཁྲག་ཅན་དེ་ཡང་གོའུ་ཏ་མའི་མདུན་དུ་བོར་ནས་བྲོས་སོ། །ར་མདའ་རྒྱུག་པའི་འདེད་མི་རྣམས་ཀྱིས་འགྲོ་བཟང་མ་སྨད་གཉིས་པདྨའི་རྩ་ལག་དང་ཚོང་བ་ཨ་རི་ལི་གཉིས་ཀྱིས་བསད་པའི་རལ་གྲི་ཁྲག་ཅན་དེ་གཉིས་གོའི་ཏ་མའི་མདུན་ན་འདུག་པ་མཐོང་ནས། ར་མདའི་འདེད་མི་རྣམས་ན་རེ། དགེ་སྦྱོང་གོའུ་ཏ་མ་འདིས་སྔོན་ལ་བུད་མེད་མ་སྨད་གཉིས་ལ་ཆགས་སྤྱད། དེ་ནས་དེ་གཉིས་བསད་འདུག་གོ་ཟེར་ནས། དགེ་སྦྱོང་གོའུ་ཏ་མ་དེ་ར་མདའ་བའི་འདེད་མི་རྣམས་ཀྱིས་ཁྲིད་ནས་ཕོ་བོ་ཨ་བོ་རྒྱལ་པོ་བ་ར་དྷྭ་ཙ་ལ་མི་འདིས་ཉེས་པ་ཆེན་པོ་བྱས་སོ། །འདི་ལ་ཆད་པ་ཆེན་པོ་ཆོད་ཅིག་ཟེར་ནས་ཕུལ་ལོ། །རྒྱལ་པོ་བ་ར་དྷྭ་ཙས་གཅུང་པོ་གོའུ་ཏ་མ་ཡིན་པ་དང༌། ཉེས་པ་མེད་པར་མ་ཤེས་ཏེ། གོའུ་ཏ་མ་གསལ་ཤིང་སྡོང་པོའི་རྩེ་ལ་བཅིངས་ནས་བཞག་ཡོད་པའི་དུས་ན་ཤིན་ཏུ་སྡུག་བསླང་བར་གྱུར་པའི་དུས་ན། གོའུ་ཏ་མའི་བླ་མ་མཁན་པོ་དྲང་སྲོང་མདོག་ནག་གིས་ཤེས་ཏེ་དྲང་སྲོང་མདོག་ནག་གིས་གོའུ་ཏ་མའི་དྲུང་དུ་ཕྱིན་ནས་དྲིས་པས། ཁྱོད་ཀྱིས་ཉེས་པ་ཆེན་པོ་བྱས་སམ་དྲིས་པས་གོའུ་ཏ་མ་ན་རེ་ངས་ད་ལན་ཉེས་པ་མ་བྱས་ཏེ། ཚེ་སྔོན་གྱི་ལས་སུ་བྱུང༌། ལས་སུ་བྱུང་ཡང་ང་ལ་དཔང་པོ་ཡོད་དོ་ཟེར། ཁྱོད་ལ་དཔང་པོ་སུ་ཡོད་བྱས་པས། གོའུ་ཏ་མས་ང་ལ་ལན་ཉེས་མེད་ནས་ངའི་དམོད་མོ་དང་དཔང་པོ་བདེན་ན་ངའི་མཁན་པོ་དྲང་སྲོང་མདོག་ནག་འདི་སྐུ་མདོག་གསེར་ལྟ་བུར་གྱུར་ཅིག་བྱས་ཏེ་དམོད་མོ་བྱས་པས། མཁན་པོ་དྲང་སྲོང་མདོག་ནག་གི་སྐུ་མདོག་གསེར་ལྟ་བུར་གྱུར་ཏོ། །དྲང་སྲོང་མདོག་ནག་གི་མིང་ནི་དྲང་སྲོང་གསེར་མདོག་ཅན་ཞེས་བྱའོ། །དེ་ནས་གོའུ་ཏ་མས་ང་གར་སྐྱེ་དྲིས་པས་དྲང་སྲོང་མདོག་ནག་གི་ཞལ་ནས། གོའུ་ཏ་མ་ཁྱོད་ལ་སྒྲིབ་པ་དང་དྲི་མ་མེད་པས་མིར་སྐྱེའོ། །བུ་བཞག་པར་ནུས་ན་ད་བུ་ཁྱོད་ལ་སྐྱེ་བ་ཡོད་པས་ཁྱོད་ཀྱི་བུ་ཚ་རིགས་བརྒྱུད་བཞག་པར་ནུས་སམ་གསུངས་པས། གོའུ་ཏ་མ་ན་རེ་ང་ལ་ཨ་བོ་རྒྱལ་པོ་བ་ར་དྷྭ་ཙས་ཉེས་མེད་ཀྱི་ཆད་པ་བཅད་པས་ཤིན་ཏུ་སྡུག་བསྔལ་བར་གྱུར་པས། བུ་ཚ་རིགས་བརྒྱུད་བཞག་པའི་ཐབས་དང་ནུས་པ་མེད་དོ་ཞུས་པས། དྲང་སྲོང་མདོག་ནག་གིས་སེར་བུ་དང་བསིལ་ཆར་ཕབ་ནས། གོའུ་ཏ་མའི་སྡུག་བསྔལ་མེད་པར་བྱས་ནས། སྨད་ཚོང་མ་འགྲོ་བཟང་མ་སྨད་གཉིས་གཡོན་ཅན་པདྨའི་རྩ་ལག་དང་ཚོང་བ་ཨ་རི་ལིས་བསད་པས་རལ་གྲི་ཁྲག་ཅན་དེ་གཉིས་དྲང་སྲོང་གི་བླངས་ཏེ་གོའུ་ཏ་མའི་ཕོ་མཚན་གྱི་ཐད་ཀར་བཞག་ནས། ཁྱོད་ལ་བུ་ཚ་རིགས་རྒྱུད་མེད་ན་སངས་རྒྱས་མེད་པར་འགྱུར་རོ། །ཁྱོད་ཀྱིས་སྔོན་ཡུལ་ཆགས་སྤྱོད་དྲན་པར་གྱིས་དང་གསུངས་པས། གོའུ་ཏ་མས་སྡུག་བསྔལ་གནས་ཀྱི་གསལ་ཤིང་གི་རྩེ་ནས་ཚེ་སྔོན་གྱི་འདོད་ཆགས་སྤྱོད་པ་རྗེས་སུ་དྲན་པར་བྱས་པ་ལས། ཁུ་བའི་ཐིག་པ་གཉིས་རལ་གྲི་ཁྲག་ཅན་དེ་གཉིས་ཀྱི་སྟེང་དུ་བྱུང་བས། དེ་ཀུན་དྲང་སྲོང་གིས་བུ་རམ་ཤིང་གི་ནགས་ཚལ་གྱི་ལོ་མའི་གསེབ་ཏུ་སྤྲུགས་ནས་བཞག་པ་ལས། དེ་ཉི་མའི་འོད་ཀྱིས་དྲོས་ཤིང་སྨིན་པ་ལས་སྒོ་ང་གཉིས་བྱུང་ངོ་དེ་གཉིས་སྨིན་ཅིང་རྡོལ་བ་ལས་བུ་ཁྱེའུ་འགྲོ་ཤེས་སྨྲ་ཤེས་གཉིས་བྱུང་ངོ༌། །དེ་གཉིས་ནི་ཟས་སུ་བུ་རམ་གྱི་བཅུད་ལ་ཟ། སྐོམ་དུ་བུ་རམ་གྱི་བཅུད་ལ་འཐུང༌། གོས་སུ་ནི་བུ་རམ་གྱི་ཤུན་པ་གྱོན་པ་ཡིན་ཏེ་དེ་གཉིས་ལ་རྒྱལ་པོ་བུ་རམ་ཤིང་པ་ཟེར་ནས་མིང་གཅིག་ཏུ་བཤད་པ་ཡོད་དེ་མིང་ནི་གཉིས་སུ་བྱུང་ངོ༌། །གཉིས་ཀ་ཉི་མས་སྨིན་ཅིང་རྡོལ་ཡང་མིང་ནི་གཉིས་ཡིན། ཨ་མ་སྨད་ཚོང་འགྲོ་བཟང་མའི་ཁྲག་ལ་སྨིན་པ་ནི་སྔོན་ལ་འགྲོ་ཞིང་སྨྲ་ཤེས་པས་ན་རྒྱལ་བུའི་ཕོ་བོ་ནི་ཨུ་ཉི་མ་བ་ཡིན། བུ་མོ་གྲོགས་སྤྱོད་བཟང་མོའི་ཁྲག་ལ་སྨིན་པ་ནི་ཕྱི་ལ་འགྲོ་ཞིང་སྨྲ་ཤེས་པས་ན་རྒྱལ་བོའི་ནུ་བོ་གཅུང་པོ་ནི་བུ་རམ་ཤིང་བ་ཡིན་ནོ། །དེ་ནས་དྲང་སྲོང་གིས་ཉི་འོད་ཀྱི་རྒྱལ་པོ་བ་ར་དྷྭ་ཙས་གཙོ་བྱས་པའི་རྣ་བ་ཅན་མང་པོ་བོས་ཕྱོགས་བཞིའི་རྒྱལ་ཆེན་རིགས་བཞི་ཡང་སྤྱན་དྲངས་ནས། གོའུ་ཏ་མ་གསལ་ཤིང་གི་རྩེ་ལ་བཅིངས་པ་བཀྲོལ་ནས་ས་ལ་ཕབ་པས་ཤི་བར་གྱུར་ཏོ། །དེ་ནས་དྲང་སྲོང་གསེར་མདོག་ཅན་གྱིས་བདེན་པའི་ཚིག་ནི་འདི་སྐད་དུ་བརྗོད་དོ། །གོའི་ཏུ་མས་སྨད་ཚོང་འགྲོ་བཟང་མ་སྨད་མ་བཟད་ན་ལས་ཀྱི་རྣམ་པར་སྨིན་པ་དེ་ནི་གཡོན་ཅན་པདྨའི་རྩ་ལག་དང་ཚོང་བ་ཨ་རི་ལིའི་སྟེང་དུ་ཤོག་ཅིག་བྱས་པས། རྒྱལ་ཆེན་རིགས་བཞིའི་ལྷ་རྣམས་ནམ་མཁའ་ལ་བྱོན་ནས། གོའུ་ཏ་མ་དཔའ་བོ་ཁྱོད་ལ་ནི་གསེར་གྱི་མདོག་དང་བསོད་ནམས་བརྒྱའི་མཚན་དང་ལྡན་པ། བལྟ་ན་སྡུག་ཅིང་མིག་ཏུ་མངོན་པར་མཛེས་ལ། ལྷ་སྟོང་བྱེ་བ་རབ་ཏུ་དགའ་བར་བྱེད་པ་ཡིན། སྐྱེ་བོ་མང་པོས་མཐོང་ན་དགེ་བའི་ལུས་རྟག་ཏུ་ཐོབ་པ་ཡིན། བསྐལ་པ་དག་ནི་བྱེ་བ་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུར་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་སངས་རྒྱས་སུ་འགྱུར་རོ། །ས་སྟེང་གནས་པའི་མི་རྣམས་ཀྱིས་རལ་གྲི་དེ་གར་སོང་ལྟོས་ཤིག་ཅེས་པའི་ཆེད་དུ་སྨྲས་པ་དང༌། རྒྱལ་ཆེན་རིགས་བཞི་རྣམས་ཀྱིས། རལ་གྲི་ཁྲག་ཅན་དེ་ནམ་མཁའི་དབྱིངས་ལ་བོར་ནས་སྨད་ཚོང་མ་འགྲོ་བཟང་མ་སྨད་གསོད་པའི་མི་དེ་སུ་ཡིན་པ་དེའི་སྟེང་དུ་ཤོག་ཅེས་དམོད་བོར་བས། རལ་གྲི་དེ་འགྱུས་ཐོག་ཏུ་གྱུར་ནས་སྐྱེས་བུ་གཡོན་ཅན་པདྨའི་རྩ་ལག་གི་སྟེང་དུ་བབས་ཏེ་ཤི་བར་གྱུར་ཏོ། །ཐོག་ཟེར་དེ་ཚོང་བ་ཨ་རི་ལིའི་སྟེང་དུ་ཕོག་སྟེ་ཤི་བར་གྱུར་ཏོ། །གོའུ་ཏ་མ་དེ་ཉིད་སུམ་ཅུ་རྩ་གསུམ་དགའ་ལྡན་ལྷའི་ཡུལ་ཏུ་སྐུ་གསུམ་གྱི་སྟོན་པ་ཀུན་ཏུ་འཆང་དུ་སྐྱེ་བ་བཞེས་སོ། །རྒྱལ་ཆེན་རིགས་བཞིའི་ཁྲིམས་ལ་མཁས་པར་གྱུར་ཏོ། །དེ་ནས་རྒྱལ་བུ་གོའུ་ཏ་མའི་སྲས་གཉིས་སུ་བྱུང་བ་ལས། ཕོ་བོ་ཉི་མ་བ་ནི། གཅེན་ཡིན་ཏེ་རབ་ཏུ་བྱུང་བས་གདུང་རྒྱུད་ཀྱི་རྒྱལ་པོ་ལ་སྲས་མེད་པས་དགེ་སློང་ཤཱི་ལ་བྱ་བ་ཡིན་ནོ། །རྒྱལ་སྲས་བུ་རམ་ཤིང་བ་དེའི་ཕྱི་ལ་བྱུང་བས་གཅུང་པོ་ཡིན། ཐ་ཆུང་བུ་རམ་ཤིང་བ་གཅུང་པོའི་རིགས་ལས་སྐྱེས། རྒྱལ་པོ་གོའུ་ཏ་མའི་བུ་ཡིན་པས་ན་གོའུ་ཏ་མ་ཞེས་བྱའོ། །ཉི་མའི་འོད་ཀྱིས་སྨིན་པས་ན་ཉི་མའི་རིགས་ཞེས་བྱའོ། །དྲང་སྲོང་གི་ལག་གིས་གསོ་བསྐྱངས་བྱས་པ་ན་ལག་སྐྱེས་ཞེས་བྱའོ། །བུ་རམ་ཤིང་གི་ཚལ་ནས་རྙེད་པས་ན་བུ་རམ་ཤིང་བ་ཞེས་པར་གྱུར་ཏོ། །དེ་ལ་སྲས་གསུམ་སྐྱེས་ནས་བཙུན་མོ་དེ་ཤི་བས་རྒྱལ་པོ་བཙུན་མོ་ཤི་ནས་མྱ་ངན་ཆེ་བ་བསལ་བའི་ཕྱིར་བཙུན་མོ་གཞན་ཞིག་བླངས་པས། བཙུན་མོ་དེའི་ཕ་ན་རེ་ངའི་བུ་མོ་ལ་སྲས་པོ་སྐྱེས་བྱུང་ན་རྒྱལ་སྲིད་གདན་ས་འདི་དགའ་བས་སྟེར་དགོས་བྱས་པས་ཁས་བླངས་ནས་བུ་མོ་དེ་བཙུན་མོར་བྱིན་པས། བུ་གཅིག་དང་བུ་མོ་གསུམ་བྱུང་ནས་བུའི་མིང་ཡང་རྒྱལ་སྲིད་དགའ་ཞེས་བྱ་བར་བཏགས་སོ། །སྔར་གྱི་བུ་ཕོ་བོ་གསུམ་པོ་དེ་གྲོང་ཁྱེར་སེར་སྐྱེར་སྤྱུགས་སོ། །ཕྱིས་ཀྱི་སྲོང་མོ་གསུམ་ཡང་ཕོ་བོ་གསུམ་གྱི་གཡོག་ལ་སོང་ཅིག་བྱས་ནས། དུས་དེར་ཕ་གཅིག་ལ་མ་མི་གཅིག་པའི་མིང་སྲིང་དྲུག་སྤྱུགས་པས། རྒྱལ་པོ་འཕགས་སྐྱེས་པོའི་བཙུན་མོ་ཕྱི་མ་དེ་ཡང་ཤི་སྟེ་མེད་ནས། ཕ་རྒྱལ་པོ་དེ་སྔར་གྱི་སྲས་ཕོ་བོ་གསུམ་ལ་བོས་ནས། ཕྱིས་ཀྱི་མ་ཡར་མོ་དེ་ཤི་ནས་མེད་ཕོ་བོ་གསུམ་པོ་ད་ཚུར་བྱོན་དང་བྱས་ནས་བོས་པས། སྲས་རྒྱལ་བུ་གསུམ་པོ་དེས་སྐོ་ལོང་མཛད་ནས་ཡུལ་གྲོང་འཕགས་རྒྱལ་དུ་རྒྱལ་པོ་འཕགས་སྐྱེས་པའི་རྩར་མ་ཕྱིན་པར། བུ་ཕོ་བོ་གསུམ་པོ་དེས་ཕ་གཅིག་ལ་མ་མི་གཅིག་པའི་སྲིང་མོ་གསུམ་པོ་དེ་རང་རང་གིས་ཁྲིད་ནས་གངས་ཀྱི་རི་དང་ཉེ་བར་ཆུ་བོ་སྐལ་ལྡན་ཤིང་རྟའི་འགྲམ། དྲང་སྲོང་སེར་སྐྱའི་བཞུགས་གནས་དང་ཉེ་བ་ཅིག་ཏུ་ཕྱིན་ནས་མིང་སྲིང་དེ་རྣམས་ཀྱིས་ལོ་མའི་སྤྱིལ་པོ་བྱས་ཏེ། སྡོད་སའི་གནས་བཏབ་ནས་རི་དྭགས་བསད་ཅིང་འཚོ་བ་བྱེད་པའི་དུས་སུ་དྲང་སྲོང་སེར་སྐྱའི་གནས་སུ་ལས་དགེ་སྡིག་གི་གཏམ་དྲིལ་བ་ལ་འགྲོ་བར་བྱེད་དོ། །དེ་ནས་དྲང་སྲོང་དེས་མིང་སྲིང་དེ་རྣམས་ལ་སྲོག་གཅོད་པ་དང༌། མི་ཚངས་པར་སྤྱོད་པ་མ་བྱེད་ཅིག་བྱས་པས་དེ་ལ་ཁོང་ཚོས་ཉན་པས་ཁོང་ཚོའི་ལུས་ཀྱི་ཤ་ཞུ་ནས་ལུས་མདོག་སེར་པོར་གྱུར་བ་དྲང་སྲོང་གིས་མཐོང་ནས། ཁྱེད་རྣམས་ཅི་ཉེས་དྲིས་པས་ཉིད་རྣམས་འདོད་ཆགས་ཀྱིས་ཉེན་ཏོ་ཟེར་བས། དེ་ནས་དྲང་སྲོང་ན་རེ་འོ་ན་ཁྱེད་རྣམས་མ་མི་གཅིག་པའི་མིང་སྲིང་ཡིན་པས། ཕོ་མོ་གསུམ་པོ་རང་རང་རིམ་པར་སྡེབས་ཤིག་ཅེས་ལུང་བསྟན་པས། ཆེ་རིམ་གྱིས་རང་རང་རིམ་པར་བསྡེབས་པ་ལས། ཕ་རེ་བུ་རེ་གསུམ་གསུམ་དྲུག་ཏུ་བྱུང་ནས་སྲས་གསུམ་བུ་ཚ་ཡང་ཚར་བྱས་ནས་ཤིན་ཏུ་སྐྱིད་ནས་འདུག་གོ་ཟེར་བ་མི་རྣམས་ཀྱིས་ཡབ་ལ་དེ་སྐད་བྱས་པས། ཡབ་ཀྱི་ཞལ་ནས་ངའི་རྒྱལ་བུ་ཕོ་བོ་གསུམ་སྤྱུགས་པ་ལ་སུ་ཞིག་གིས་ངའི་བུ་ལ་བཙུན་མོ་རེ་རེ་བྱིན་ཟེར་བས། ཡང་མི་རྣམས་ན་རེ་ཁོང་རང་མིང་སྲིང་འདུས་ནས་བུ་ཚ་ཡང་ཚར་འཕེལ་འདུག་གོ་བྱས་པས། ཡབ་དེ་ངོ་མཚར་སྐྱེས་སོ། །ཁོང་རྒྱལ་བུ་གསུམ་གྱི་བུ་རེ་རེ། མ་རེ་རེ་ལ་སྐྱེས་མ་ཐག་ཏུ་ལག་འཛུམ་གནམ་དུ་བསྒྲེང་ནས་ཤཱཀྱ་ཟེར་ཞིང༌། སྐད་ཆེན་པོ་བཏོན་པ་ལས་རིགས་ནི་ཤཱཀྱར་འདོགས་པ་དེ་ནས་བྱུང་བ་ཡིན་ནོ། །ཕོ་བོ་ཆེ་དག་རྒྱུད་ནི་ཤཱཀྱ་ཆེན་པོ་ཡིན་ནོ། །འབྲིང་པོའི་རྒྱུད་ནི་ཤཱཀྱ་ལི་ཙ་བྱི་ཡིན་ནོ། །ཆུང་དག་རྒྱུད་ནི་ཤཱཀྱ་རི་བྲག་པ་ཡིན་ནོ། །ཤཱཀྱ་ཆེན་པོའི་རྒྱུད་པ་ནི་ཤཱཀྱ་དཀའ་ཐུབ་ཅན། དེའི་བུ་རྒྱུད་ཤཱཀྱ་གནས་འཇོག །དེའི་བུ་རྒྱུད་ཤཱཀྱ་ས་ཁྱིམ། དེའི་བུ་རྒྱུད་ཤཱཀྱ་འཕགས་པ་མཆོག་བུ་ཚ་ཡང་ཚའི་རྒྱུད་ལྔ་ཁྲི་ལྔ་སྟོང་ནི་གྲོང་ཁྱེར་སེར་སྐྱར་བྱུང་ངོ༌། །དེའི་བུ་རྒྱུད་ཤིང་རྟ་བཅུ་བ། དེའི་བུ་རྒྱུད་ཤིང་རྟ་བཅུ་གཅིག་པ། དེའི་བུ་རྒྱུད་ཤིང་རྟ་བཀྲ་བ། དེའི་བུ་རྒྱུད་ཤིང་རྟ་ཀྲ་བ་ཅན། དེའི་བུ་རྒྱུད་གཞུང་བརྟེན། དེའི་བུ་རྒྱུད་སེངྒེ་སྒྲ། དེའི་བུ་རྒྱུད་སེང་གེ་འགྲམ། དེའི་བུ་ཟས་གཙང༌། ཟས་དཀར། བདུད་རྩི་ཟས། བྲེ་བོ་ཟས་དང་བཞི་ཡིན་ནོ། །རྒྱལ་བོ་ཟས་གཙང་གི་སྲས་ནི། ཨ་བོ་མོས་པ། འབྲིང་བོ་དོན་གྲུབ། ནུ་བོ་གཅུང་དགའ་བོ་དང་གསུམ་ཡིན་ནོ། །འབྲིང་བོ་རྒྱལ་བོ་དོན་གྲུབ་ཀྱི་སྲས་སྒྲ་གཅན་འཛིན་ཡིན་ལ་ཡབ་ཀྱི་དྲུང་དུ་རབ་ཏུ་བྱུང་ནས་དགེ་སློང་བྱས་ཏེ་ཐར་བར་གཤེགས་པས་རྒྱལ་པོ་དོན་གྲུབ་ཀྱི་གདུང་རྒྱུད་ཆད་ཅེས་བྱ་བར་གྲགས་སོ། །འབྲིང་བོ་ཤཱཀྱ་ལི་ཙ་བྱིའི་བུ་རྒྱུད་ནི་གསེར་དངུལ་ཟངས་ལྕགས་བཞིའི་འཁོར་ལོ་བསྒྱུར་བའི་རྒྱལ་བོ་བཞི། བུ་ཚ་ཡང་ཚའི་རྒྱུད་དང་བཅས་པ་མང་དུ་ཡོད་དོ། །ད་རུང་ཤཱཀྱ་ལི་ཙ་བྱིའི་རྒྱུད་པ་ནི། རྒྱལ་པོ་གཟུགས་ཅན་སྙིང་པོ་དང༌། རྒྱལ་བོ་གསལ་རྒྱལ་ལ་སོགས་པ་རྒྱལ་རྒྱུད་བུ་ཚ་ཡང་ཚར་བཅས་པའི་ལྷ་མང་དུ་བཞུགས་ཡོད་དོ། །ཤཱཀྱ་རི་བྲག་པའི་བུ་རྒྱུད་ནི་གྲོང་ཁྱེར་པདྨ་ཅན་ན་རྒྱལ་པོ་པདྨ་ཆེན་པོ། དེའི་བུ་རྒྱུད་མུ་རྒྱུད་མཁའ་ཡས། དེའི་བུ་རྒྱུད་གཏུམ་པོ་མཐའ་ཡས། དེའི་བུ་རྒྱུད་ནི་གྲོང་ཁྱེར་བད་ས་ལ་ན་རྒྱལ་པོ་འཆར་བྱེད། འཆར་བྱེད་ཀྱི་བུ་ཤར་བ། དེའི་བུ་སྲས་རྒྱལ་པོ་ཤར་བ་དེ་ལ་སྲས་གཉིས་ཡོད་པ་རྒྱལ་པོ་སྐྱབས་སེང་དང༌། རྒྱལ་པོ་དམག་བརྒྱ་བ་གཉིས་ཡིན་ནོ། །ཁོང་སྤུན་གཉིས་ཡབ་རྒྱལ་པོའི་རྒྱལ་སྲིད་ལ་མ་འཆམས་པར་འཐབས་པས་རྒྱལ་པོ་སྐྱབས་སེང་རྒྱལ་པོའི་དུས་སུ། རྒྱལ་པོ་དམག་བརྒྱ་བ་འཕམ་ནས་འདི་ཅིས་ལན་པ་ཡིན་རྩིས་བྱས་པས། རྩིས་མཁན་ན་རེ་རྒྱལ་པོ་ཁྱོད་ལ་སྲས་ཡ་མཚན་ཅན་ཅིག་སྐྱེ། གནམ་རིམ་པ་བཅུ་གསུམ་གྱི་སྟེང་དུ་ལྷས་སྨུ་ཐག་ལ་ལ་ཐེན་ནས་འབྱོན། དུས་ཕྱི་མ་ལ་ལྷའི་སྨུ་ཐག་རིང་པོ་ལ་འཇུས་ཏེ་བབས་ནས་བོད་ཡུལ་གངས་རིའི་ཁྲོད་རི་གླང་རུའི་ཞོལ་དུ་བོད་ཀྱི་རྗེ་རྒྱལ་བྱེད་པ་ཅིག་སྐྱེ། སྲས་དེ་རྒྱལ་སྲིད་འཛིན་ཁ་མ་ལ་ཤི་ཟེར་རོ། །རྩིས་མཁན་གྱིས་དེ་སྐད་དུ་ལུང་བསྟན་པས། རྒྱལ་པོ་དམག་བརྒྱ་པའི་བཙུན་མོ་མཆོག་བཟང་མ་སྲས་གཅིག་སྐྱེས་པ་ལ་སྲས་རྒྱལ་བུ་མིག་བྱ་མིག་ལྟར་ཡར་ལ་འགེབས་པ། སྐྲ་རྒྱ་ཁམ་པ་ཡོད་པ། གཡུའི་སྨིན་མ་ཡོད་པ། སོ་དུང་སོ་འཁོར་བ་ཡོད་པ། ལག་པ་བྱའི་རྒྱལ་པོ་ངང་བ་ལྟར་དྲ་བས་འབྲེལ་བ་ཅིག་སྐྱེས་པས་རི་གླང་དུ་ལ་བབས་པར་ལུང་བསྟན་ཏེ་དེའི་མིང་ནི་རུ་བ་སྐྱེས་ཞེས་བྱའོ། །དེ་ཡབ་ཀྱིས་ཐོས་ནས་ལྟས་ངན་ཡིན་པས་སོད་ཅིག་གསུང་ངོ༌། །བློན་པོས་སྲས་དེ་མཚོན་གྱིས་གསོད་མ་ནུས་པར་ཟངས་ཀྱི་གའུ་ཁ་སྦྱར་དུ་བཅུག་ནས་ཆུ་བོ་གངྒཱ་ལ་བསྐྱུར་བས། དེ་མ་ཤི་བར་གྲོང་ཁྱེར་ཡངས་པ་ཅན་གྱི་ཆུ་ཁའི་རྐ་མགོ་ནས་ཞིང་པ་ལྔ་ཐུབ་ཅན་གྱིས་རྙེད་ནས་ཁོས་ཁྱིམ་དུ་ཁྱེར་མ་ནུས་པར་ནགས་ཁྲོད་དུ་གསོས་པའི་ཚེ། བྱ་ཐབས་ཅད་ཀྱིས་སྐྱོ་རོགས་བྱེད་པ། གཅན་གཟན་ཐམས་ཅད་ཀྱིས་ཤ་སྐྱེལ་བ། ཤིང་གི་གྲིབ་མས་བསྒྲིབས་པའི་ཉི་མའི་ཚད་པ་མི་ཡོང་བ། བསྐྱེད་རབ་ཏུ་ཆེ་བ་ཞིག་བྱུང་བས། དེའི་དུས་ན་རྒྱལ་བུ་དེ་ན་རེ་ང་བསོད་ནམས་རབ་ཏུ་ཆེ་བར་འདུག་པ་ལ། ངའི་ཡུལ་འཁོར་ན་ང་ལ་ཡབ་མེས་ཇི་སྐད་བྱ་བ་དང་ཅི་འདྲ་ཡོད་ཅེས་དྲིས་པས། ཞིང་པ་ལྔ་ཐུབ་ན་རེ་བུ་ཁྱོད་ཀྱི་ཕ་རྒྱལ་པོ་དམག་བརྒྱ་བས་ཟངས་སུ་བཅུག་ནས་ཆུ་ལ་བསྐྱུར་བའི་ལོ་རྒྱུས་ཞིབ་རྒྱས་བཤད་པས། ཁོང་བྲེད་ནས་རི་ལ་བྲོས་པས་ལྷ་རི་གྱང་མཐོའི་རྩེ་མོར་བྱུང་ངོ༌། །ད་རུང་དུ་བྱང་ཕྱོགས་ཁ་བ་ཅན་དུ་ཁ་བལྟས་ནས་ལྷ་རི་ཡོར་པོའི་རྩེ་ལ་བྲོས་པས། གནམ་གྱི་ལྷས་ཁོའི་སྤྱི་བོའི་དབུ་སྐྲ་ལ་ལྷ་ཐག་དང་དམུ་ཐག་བཏགས་ནས་ཡར་ལ་ཐེན་ཏེ་གནམ་རིམ་པ་བཅུ་གསུམ་གྱི་སྟེང་དགའ་ལྡན་ལྷ་ཡུལ་དུ་བྱོན་ནོ།། དེ་དུས་ཙ་ན་རྒྱལ་བུ་རུ་བ་སྐྱེས་བྱ་བ་ཁོང་མིང་ནི། ལྷ་ཅིག་གནམ་གྱི་ཡབ་ལྷ་སྲིད་པ་མགོན་བཙུན་ཕྱཱའི་ལྷ་ཞེས་བྱ་བར་མིང་བཏགས་སོ། །སྲིད་པ་ཕྱཱའི་ལྷ་དང་རི་ཏི་རིའི་བུ་མོ་ཤ་བ་གཡུའི་མགོ་ཅན་མ་དང་སྲིད་པའི་སྲས་ནི། རྒྱལ་པོའི་ལྷ་སྲས་དུང་སྐེ་འབར་བ་བྱ་བ་འཁྲུངས་ནས། དེ་ནི་ལྷའི་གྲལ་དུ་མ་རུང༌། མིའི་རྗེར་ཡང་མ་རུང་སྟེ། གངས་ཏི་སེ་ཤེལ་གྱི་བདག་པོ་མཚོ་མ་ཕམ་གཡུའི་རྐྱེན་པོར་གཤེགས་སོ། །སྲིད་པ་ཕྱཱའི་ལྷ་དང་རི་ཏི་རིའི་བུ་མོ་ཤ་བ་གསེར་གྱི་མགོ་ཅན་མ་དང་སྲིད་པའི་སྲས་ནི། རྒྱལ་པོ་ལྷ་སྲས་དུང་གི་སྨ་ར་སྐྱེ་བར་འཁྲུངས་ནས། དེ་ཡང་ལྷའི་གྲལ་དུ་མ་རུང༌། མིའི་རྗེར་ཡང་མ་རུང་སྟེ་དམངས་དང་གཉན་གྱི་ས་རུ་གཤེགས་སོ། །སྲིད་པ་ཕྱཱའི་ལྷ་དང་རི་ཏི་རིའི་བུ་མིའི་མགོ་ཅན་མ་དང་སྲིད་པའི་སྲས་ནི། རྒྱལ་པོ་ལྷ་སྲས་ལྷ་དཀར་བྱ་བ་འཁྲུངས་ནས་དེ་ཡང་ལྷའི་གྲལ་དུ་མ་རུང༌། མིའི་རྗེར་ཡང་མ་རུང་སྟེ་སྲིད་པ་ཕྱཱའི་ཡུལ་དུ་གཤེགས་སོ། །སྲིད་པ་ཕྱཱའི་ལྷ་དང་རི་ཏི་རིའི་བུ་མོ་ཤ་བ་དུང་གི་མགོ་ཅན་མ་དང་སྲིད་པའི་སྲས་ནི། ཡུལ་གནམ་གྱི་གུང་གི་ཡར་སྟེངས་དེ་ན་རྒྱལ་པོའི་ལྷ་སྲས་ནི་གནམ་ཐེན་ཆེན་པོ་བྱ་བ་བཞུགས་སོ། །དེའི་སྲས་ལ་གུང་ཐེན་ཆེན་པོ་ཟེར། དེའི་སྲས་ལ་སྤྲིན་ཐེན་ཆེན་པོ་ཟེར། དེའི་སྲས་ལ་ཆར་ཐེན་ཆེན་པོ་ཟེར། དེའི་སྲས་ལ་རྒྱལ་དབང་མདའ་ཐེན་ཆེན་པོ་ཟེར། དེའི་སྲས་ལ་ཐིལ་ཐེན་ཆེན་པོ་ཟེར། དེའི་སྲས་ལ་གཞོང་ཐེན་ཆེན་པོ་ཟེར། དེའི་སྲས་ལ་དཔལ་ལྡན་བླ་མ་མོན་ཐེན་ཆེན་པོ་ཟེར། དེའི་སྲས་ལ་འཕྲུལ་ཐེན་ཆེན་པོ་ཟེར། དེའི་སྲས་ལ་སྟག་ཅན་འལ་འོལ་ཟེར། སྲས་སྟག་ཅན་དེ་དང་ཚེའི་གཟའ་ཁྱད་ཁྱུང་གཉིས་སྲིད་པའི་སྲས་ནི་ཕོ་བོ་རྗེ་ཡབ་ལྷ་བདལ་དྲུག་ཡིན། དེ་འོག་བརྒམ་ཕྱ་ལ་བྲམ་ཆེན་ཡིན། དེ་འོག་རྒྱ་ལྷ་འབྲོང་ནམ་ཡིན། དེ་འོག་ནུ་བོ་ཐ་ཆུང་འོ་དེ་གུང་རྒྱལ་ཡིན་ནོ། །དུས་དེ་ཙ་ན་རྒྱ་གར་གྱི་རྒྱལ་པོ་དམག་བརྒྱ་བའི་སྲས་རྒྱལ་བུ་རུ་བ་སྐྱེས་ཞེས་བྱ་བ་སྲིད་པ་ཕྱཱའི་ལྷ་དེས། གནམ་རིམ་པ་བཅུ་གསུམ་གྱི་སྟེང་དུ་བཞུགས་ནས་ལྷ་རབས་ཐེན་དགུ་དང༌། ལྷ་རབས་མཆེད་བཞིའི་ཡང་མེས་དགུ་མེས་མཛད་དོ། །དེ་ནས་ཡང་རྒྱལ་པོ་རུ་བ་སྐྱེས་སྲིད་པ་ཕྱཱའི་ལྷ་དེས་ལྷའི་ནོར་བུ་རིན་པོ་ཆེ་ལ་རང་གང་འདོད་པའི་གསོལ་བ་བཏབ་པས། ཚེ་རིང་བ་ཡེ་ཤེས་ལྷའི་མིག་གིས་འཇིག་རྟེན་གྱི་ཁམས་མཐོང་བ་ཅིག་བྱུང་ངོ༌། །དེ་ནས་གནམ་གྱི་གོང་གི་ཡར་སྟེངས་དེ་ནས་མི་ཡུལ་ས་ག་དོག་ན་མར་གཟིགས་པས། བོད་ཡུལ་གླིང་དགུ་བྱ་བ་གངས་རི་ཤེལ་གྱི་མཆོད་རྟེན་འདྲ་བ། བསིལ་དྲོད་སྙོམས་པ། རིགས་གསུམ་མགོན་པོའི་སྤྲུལ་པས་འདུལ་བའི་གླིང་ཁྱད་པར་ཅན་དུ་ཐུགས་རྗེ་ཆེན་པོས་འདུལ་བའི་ཞིང་ཁམས་ཨཱརྱ་པ་ལོའི་དགེ་སློང་སྤྲེའུ་རྒྱལ་པོ་ཧ་ལུ་མན་ད་ཞེས་བྱ་བ་སྤྲེའུ་སྒོམ་བྱང་ཆུབ་སེམས་དཔའ་དང༌། བྲག་སྲིན་མོ་གཉིས་འདུས་ནས་སྲིད་པའི་བུ་རྒྱ་བོད་ཀྱི་མིའུ་རིགས་བཞི་འདུལ་བའི་རྗེ་རུ་འབྱོན་པར་དགོངས་ནས། རྒྱལ་པོ་རུ་བ་སྐྱེས་ཞེས་བྱ་བ་སྲིད་པ་ཕྱཱའི་ལྷ་དེ་ལ་མགོའི་སྤྱི་བོ་ན་ལྷའི་སྨུ་ཐག་ཡོད་པས། ལྷས་དམུ་ཐག་གནར་ནས་སྐས་གདང་དགུ་ལ་བབས་ཏེ་ལྷ་རི་ཡོལ་བོའི་རྩེ་མོར་བྱོན་ནས་ལྷ་རི་ཡོལ་བའི་འགུལ་གཡའ་དང་སྤང་གི་མཚམས་ན་སེ་བོན་པོ། སྨུ་བོན་པོ། ལྡོང་བོན་པོ། འོབ་བོན་པོ། སྒམ་ལྷ་བོན་པོ། འབྲོ་བོན་པོ། ཁྱུང་བོན་པོ། ཤེ་བོན་པོ། གཉེན་བོན་པོ། འཇག་བོན་པོ། ལྕོག་ལྷ་བོན་པོ་ལ་སོགས་པ་ཤེས་པ་མཁན་བཅུ་གཉིས་ལྷ་གསོལ་གྱིན་ཡོད་པ་ལས་དེ་རྣམས་ཀྱི་ནང་ནས་ཡང་གོང་གི་བོན་པོ་མཁས་པ་བཞིའི་དྲུང་དུ་བྱོན་ནོ། །ཁོང་བོན་པོ་རྣམས་ཀྱིས་ཁྱེད་གང་ནས་ཡོང་སུ་ཡིན་བྱས་དྲིས་པས། ཁོང་ན་རེ། ང་གནམ་གྱི་ལྷས་དབུ་ཐག་ལ་ཐེན་ནས། རིམ་པ་བཅུ་གསུམ་གུང་གི་ཡར་སྟེངས་སུ་ཕྱིན་པས། མིང་ནི་མགོན་སྲིད་པ་ཕྱཱའི་ལྷ་ཞེས་བྱ་བ་ཐོབ་བོ། །འབྱལ་དང་ཁབ་ཏུ་ལྷའི་སྲས་མོ་རི་ཏི་རིའི་བུ་མོ་ཤ་བ་དུང་གི་མགོ་ཅན་མ་དང་སྲིད་པ་ལས། སྲས་ནི་སྲིད་པའི་ལྷ་རབ་ཐེན་དགུ་བྱ་བ་བྱུང༌། དེ་ཚོ་ནི་ཆིག་རྒྱུད་ཡིན། ཐེན་དགུ་ཕྱི་མའི་སྲས་ནི་སྟག་ཅན་འལ་འོལ་བྱུང༌། དེའི་འབྱལ་དང་ཁབ་ཏུ་མཚེའི་གཟའ་ཁྱད་རྒྱུད་བཞེས། དེ་གཉིས་སྲིད་པའི་སྲས་ནི་ལྷ་རབས་མཆེད་བཞི་བྱུང་ངོ༌། །དེ་རྣམས་ཀྱིས་ཡང་མེས་དགུ་མེས་བྱས་སོ། །དེ་ནས་ལྷའི་ནོར་བུ་རིན་པོ་ཆེ་ལ་གསོལ་བ་བཏབས་པས། འཇིག་རྟེན་གྱི་ཁམས་རྣམས་མཐོང་བ་ཞིག་བྱུང་ནས་བལྟས་པས་ཐུགས་རྗེ་ཆེན་པོས་འདུལ་བའི་ཞིང་ཁམས་བོད་ཡུལ་གྱི་གླིང་འདི་ངོ་མཚར་ཆེ་བར་མཐོང་ནས། ལྷས་སྤྱི་བོ་ནས་དམུ་ཐག་གི་འོད་ཟེར་གནར་ནས་དེ་ལ་འཇུས་ཏེ་བབས་ནས་ཡོང་བ་ཡིན་ཟེར་ནས་འཛུབ་མོ་གནམ་དུ་བསྟན་པས། ཁོའི་སྤྱི་གཙུག་དང་གནམ་གྱི་བར་ན་ལྷའི་དམུ་ཐག་དཀར་ནར་རེ་འདུག་པ་མི་རྣམས་ཀྱིས་མཐོང་ངོ༌། །དེ་ནས་ཡོད་པའི་བོན་པོ་རྣམས་ན་རེ་འདི་གནམ་ནས་ཡོང་བའི་ལྷ་བཙན་པོ་ཅིག་འདུག་པས། འདི་ཤིན་ཏུ་ངོ་མཚར་བ་ཅིག་འདུག་པས་འདི་ཉིད་རང་གི་གྲོང་ཡུལ་གྱི་མི་རྣམས་ལ་སྟོན་ནོ་ཟེར་ནས་དེ་ཤིང་གི་ཁྲི་ལ་བཞག་ནས་གཉའ་བ་ལ་ཁུར་ནས་གྲོང་ཡུལ་གྱི་མི་རྣམས་ལ་བསྟན་ནས། འདི་དེ་རིང་ཉིད་བོན་པོ་རྣམས་ཀྱིས་ལྷ་གསོལ་དུ་ཕྱིན་པས་རྙེད་པ་ཡིན། གནམ་ནས་ཡོང་བའི་ལྷ་བཙན་པོ་བྱ་བ་ཡིན་ཟེར་ནས་ལྟོས་ཤིག་ཟེར་རོ། །གྲོང་ཡུལ་གྱི་མི་རྣམས་ན་རེ། ལྷ་བཙན་པོ་དེ་ངོ་མཚར་ཆེ་བ་འདུག ཁྱེད་བོན་པོ་ཚོས་གཉའ་བའི་ཁྲི་ལ་བཞག་པས་ལྷ་གཉའ་ཁྲི་བཙན་པོ་ཟེར། ལྷ་གཉན་ཁྲི་བཙན་པོ་དེ་ལ་ཉེད་རང་ཚོས་རྗེ་རྒྱལ་བཙན་པོ་བྱའོ་ཟེར་བས་དུས་དེ་ནས་རྗེ་གཉའ་ཁྲི་བཙན་པོ་ཟེར་བ་ཡིན་ནོ། །གནམ་ནས་བྱ་བཞིན་དུ་བབས་པས་བྱ་ཁྲི་བཙན་པོ་ཡང་ཟེར་རོ། །བོད་ཀྱི་རྗེ་དང་རྒྱལ་པོ་ལ་རྗེ་གཉའ་ཞབས་དྲུང་ཁྲི་བཙན་པོ་དེ་སྔ་བ་ཡིན་ནོ། །དང་པོ་ནི་རྗེ་མང་བོས་བཀུར་བ་ནས་རྒྱལ་པོ་ཏ་ལའི་རྐང་ཡན་ཆད་ལ་ནི་གླིང་བཞི་ལ་དབང་བ་ལ་སོགས་པའི་རྒྱལ་པོའི་ཐ་སྙད་མི་འདུག་སྟེ། བསྐལ་བ་དང་པོའི་རྒྱལ་པོ་ནི་རྗེ་མང་པོས་བཀུར་བ་དེ་སྔ་བ་ཡིན་ནོ། །རྒྱལ་པོ་ཏ་ལའི་རྐང་ལ་རྒྱལ་པོ་སྤྱི་བོ་སྐྱེས་ཞེས་བྱ་བ་བྱུང་བས། རྒྱལ་པོ་ང་ལས་ནུ་ཡང་ཟེར། རྒྱལ་པོ་གྲགས་པ་མཐའ་ཡས་ཀྱང་ཞེས་པ་ཡིན་པས། གླིང་གཅིག་དང་གཉིས་དང་གསུམ་དང་བཞི་ཀ་ལ་ཁོ་གཅིག་བུས་དབང་དེ་སུམ་ཅུ་རྩ་གསུམ་དགའ་ལྡན་ལྷ་ཡུལ་ན་ལྷའི་དབང་པོ་བརྒྱ་བྱིན་གྱི་གདན་ཕྱེད་ལ་དབང་ཕྱེད་པ་ཡིན་ནོ། །དེའི་ལོ་རྒྱུས་ཞིབ་པར་ལྟ་འདོད་ན། འཕགས་པ་དཀོན་མཆོག་བརྩེགས་པའི་ཡབ་སྲས་མཇལ་བའི་ནང་དུ་ལྟོས་ཨང༌། རྒྱལ་པོ་བཞི་ནི་སོ་སོ་རང་རང་ནས་གླིང་བཞི་དང་གསུམ་དང་གཉིས་དང་གསེར་དངུལ་ཟངས་ལྕགས་འཁོར་ལོ་བསྒྱུར་བྱ་བ་ཡིན་པས་རྒྱལ་པོ་བཞི་ནི་རིམ་པ་བཞིན་ཡིན་ནོ། །དེ་ནས་མི་རབས་འབུམ་ཚོ་གཉིས། ཁྲི་ཚོ་དགུ་བཅུ། སྟོང་ཚོ་གོ་ལྔ་སུམ་བརྒྱ་དོན་བདུན་ན། རྒྱལ་པོ་བ་ར་དྷྭ་ཙ་དང་གོའུ་ཏ་མ་བྱུང་ངོ༌། །དེ་ནས་མི་རབས་བརྒྱ་ཐམ་པ་ན་ཤཱཀྱའི་རིགས་བྱུང་ངོ༌། །དེ་ནས་མི་རབས་ལྔ་ཁྲི་ལྔ་སྟོང་དང་བཅུ་བཞི་ན། སངས་རྒྱས་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་བྱུང་ངོ༌། །དེའི་སྲས་ནི་སྒྲ་གཅན་འཛིན་ཡིན་ཏེ་རྒྱལ་པོ་སྐྱེ་བ་མེད་དེ་གདུང་ཆད་ཅེས་བྱའོ། །སྤྱིར་རྒྱལ་པོ་མང་པོས་བཀུར་བ་ནས་སྲས་སྒྲ་གཅན་འཛིན་ཡན་ཆད་དུ་མི་རབས་འབུམ་ཕྲག་བཅུ་གཉིས་དང་ཁྲི་ཕྲག་ལྔ། བརྒྱ་ཕྲག་བཞི་དང་དགུ་བཅུ་གོ་བཞི། སངས་རྒྱས་དང་གོ་ལྔ་བྱུང་ངོ་བྱ་བ་ལ་སོགས་པ་ནི་རྒྱ་ཆེར་མདོ་དང་རྒྱུད་སྡེ་དང༌། བཀའ་ཆེམས་ལས་བྱུང་ངོ༌། །ཉན་ཐོས་ཀྱི་ལུང་ནང་དུ་ཡང་བལྟ་བར་བྱའོ། །ཚུལ་དེ་ལྟ་བུ་ནི་བྱང་དཔལ་ཆད་ལྷ་ཁང་ན་ཡང་རྒྱུད་རིས་དང་ཡི་གེར་བྲིས་ནས་ཡོད་དོ། །རྗེ་གཉན་ཁྲི་བཙན་པོའི་གདུང་རྒྱུད་གནམ་ལ་ཁྲི་བདུན། བར་གྱི་སྟེངས་གཉིས། ཆུ་ལ་སྡེ་བརྒྱད། ས་ལ་ལེགས་དྲུག བར་གྱི་བཙན་ལྔ་ཇི་ལྟར་བྱུང་ལུགས་ཡང་བྱང་དཔལ་ཆད་ལྷ་ཁང་ན་རྒྱུད་རིས་དང་ཡི་གེར་བྲིསནས་རྒྱས་པར་ཡོད་དོ། །དེ་ནས་གནམ་གྱི་ཁྲི་བདུན་ནི་རྗེ་གཉའ་ཁྲི་བཙན་པོ་དེ་ཡར་ལུང་བཙན་ཐང་སྒོ་བཞིར་ཆགས་ཕེབས་ནས་ཕོ་བྲང་བཏབ་པ་ཡིན། ཕོ་བྲང་ནི་ས་དང་རྡོ་ལ་མ་བརྩིགས། རི་དྭགས་ཤྭ་བ་དང་འབྲོང༌། གཅན་གཟན་སྟག་གཟིག་པགས་པ་ལ་གུར་དུ་ཕུབ་ནས་བྱས་པ་ཡིན་ནོ། །དེའི་སྲས་སྨུ་ཁྲི་བཙན་པོ། དེའི་སྲས་ལྷ་ཁྲི་བཙན་པོ། དེའི་སྲས་དེང་ཁྲི་བཙན་པོ། དེའི་སྲས་ངོས་ཁྲི་བཙན་པོ། དེའི་སྲས་ཁྲི་པེ་བཙན་པོ། དེའི་སྲས་གུང་ཁྲི་བཙན་དང་བདུན་པོ་དེ་ལ། སྤྱི་བོ་ནས་ལྷའི་སྨུ་ཐག་བྱ་བའི་འོད་ཟེར་དཀར་པོ་ཅིག་ཡོད་དེ། ཁོང་བདུན་པོ་མྱ་ངན་ལས་འདས་ཏེ་ལྷ་ཡུལ་དུ་གཤེགས་པའི་དུས་ན། ཞབས་ནས་འོད་ཀྱིས་ཡར་ལ་འདུས་ནས་འོད་གནམ་དུ་ཡལ་ནས་རོ་མི་ཡོད་པ་ཡིན་ནོ། །ཁྲི་བདུན་པོའི་བང་སོ་གནམ་དུ་བཏབ་ཟེར་རོ། །གུང་ཁྲི་བཙན་པོའི་སྲས་གྲི་གུང་བཙན་པོ་དེ་ལ་ཡང་སྤྱི་བོ་ནས་ལྷའི་སྨུ་ཐག་བྱ་བའི་འོད་ཟེར་དཀར་པོ་དེ་ཡོད་པས་ཁོང་ཡང་མྱ་ངན་ལས་འདས་ཏེ་ལྷ་ཡུལ་དུ་གཤེགས་པའི་དུས་ན། གྲིར་མ་གུམ་ན་ལྷའི་སྨུ་ཐག་གིས་འདུས་ནས་འོད་ཟེར་དཀར་པོ་གནམ་དུ་ཡལ་ནས་རོ་མི་ཡོང་བ་ཡིན་པ་ལ། རྒྱལ་པོ་གྲི་གུང་བཙན་པོ་ལ་སྲས་ཕོ་བོ་གསུམ། ཁོང་རང་གྲོངས་ནས་སྐྱེས་པའི་བླའུ་ཅིག་དང་བཞི་ཡོད་པའི་ལོ་རྒྱུས་ནི། སྲས་གསུམ་ནི་ཤ་ཁྲི། ཉ་ཁྲི། བྱ་ཁྲི་གསུམ་ཡིན་པ་ལ་ཁོང་སྤུན་གསུམ་ཡབ་ཀྱི་རྒྱལ་སྲིད་ལ་མ་འཆམས་པར། ཡབ་ཀྱིས་ཡུལ་གསུམ་དུ་སྤྱུགས་པ་ནི། ཕོ་བོ་ཤ་ཁྲི་ཀོང་པོའི་ཡུལ་དུ་སྤྱུགས། དེ་འོག་འབྲིང་པོ་ཉ་ཁྲི་ཁམས་ཀྱི་ཡུལ་དུ་སྤྱུགས། དེ་འོག་ཐ་ཆུང་བྱ་ཁྲི་ནི་གཙང་གི་ཡུལ་དུ་ཕྱུགས་ནས། རྒྱལ་པོ་གྲི་གུང་བཙན་པོས་སྲས་གསུམ་སྤྱུགས་ནས། ཁམས་ཀྱི་རྒྱལ་པོའི་སྲས་མོ་བག་མར་བླངས་ཏེ། ཕོ་བོ་གསུམ་གྱི་ཨ་མས་རྒྱལ་པོའི་རྟ་རྫི་བྱེད་ཀྱིན་ཡོད་པའི་དུས་ན། རྒྱལ་པོ་གྲི་གུང་བཙན་པོ་དེ་བློན་པོ་དམག་མི་མ་སངས་འབངས་ལི་ངམ་དང་བཅས་པས་ཁ་ཆེའི་ཡུལ་དུ་དམག་རྒྱབ་ཏུ་ཕྱིན་ཏེ། ཁ་ཆེའི་རྒྱལ་པོ་དང་དམག་གཡུལ་སྤྲད་པས་བོད་ཀྱི་རྒྱལ་པོ་དམག་གཡུལ་རྒྱལ་ནས་ཚུར་ལ་ལོག་ནས་ཡོངས་ཀྱིན་ཡོད་པའི་ལམ་ཁ་ན་ཚུར་ལ། རྒྱལ་པོ་བློན་འབངས་དང་མ་སངས་ལི་ངམ་དང་བཅས་པ་རྣམས་ཀྱིས་མདའི་ཕོག་རྩལ་འགྲན་གྱིན་ཡོངས་པས། རྒྱལ་པོ་གྲི་གུམ་བཙན་པོའི་མདའ་ནི་ཕ་བོང་ལ་སྒྲོ་རིབ་བེ་ཐིམ། མ་སངས་ཀྱི་མདའ་ནི་ཕ་བོང་ལ་འདེམ་ཚུགས་ཙམ་འདུག་པའི་དུས་ན། ཁ་ཆེའི་མི་བཙོན་ལ་ཁྲིད་པ་རྣམས་ན་རེ། བོད་ཀྱི་རྒྱལ་པོ་དང་མ་སངས་རྣམས་ཀྱིས་གཞུ་སྒོམ་ཙམ། མདའ་ཕྱམ་རྩེ་ཙམ་འཕེན་པ་བྱུང༌། ཕ་གི་འདྲ་བ་ཡ་མཚན་ཆེ་ཟེར་ནས་མི་རྣམས་ཀྱིས་བལྟས་ཙ་ན། ཕ་བོང་ལ་མདའ་ལྡེམ་མེ་དང་སྒྲོ་རིབ་བེ་འདུག་གོ །བློན་པོ་རྣམས་ན་རེ། ཕ་བོང་ལ་སྒྲོ་རིབ་བེ་བ་ཕ་གི་ནི་རྒྱལ་པོའི་མདའ་ཡིན། ལྡེམ་ཚུགས་ཙམ་ཕ་གི་མ་སངས་ཀྱིས་མདའ་ཡིན་ཟེར། ལི་ངམ་ན་རེ། ཕ་བོང་ལ་སྒྲོ་རིབ་བེ་བ་ཕ་གི་མ་སངས་ཀྱི་མདའ་ཡིན་ལྡེམ་ཚུགས་ཕ་གི་རྒྱལ་པོའི་མདའ་ཡིན་ཟེར་ནས། ལི་ངམ་དང་བློན་པོ་མ་འཆམ་པའི་དུས་སུ། རྒྱལ་པོ་དང་མ་སངས་ཀྱི་བར་དུ་མདའ་སྒྲོ་རིབ་བེ་བ་དེ་རྒྱལ་པོའི་ཡིན་པ་ལ་མ་སངས་ཀྱི་མདའ་ཡིན་ཟེར་གྱིན་འདུག ང་རྒྱལ་པོས་མ་སངས་ལ་ཆད་པ་ཆོད་དང་ཟེར་བའི་ཕྲ་མ་བྱུང་བས། དེ་མ་སངས་ཀྱིས་ཐོས་ནས་ང་ལ་རྒྱལ་པོས་ཆད་པ་གཅོད་ན། རྒྱལ་པོ་གྲོངས་པའི་དུས་རོ་མི་ཡོང་ཟེར་བ་དེ་བདེན་ནམ་མི་བདེན་ལྟ་བའི་ཆེད་དང༌། རྒྱལ་པོ་གྲིར་བཀུམ་པའི་ཆེད་དུ་མ་སངས་ཀྱི་བསམ་པ་ལ། རྒྱལ་པོའི་སྤྱི་བོ་ན་ལྷའི་སྨུ་ཐག་ཡོད་པ་གཅད་དེ་གྲོངས་པའི་དུས་ན་རོ་ཡོང་བ་དང༌། རྒྱལ་པོ་མདའ་གྲིར་བཀུམ་པའི་ཐབས་མཁས་པ་ཅིག་བྱེད་དགོས་སྙམ་ནས་ང་མ་སངས་དང༌། ཁྱེད་རྒྱལ་པོ་གཉིས་མདའ་རྩལ་སུ་ཆེ་འགྲན་པར་འདོད་ན། རལ་གྲི་ཀླད་ལ་སྐོར་གྱིན་ཤོག ཆུའི་ནང་གི་བ་དམར་གླང་དམར་ལ་སོལ་བའི་སྒྱེ་མོ་འཁོལ་ལ་ཤོག དཔྲལ་བར་དུང་གི་ཨ་ལོང་དང་དངུལ་དཀར་མེ་ལོང་ཐོགས་ལ་ཤོག་བྱས་ནས་མ་སངས་ཀྱིས་ལི་ངམ་ལ་འཕྲིན་སླེབས་ནས་རྒྱལ་པོའི་རྩར་བཏང་བས། ལི་ངམ་གྱིས་ཕྱིན་ནས་འཕྲིན་མ་ནོར་བར་དེ་སྐད་རྒྱལ་པོ་ལ་བྱས་པས། རྒྱལ་པོ་བཙུན་མོའི་ཕག་ནས་བཞེངས་ཏེ་ལི་ངམ་ཟེར་བ་བཞིན་དུ་བྱས་ནས་ལེགས་ཡིན་ནམ་སྙམ་ནས་དེ་ལྟར་བྱས་ཡོང་བའི་དུས་ན། རལ་གྲི་ཀླད་ལ་བསྐོར་བས་ཁོའི་སྤྱི་བོའི་ལྷ་ཐག་དང་སྨུ་ཐག་ཆད་པས་ལྷ་སྲིན་འདྲེ་སྲིན་འཁྲུགས། ལྷ་སྲིན་འདྲེ་སྲིན་འཁྲུགས་པས་ཆོ་ངེའི་སྒྲ་དང་འུར་སྒྲ་བྱུང༌། ཆོ་ངེ་དང་འུར་སྒྲ་བྱུང་བས་ཆུའི་ནང་གི་བ་དམར་གླང་དམར་འདྲོགས་ནས་སོལ་བའི་སྒྱེ་མོ་རལ་ཏེ་སོལ་འཚུབ་ཆེན་པོ་བྱུང་བས་དེའི་གསེབ་ན་དུང་གི་ཨ་ལོང་དང་དངུལ་དཀར་མེ་ལོང་གཉིས་དཀར་ལྷག་གེ་འདུུག་པ་ལ་གཏད་ནས་མ་སངས་ཀྱིས་མདའ་བརྒྱབ་པས་རྒྱལ་པོའི་དཔྲལ་བར་ཕོག་ནས་རྒྱལ་པོ་མདར་བཀུམ་ནས། རྒྱལ་པོ་ལ་དེའི་དུས་ན་རོ་བྱུང་ངོ༌། །རྒྱལ་པོ་གྲི་གུང་གི་བཙུན་མོ་དེ་ལ་ལུས་པོ་སྦྲུམ་མ་ཅིག་ཀྱང་ཡོད་དེ། སྲས་གསུམ་སྤྱུགས་ནས་སྲས་མོ་བག་མར་བླངས་པས་ལན་ཞེས་ཟེར། མིང་སྲིང་བཞིའི་ཨ་མས་རྟ་རྫི་བྱས་ནས། རྒྱལ་པོ་གྲི་གུང་གི་བཙན་མོ་དེ་རྟ་ར་ན་ཉལ་ནས་བཟའ་མདའ་གྲིར་བཀུམ་ནས་གྲོངས་པའི་མྱ་ངན་བྱེད་ཀྱིན་ཡོད་པ་ལ། གཉིད་ཅིག་ལོག་པའི་རྨི་ལམ་ན་བཙུན་མོའི་དྲུང་དུ་མི་དཀར་རྟ་དཀར་ཅིག་བྱུང་ནས་དེ་དང་མོ་གཉིས་སྟབས་སུ་ཉལ་བ་རྨིས་པས། ཟླ་བ་བརྒྱད་ན་སྲས་ནི་རྐང་ལག་མེད་པ། ཁ་མིག་དང་རྣ་བ་སྣ་བུག་ཡོད་པའི་མགོའི་གཟུགས་དོད་པ་ཅིག་སྐྱེས་བྱུང་སྟེ། དེ་ཨ་མས་འབྲོང་རུའི་ནང་དུ་མགོ་ཡར་ལ་གཏད་དེ་བཅུག་ནས་ཁར་འོ་མ་བླུག་ཀྱིན་གསོས་པས་བུའི་མིང་ནི་འབྲོང་གི་རུ་ལས་སྐྱེས་ཞེས་བྱའོ། །དེ་ཆེར་སྐྱེས་པ་དང་རྐང་ལག་དང་ཕོ་མཚན་བྱུང་སྟེ་ཨ་མ་ལ་རི་དྭགས་པགས་པའི་ལྷམ་སྤུ་ཅན་ཡོད་པས་དེའི་ལྷམ་ཡུའི་ནང་དུ་བཅུག་ནས་གསོས་པས། བསྐྱེད་ཆེར་སྐྱེས་ནས་ལེགས་པོ་ཞིག་བྱུང་བས་མིང་ནི་སྤུ་དེ་གུང་རྒྱལ་ཞེས་བྱའོ། །རུ་ལས་སྐྱེས་ཀྱི་དུས་ན་ཨ་མའི་བུའི་ཨ་བོ་ཆུང་དག་དེ་གཙང་གི་ཡུལ་ནས་བཀུག་ནས་བུའི་ཕོ་དོད་བྱས་སོ། །ཡབ་ནི་གྲིར་བཀུམ་ནས་ལྷ་ཐག་སྨུ་ཐག་ཆོད་དེ་རོ་བྱུང་བས་ན་ཕ་སྟེངས་ཡིན། ཕ་གྲོངས་ནས་བུ་མོ་ཅིག་སྐྱེས་པ་དེ་བླའུ་ཡིན། ཨ་མས་འབྲོང་རུ་དང་ལྷམ་ཡུར་བཅུག་ནས་གསོ་དགོས་པ་བྱུང༌། ཨ་མས་ཕོ་བོ་ཆུང་དག་གཙང་གི་ཡུལ་ནས་བཀུག་སྟེ་བུའི་ཕ་དོད་བྱེད་དགོས་བྱུང་བ་ནི་བུ་སྟེངས་ཡིན། དེ་ལ་ཕ་སྟེངས་དང་བུ་སྟེངས་ཞེས་ཟེར་བ་ཡིན། ཁོང་ཡབ་སྲས་གཉིས་ཀྱི་བང་སོ་དེ་ཡར་ལུང་ཕུ་དུང་མོ་དྲང་བྱ་བའི་རིའི་རྩེ་དང་ཟོམ་ལ་ཡོད་དོ། །རྒྱལ་པོ་གྲི་གུང་བཙན་པོའི་སྲས་སྤུ་དེ་གུང་རྒྱལ། དེའི་སྲས་ལྷ་ཤོ་ལེགས། དེའི་སྲས་གོ་རུ་ལེགས། དེའི་སྲས་འབྲོང་ཞི་ལེགས། དེའི་སྲས་ཐེ་ཤོ་ལེགས། དེའི་སྲས་ཐོ་ཤོ་ལེགས། དེའི་སྲས་ཨི་ཤོ་ལེགས་དང་དྲུག་པོ་དེའི་རིང་ལ་སྐུ་མཁར་ཕྱིང་པ་སྟག་རྩེ་དང༌། རྩེ་དྲུག་བྱ་བ་བརྩིགས་སོ། །ཁོང་དྲུག་པོ་དེའི་བང་སོ་ཡང་གཡའ་སྤང་མཚམས་སུ་བཏབ་བོ། །ཨི་ཤོ་ལེགས་ཀྱི་སྲས་ཟ་ནམ་ཟིན་ཏེ། དེའི་སྲས་ལྡེ་འཕྲུལ་པོ། དེའི་སྲས་གནམ་ཞུང་བཙན། དེའི་སྲས་སྡེ་རྣོལ་པོ། དེའི་སྲས་སྡེ་རྣོལ་ནམ། དེའི་སྲས་བསེ་རྣོལ་ནམ། དེའི་སྲས་བསེ་རྣོལ་པོ། དེའི་སྲས་སྡེ་རྒྱལ་པོ་དང་བརྒྱད་པོ་དེ་ལ་ཆུ་ལ་སྡེ་བརྒྱད་ཟེར། བང་སོ་ཤམ་པོའི་ཆུ་ལ་བཏབ་བོ། །ཡང་པོ་སྡེ་རྒྱལ་པོའི་སྲས་རྒྱལ་པོ་སྤྲིན་བཙན། དེའི་སྲས་ཐོ་རེ་ལོང་བཙན། དེའི་སྲས་ཁྲི་བཙན་ནམ། དེའི་སྲས་ཁྲི་སྒྲ་སྤུང་བཙན་དེའི་སྲས་ཐོག་རྗེ་ཐོག་བཙན་དང་ལྔ་པོ་དེའི་བང་སོ་དར་བ་ཐང་དུ་བཏབ། བང་སོ་ས་ཕུང་འདྲ་ཞེས་ཟེར་རོ། །རིགས་རྒྱུད་དང་རྒྱལ་པོའི་གདུང་རྒྱུད་ཀྱི་ལོ་རྒྱུས་ཀྱི་ལེའུ་སྟེ་ལྔ་པའོ།། །། ལེའུ་དྲུག་པ། ལྷ་ཐོ་ཐོ་སྙན་ཤལ་གྱིས་སྐུ་རིང་ལ་ཕོ་བྲང་ཡུུམ་བུ་བླ་སྒང་དུ་དམ་པའི་ཆོས་ཀྱི་དབུ་བརྙེས་པ། དེ་ནས་ཡང་རྗེ་མང་པོས་བཀུར་བ་ནས་གདུང་རྒྱུད་ཤཱཀྱའི་རིགས་རྗེ་གཉའ་ཁྲི་བཙན་པོ་ཞེས་བྱ་བའི་སྲས་སུ་གདུང་རྒྱུད་བྱུང༌། དེའི་སྲས་དང་གདུང་རྒྱུད་ནི་ཁྲི་ཐོག་རྗེ་ཐོག་བཙན་ཡིན། དེ་ཡང་གཉན་མོ་གུང་སྨན་དང་སྲིད་པའི་སྲས་ནི་རྒྱལ་པོ་ལྷ་ཐོ་ཐོ་རེ་གཉན་ཤེལ་ཞེས་བྱ་བ་བྱུང་ངོ༌། །དེ་ལ་དང་པོ་ལྷ་ཞེས་བྱ་བ་ནི་འོད་གསལ་ལྷའི་གདུང་རིགས་ཡིན་པས་ན་ལྷ་ཞེས་བྱའོ། །ཐོ་ཐོ་རེ་ཞེས་བྱ་བ་བོད་ཀྱི་རྗེ་རུ་ཐོ་ཐོ་བ་བོད་ཀྱི་རྒྱལ་པོ་རེ་བས་ན་ཐོ་ཐོ་རེ་ཞེས་བྱའོ། །དམ་པ་ཆོས་ཀྱི་དབུ་རྙེད་དུ་ཐོབ་དང་དེ་ལ་བྱིན་བརླབས་ཡོད་པས་ཀྱང་ཐོ་ཐོ་རེ་ཞེས་བྱ་བྱའོ། །གཉན་ཞེས་བྱ་བ་ནི་གཉན་མོ་གུང་སྨན་ལ་སྐྱེས་པས་ནི་གཉན་ཞེས་བྱའོ། །བོད་འབངས་ཐམས་ཅད་ཀྱིས་ཁོའི་ཅི་ཟེར་ལ་གཉན་པས་ཀྱང་གཉན་ཞེས་བྱའོ། །ཤེལ་ཞེས་བྱ་བ་ནི་རྒྱལ་པོའི་བློན་པོ་ཤེལ་ཞེས་བྱ་བས་བྱས་པས་ཤེལ་ཞེས་བྱའོ། །ཤེལ་གྱི་མཆོད་རྟེན་བང་རིམ་བཞི་པ་ཞིག་ཕྱག་ཏུ་བྱུང་བས་ཀྱང་ཤེལ་ཞེས་བྱའོ། །དེ་ནས་ལྷ་ཐོ་ཐོ་རེ་གཉན་ཤེལ་བྱ་བ་དེས་ཡུལ་ཡར་ལུང་ཤེར་དུ་ཕོ་བྲང་ཡུམ་བུ་བླ་སྒང་ཞེས་བྱ་བ་ཤེལ་དཀར་གྱི་མཁར་འདྲ་བ་ཅིག་བཙུགས་ནས། ཕོ་བྲང་དེའི་ནང་ན་ཡབ་ཁྲི་ཐོག་རྗེ་ཐོག་བཙན་དང༌། སྲས་ལྷ་ཐོ་ཐོ་རེ་གཉན་ཤེལ་གཉིས་བཞུགས་ཏེ་བཀའ་གྲོས་མཛད་པ་ལས། བོད་ཡུལ་གྱི་མི་རྣམས་རུས་རྟག་ངན་པ། འཁེང་པོ་གྱོང་བོ་སྲོལ་དུ་མི་རྒྱུག་པ། མ་རུངས་པ་རྣམས་ཚོ་བོད་མཐའ་བཞིའི་ཡུལ་ལ་བྱེད་དུ་བཅུག་གོ །ནང་གི་མིའུ་རིག་བཞི་ནི། སེ་དང་སྨུ་གཉིས། ལྡོང་དང་སྟོང་གཉིས་ལས་རུས་ཆེན་བཞི་རུས་ཕྲན་འབངས་དང་བཅས་པ་རྣམས་ལས་བོད་ཡུལ་རུ་བཞིར་ཕྱེ་ནས་ཡུལ་དང་ས་རུ་བགོས་སོ། །དེ་ནས་ཡང་རྒྱལ་པོ་ལྷ་ཐོ་ཐོ་རེ་གཉན་ཤེལ་དེས་ཡར་ལུང་ཤེལ་གྱི་ཕོ་བྲང་ཡུམ་བུ་བླ་སྒང་ན་བཞུགས་པའི་དུས་སུ། རྒྱ་གར་གྱི་ཡུལ་ནས་མ་ག་ཏའི་རྒྱལ་པོ་ཛ་ཞེས་བྱ་བས་ཡབ་མེས་ཀྱིས་མཛད་པའི་ཡི་གེ་ལ་གཟིགས་པས། སྔོན་གྱི་མེས་པོ་དྷརྨ་ཨ་ཤོ་ཀའི་ལོ་རྒྱུས་ལས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པར་བཅས་པ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་གདུང་བྱེ་བ་བཞེངས་སུ་གསོལ་ནས་འདུག གསུང་གི་རྟེན་གླེགས་བམ་དང༌། ཐུགས་ཀྱི་མཆོད་རྟེན་བུམ་པ་བཞེངས་མ་གྲུབ་པར་འདུག་པས་ད་དེའི་ཕྱག་རྗེས་ངས་བྱེད་དགོས་ཟེར་རོ། །ང་ཡི་མེས་པོ་དེས་སྐུ་གསུང་ཐུགས་ཀྱི་རྟེན་ཇི་ཙམ་བཞེངས་ཞེས་དྲིས་པས་གནས་བརྟན་རྒན་པོ་ན་རེ། སྔོན་སངས་རྒྱས་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་གཤེགས་པ་ལ། ཐ་གེ་མའི་བུས་བྱེ་མ་སྤར་གང་གཏོར་བས་བྱེ་མའི་གྲངས་དང་མཉམ་པའི་མ་འོངས་པ་ན་སྐུ་གདུང་རྒྱས་པར་འགྱུར་རོ་གསུང་ངོ༌། །བྱེ་མའི་གྲངས་ནི་བྱེ་བ་བྱུང་ངོ༌། །རྒྱལ་པོའི་སྐྱེ་བ་སྔོན་མ་ནི་ཐ་གེ་མའི་བུ་ཡིན་ཏེ། དེའི་སྐྱེ་བ་ཕྱི་མ་ལ་གྲོང་ཁྱེར་ཤིང་ཐག་ཅན་ན་རྒྱལ་པོ་ཤིང་རྟ་བཅུ་པ་དང༌། བཙུན་མོ་འབྲོག་མཁན་མའི་སྲས་རྒྱལ་པོ་མྱ་ངན་ཅན་མེད་ཅེས་བྱ་བར་སྐྱེས་ནས། དེའི་རིང་ལ་ནུབ་ཕྱོགས་རྔ་སྒྲ་ཅན་གྱི་མི་ཐབས་ཅད་བསད། ཕོ་བོ་གསུང་འབངས་དང་བཅས་པ་ཡང་བསད། གྲོང་ཁྱེར་ཤིང་ཐག་ཅན་ཚོ་ཡང་གཤེད་དམར་བསྐོས་ནས། གསོད་པའི་ལུགས་མི་འདྲ་བ་རེ་རེ་བྱས་ནས་བསད། བཙུན་མོ་འབྲོག་མཁན་མའི་བུས་ཁྱིམ་ནོར་ནས་གཤེད་མའི་ཁྱིམ་དུ་བྱུང་བས་གཤེད་མས་འབྲོག་མཁན་གྱི་བུ་དེ་ཟངས་འབྲུ་མར་གྱིས་བཀང་བའི་ནང་དུ་བཙོས་བས། ཁོ་མ་ཤི་བར་ཟངས་ཀྱི་ནང་ནས་མེ་ཏོག་པདྨའི་སྡོང་པོ་ཅིག་སྐྱེས་ཏེ། དེའི་སྟེང་ན་ཟིལ་བ་ཕྲུམ་མེ་ལ་སྔར་བས་ལེགས་པ་ཅིག་བྱས་འདུག་ནས། གཤེད་མའི་མི་རྣནམས་ནི་ངོ་མཚར་ཆེན་པོ་བྱས་པས། ཟངས་ནང་གི་མེ་ཏོག་པདྨའི་སྟེང་གི་རྒྱལ་པོ་དེས་ངོ་མཚར་བྱས་ནས། བྱ་གག་གི་ཀུན་དགའ་ར་བ་ན་གནས་བརྟན་གྲགས་པ་བྱ་བ་ལ་རྒྱལ་པོས་སྡུག་པ་སྦྱོང་བའི་ཐབས་ཞུས་པས། གནས་བརྟན་ན་རེ། དགེ་བའི་རྩ་བ་བྱས་པའི་མིས། སྡིག་པ་བྱས་པ་འགག་གྱུར་ཏེ། ཟླ་བ་སྤྲིན་ལས་གྲོལ་བ་ལྟར། དེ་ནི་སྡིག་ལས་གྲོལ་བར་འགྱུར། ཞེས་གསུངས་སོ། །རྒྱལ་པོས་དགེ་བ་ཇི་ལྟ་བུ་བྱ་ཞུས་པས། གནས་བརྟན་ན་རེ། ཉི་མ་གཅིག་ལ་དགེ་སློང་འབུམ་ཚོ་བཅུ་ལ་ཆོས་སྟོན་དྲངས་ནས་རྒྱལ་པོའི་སྡིག་པ་འདག ཡང་ན་ནི་ནུབ་གཅིག་ལ་མཆོག་རྟེན་བྱེ་བ་བཞེངས་ཤིག དེས་རྒྱལ་པོའི་སྡིག་པ་འདག་པར་འགྱུར་རོ་གསུངས་པས། རྒྱལ་པོ་ན་རེ། ཉིན་གཅིག་ལ་དགེ་སློང་འབུམ་ཚོ་བཅུ་ལ་ཆོས་སྟོན་འདྲེན་པ་སླ་སྟེ། ངའི་ནུབ་གཅིག་ལ་མཆོད་རྟེན་བྱེ་བ་བས་གཅིག་ཀྱང་མི་འགྲུབ་པས། རྒྱལ་པོ་ངའི་སྡིག་པ་མི་འདག་བྱ་བ་ཡིན་ཟེར་བས། གནས་བརྟན་ན་རེ། ཁྱོད་སངས་རྒྱས་ཀྱི་བཀས་གནང་བའི་རྒྱལ་པོ་ཡིན་པས། མ་ག་ཏའི་ཤིང་དྲུང་ན་སངས་རྒྱས་ཀྱི་སྐུ་གཟུགས་ལ་མཆོད་པ་རྒྱས་པར་ཕུལ། དགེ་སློང་འབུམ་ཚོ་བཅུ་ལ་ཆོས་སྟོན་དྲོངས་ལ། ང་སངས་རྒྱས་ཀྱི་བཀས་གནང་བའི་རྒྱལ་པོ་ཡིན་ན། ལྷ་མ་སྲིན་སྡེ་བརྒྱད་ཀྱིས་ནུབ་གཅིག་ལ་དེ་བཞིན་གཤེགས་པའི་མཆོད་རྟེན་བྱེ་བ་བཞེངས་ཤིག དེ་མ་བཞེངས་ན་ང་སངས་རྒྱས་ཀྱིས་གནང་བའི་རྒྱལ་པོ་མ་ཡིན་ནོ་གྱིས་ལ་སྨོན་ལམ་ཐོབ་དང་འགྲུབ་པར་འགྱུར་རོ་གསུངས་པས། དེ་ནས་རྒྱལ་པོས་གནས་བརྟན་ཅི་གསུང་ལྟར་བྱས་མ་ཐག་ཏུ། ལྷ་མ་སྲིན་སྡེ་བརྒྱད་ཀྱིས་ནུབ་གཅིག་ལ་འཛམ་བུའི་གླིང་དུ་མཆོད་རྟེན་བྱེ་བ་བཞེངས་སོ། །ཤེལ་གྱི་མཆོད་རྟེན་བང་རིམ་བཞི་པ་གཅིག་པ་ཡང་བཞེངས་ནས་རྒྱལ་པོ་ལ་ཕུལ་ལོ། །དེའི་ཐོ་རངས་རྒྱལ་པོས་རྒྱུན་དུ་ཞུགས་པ་ཐོབ་པོ། དེ་ནས་གནས་བརྟན་གྲགས་པས་རྒྱལ་པོ་བྱེ་བར་སྤྲུལ་ནས་མཆོད་རྟེན་ལ་རབ་གནས་བྱེད་པར་གྱུར་ཏོ། །དེ་མ་ཐག་ཏུ་རྒྱལ་པོས་དགྲ་བཅོམ་པ་ཐོབ་བོ། །རྒྱལ་པོ་ཛ་ན་རེ། ངའི་མེས་པོ་དེ་བཞིན་གཤེགས་པའི་སྐུའི་རྟེན་བཞེངས་ཏེ། གསུང་རྟེན་མ་བཞེངས་པས། རྒྱལ་པོ་ངས་ཐུགས་རྟེན་འགྲུབ་ཀྱང་གསུང་རྟེན་མ་འགྲུབ་པས། ད་གསུང་རྟེན་ཡང་བཞེངས་དགོས་པས་དེ་ཅི་ལྟར་བྱས་ན་འགྲུབ་གསུངས་པས། གནས་བརྟན་དེས་རྒྱལ་པོ་ལ་གསུངས་པ། རྒྱལ་པོ་ཁྱེད་རང་མཛད་པ་གོང་བཞིན་དུ་བྱང་ཆུབ་ཀྱི་ཤིང་དྲུང་དུ་མཆོད་པ་ཕུལ་ལ་ཆོས་སྟོན་དྲོངས་མཛོད་དང༌། གསུང་རྟེན་ཀྱང་འགྲུབ་པར་འགྱུར་རོ། །གསུང་རྟེན་གྱི་དམ་ཆོས་བཞེངས་པར་འཐད་དོ་གསུངས་པས་རྒྱལ་པོས་ཀྱང་དེ་བཞིན་དུ་མཛད་པས། ནམ་མཁའ་ལ་རྡོ་རྗེ་སེམས་དཔའི་སྐུ་ཅིག་བྱོན་ནས་གླེགས་བམ་གྱི་པོ་ཏིའི་བར་ཕབ་བྱུང་བས། གླེགས་བམ་གྱི་པོ་ཏི་དང་ཤེལ་གྱི་མཆོད་རྟེན་བང་རིམ་བཞི་པ་དང་བཅས་པ་དེ་རྣམས། རིན་པོ་ཆེའི་ཟ་མ་ཏོག་གི་ནང་དུ་བཅུག་ནས་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ནས། མཆོད་པ་རྒྱས་པར་ཕུལ་ནས་རབ་གནས་མཛད་པའི་དུས་སུ། མཁའ་འགྲོ་དང་མཁའ་འགྲོ་མ་རྣམས་ཀྱིས་ཡེ་ཤེས་འབྱུང་བའི་རླུང་འཚུབ་བསླང་ནས་གླེགས་བམ་དང་མཆོད་རྟེན་ནམ་མཁའ་ལ་ཁྱེར་ནས་མི་སྣང་བར་གྱུར་ཏོ། །དེའི་དུས་ན་ཡར་ལུང་གི་ཕོ་བྲང་ཡུམ་བུ་བླ་སྒང་གི་ནང་ན་དཔལ་ཕྱག་ན་རྡོ་རྗེའི་སྤྲུལ་བ་ལྷ་ཐོ་ཐོ་རེ་གཉན་ཤེལ་བཞུགས་ཏེ་ཡབ་ཡུམ་གཉིས་ལ་བཀུར་བསྟི་མཛད་ཀྱིན་ཡོད་པའི་དུས་ན། ནམ་མཁའ་ལ་རོལ་མོའི་སྒྲ་སྣ་ཚོགས་པ་སྒྲོག་པ་ཅིག་བྱུང་ཙ་ན། འཇའ་ཚོན་ཁ་དོག་སྣ་ཚོགས་སུ་སྣང་བ་ཅིག་འཁྱིལ་བྱུང་བས། དེའི་དཀྱིལ་ནས་འོད་ཟེར་རྣམ་པ་ལྔ་རྒྱལ་པོའི་བང་དུ་བྱུང་བས། དེའི་སྣ་ལ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་ཟ་མ་ཏོག་ཅིག་བྱུང་ནས་དེ་རྒྱལ་པོས་ཁ་ཕྱེ་བའི་ནས། ཤེལ་གྱི་མཆོད་རྟེན་བང་རིམ་བཞི་པ་ཅིག་དང༌། གསེར་གྱི་གླེགས་བམ་ལ་བཻཌཱུརྱ་ཞུན་མས་བྲིས་པས་གླེགས་བམ་ཅིག་བྱུང་བས། དེ་རྒྱལ་པོས་ཁ་ཕྱེ་ནས་གཟིགས་པས་ཆོས་དང་བོན་གང་ཡིན་ངོ་མ་ཤེས་ཀྱང༌། དེ་ངོ་མཚར་ཆེ་བ་ཅིག་འདུག་ནས། དེའི་མིང་ནི་གཉན་པོ་གསང་བ་བྱ་བར་བཏགས་སོ། །དེ་རིན་པོ་ཆེའི་ཁྲི་ལ་བཞུགས་ནས་གསེར་སྐྱེམས་དང་གཡུ་སྔོན་གྱིས་མཆོད་ཀྱིན་གསོལ་བ་བཏབ། སྐོར་བ་དྲག་ཏུ་བསྐོར་བས་རྒྱལ་པོ་སྐུ་ལུས་བགྲེས་པ་སོ་ཐོན་པ་སྐྲ་དཀར་བ་ཅིག་ཡོད་པ། རྟེན་དེ་གཉིས་ཀྱིས་བྱིན་རླབས་ཀྱིས། རྒྱལ་པོ་ལ་དུང་སོ་འཁོར་མ་སྐྱེས་སྐྲ་ཡང་ནག་པོ་མཐོན་མཐིང་དུ་སོང༌། མདོར་བསྡུས་ན་སྐུ་ལུས་བགྲེས་པ་ཡང་གཞོན་ཤ་ཅན་དུ་གྱུར་ཏོ། །ལོ་བརྒྱ་ཉི་ཤུ་ཐུབ་པོ། སྐུ་ལུས་གཅིག་གིས་མི་ཚེ་གཉིས་ཐུབ་ཟེར་རོ། །ལྷ་ཐོ་ཐོ་རེ་གཉན་ཤེལ་ཡབ་སྲས་ཀྱི་བང་སོ་དེ། ཤམ་པོའི་གངས་དང་བྲག་ལ་མཚམས་སུ་བཏབ་ཟེར་ཏོ། །ཁོང་མྱ་ངན་ལས་འདས་པའི་དུས་སུ་ཞལ་ཐོམས་(ཆེམས)ནི། བོད་ཁ་བ་ཅན་དུ་ཉེས་སྐྱོན་ཅི་བྱུང་ཡང་ང་ཡི་ཡི་དམ་གཉན་པོ་གསང་བ་དང༌། ཤེལ་ཀྱི་མཆོད་རྟེན་ལ་གསོལ་བ་ཐོབ་ཅིག་དེས་བཟློག་པར་འགྱུར་རོ། །ལེགས་པ་ཅི་འདོད་ཀྱང་གསོལ་ཐོབ་དང་འགྲུབ་པར་འགྱུར་རོ་གསུང་སྐད། གཉན་པོ་གསང་བ་དེའི་ནང་ནས་མདོ་སྡེ་བཞིའི་གསུང་རབ་བཞུགས་ཡོད་པར་གདའ་སྟེ། རྒྱལ་པོ་སྲོང་བཙན་སྒམ་པོའི་ལེའུའི་སྐབས་སུ་འོག་ནས་གསལ་ལོ། །ལྷ་ཐོ་ཐོ་རེའི་གཉན་ཤལ་གྱིས་ཕོ་བྲང་ཡུམ་བུ་བླ་སྒང་དུ་དམ་པའི་ཆོས་ཀྱི་དབུ་བརྙེས་པའི་ལེའུ་སྟེ་དྲུག་པའོ།། །། ལེའུ་བདུན་པ། ཡབ་རྒྱལ་པོ་གནམ་རི་སྲོང་བཙན་གྱི་ལོ་རྒྱུས། དེ་ནས་ཡང་ལྷ་ཐོ་ཐོ་རེ་གཉན་ཤེལ་དེའི་སྲས་ཁྲི་གཉན་བཟུང་བཙན། དེའི་སྲས་སྟག་གུ་གཉན་གཟིགས་སྟག་ཏུ་གཉན་གཟིགས་དེ་མའི་རུམ་ནས་དབུས་ལོང་དུ་བྱུང་ནས་སྤྱན་མེད་པ་ལས། ཡབ་མེས་ཀྱི་གཉན་པོ་གསང་པ་དང་ཤེལ་གྱི་མཆོད་རྟེན་ལ་གསོལ་བ་བཏབ་པས། དེའི་བྱིན་བརླབས་ཀྱིས་སྤྱན་ལོང་བ་དེ་ཡང་ཁྱད་པར་གསལ་བར་བྱུང་སྐད། དེའི་སྲས་ནི་རྒྱལ་པོ་གནམ་རི་སྲོང་བཙན་ནོ། །རྒྱལ་པོ་གནམ་རི་སྲོང་བཙན་དེ་ཡང་ཐོད་རྒལ་གྱི་རྒྱལ་པོ་ཡིད་ལ་ཅི་བསམ་པ་འགྲུབ་པ། ཞལ་དུ་ཅི་སྟོན་པ་དེ་འབྱུང་བ། ཕྱག་གིས་ཅི་མཛད་པ་དེ་ཡོང་བ་ཅིག་བྱུང་བས་རྒྱལ་པོ་གནམ་རི་སྲོང་བཙན་དེའི་སྐུའི་དྲིན་ལ། ཡར་ལུང་ཤར་སྟོད་ཀྱི་ཕོ་བྲང་བུག་པ་ཅན་དུ་བཞུགས་ནས་ཕོ་བྲང་བྱམས་སྙོམས་མི་འགྱུར་ཞེས་བྱ་བ་བརྩིགས། ཚེ་སྤོང་གི་རི་ལ་གསེར་རྙེད། གེ་རིའི་བྲག་ལ་དངུལ་རྙེད། འཕྲེང་པོའི་རྫ་ལ་ཟངས་རྙེད། ར་གའི་རི་བྲག་ལ་ལྕགས་རྙེད། བྱང་གི་བླ་མཚོ་ལ་ཚྭ་རྙེད་ནས། འབྲོང་ཕོ་མོ་གཡག་དང་འབྲི་རུ་བཏུལ། ཤྭ་བ་ཕོ་མོ་ནི་བ་གླང་དུ་བཏུལ། རྒོ་བ་ཕོ་མོ་ལུག་ཏུ་བཏུལ། གླ་བ་ཕོ་མོ་ནི་རར་བཏུལ། རྐྱང་ཕོ་མོ་ནི་རྟར་བཏུལ། སྤྱང་གི་ཕོ་མོ་ནི་ཁྱིར་བཏུལ་ཏེ། རྨོ་བཀོལ་སོ་ནམ་དེའི་དུས་ནས་བྱས། ཕྱུགས་ཀྱི་རྫི་སྐྱོང་ཡང་དེའི་དུས་ན་བྱུང༌། རྒྱལ་པོའི་ཕྱི་བློན་དང་ནང་བློན་དེའི་དུས་སུ་ཕྱེ་བ་ཡིན་ནོ། །རྒྱལ་པོ་གནམ་རི་སྲོང་བཙན་དེ་ཕོ་བྲང་བྱམས་སྙོམས་མི་འགྱུར་ན་བཞུགས་ཙ་ན། བཙུན་མོ་ཚེ་སྤོང་བཟའ་འབྲི་མོ་ཐོད་དཀར་དེ་འབྱལ་དང་ཁབ་ཏུ་བཞེས་སོ། །དེའི་དུས་ན་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱིས་བོད་ཁ་བ་ཅན་གྱི་ཡུལ་ཕྱོགས་ལ་རྒྱ་གར་ལྷོ་ཕྱོགས་རི་པོ་ཏ་ལ་ནས་གཟིགས་ནས་དེ་ན་ཡོད་པའི་སེམས་ཅན་མི་རྣམས་ཀྱི་རྒྱལ་པོ། ལྷ་ཐོ་ཐོ་རེ་གཉན་ཤེལ་གྱི་གཉན་པོ་གསང་བའི་པོ་ཏི་གླེགས་བམ་དང༌། ཤེལ་གྱི་མཆོད་རྟེན་བང་རིམ་བཞི་པ་རྙེད་ནས་དེ་ལ་ཕྱག་དང་མཆོད་པ་ཕུལ་བས། ཆོས་ཀྱི་བག་ཆགས་སད་ནས་དེའི་སྲས་རྒྱུད་རྒྱལ་བློན་འབངས་རྣམས་རྒྱལ་པོ་སྲོང་བཙན་སྒམ་པོར་ཐུགས་རྗེ་ཆེན་པོས་སྤྲུལ་ཏེ་འདུལ་བར་གཟིགས་ནས། ཡབ་རྒྱལ་པོ་གནམ་རི་སྲོང་བཙན་དང་ཡུམ་ཚེ་སྤོང་བཟའ་འབྲི་མོ་ཐོད་དཀར་གྱི་སྲས་སུ་སྐྱེ་བ་བཞེས་སོ། །ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དེ་བོད་ཡུལ་ཁ་བ་ཅན་དུ་བྱོན་པ་ལ་སྣང་བ་རྣམ་པ་གསུམ་བྱུང་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྣང་བ་ནི། སྤྱན་རས་གཟིགས་ཁ་བ་ཅན་དུ་རི་པོ་ཏ་ལ་ནས་གཤེགས་པར་མཐོང༌། བར་སྣང་གི་ལྷ་རྣམས་ཀྱིས་འོད་ཟེར་དཀར་པོ་ཅིག་ལྷག་གིས་སོང་བར་མཐོང༌། ཡབ་རྒྱལ་པོ་གནམ་རི་སྲོང་བཙན་གྱི་བཙུན་མོ་འབྲི་མོ་ཐོད་དཀར་གྱི་ལུས་ལ་འོད་ཟེར་དཀར་པོ་ཅིག་ཐིམ་པར་མཐོང་ངོ༌། །དེ་ནས་ཟླ་བ་བཅུ་ན་སྐུ་འཁྲུངས་ཏེ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་ལྡན་པ། དཔེ་བྱད་བཟང་པོ་བརྒྱད་ཅུ་ཚང་བ། དབུ་སྐྲ་མཐོན་མཐིང་གི་ལྕང་ལོའི་ནང་ན་འོད་དཔག་མེད་ཅེས་བྱ་བའི་སངས་རྒྱས་ཚེ་དཔག་མེད་ཀྱི་ཨ་མི་དེ་བ་གཅིག་བཞུགས་པ། ཤིན་ཏུ་ངོ་མཚར་ཆེ་བ་གཅིག་སྐུ་འཁྲུངས་སོ། །ཡབ་ཀྱི་ཐུགས་དགོངས་ལ་ངའི་སྲས་འདི་ངོ་མཚར་བ་ཅིག་འདུག་པས། མི་འགའ་ཞིག་གིས་རྒྱལ་པོ་ལ་སྲས་མགོ་གཉིས་བྱས་པ་འདུག་ཟེར་ནས་འཕྱ་ཁ་གཏོང་དུ་ཡོང་སྙམ་ནས། སྲས་ཀྱི་སྤྱི་གཙུག་གི་འོད་དཔག་མེད་དེ་ལ་དར་ལེ་བརྒན་གཅིག་དཀྲི་བ་བརྗེད་པས། བློན་པོ་རྣམས་ཀྱིས་རྒྱལ་པོ་ལ་ཞེ་ས་འབུལ་དུ་ཡོངས་པས། དེའི་ཕྱི་ན་འགར་སྟོང་བཙན་ཡུལ་བཟུང་དང༌། ཐོན་མོ་སམ་བྷོ་ཊ་དང་བྱིས་པ་གཉིས་ཀྱིས་ཀྱང་ཡོང་བས་རྒྱལ་པོའི་སྲས་མཐོང་ནས་ཕྱི་མ་རྣམས་ལ། ངེད་ཀྱི་རྒྱལ་པོའི་སྲས་ལ་དབུ་གཉིས་ཡོད་ཟེར་རོ། །ནང་བློན་སྣ་ཆེན་གྱིས་རྒྱལ་པོའི་སྲས་ལ་དབུ་བཅུ་གཅིག་ཐོད་སྐོར་རེ་འདུག་པར་མཐོང་བ་ཡིན་སྐད། རྒྱལ་བུ་ལོ་བཞི་ལོན་པའི་དུས་སུ་ཡབ་རྒྱལ་པོས་བྱང་དུ་ཕོ་བྲང་མཛད་ནས། རྟ་ཅང་ཤེས་རྨ་བྱ་ཀྱུངས་བྱ་བ་དེ་ཆིབས་ནས་ཁྱུང་པོ་སྤ་ཏ་སྤུ་ཏེ་དང༌། སྤུ་ཁྱུང་རིང་པོ་དང་འགྲོགས་ཏེ་བྱང་འདམ་པ་རྒྱབ་ཏུ་བྱོན་ནས་ཁྱུང་པོ་སྤ་ཏ་སྤུ་ཏེ་དང་སྤུ་ཁྱུང་རིང་པོས་གཡག་བསད་ནས་རྒྱལ་པོས་གཡག་ཤ་གསོལ་བས་ཤ་དུག་གིས་གྲོངས། རྟ་ཡང་སྦོས་ནས་ཤི། རྒྱལ་པོ་གནམ་རི་སྲོང་བཙན་གྱི་བང་སོང་དགུ་རིམ་སོགས་ཀ་བྱས་ནས་ཡར་ལུང་དོན་དཀར་གྱི་རི་ལ་བཏབ་པོ། །ཡབ་རྒྱལ་པོ་གནམ་རི་སྲོང་བཙན་གྱི་ལོ་རྒྱུུས་ཀྱི་ལེའུ་སྟེ་བདུན་པའོ།། །། ལེའུ་བརྒྱད་པ། རྒྱལ་པོ་སྲོང་བཙན་སྒམ་པོ་ལ་སངས་རྒྱས་རྣམས་ཀྱིས་སྐུ་གསུང་ཐུགས་ཀྱི་དབང་ཡོངས་སུ་བསྐུར་བ། དེ་ནས་རྒྱལ་པོ་གནམ་རི་སྲོང་བཙན་གྱི་སྲས་ཐུགས་རྗེ་ཆེན་པོའི་ངོ་བོ་རྒྱལ་པོ་སྲོང་བཙན་སྒམ་པོའི་ཐུགས་དགོངས་ལ། ཡབ་རྒྱལ་པོ་ནི་མྱ་ངན་ལས་འདས་ཏེ་གཤེགས། ད་ངས་ཁ་བ་ཅན་གྱི་སེམས་ཅན་འདི་རྣམས་འདུལ་དགོས་པས་འདུལ་བ་ལ་དབང་ཆེ་བ་ཅིག་དགོས་པས། བོད་ཡུལ་ཁ་བ་ཅན་དུ་སྐྱེས་པའི་སེམས་ཅན་འདི་རྣམས་ཕ་སྤྲེའུ་དང་མ་བྲག་སྲིན་འདུལ་དགོས་ཏེ། དེ་ལ་དབང་ཆེ་བ་ཅིག་དགོས་པས་དབང་བསྐུར་ཅིག་ཞུས་ན་ཅི་མ་རུང་སྙམ་པ་དང༌། རྒྱལ་པོ་སྲོང་བཙན་སྒམ་པོ་དེ་རིན་པོ་ཆེའི་ཁྲི་ལ་བཞུགས་པའི་སྟེང་ཕྱོགས་ནས། བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་པར་སེལ་བས་རྒྱལ་པོའི་དབུའི་དར་ལེ་བརྒན་གྱི་ཐོད་དེ་ཕུད་ནས་རྒྱལ་པོའི་གཡས་ནས། འཕགས་པ་འཇམ་དཔལ་གྱིས་རིན་པོ་ཆེའི་བུམ་པ་ནས་ཁྲུས་ཆབ་གསོལ། རྒྱལ་པོའི་གཡོན་ནས་དཔལ་ཕྱག་ན་རྡོ་རྗེས་རིན་པོ་ཆེའི་བུམ་པ་ནས་ཁྲུས་ཆབ་གསོལ་བ་དང༌། སྤྱི་གཙུག་གི་ནམ་མཁའི་མཐོངས་ནས་བཅོམ་ལྡན་འདས་ཨ་མི་དེ་བ་འོད་དཔག་ཏུ་མེད་པས་རིན་པོ་ཆེའི་པདྨ་རཱ་གའི་མདོག་ལྟ་བུའི་ཕྱག་བརྐྱངས་ནས། རྒྱལ་པོའི་དབུ་ལ་རེག་ནས་དབང་ཆེན་པོ་ཡོངས་སུ་རྫོགས་པར་བསྐུར་རོ། །དེ་ནས་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐུ་ལས་འོད་ཟེར་བྱུང་ནས་ཕྱོགས་བཅུར་འཕྲོས་པས་འོད་ཟེར་རེ་རེའི་སྣ་ལ་ལོངས་སྤྱོད་རྫོགས་པའི་ཞིང་ཁམས་རེ་རེ། དེ་རེ་རེ་ནས་རྣམ་པར་སྣང་མཛད་གངས་ཅན་མཚོའི་སྤྲུལ་པ་རེ་རེ། དེ་དག་གི་དྲུང་དུ་རྒྱལ་པོ་སྲོང་བཙན་སྒམ་པོ་རེ་རེར་སྤྲུལ། དེ་རྣམས་ཀུན་ལ་འོད་ཟེར་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་འཕྲོས་པས། འོད་ཟེར་རེ་རེའི་སྣ་ལ་ཞིང་ཁམས་རེ་རེ་ཆགས་པར་སྤྲུལ། དེ་དག་རེ་ར་ན་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་གངས་ཅན་མཚོ་འོད་ཀྱིས་བརྒྱན་པ་རེ་རེར་སྤྲུལ། བཅོམ་ལྡན་འདས་དེ་དག་རེ་རེའི་ཐུགས་ཀ་ནས་ཀྱང་འོད་ཟེར་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་འཕྲོས་པས། འོད་ཟེར་རེ་རེའི་སྣ་ལ་འཇིག་རྟེན་གྱི་ཁམས་རེ་རེ་ཆགས་པར་སྤྲུལ། དེ་དག་རེ་རེ་ན་ཡང་རྒྱལ་བ་ཤཱཀྱ་ཐུབ་པ་རེ་རེར་སྐུ་སྤྲུལ། དེ་དག་རེ་རེའི་སྐུ་ལ་ཡང་འོད་ཟེར་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་རེ་རེ་ཕྱོགས་བཅུར་འཕྲོས་ཏེ། འོད་ཟེར་དེ་དག་རེ་རེའི་སྣ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཕགས་པ་ཐུགས་རྗེ་ཆེན་པོ་རེ་རེ་སྤྲུལ། དེ་རྣམས་རྣམ་པར་སྣང་མཛད་འོད་ཀྱིས་བརྒྱན་པ་རེ་རེའི་དྲུང་ན་རྒྱལ་བུ་སྲོང་བཙན་སྒམ་པོ་རེ་རེ་ལ་སྤྱི་བོར་ཕྱག་གིས་རེག་པས། རྒྱལ་བུའི་སྐུ་ལས་འོད་ཟེར་བརྗོད་དུ་མེད་པ་འཕྲོས་པས། འོད་ཟེར་རེ་རེའི་སྣ་ལ་ལྷའི་རྒྱལ་པོའི་རྒྱལ་བུ་གཞོན་ནུ་རེ་རེ་སྤྲུལ། དེ་དག་རེ་རེ་ལ་འོད་ཟེར་བརྗོད་དུ་མེད་པ་འཕྲོས་པས། འོད་ཟེར་རེ་རེའི་སྣ་ལ་སྤྲུལ་པའི་སྐུའི་ཞིང་ཁམས་རེ་རེ་ཆགས། དེ་དག་ན་ཡང་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་རེ་རེ་སྤྲུལ། དེ་རྣམས་རེ་རེའི་དྲུང་ན་ཡང་རྒྱལ་བུ་སྲོང་བཙན་སྒམ་པོ་རེ་རེར་སྤྲུལ་ནས(རྒྱལ་བུ་སྲོང་བཙན་སྒམ་པོ་རེ་རེར་སྤྲུལ་ནས་)རྒྱལ་བུའི་དབུ་ལ་སྤྲུལ་བའི་སྐུས་ཕྱག་གིས་རེག་པས། རྒྱལ་བུའི་སྐུ་ལས་འོད་ཟེར་ཕྱོགས་བཅུར་ནམ་མཁའི་མཐའ་ཁྱབ་པ་སྤྲོས་ནས། འོད་ཟེར་རེ་རེའི་སྣ་ལ་སྤྱན་རས་གཟིགས་རེ་རེ་སྤྲུལ། དེ་དག་གི་ཐུགས་ཀ་ནས་འོད་ཟེར་སྤྲོས་པས་འོད་ཟེར་རེ་རེའི་སྣ་ལ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་བཅུ་གཅིག་ཞལ་ལྟ་བུ་རེ་རེ་སྤྲུཟེར་རེ་རེའི་སྣ་ལ་སྤྱན་རས་གཟིགས་རེ་རེ་སྤྲུལ། དེ་དག་གི་ཐུགས་ཀ་ནས་འོད་ཟེར་སྤྲོས་པས་འོད་ཟེར་རེ་རེའི་སྣ་ལ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་བཅུ་གཅིག་ཞལ་ལྟ་བུ་རེ་རེ་སྤྲུལ་ནས་ད་ལྟ་ཡང་ནམ་མཁའི་ཁམས་ཀྱི་གར་ཁྱབ་པའི་སེམས་ཅན་རེ་རེའི་རྩ་ན་ཁྱབ་ནས་འགྲོ་བ་རིགས་དྲུག་གི་སེམས་ཅན་རྣམས་ཀྱི་འགྲོ་དོན་བྱེད་ཀྱིན་ཡོད་དེ། མི་སྒྲིབ་པ་མེད་པ་སྣང་བ་དག་པ་རྣམས་ཀྱིས་ངའི་སྤྲུལ་པ་ཆེན་པོ་དེ་རྣམས་མཐོང་བར་གྱུར་ཏེ། མི་སྒྲིབ་པ་ཆེ་བ་སྣང་བ་མ་དག་པ་རྣམས་ཀྱིས་ནི་ངའི་སྤྲུལ་བ་རྒྱ་ཆེན་པོ་དེ་རྣམས་མཐོང་བར་མ་གྱུར་ཏོ། །དེ་ནས་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་སེམས་ཅན་དམྱལ་བ་དང༌། ཡི་དྭགས་དང༌། དུད་འགྲོ་དང༌། མི་དང༌། ལྷ་མ་ཡིན་དང༌། ལྷ་རྣམས་སུ་སྤྲུལ་ནས་གང་ལ་ཅིས་འདུལ་བ་དེ་དང་དེར་བསྟན་ནས་འགྲོ་བ་རིགས་དྲུག་གི་སེམས་ཅན་རྣམས་ཀྱི་དོན་མཛད་དོ། །དེ་ལྟ་བུ་ནི་ཕོ་བྲང་ཁྲ་འབྲུག་གི་རྒྱལ་པོའི་ཕོ་བྲང་ན་གསེར་གྱི་རྒྱུད་རིས་སུ་བྲིས་ནས་ཡོད་དོ། །རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོ་ལ་སངས་རྒྱས་རྣམས་ཀྱིས་སྐུ་གསུང་ཐུགས་ཀྱི་དབང་ཡོངས་སུ་བསྐུར་པའི་ལེའུ་སྟེ་བརྒྱད་པའོ།། །། ལེའུ་དགུ་པ། སྤྲུལ་པའི་དགེ་སློང་ཨ་ཀར་མ་ཏིས་ཡི་དམ་གྱི་ལྷ་སྤྱན་དྲངས་པ། དེ་ནས་རྒྱལ་པོ་སྲོང་བཙན་སྒམ་པོ་དེ་འཛམ་བུའི་གླིང་ན་དབང་ཆེ་བ་ཡིན་པས། དེ་ལ་མཐའི་རྒྱལ་པོ་ཐམས་ཅད་ཀྱིས་ནོར་དང་ཟས་ཀྱི་སྐྱེས་ལན་ལོ་ཐང་དུ་འབུལ་བ་ལ་ཡོང་བ་ལ། འདི་ཙམ་ལ་ཟས་ནོར་འདི་འདྲ་ཁྱེར་ལ་ཤོག་ཟེར་བ་ལ་ཁ་འཕྲིན་གཏོང་བ་མ་གཏོགས་ཡི་གེ་མེད་པས། དེ་ལ་བོད་ལ་ཡི་གེ་ཡོད་པར་བྱེད་པའི་ཕྱིར་དུ་བོད་ཀྱི་མི་བློ་རྣོ་བ་མང་པོ་རྒྱ་གར་དུ་ཡི་གེ་སློབ་ཏུ་བཏང་བས། མི་ལ་ལ་ནི་རྒྱ་འདྲེ་ལ་གདུགས། མི་ལ་ལ་ནི་ཚད་པས་གུམ་ནས་ཤི་བས། ཡང་རྒྱལ་པོས་བློན་པོ་བཅུ་དྲུག་གི་ནང་གི་བློ་གསལ་ལ་ཤེས་རབ་ཆེ་བའི་ཐོན་མི་སམ་བྷོ་ཊ་ལ་གསེར་ཕྱེ་བྲེ་གང་རྒྱགས་སུ་བསྐུར་ནས་ཡི་གེ་སློབ་ཏུ་བཏང་བས། ཐོན་མི་སམ་བྷོ་ཊས་རྒྱ་གར་ལྷོ་ཕྱོགས་སུ་ཕྱིན་ནས་བྲམ་ཟེ་ལི་བྱིན་ཏི་ཀ་བྱ་བའི་ཡིག་མཁན་ཅིག་དང་མཇལ་ནས། བྲམ་ཟེ་དེ་ལ་ཁྱེད་ཀྱིས་ང་ལ་ཡི་གེ་སློབ་དང་ཅེས་ཞུས་ནས་གསེར་དེའི་ཕྱེད་ཕུལ་བས། བྲམ་ཟེ་ན་རེ། ངས་ཡི་གེའི་ལུགས་མི་འདྲ་བ་ཉི་ཤུ་ཐམ་པ་ཤེས་པས། བོད་ཕྲུག་ཁྱོད་ཡི་གེའི་ལུགས་གང་ལ་སློབ་ཟེར་ཏེ་བྲམ་ཟེས་བོད་ཕྲུག་ཁྲིད་ནས་རྒྱ་མཚོའི་འགྲམ་ན་རྡོ་རིངས་ཅིག་ལ་ཡི་གེའི་ལུགས་མི་འདྲ་བ་ཉི་ཤུ་ཐམ་པ་བཀྲ་ལམ་མེ་བ་བྲིས་བརྐོས་ཡོད་པ་དེ་བསྟན་པས། བོད་ཕྲུག་ན་རེ་ང་ཡི་གེ་འདི་སློབ་པོ་ཟེར་ནས་བོད་ཀྱི་ཡི་གེའི་ལུགས་འདི་བསླབས་སོ། །རྒྱ་གར་ལ་ཡི་གེ་ཀ་མད་ལྔ་བཅུ་ཐམ་པ་ཡོད་པ་ལ། ཀའི་སྡེ་ཚན་དང་ཏ་ལོག་གི་སྡེ་ཚན་ནི་བོད་ལ་སྒྲ་དོད་མེད་པས་བོར། ཨ་ལི་ཀ་ལི་ནི་ཁོངས་སུ་འདུས། དབྱངས་ཡིག་བཅུ་དྲུག་དང་ན་རོ་གི་གུ་ལ་སོགས་པ་རྣམས་ནི་ཡིད་ལ་ཤིན་ཏེ་ངག་ཏུ་བསྒྱུར། གསལ་ཡིག་བོད་སྐད་དུ་བསྒྱུར་ནས་རྒྱ་གར་སྐད་དུ་ཨེ་ཀཱ། བོད་སྐད་དུ། གཅིག་ཟེར་དུ་མ་བཏུབ་ནས་བོད་ཡིག་ལ་ཅ་བཅུག དྷརྨ་ལ་ཆོས་བྱ་བ་བསྒྱུར་མ་བཏུབ་སྟེ་ཆ་བཅུག ལོ་ཀའི་སྒྲ་ལ་འཇིག་རྟེན་མ་བཏུབ་སྟེ་ཇ་བཅུག ནམ་ལ་ཞེ་ས་མ་བཏུ་བནས་ཞ་བཅུག བོད་ཡིག་ལ། རིང་ཐུང་མ་བཏུབ་ནས་འ་བཅུག་སྟེ། བོད་ཡིག་རྒྱ་ལ་མེད་པ་ཕྱེད་དང་དྲུག་ཡོད་དོ། །སྒྲ་སོར་བཞག་སྟེ་བོད་ཡིག་ཏུ་སྒྲ་སོར་བཞག་པ་ནི་བོད་ཡིག་གི་སྔགས་ཡིན་ནོ། །སྒྲ་དང་ཡི་གེ་གཉིས་ཀ་བོད་ཡིག་ཏུ་བྲིས་ཚིག་ཡིན། དེ་ལ་འཕུལ་ཡིག་ལྔ་ནི། ག་ད་བ་མ་འ། རྟེན་ཡིག་བཅུ་ནི། ག་ང་ན་མ་ར་ལ་ས་ད་བ་འ། དེ་རྣམས་ལས་འཕུལ་དང་མཐའ་རྟེན་མ་ནོར་བ་ཡིན་ནོ། །ཅ་ནི་ཅོག་རོའི་ཡུལ་ནས་བཙལ། ཟ་ཟ་ཧོར་ཡུལ་ནས་བཙལ། ཞ་ཞང་ཞུང་གི་ཡུལ་ནས་བཙལ། འ་འ་ཞའི་ཡུལ་ནས་བཙལ། ཆ་དང་ཇ་གཉིས་ཡིད་ལ་ཤར། འདོགས་དང་ཡན་ལག་རྣམས་ཤེས་རབ་ཀྱིས་སྦྱར་ནས་རྒྱ་གར་གྱི་ཡི་གེ་ལྔ་བཅུ་ཐམ་པ་དེ་བོད་ཡིག་སུམ་ཅུ་ཐམ་པར་བསྡུས་ཏེ་བསྒྱུར་བས། རྒྱ་གར་ལ་མེད་པའི་ཡི་གེ་ཕྱེད་དང་དྲུག་ཡོད་ཟེར། འ་ཡིག་འཕུལ་དང་རྟེན་ལས་མི་ཐོབ་པས་ཡི་གེའི་ཕྱེད་པ་དེ་འ་ཡིན་ཟེར་བ་ཡོད། ཐོན་མི་སམ་བྷོ་ཊ་དེ་ཡི་གེ་དང་སྒྲ་ལ་མཁས་པར་གྱུར་ཏེ་བོད་ཀྱི་ལོ་ཙྪ་དང་ཡིག་མཁན་ལ་སྔ་བ་དེ་ཡིན་ནོ། །འཕགས་པ་འཇམ་དཔལ་གྱི་གསུང་གི་སྤྲུལ་པ་ཡིན་གསུང་ངོ༌། །དེ་ནས་ཐོན་མི་ཆུང་སམ་བྷོ་ཊ་དེས་ལོ་ཙྪ་དང་ཡི་གེ་མཁས་པར་བསླབས་ནས་ཐེག་པ་ཆེན་པོའི་དམ་ཆོས་བཙལ་བ་ནི་འདི་ལ་སྟེ། དམ་ཆོས་ཙིན་དྷ་མ་ཎི་ཞེས་ཡི་གེ་དྲུག་མའི་མདོ་གཟུངས་དང༌། ཆུ་ཀླུང་སྣ་ཚོགས་རོལ་བའི་མདོ་དང༌། ཆུ་ཀླུང་བ་ཚའི་མདོ་དང༌། སྙིང་རྗེ་པདྨ་དཀར་པོ་དང་བཅས་ཏེ་བོད་དུ་སྤྱན་དྲངས་ཡོངས་ཏེ། རྒྱལ་པོ་ལ་ཐེག་པ་ཆེན་པོའི་དམ་ཆོས་དེ་རྣམས་ཕུལ་བས་རྒྱལ་པོ་ཐུགས་དགྱེས་སོ། །ཡང་རྒྱལ་པོའི་ཞལ་ནས་ངའི་མེས་པོ་ལྷ་ཐོ་ཐོ་རེ་གཉན་ཤེལ་གྱི་གཉན་པོ་གསང་བ་འདི་ཇི་ལྟར་ཡིན་པར་འདུག་ཀློག་དང་གསུངས། ལོ་ཙྪ་བ་སམ་བྷོ་ཊས་བཀློགས་པས། བྷི་མ་ལ་མུ་ཏའི་དཔལ་སྤང་སྐོང་ཕྱག་བརྒྱ་བ་དང༌། མདོ་ཟ་མ་ཏོ་བཀོད་པ་དང༌། ཀླུའི་དཔལ་སྤང་སྐོང་ཕྱག་བརྒྱ་བ་དང༌། མི་དགེ་བ་བཅུ་ལས་ལོག་ནས། དགེ་བ་བཅུའི་ཁྲིམས་བྱེད་པའི་ཁྲིམས་ཡིག་དང་བཅས་པ་བཞི་བཞུགས་ནས་འདུག དེ་ནས་རྒྱལ་པོས་ཡི་གེ་བསླབས་ནས་ལོ་བཞིར་ཕྱིར་མ་བྱོན་པས། བློན་པོ་རྣམས་ན་རེ། རྒྱལ་པོ་འདི་ལོ་བཞིར་མི་འབྱོན་པ་གླེན་པ་ཅི་ཡང་མི་ཤེས་པ་ཡིན། བོད་འབངས་རྣམས་སྐྱིད་པ་འདི་ངེད་བློན་པོ་རྣམས་ཀྱིས་བྱས་སོ་ཟེར་བས། རྒྱལ་པོས་དེ་སྙན་དུ་གསན་ནས། ང་ལ་གླེན་པ་ཟེར་ན་འབངས་རྣམས་མི་ཐུལ་སྙམ་ནས། འདི་སྐད་ཅེས་གསུངས་སོ། །ཁྱེད་བློན་འབངས་ཐམས་ཅད་ངའི་རྩར་འདུས་ཤིག རྒྱལ་པོ་ང་ཕོ་བྲང་གཅིག་ཏུ་བཞུགས་ནས་འཕོ་སྐྱས་མི་བྱེད་ན་སྐྱེད་པ་ཡིན་པ་ལ། ཁྱེད་བློན་པོ་རྣམས་ན་རེ་བོད་འབངས་སྐྱིད་པ་དེ་ཉིད་བློན་པོ་རྣམས་ཀྱིས་བྱས་པ་ཡིན་ཟེར་བས། བློན་འབངས་རྣམས་ལ་བཀའ་བསྒོ་བ་ཡིན་ནོ། །ད་དགེ་བ་བཅུའི་ཁྲིམས་བཅའ་དགོས། སྔོན་ཡང་ཁྲིམས་བཅའ་དགོས། སྔོན་ཡང་ཁྲིམས་མེད་པས་བོད་ཀྱི་རྒྱལ་ཕྲན་བཅུ་གཉིས་མཐར་ཡན། ད་ཡང་ཁྲིམས་མེད་ན་ཉེས་པ་སྣ་ཚོགས་ཀུན་བྱེད་པས། ངའི་དབོན་སྲས་ཞང་བློན་རྣམས་སྡུག་བསྔལ་བར་འགྱུར་བས། ངའི་རྒྱལ་ཁམས་སུ་གཏོགས་པའི་མི་རྣམས་ཀྱི། སྲོག་མ་བཅད་ཅིག་བཅད་ན་སྟོང་འདོད་ན་རྐུ་རྐུས་ན་འཇལ་འདོད། མ་རྡུང་མ་འཕྲོག་ཅིག འཕྲོག་ན་འཇལ་འདོད། བྱི་བྱས་ནི་བྱི་རིན་འདོད། བརྫུན་དང་ཕྲ་མ། ངག་ཁྱལ། བརྣབ་སེམས། གནོད་སེམས། དེ་རྣམས་ཀུན་ལ་ཆད་པ་གང་ཐོབ་གཅོད་བྱ་བ་ལ་སོགས་པ་གསུངས་པས། བློན་པ་རྣམས་ན་རེ། རྒྱལ་པོ་འདི་ཐུགས་སྒམ་པོ་ཅིག་འདུག་གོ་ཟེར་ནས་དམ་པའི་ཆོས་ཀྱི་སྲོལ་གཞུང་བཟང་པོ་སྲོང་བ། ཐུགས་ཡང་སྒམ་པས་ན་མིང་དང་མཚན་ཡང་རྒྱལ་པོ་སྲོང་བཙན་སྒམ་པོར་བཏགས་སོ། །མི་ཆོས་ཆེན་པོ་བཅུ་དྲུག་ལ་དཔེ་བླངས་ནས་དགེ་བ་བཅུའི་ཁྲིམས་བཅས། དེ་བརྟན་པར་བྱས་པ་དང༌། རྒྱལ་པོ་སྲོང་བཙན་སྒམ་པོའི་ཐུགས་དགོངས་ལ། ད་ནི་ངའི་རྒྱལ་ཁམས་འདིར་དམ་པའི་ཆོས་བྱར་བཏུབ་པས། ཆོས་བྱེད་པ་ལ་ཡི་དམ་གྱི་ལྷོ་དགོས་པས། ས་དང་རྡོ་ལ་རྒྱུ་བྱས་ན་རྒྱུ་ངན། ཤིང་ལ་བྱས་ན་འགས། རིན་པོ་ཆེ་ལ་བྱས་ན་མི་རྣམས་བརྣབ་སེམས་སྐྱེས་ནས་མཐར་ཞིག་འགྲོ་བས། ལྷའི་རྒྱུ་ཅི་ལྟ་བུ་ལ་བྱ་སྙམ་པ་དང༌། ནམ་སྲོད་ཀྱི་དུས་ལ་ནམ་མཁའི་སྤྲིན་གསེབ་ནས་ལྷའི་བུ་རྣམས་ཀྱིས་རྒྱལ་པོ་ལ་མཆོད་པ་བྱས་ནས། རྒྱལ་པོ་ཆེན་པོ་ཁྱེད་ཀྱི་ལྷ་ནི་རྒྱ་གར་ལྷོ་ཕྱོགས་ཀྱི་མཐར་ཐུག་པ་ན། སིང་ག་ལའི་གླིང་རྒྱ་མཚོའི་འགྲམ་བྱེ་མའི་གླིང༌། ཐུགས་རྗེ་ཆེན་པོ་ཁ་སརྤ་ཎིའི་སྐུ་རྒྱབ་ན། ཙན་དན་སྤྲུལ་གྱི་སྙིང་པོའི་སྡོང་དུམ་གཅིག་བྱེ་མའི་གསེབ་ན་ཡོད། དེའི་ནང་ན་ཁྱོད་ཀྱི་ཡི་དམ་གྱི་ལྷ་དེ་ཡོད་པས་དེ་སྤྱན་དྲོངས་ཤིག་ཅེས་མགྲིན་གཅིག་ཏུ་སྨྲས་ནས་མི་སྣང་བར་གྱུར་ཏོ། །ལྷ་དེ་སྤྱན་འདྲེན་པ་ལ་ལམ་བར་ལ་ཕར་ཐང་སྟོང་དང༌། གཟན་གཅན་གྱི་འཇིགས་པ་ཆེ་བས་སྤྱན་མི་འདྲོངས་པས་དེ་སྤྱན་འདྲེན་པ་ལ་ཐུགས་རྗེའི་ཐུགས་ཀྱི་སྤྲུལ་པ་མཛད་དེ་རྒྱལ་པོའི་སྨིན་མཚམས་ནས་འོད་ཟེར་ཕྱུང་སྟེ། རུས་ཆེན་པོ་གོང་ལྡོང་ཆེན་སྤོས་སྒྲོའི་བུ་རྒྱུད་རྒྱལ་པོ་ཆེན་པོའི་ནང་བློན་སྣ་ཆེན་པོའི་བུ་མོ་ལྡོང་བཟའ་ཁྲི་བཙུན་གྱི་ཐུགས་ཀར་རྒྱལ་པོའི་འོད་ཟེར་དེ་ཐིམ་ནས། ཟླ་རིལ་བོ་དྲུག་ངོ་བདུན་གྱི་ཡར་ངོའི་ཚེས་དྲུག་ནས་བདུན་དུ་འཕོས་མ་ཐག་ཏུ། སྤྲུལ་པའི་དགེ་སློང་ཤཱི་ལ་ཨ་ཀ་ར་མ་ཏི་ཞེས་བྱ་བ་སྐུ་འཁྲུངས་ནས། དེ་ཡང་སྤྱི་བོ་ནས་འོད་དཔག་མེད་བཞུགས་པ་གཅིག་ཏུ་སྤྲུལ་ནས། རྒྱལ་པོའི་སྨིན་མཚམས་ནས་འོད་ཟེར་དཀར་པོ་མདའ་བཏང་བ་འདྲ་བ་གཅིག་རྒྱ་གར་ལྷོ་ཕྱོགས་སུ་འོད་ཟེར་གྱི་རྟ་ལ་སྐྱོན་ནས། ཡབ་རྒྱལ་པོའི་ཡི་དམ་གྱི་ལྷ་སྤྱན་འདྲེན་དུ་བཏང་ངོ༌། །དེ་ནས་སྤྲུལ་པའི་དགེ་སློང་དེས་རྒྱ་གར་ལྷོ་ཕྱོགས་སུ་བྱོན་ཏེ། གྲོང་ཁྱེར་ཤིང་ཐག་ཅན་གྱི་མི་རྣམས་བཏུལ་ནས། སིང་ག་ལའི་གླིང་དུ་བྱོན་ནས་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཀ་རུ་ན་ཞེས་བྱ་བ་ན། ཕོ་བྲང་ཀེ་རུ་ཞེས་བྱ་བའི་ནང་ན། རྒྱལ་པོ་ཨུད་མ་ཏ་གེ་སར་ཞེས་བྱ་བ་ཅིག་ཡོད་པས། ཡབ་མེས་ཡན་ཆད་ཀྱི་རིང་ལ་ནང་པ་སངས་རྒྱས་པའི་རྒྱལ་པོ་ཡིན་པ་ལ། ཁོང་རང་གི་རིང་ལ་ཆོས་ལུགས་འགྱུར་ནས། ཕྱི་རོལ་མུ་སྟེགས་པའི་ཆོས་ལུགས་གཟུང་ཞིང༌། མུ་སྟེགས་པའི་བསྟན་བཅོས་བཤད། ནང་པ་སངས་རྒྱས་པའི་ཆོས་བསྣུབས་ནས་གཙུག་ལག་ཁང་ཐམས་ཅད་བསྒྱེལ། མི་དགེ་བའི་ཁྲིམས་བཅས། སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་དང༌། མི་ཚངས་པ་སྤྱོད་པ་དང༌། རྫུན་དུ་སྨྲ་བ་ལ་སོགས་པ་བྱེད་པ་དང༌། ནང་མ་རེ་རེ་ལ་ར་ལྔ་ལྔའི་སྐེ་བྲེགས་ནས་དེའི་ཤ་ཁྲག་དྲོན་མོས། མུ་སྟེགས་ཀྱི་ལྷ་དབང་ཕྱུག་ཆེན་པོ་མ་ཧཱ་དེ་བའི་རྟེན་ལ་མཆོད་པ་འབུལ་གྱིན་ཡོད་པ་དེ་འདུལ་བའི་དུས་ལ་བབ་པར་དགོངས་ནས། གྲོང་ཁྱེར་དེའི་ལྷོ་ཕྱོགས་ན་སངས་རྒྱས་འོད་སྲུངས་ཀྱིས་རབ་གནས་མཛད་པའི་མཆོད་རྟེན་ཆེན་པོ་པདྨའི་འཁོར་ལོ་ཞེས་བྱ་བ་ཡོད་པའི་བུམ་པའི་ཐད་ཀའི་ནམ་མཁའ་ལ་སྐྱིལ་མོ་ཀྲུང་གིས་བསྐོར་བ་བྱས་པས། རྒྱལ་པོ་ཨུད་མ་ཏ་གེ་སར་ལ་གྲོང་ཁྱེར་དེའི་དཀྱིལ་ན་ཕོ་བྲང་དགུ་ཐོག་པ་ཅིག་ཡོད་པ་ལ་གྲོང་ཁྱེར་གྱི་ཕྱོགས་བཞིར་ལྟ་བའི་སྐར་ཁུང་ཡོད་པས། དུས་རེ་ཤིག་ཙ་ན་ལྷོ་ཕྱོགས་ཀྱི་ལྟ་ས་སྒོ་ཆུང་ལན་ཀན་གྱི་འོག་ན་ཕར་ལ་དབུ་དེང་དེ་བྱས་ནས་བལྟས་ཙ་ན། སྤྲུལ་པའི་དགེ་སློང་གཅིག་མཆོད་རྟེན་ལ་བསྐོར་བ་བྱེད་པ་མཐོང་སྟེ། ཐུགས་ཤིན་ཏུ་དད་པར་གྱུར་ཏོ། །རྒྱལ་པོའི་ཞལ་ནས་སྒོ་པ་ལ། མཆོད་རྟེན་ཆེན་པོ་ལ་བསྐོར་བ་བྱེད་པའི་དགེ་སློང་ཅིག་ཡོད་པས་དེ་ངའི་དྲུང་དུ་ཁྲིད་ལ་ཤོག་ཟེར་བས། སྤྲུལ་པའི་དགེ་སློང་ལ་སྒོ་པ་བས་ཞུས་པ། འཕགས་པ་དགེ་སློང་རྒྱལ་པོའི་ཕོ་བྲང་དུ་གཤེགས་པར་ཞུ་ཞེས་ཞུས་པས། དགེ་སློང་དེས་སྐྱིལ་མོ་ཀྲུང་གིས་ནམ་མཁའ་ལ་བཞུགས་ཏེ། རྒྱལ་པོའི་ཕོ་བྲང་གི་སྟེང་ནས་བྱ་བཞིན་དུ་མར་བབས་ནས་བྱོན་ཏེ་བཞུགས་པ་ལས། རྒྱལ་པོས་བསྙེན་བཀུར་ཡོན་དང་བཅས་པ་ཅིག་དྲངས་པའི་རྗེས་ལ། མེ་ཏོག་སྙིམ་པ་གང་གཏོར་བ་དེ། ཇི་ལྟར་སངས་རྒྱས་ལ་བསྙེན་བཀུར་བྱས་པའི་མེ་ཏོག་བཞིན་དུ་ནམ་མཁའ་ལ་མེ་ཏོག་གི་གདུགས་སུ་གྱུར་བ་བཞིན་དུ་མེ་ཏོག་དེ་དག་ས་ལ་མ་ལྷུང་བར། དེ་ནས་དགེ་སློང་དེ་ཡང་ཡར་ལ་སྐྱིལ་མོ་ཀྲུང་གིས་བཞུད་པ་ལ། རྒྱལ་པོ་དེ་ན་རེ། འཕགས་པ་དགེ་སློང་ལགས། ཉི་མ་རེ་རེ་བཞིན་དུ་བདག་གི་གནས་འདིར་ཆོས་སྟོན་ལ་འབྱོན་པར་ཞུ་ཞེས་གསོལ་བ་བཏབ་པ་ལ། དགེ་སློང་ཞལ་ཕྱིར་ལོག་སྟེ་གཟིགས་ནས། རྒྱལ་པོ་ཆེན་པོ་ཁྱོད་ང་ཅི་ཟེར་ལ་ཉན་ན། ཉི་མ་རེ་རེ་བཞིན་ཁྱོད་ཀྱི་ཕོ་བྲང་དུ་ཡོང་དེ་མི་ཉན་ན་མི་ཡོང་ཞེས་གསུངས་པས། རྒྱལ་པོ་ན་རེ། འཕགས་པ་དགེ་སློང་གིས་ཅི་སྐད་གསུངས་པ་བཞིན་དུ་ཉན་པས་འབྱོན་པར་ཞུ་ཟེར། དགེ་སློང་དེས་ཉི་མ་འགའ་རྒྱལ་པོའི་ཕོ་བྲང་དུ་བྱོན་ནས་རྫུ་འཕྲུལ་དུ་མ་བྱས་པས། རྒྱལ་པོའི་ཐུགས་རབ་ཏུ་དད་དུ་བཅུག་གོ། དེར་རྒྱལ་པོ་དེ་འདུལ་བའི་དུས་ལ་བབ་ནས། དགེ་སློང་གི་ཞལ་ནས། ཀྱཻ་རྒྱལ་པོ་ཆེན་པོ་ཞེས་བོས་ནས། ཁྱོད་ཀྱི་ཡབ་མེས་ནང་པ་སངས་རྒྱས་པའི་རྒྱལ་པོ་ཡིན་པ་ལ། ཁྱོད་ཀྱིས་དེ་སྤངས་ནས་ཕྱི་པ་མུ་སྟེགས་པ་བྱས་ནས། ནང་པ་སངས་རྒྱས་པའི་ལྷ་ཁང་བཤིག མི་དགེ་བ་བཅུ་དང་མཚམས་མེད་པ་ལྔའི་སྡིག་ལས་ཆེན་པོ་བྱས་འདུག་པས། ད་ཁྱོད་ཀྱི་སྡིག་སྦྱོངས་སུ་ཙན་དན་གྱི་སྙིང་པོའི་ལྷའི་སྐུ་བརྒྱ་རྩ་བརྒྱད་བཞེངས། ཙན་དན་གོར་ཤི་ཤའི་ལྷའི་སྐུ་བརྒྱ་རྩ་བརྒྱད་བཞེངས་ལ། གཙུག་ལག་ཁང་དུ་བཞུགས། ཕྱི་རོལ་པའི་ཆོས་ལུགས་འདི་སྤོངས་ནང་པ་སངས་རྒྱས་པའི་ཆོས་ལུགས་ཡབ་མེས་ཀྱིས་ཇི་ལྟར་བཟུང་བ་བཞིན་དུ་ཟུངས་ཤིག་གསུངས་པས། རྒྱལ་པོ་ན་རེ། འཕགས་པ་དགེ་སློང་ཇི་ལྟར་གསུངས་པ་བཞིན་དུ་ཉན་པ་ལ། ཙན་དན་སྦྲུལ་གྱི་སྙིང་པ་འོག་མིན་གྱི་གནས་ལས་གཞན་ན་མེད་པས། བདག་ལ་ལེན་པའི་མཐུ་མེད། ཙན་དན་གོར་ཤི་ཤ་མ་ལ་ཡའི་ཡུལ་ན་སྦྲུལ་གདུག་པ་འབར་བས་དཀྲིས་ནས་ཡོད་པས་བདག་ལ་ལེན་པའི་མཐུ་མེད་པས་དེ་མི་གསུངས་པར་ཞུ། གཞན་ཅི་གསུང་ཉན་ཟེར་བས། དགེ་སློང་གི་ཞལ་ནས། ཙན་དན་སྦྲུལ་གྱི་སྙིང་པོ་ནི་ལྷོ་ཕྱོགས་ཀྱི་མཐའ་རྒྱ་མཚོའི་འགྲམ། ཇོ་བོ་ཁ་སརྤ་ཎིའི་སྐུ་རྒྱབ་གླང་པོ་ཆེ་ཉལ་བའི་བྱེ་མའི་འོག་ན་ཡོད། ཙན་དན་གོར་ཤི་ཤ་ནི་རི་པོ་ཏ་ལའི་བྱང་ཕྱོགས་ནས་ཤུག་པའི་ནགས་ཚལ་ཅིག་ཡོད། དེ་ལ་ཚེས་བཅོ་ལྔའི་ཟླ་བ་དང་པོ་ཤར་བ་དང་འོད་ཟེར་ཕོག་པས་མེ་ཏོག་དམར་ཆེམ་གྱིས་ཁ་བྱེ་ནས་ཡོང་ངོ༌། །དེ་ཡིན་པས་ལོང་ལ་སྐུ་བགྱིས་ཤིག་གསུང༌། དེ་ལེན་པའི་ཆེད་དུ་མཆོད་རྟེན་པདྨའི་འཁོར་ལོ་ལ་མཆོད་པས་ན་དངོས་གྲུབ་སྟེར་བ་དང་དོན་ཐམས་ཅད་འགྲུབ་པས་མཆོད་པ་ཆེན་པོ་བྱས་སོ། །ནང་པ་སངས་རྒྱས་པས་ལས་ཅི་བྱེད་པའི་སྔོན་དུ་མཆོད་པ་རེ་བྱའོ། །དེ་ནས་དགེ་སློང་དང་རྒྱལ་པོ་དཔོན་གཡོག་དཔུང་དང་བཅས་ནས་ལྷའི་སྐུ་རྒྱུ་ཙན་དན་སྦྲུལ་སྙིང་དང༌། གོར་ཤི་ཤ་གཉིས་སྤྱན་འདྲེན་དུ་ཕྱིན་པ་དང༌། རྒྱལ་པོ་ན་རེ་གླང་པོ་ཆེ་གང་གི་འོག་ན་ཡོད་ཞུས་པས། དགེ་སློང་གི་ཞལ་ནས། གླང་པ་ཆེ་རྣམས་ཀྱི་ནང་ནས་ཁ་ཤར་དུ་བལྟ་བས། སྣ་དམར་བ། མཁུན་བུ་བྱེད་པ། རྫི་ཁུང་ན་མར་ལ་གྷི་ཧང་གི་ཟར་བུ་ཡོད་པ་ཕ་ཀིའི་ཞབས་འོག་ན་ཡོད་གསུང་ངོ༌། །དེ་ནས་ཡོད་པ་ཇི་ལྟར་ཡིན་སྙམ་ན། སྔོན་སངས་རྒྱས་འཁོར་བ་འཇིག་རྟེན་ཏུ་བྱོན་པའི་དུས་སུ། ཀླུའི་ཡུལ་དུ་འཁོར་གྱི་བསྡུ་བ་མཛད། དེའི་ཚེ་རིགས་འཛིན་གྱི་འཁོར་ལོ་བསྒྱུར་བ་ཞེས་བྱ་བས། སངས་རྒྱས་འཁོར་བ་འཇིག་ལ་མཆོད་པའི་དོན་དུ། འོག་མིན་གྱི་གནས་ནས་ཙན་དན་སྦྲུལ་གྱི་སྙིང་པོའི་མེ་ཏོག་སྙིམ་པ་གང་སླངས་ནས་ཚུར་ལ་འོངས་པའི་ལམ་ཀར་ཇོ་བོ་ཐུགས་རྗེ་ཆེན་པོ་ཁ་སརྤ་ཎི་ལ་མེ་ཏོག་ཅིག་གཏོར་བས། དེ་ཇོ་བོ་ཁ་སརྤ་ཎིའི་དབུ་སྐྲའི་གསེབ་ཏུ་ཆགས་སོ། །དེ་ནས་མར་ལྷུང་ནས་ས་གསེབ་ཏུ་གང་བུར་གྱུར་ནས་ཡོད་པ་ལ་ཇོ་བོ་ཁ་སརྤ་ཎིའི་ཕྱག་གཡོན་པ་ན་དཔག་བསམ་གྱི་ཤིང་ཡོད་པ་ལས། ཟླ་བ་ཡར་གྱི་ཚེས་བརྒྱད་དང་ཟླ་བ་མར་གྱི་ཉི་ཤུ་བརྒྱད་ལ་བདུད་རྩི་འཛག་པ་ལས། ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་བདུད་རྩི་ལ་སུས་ཐོབ་བྱེད་པ་ལ། དུས་རེ་ཤིག་ན། ཟླ་བ་མར་ངོའི་ཉི་ཤུ་བརྒྱད་ཀྱི་ནུབ་མོ་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་བདུད་རྩི་ལ་སུས་ཐོབ་བྱེད་པ་ལ། དུས་རེ་ཤིག་ན། ཟླ་བ་མར་ངོའི་ཉི་ཤུ་བརྒྱད་ཀྱི་ནུབ་མོ་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་འཚོགས་ནས་བདུད་རྩིར་དགུགས་བསྡད་པས། མཁའ་འགྲོ་མ་ཅིག་གི་བདུད་རྩི་མ་ཐོབ་ཀྱི་དོགས་ནས་གཅེར་བུར་བྱུང་སྟེ། དཔག་བསམ་གྱི་ཤིང་ལ་སྙིམ་པ་གཟེད་པས་མཁའ་འགྲོ་མ་གཞན་རྣམས་ཀྱིས་མོས་ལ་བརྒད་པའི་མོ་སྐྱེངས་ཐབས་སུ་སོང་བས་སྙིམ་པའི་བདུད་རྩི་བོ་བ་དེ། ཙན་དན་སྦྲུལ་གྱི་སྙིང་པོའི་གང་བུའི་སྟེང་དུ་སོང་བས་རླན་པར་གྱུར་ནས། སངས་རྒྱས་འཁོར་བ་འཇིག་འདས་པའི་དུས་ན་མྱུ་གུ་བྱུང༌། གསེར་ཐུབ་འདས་པའི་དུས་ན་ལོ་མ་རྒྱས། སངས་རྒྱས་འོད་སྲུང་འདས་བའི་དུས་ན་མེ་ཏོག་ཤར། ཤཱཀྱ་ཐུབ་པ་བྱོན་པའི་དུས་ན་འབྲས་བུ་ཆགས། ཤཱཀྱ་ཐུབ་པ་མྱ་ངན་ལས་འདས་པའི་ཚེ་རྩ་བ་རུལ་ནས་སྡོང་པོ་འགྱེལ་ནས་བྱེ་མའི་འོག་ན་ཡོད་ཏོ། །འོ་ན་ཇོ་བོ་ཁ་སརྤ་ཎི་དེ་དེ་ན་ཅི་མཛད་པ་ལགས་ན། དེ་རྒྱ་མཚོ་ན་གནས་པའི་སེམས་ཅན་རྣམས་ཀྱི་དོན་མཛད་དེ། སྐུ་དེའི་རྡུལ་དང་གྲིབ་མ་ཕོག་པ་ཐམས་ཅད་ཀྱང་ཕྱིར་མི་ལྡོག་པའི་འཕྲོན་ལས་ལ་འགོད་པར་མཛད་དོ། །འོ་ན་གླང་པོ་ཆེ་དེ་དེར་ཉལ་བ་ཇི་ལྟར་ལགས་ན། རྗེས་རྣམས་ཀྱི་མཆོག་གླང་པོ་ཆེའི་རྗེས་ཡིན། འདུ་ཤེས་རྣམས་ཀྱི་ནང་ན་མི་རྟག་པ་མཆོག་ཡིན། མི་རྟག་པ་མ་གོ་ན་ཆོས་བྱས་པ་ཐམས་ཅད་དེའི་ཁེ་ཉེན་རྩི་བ་ཡིན་པས། འཁོར་བ་འཁྲུལ་བ་ནོར་བསོག་པའི་ལས་དང༌། རང་གི་ཆེ་འདོད་ཀྱི་ལས་སུ་གྱུར་པ་ཅི་བྱས་པ་ཐམས་ཅད་ངན་སོང་གསུམ་དུ་འཁོར་ཞིང་ལྷུང་བའི་རྒྱུ་ཡིན། ངན་སོང་གསུམ་ནི་དམྱལ་བ་ཡི་དྭགས་དུད་འགྲོ་བྱོལ་སོང་གསུམ་ཡིན། དེ་རྣམས་གོ་ན་འཇིག་རྟེན་ཆོས་བརྒྱད་ཀྱིས་མི་ཚུགས་ཏེ། ཅི་བྱས་ཐམས་ཅད་མཐོ་རིས་ཐར་པའི་རྒྱུར་འགྲོ་བ་ཡིན་ནོ། །དེ་ཚོ་ཐམས་ཅད་གོ་བ་དེ་ལ་སངས་རྒྱས་ཟེར་བ་ཡིན་ནོ། །གླང་པོ་ཆེ་དེ་རྣམས་ཚད་པས་གདུངས་ནས་རྒྱ་མཚོ་ལ་བགས་ཀྱིས་རྒལ་ཞིང༌། ལོག་ནས་འོང་བའི་དུས་སུ་གླང་པོ་ཆེ་ཆེ་ཤོས་ལ་མངོན་པར་ཤེས་པ་ཡོད་པས། གླང་གི་ཕྲུ་གུ་རྣམས་ཁྲིད་ནས་འོང་སྟེ། གླང་པོ་ཆེ་དེ་ཙན་དན་སྦྲུལ་གྱི་སྙིང་པོའི་སྟེང་དུ་ཉལ་བས་ཚད་པས་མི་ཚུགས་པ་ཡིན། གླང་པོ་ཆེ་དེ་ལ་འཇིགས་པ་བརྒྱད་ཡོད་པས། ཙན་དན་སྦྲུལ་གྱི་སྙིང་པོའི་ཡོན་ཏན་གྱིས་མ་ཚུགས་པ་ཡིན། ཆུའི་སྦུབས་སུ་ཆུད་ནས་ཚུར་ལོག་ཏུ་མི་བཏུབ་པར་འཆི་བས་འཇིགས་པ་དང༌། སའི་སྲོལ་དོང་དུ་ཚུད་ནས་འཆི་བའི་འཇིགས་པ་དང༌། ནགས་ལ་མེ་ཤོར་ནས་འཆི་བའི་འཇིགས་པ་དང༌། གནམ་ལྕགས་ཐོག་མ་དེ་ལྷུང་ནས་ཕོག་སྟེ་འཆི་བའི་འཇིགས་པ་དང༌། ཡམས་ཀྱི་ནད་ཀྱི་འཆི་བའི་འཇིགས་པ་དང༌། སེངྒེས་བསད་ནས་འཆི་བའི་འཇིགས་པ་དང༌། ས་གཡོས་ཀྱིས་རི་ཉིལ་ནས་རྦལ་ཕོག་སྟེ་འཆི་བའི་འཇིགས་པ་དང༌། མི་ཡིས་གྷི་ཧང་དང་ཤ་ལ་བསད་ནས་འཇིགས་པ་དང༌། འཇིགས་པ་བརྒྱད་ཀྱིས་མི་ཚུགས་པ་ཡིན་པས། དེའི་སྟེང་དུ་གླང་པོ་ཆེ་ཉལ་བ་ཡིན་ནོ། །དེ་ནས་སྤྲུལ་པའི་དགེ་སློང་དང་རྒྱལ་པོ་ཨུད་མ་ཏ་གེ་སར་དཔོན་གཡོག་གིས། གླང་པོ་ཆེ་ཉལ་བའི་རྗེས་ཀྱི་བྱེ་མ་དེ་བརྐོས་པས་ཙན་དན་སྦྲུལ་སྙིང་གི་སྡོང་དུམ་ཅིག་བྱུང་སྟེ། དེ་རྐེད་པར་བྲེགས་ཏེ་བཅད་པས་བུག་པ་ཅིག་བྱུང༌། བུག་པ་དེའི་ནང་ནས་འོད་ཟེར་ཁ་དོག་རྣམ་པ་ལྔ་བྱུང་སྟེ་ཕྱོགས་བཅུར་འཕྲོས་ནས། གང་ལ་ཅིས་འདུལ་དེ་ལ་དེར་སྟོན་པའི་རྟགས་དང་མཚན་མ་བརྗོད་དོ། །འོད་ཟེར་དེ་རྣམས་སླར་འདུས་ནས་བུ་ག་དེར་ཐིམ་མོ། །དེ་ནས་བུ་ག་དེའི་ནང་ནས་དལ་བུས་ཆོད་ཅེས་ཟེར་བའི་སྒྲ་ལན་གསུམ་བྱུང་ངོ༌། །དེ་དལ་བུས་བཅད་པའི་ནང་ནས་ཙན་དན་གྱི་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་སྐུ། སྐུ་མདོག་དཀར་པོ་རང་བྱུང་དུ་བཞེངས་པས། ཕྱག་བཅུ་མངའ་བའི་རྩ་བའི་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། དེའི་འོག་མ་གཉིས་ན་བགྲང་ཕྲེང་དང༌། པདྨ་དཀར་པོ་བསྣམས་པ་དེའི་འོག་མ་གཉིས་ན་འཁོར་ལོ་དང༌། རལ་གྲི། སྤྱི་བླུགས་བསྣམས་པ། དེའི་འོག་མ་གཉིས་ན་ཡི་དྭགས་བཀྲེས་སྐོམ་སེལ་བའི་བདུད་རྩིའི་གཏོར་སྣོད་དང་དཔག་བསམ་གྱི་ཤིང་བསྣམས་པ། དེའི་མཐའ་འོག་གཉིས་ན་སྤྲུལ་པའི་སྐུ་དང་མདའ་གཞུ་བསྣམས་པ། ཞལ་བཅུ་གཅིག་མངའ་བའི་རྩ་བའི་ཞལ་གསུམ་ཞི་བར་བཞུགས་པ། དེའི་སྟེང་ན་རྒྱས་པའི་ཞལ་གསུམ་བཞད་པ། དེའི་སྟེང་ན་དབང་གི་ཞལ་གསུམ་གཙིགས་པ། དེའི་སྟེང་ན་ཁྲོ་བོའི་ཞལ་གཅིག་བསྒྲད་ཅིང་རྔམས་པ། དེའི་སྟེང་ན་ཨ་མི་དེ་བ་དང་བཅུ་གཅིག་ཡོད་པ་ཅིག་བྱུང་ངོ༌། །དེ་ནས་ཤིང་གི་ཚལ་བ་ཅིག་རྒྱལ་པོས་དགེ་སློང་ལ་ཕུལ། ལྷག་མ་རྣམས་ལ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་སྐུ་བརྒྱ་རྩ་བརྒྱད་བཞེངས་སོ། །དེ་ནས་དགེ་སློང་གི་ཞབས་ཏོག་ལ། རྒྱལ་པོས་དཔུང་གི་ཚོགས་ཡན་ལག་བཞི་དང་བཅས་ཏེ། རི་པོ་ཏ་ལར་བྱོན་པས། ཚེས་བཅོ་ལྔའི་ཟླ་བའི་འོད་ཟེར་ཕོག་པས། ཤུག་པའི་ཕུང་པོ་ཅིག་མེ་ཏོག་དམར་ཕུང་གིས་བྱུང་ངོ༌། །དགེ་སློང་གི་ཞལ་ནས་ཙན་དན་གོར་ཤི་ཤ་འདི་ཡིན་ནོ། །འོ་ན་མེ་ཏོག་གཞན་རྣམས་ཉི་མའི་འོད་ཀྱིས་ཁ་འབྱེད། ཟླ་བའི་འོད་ཀྱིས་ཁ་རུབ་པ་ཡིན། གོར་ཤི་ཤ་ཟླ་བའི་འོད་ཀྱིས་ཁ་འབྱེད་པའི་རྒྱུ་མཚན་ནི་འདི་ཤིན་ཏུ་བསིལ་བས་ན་གྲོགས་ཟླ་བ་ཡང་བསིལ་བས་ཁ་བྱེ་བ་ཡིན་ནོ། །དེ་ནས་གོར་ཤི་ཤའི་སྡོང་བུ་དེ་བཅད་པའི་རྩ་བའི་ཆ་ལ་མཆོད་སྡོང་ཅིག་བསྲུབས། ཤིང་ཚལ་བ་གཅིག་དགེ་སློང་གིས་ཚགས་བྱས། གཞན་རྣམས་རྒྱལ་པོ་ལ་བྱིན་ནས། རྒྱལ་པོས་ཐུགས་རྗེ་ཆེན་པོ་ཁ་སརྤ་ཎི་དང༌། ཐུགས་རྗེ་ཆེན་པོ་གསུང་འདུས་དང༌། ཐུགས་རྗེ་ཆེན་པོ་དོན་ཡོད་ཞགས་པ་དང༌། ཐུགས་རྗེ་ཆེན་པོ་ཧ་ཡ་གྲི་བ་དང༌། ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་དང༌། ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་དང༌། ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་ཕྱག་བཞི་པ་ལ་སོགས་པའི་སྐུ་བརྒྱ་རྩ་བརྒྱད་བཞེངས་ནས། གཙུག་ལག་ཁང་བརྒྱ་རྩ་བརྒྱད་བཞེངས་པའི་ནང་དུ་བཞུགས་སོ།། གཞན་ཡང་ཕྱི་རོལ་པའི་ཆོས་ལུགས་ངན་པ་རྣམས་བོར། ཡབ་མེས་ཀྱི་ཆོས་ལུགས་བཟང་པོ་རྣམས་བཟུང་ནས། ནང་པ་སངས་རྒྱས་པར་གྱུར་ཏོ། །སྤྲུལ་པའི་དགེ་སློང་གིས་རྒྱལ་པོ་ཨུད་མ་ཏ་གེ་སར་གྱི་རྒྱལ་ཁམས་སུ་གཟའ་དང༌། རྒྱུ་སྐར་དང༌། ཚེས་གྲངས་བཟང་པོ་འཛོམས་པ་ཞིག་གི་སྲོད་ཀྱི་དུས་སུ། སྐྱེ་བོ་ཐམས་ཅད་འབྱོར་བ་ཆེན་པོའི་རྒྱུད་དུ་དབང་བསྐུར་ནས། རྟ་པའི་ཉིན་ལམ་བཅུ་གཉིས་ཀྱིས་ཁོར་ཡུག་ཚུད་ཚད་དུ། དགེ་བ་བཅུའི་ཆོས་དཔག་པར་དཀའ་བའི་དོན་ཟབ་མོ་ཐམས་ཅད་རྒྱས་པར་མཛད་དོ། །དེ་ནས་དགེ་སློང་གིས་ཡུལ་དེའི་རྒྱ་མཚོའི་གླིང་གི་འཇག་མ་ཐམས་ཅད་རིན་པོ་ཆེའི་མྱུ་གུར་འདུག་པ། དེའི་སྟེང་ན་ལྷ་མོ་འབུམ་འབུམ་བཞུགས་ནས་ཆོས་ཀྱི་ལོངས་སྤྱོད་བྱེད་ཀྱིན་འདུག་པས། དེ་རྣམས་ཀྱང་སྤྲུལ་པའི་སྐུ་དངོས་དང་འདྲ་བར་མཁྱེན་ནས། འཇག་མ་ཕོན་ཅིག་ཀྱང་བཟུང་ཙན་དན་ལྷག་མ་རྣམས་ལ་སྒྲོལ་མའི་སྐུ་བརྒྱ་རྩ་བརྒྱད་བཞེངས་ནས། གོང་གི་གཙུག་ལག་ཁང་དེ་རྣམས་སུ་བཞུགས་སོ། །དེ་ནས་སངས་རྒྱས་འོད་སྲུང་གིས་རབ་གནས་མཛད་པའི་མཆོད་རྟེན་པད་མའི་འཁོར་ལོའི་བུམ་པའི་ནང་ན། དེ་བཞིན་གཤེགས་པ་འཁོར་བ་འཇིག་དང༌། དེ་བཞིན་གཤེགས་པ་འོད་སྲུང་དང༌། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་གསུམ་གྱི་རིང་བསྲེལ་མ་ག་ཏའི་ཁལ་གཅིག་དང་བྲེ་གསུམ་བཞུགས་ནས། སྒོ་རིམ་པ་བདུན་གྱིས་བཅད། རྒྱ་རིམ་པ་བདུན་གྱིས་བསྡམས་ནས་ཡོད་པ་མཁྱེན་ནས། སྤྲུལ་བའི་དགེ་སློང་ཨ་ཀ་ར་མ་ཏིས་སྒོ་རིམ་པ་བདུན་ཕྱེ། རྒྱ་རིམ་པ་བདུན་བཀྲོལ་ནས། གསེར་གྱི་བང་མིག་གསུམ་ཁ་ཕྱེ་ནས། རིན་པོ་ཆེ་སྣ་བདུན་ལས་བྱས་པའི་སྒྲོམ་བུ་ཁ་ཕྱེ་བའི་ནང་ནས། དེ་བཞིན་གཤེགས་པ་གསུམ་གྱི་རིང་བསྲེལ་མ་ག་ཏའི་བྲེ་གང་སྤྱན་དྲངས་ནས། སྒོ་རིམ་པ་བདུན་བཅད། རྒྱ་སྔ་མ་བཞིན་དུ་བསྡམས་ནས་བཞག་གོ །དེ་ནས་སྤྲུལ་པའི་དགེ་སློང་ཡུལ་མ་ག་ཏར་བྱོན་པ་ལ། རྒྱལ་པོ་ཨུད་མ་ཏ་གེ་སར་གྱིས་བསུ་བ་བྱས་ཏེ། ཡུལ་དབུས་ཀྱི་དགེ་སློང་དབུ་ལ་ཨ་མི་དེ་བ་ཡོད་པ་དེ་འོང་བར་གྲགས་སོ། །དབུས་ཀྱི་སྐྱེ་བོ་མང་པོ་འདུས་ཏེ་རྒྱལ་པོའི་བུ་མ་ལྷ་ཅིག་མ་གཉིས་ཀྱིས་དགའ་ནས་གླུ་དང་གར་བྱས་པས། སྐྱེ་བོ་ལྟད་མོ་བ་རྣམས་ན་རེ། ཁྱེད་རྣམས་རིགས་ངན་གྱི་བུ་མོ་ཡིན་ནམ་ཟེར་བས། དེ་སྐད་ཟེར་བ་ཅི་ཡིན་བྱས་པ་ལ། གླུ་གར་བྱེད་པ་ནི་རིགས་ངནཔ་ཡིན་པས་རིགས་ཉམས་སོ་ཟེར་བས། ལྷ་ལྕམ་གཉིས་སྐྱེངས་ནས་སྐྱེ་བོ་ཁྱེད་རྣམས་ཀྱིས་ངེད་གཉིས་དགེ་སློང་ལ་གླུ་གར་གྱི་མཆོད་པ་འབུལ་བ་ལ། རིགས་ངན་གྱི་བུ་མོ་ཡིན་ནམ་ཨང་ཟེར། བྱང་ཆུབ་ཀྱི་ཤིང་ལ་འཕྱང་མོ་སྙུགས་པས་ཤིང་གི་ཡལ་ག་གཅིག་ཆག་ནས། ས་ལ་མ་ལྷུང་བར་མེ་ཏོག་གཅིག་བཏོགས་ནས་སྤྲུལ་པའི་དགེ་སློང་ལ་ཕུལ་ལོ། །དེའི་རྩ་བ་ལ་མཆོད་སྡོང་བསྲུབས་ནས་དེ་བཞིན་གཤེགས་པ་གསུམ་གྱི་གདུང་དང་རིང་བསྲེལ་ནང་དུ་བཞུགས་སོ། །རྩེ་མོའི་ཆ་ལ་མེ་ཏོག་བཏགས་ཏེ་ཕུལ་ཏུ་བཟུང་ངོ༌། །ཞབས་མེ་ཏོག་ཙམ་པ་ཀས་བསྡམས་ནས་བཞག་གོ །དེ་ནས་གནས་ཆེན་པོ་བརྒྱད་དུ་བྱོན་ནས་དེའི་བྱེ་མ་འབྲུ་རེ་རེའི་སྟེང་ན་སྤྲུལ་པའི་སྐུ་བྱེ་བ་ཕྲག་དགུ་རེ་བཞུགས་པར་གཟིགས་ནས་དེ་དདགི་བྱེ་མ་དུམ་རེ་ཡང་བསྣམས་སོ། །དེ་ནས་གནས་ཆེན་པོ་བརྒྱད་དུ་བྱོན་ནས་དེའི་བྱེ་མ་འབྲུ་རེ་རེའི་སྟེང་ན་སྤྲུལ་པའི་སྐུ་བྱེ་བ་ཕྲག་དགུ་རེ་བཞུགས་པར་གཟིགས་ནས་དེ་དག་གི་བྱེ་མ་དུམ་རེ་ཡང་བསྣམས་སོ། །དེ་ནས་ཆུ་བོ་ནེ་ར་ཎ་ཛ་ནིའི་འགྲམ་ན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་དཀའ་ཐུབ་མཛད་པའི་དུས་ན། ལྷུང་བཟེད་བཞག་པའི་ཤུལ་ན་བྱེ་མ་རེ་རེ་ལ་བྱང་ཆུབ་སེམས་དཔའ་འབུམ་འབུམ་བཞུགས་པར་གཟིགས་པ་ལ་སྤྲུལ་པའི་སྐུར་མཁྱེན་ནས་བྱེ་མ་བྲེ་གང་བསྣམས་སོ། །རིན་པོ་ཆེ་གཉིས་ནས་ཟེ་འབྲུ་སྨུ་གུའི་ལྕགས་གཟེར་དང༌། བ་ཡོས་ཟན་མའི་འོ་མ་དང༌། དེ་ལྟར་ཡུལ་དབུས་ནས་རྫས་ངོ་མཚར་ཅན་ལྔ། རྒྱ་གར་གྱི་ལྷོ་ཕྱོགས་ནས་རྫས་ངོ་མཚར་ཅན་ལྔ། དེ་ལྟར་མཆོད་གནས་ངོ་མཚར་ཅན་བཅུ་སྤྱན་དྲངས་ཏེ། བོད་ཁ་བ་ཅན་གྱི་ཡར་སྣོན་སྦྲང་བྲག་སྟོད་ཚལ་ན་ཡབ་རྒྱལ་པོ་སྲོང་བཙན་སྒམ་པོ་བཞུགས་པའི་དྲུང་དུ་འོངས་ཏེ། རྟེན་ངོ་མཚར་ཅན་དེ་རྣམས་རིམ་པ་བཞིན་དུ་ཕུལ་ལོ། །སྤྲལ་པའི་དགེ་སློང་ཨ་ཀ་ར་མ་ཏིས་ཡབ་རྒྱལ་པོ་ལ་སྐོར་བ་ལན་གསུམ་དུ་བསྐོར། ཕྱག་ལན་གསུམ་དུ་བཙལ་ནས། སླར་ཡང་ཡབ་རྒྱལ་པོའི་སྨིན་མཚམས་སུ་ཐིམ་མོ། །ཡབ་རྒྱལ་པོས་ཀྱང་བུ་མོ་བཅུ་དྲུག་མཆོད་གཡོག་ཏུ་བཀོད་ནས་ཉིན་ལན་གསུམ་མཚན་ལན་གསུམ་དུ་མཆོད་པ་རྒྱུན་མ་ཆད་པར་བྱེད་དོ། །སྤྲུལ་པའི་དགེ་སློང་ཨ་ཀར་མ་ཏིས་ཡི་དམ་གྱི་ལྷ་སྤྱན་དྲངས་པའི་ལེའུ་སྟེ་དགུ་པའོ།། །། ལེའུ་བཅུ་པ། ལྷ་ཅིག་ཁྲི་བཙུན་སྤྱན་དྲངས་པ། དེ་ནས་རྒྱལ་པོའི་ཐུགས་དགོངས་ལ་ངའི་ཡི་དམ་གྱི་ལྷ་སྐུ་དངོས་བོད་ཁ་བ་ཅན་དུ་སྤྱན་འདྲོངས་པས། ད་སེམས་ཅན་གྱི་དོན་མཛད་པ་ལ་ཚེགས་མེད་སྙམ་ནས་ཐུགས་རབ་ཏུ་དགྱེས་པར་གྱུར་ཏོ། །དེ་ནས་ཡང་ཕྱོགས་གང་ནས་སེམས་ཅན་དོན་སྒྲུབ་སྙམ་པ་བྱུང་བ་དང༌། ཡུལ་དབུ་རུ་སྐྱི་ཤོད་ནས་སྔོན་གྱི་མེས་པོ་ལྷ་ཐོ་ཐོ་རེ་གཉན་ཤེལ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྐུའི་སྤྲུལ་པ་དེས་ལྷ་ས་དམར་པོ་རིའི་རྩེ་མོ་ལ་བཞུགས་པ་མཁྱེན་ནས། ཡབ་མེས་ཀྱིས་ས་གཞི་བྱིན་གྱིས་བརླབས་ཤིང་ཞབས་ཀྱིས་བཅགས་པ། བཀྲ་ཤིས་ཤིང་ཆོས་འབྱུང་བའི་གནས་དེར། ངས་ཀྱང་ཕྱིན་ལ་སེམས་ཅན་གྱི་དོན་བྱའོ་སྙམ་པ་དང༌། མཆོད་པའི་རྟེན་རྣམས་གྲུ་ལ་སྤྱན་དྲངས་ནས། དབུ་རུ་བྲག་སྟོད་ཚལ་ན་ཡབ་རྒྱལ་པོ་གནམ་རི་སྲོང་བཙན་གྱི་བཞུགས་པའི་སར་ནུབ་མོ་གྲོ་བཏེག་ནས། བྲག་བྱ་ཁྱུང་གི་གཤོག་པ་འདྲ་བའི་སར་ཁལ་ཕོག ནང་བློན་སྣ་ཆེན་པོ་དང་རྒྱལ་པོ་གཉིས་ཀྱིས་ཆུ་ཁར་ཁྲུས་མཛད་པ་དང༌། ཆབ་ནང་ན་འོད་ཟེར་དཀར་པོ་དྲུག་བྱུང་བས་བློན་པོ་སྣ་ཆེན་པོའི་འོད་དཀར་པོ་འདི་ཅི་ལྟར་ལགས་ཞེས་ཞུས་པ་དང༌། རྒྱལ་པོའི་ཞལ་ནས། སྣ་ཆེན་པོ་གསོན་དང༌། ཆོས་ཐམས་ཅད་ཀྱི་གསང་བའི་ཡང་སྙིང་ཡི་གེ་གསང་བ་འབྲུ་དྲུག་བྱ་བ་ཡིན་ནོ། །མ་འོངས་པའི་དུས་ན་ཡུལ་འདིར་ངའི་མིང་གི་སྙིང་པོ་གཅིག་འཆར་བར་གདའ། དེས་འགྲོ་བ་སེམས་ཅན་མང་པོའི་དོན་རྒྱ་ཆེན་པོ་བྱེད་པར་འགྱུར་རོ་ཞེས་གསུངས་ཏེ། གྱེ་རེ་ཡར་འཕྲེང་གི་ཡི་གེ་དྲུག་པ་འདི་ལུང་བསྟན་ནོ། །བོད་དུ་ཡི་གེ་དྲུག་པའི་རང་བྱོན་ལ་སྔ་བ་དེ་ཡིན་ནོ། །དེ་ནས་དམར་པོ་རིར་ཕོ་བྲང་བཏབ་ནས། ད་ནི་སྔོན་སངས་རྒྱས་འོད་དཔག་མེད་པའི་དྲུང་དུ་ཁ་བ་ཅན་དུ་སྐྱེས་པའི་སེམས་ཅན་རྣམས་བུ་བཞིན་དུ་སྐྱོང་བར་ཁས་བླངས་པ་ཡིན་པས་ན། དེ་རྣམས་ཀྱི་དོན་དུ་ཟས་དང་སྐོམ་དང་གོས་དང་ནོར་དང་གྲོགས་དང་བུ་ཚ་དང་བཅས་འཕྲལ་གྱི་བདེ་བ་ཡིན་པས་དེ་འདྲ་ལ་བཀོད་མ་བཀོད་མེད། ནམ་ཞིག་གཏན་གྱི་བདེ་བ་འབྱུང་བ་དོན་དམ་ཡང་དག་གི་ཆོས་ཤིག་ཀྱང་དགོས་པ་མེད་པ་དབུ་མ་སྟོང་པ་ཉིད་རང་ཡིན་པས་དེ་ལ་བཀོད་པར་བྱའོ་སྙམ་མོ། །དེ་ཅི་ལྟར་ཏུ་བྱས་ན་འབྱུང་ངམ་སྙམ་ནས་ཙན་དན་སྦྲུལ་གྱི་སྙིང་པོ་ལས་གྲུབ་པའི་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་རང་བྱུང་དེ་ལ་གསོལ་བ་བཏབ་པས། རང་བྱོན་གྱི་ལྷ་དེའི་སྨིན་མཚམས་ནས་འོད་ཟེར་ཁ་དོག་དཀར་སྔོ་གཉིས་བྱུང་ནས། འོད་ཟེར་སྔོན་པོ་མདའ་བཏང་བ་འདྲ་བ་ཞིག་ཤར་དུ་སོང་ངོ༌། །དེ་ནས་རྒྱལ་པོ་སྲོང་བཙན་སྒམ་པོ་ནུབ་ཀྱི་འོད་ཟེར་དཀར་པོ་དེ་ལ་གཟིགས་པས། ནུབ་ཕྱོགས་བལ་པོའི་ཡུལ་ན་གྲོང་ཁྱེར་ཡ་འབུ་དང་ཡ་འགལ་བྱ་བ་ན། བལ་པོའི་རྒྱལ་པོ་ནེ་པ་ལ་འབྲི་ལོཧ་བྱ་བ་ལ། ལྷ་ཅིག་ཁྲི་བཙུན་བྱ་བ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ་སྙིང་དུ་སྡུག་པ། གྲོང་བའི་ཆོས་ཀྱིས་མ་གོས་པ། ཁ་ནས་ཨུཏ྄པལའི་དྲི་བྲོ་བ། ལོབཅུ་དྲུག་ལོན་པ། མཚན་དང་དཔེ་བྱད་དུ་ལྡན་པ། རིན་པོ་ཆེའི་བང་མཛོད་ལ་མངའ་བརྙེས་པ་ཅིག་བཞུགས་འདུག་པ་རྒྱལ་པོས་ཀྱང་འོད་ཟེར་དེ་ལ་བརྟེན་ནས་དེ་ལྟར་གཟིགས་སོ། །ལྷ་ཅིག་དེ་ངའི་ཁབ་ཏུ་བྱོན་ནོ། །དེ་ལ་བཅོན་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་དགུང་ལོ་བརྒྱད་པའི་སྐུ་ཇོ་བོ་མི་བསྐྱོད་རྡོ་རྗེ་དང༌། སངས་རྒྱས་འོད་སྲུང་གིས་བྱིན་བརླབས་རབ་གནས་མཛད་པའི་བྱམས་པ་ཆོས་ཀྱི་འཁོར་ལོ་དང༌། ཙན་དན་གྱི་སྒྲོལ་མ་རང་བྱོན་དུ་བཞུགས་པ་རྣམས་བོད་དུ་འབྱོན་པར་འདུག མདོ་སྡེ་ཟ་མ་ཏོག་བཀོད་པ་དང༌། མདོ་སྡེ་པདྨ་དཀར་པོ་དང༌། ཏོག་དང་གྲ་ལྔ་ལ་སོགས་པ་བལ་པོར་ཡོད་པའི་ཆོས་ཐམས་ཅད་ཡིག་འབྲུ་གཅིག་ཀྱང་མ་ལུས་པར་བོད་དུ་འོང་བར་གཟིགས་སོ། །ཡང་རྒྱལ་པོས་ཤར་གྱི་འོད་ཟེར་སྔོན་པ་དེ་ལ་གཟིགས་པས། ཤར་ཕྱོགས་རྒྱ་ནག་གི་ཡུལ་གྲོང་ཁྱེར་ཀེ་ཤི་ཁྲི་སྒོ་བྱ་བ་ན། རྒྱལ་པོ་ཀོང་རྩེ་འཕྲུལ་ཆུང་བྱ་བ་ལ་ལྷ་གཅིག་ཨོང་ཅོང་བྱ་བ་སྐུ་མདོག་སྔོ་ལ་དམར་བའི་མདངས་ཆགས་པ། མཛེས་ཤིང་ལྟ་ན་སྡུག་པ་པ་གྲོང་པའི་ཆོས་ཀྱིས་མ་གོས་པ། ཁ་ནས་ཧ་རི་ཙན་དན་གྱི་བྲོ་བ། ལོ་བཅུ་དྲུག་ལོན་པ། བེར་བདུན་བརྩེགས་གྱོན་པ། རིག་པའི་བསྟན་བཅོས་ཐམས་ཅད་ལ་མངའ་བརྙེས་པ་ཞིག་བཞུགས་འདུག་པས། དེ་ངའི་ཁབ་ཏུ་བྱོན་ནས་ནོར་རྫོངས་སུ་གསེར་གྱི་ལྷ་ཤཱཀྱ་མུ་ནེ་སངས་རྒྱས་ཤཱཀྱ་ཐུབ་པ་དགུང་ལོ་བཅུ་གཉིས་སྐུ་ཚད་དེ་འབྱོན་པར་འདུག དེའི་བྱིན་རླབས་ཀྱིས་རྒྱ་ནག་པོའིཆོས་ཐམས་ཅད་ཡིག་འབྲུ་གཅིག་ཀྱང་མ་ལུས་པ་བོད་དུ་འགྱུར་ནས་འོང་བ་གཟིགས་སོ། །དེ་ནས་ནང་བར་སྔ་བར་ཐོན་མི་སམ་བུ་ར་བྷོ་ཊ་མི་ཆུང་གིས་རྗེས་ལ་ཞེ་ས་འབུལ་དུ་འོངས་ཙ་ན། བློན་པོ་ཆེན་པོ་མགར་ཀྱང་རྗེ་ལ་ཕྱག་བྱེད་དུ་བྱུང་བ་ལ། བློན་པོ་ལ་ཆང་དྲོངས་གསུངས་ནས་ཐོན་མིས་ཆང་དྲངས་ནས་གསོལ་ཙ་ན། རྒྱལ་པོའི་ཞལ་ནས་མདང་ངའི་རྨི་ལམ་ན། བལ་པོའི་ཡུལ་ན་བུ་མོ་དཀར་མོ་མཚན་དང་དཔེ་བྱད་དུ་ལྡན་པ་སྙིང་དུ་སྡུག་པ་ཅིག་རྨིས། རྒྱ་ནག་གི་ཡུལ་ན་བུ་མོ་སྔོན་མོ་མཚན་དང་དཔེ་བྱད་དུ་ལྡན་པ་སྙིང་དུ་སྡུག་པ་ཅིག་རྨིས་ཞེས་གསུངས་པས། ཐོན་མིའི་བསམ་པ་ལ་ལྷའི་འོད་ཟེར་ལ་བརྟེན་ནས་རྒྱལ་པོས་ཤེས་སྙམ་ནས། བློན་པོ་མགར་སྟོང་བཙན་ཡུལ་བཟུང་དང་ལོ་ཙྪ་བ་ཐོན་མི་སམ་བྷོ་ཊ་གཉིས་ན་རེ། རྒྱལ་པོ་ཆེན་པོ་མདང་གི་རྣལ་ལམ་བཟང་པོ་དེ་མི་སུ་ལ་ཡང་མ་གསུང་ཞིག ལྷ་གཅིག་དེ་གཉིས་ངེས་གཉིས་ཀྱིས་སྤྱན་འདྲོངས་པར་བྱ་ཡིས་ཡིན། དེར་བློན་པོ་མགར་གྱིས་བཀའ་བསྒོ་བ་ལ་ནང་བར་གྲོང་ཁྱེར་བདུན་ནས་གཙོ་བོ་བདུན་གྱིས་མདུན་རྐྱེན་སྐྱོས་མ་རེ་ཁྱེར་ལ། ཉི་མ་ཤར་ཙམ་ན་འོ་ཐང་གི་མཚོ་འགྲམ་ན་ཐང་ནགས་ཀྱི་མཚམས་བྱེ་མའི་གླིང་འོད་མའི་ཚལ་ཤིང་སྟར་ཀའི་སྡོང་པོའི་བསིལ་གྲིབ་ལ་མདུན་གྲོས་ལ་ཤོག་ཅེས་བསྒོའོ། །དེར་མགར་སྟོང་བཙན་ཡུལ་བཟུང༌། ཐོན་མི་སམ་བྷོ་ཊ། འབྲི་སེ་རུ་གོང་སྟོན། ཅོག་རོ་དཔལ་བཟང༌། ལྷ་ལུང་དཔལ་བཟང༌། ཁྱུང་པོ་དཔལ་བཟང༌། སྙགས་ཟུར་ཆེན་སོགས་མི་བདུན་པོ་དང་གྲོས་བྱས་ནས་སྐྱོས་མ་བསྡུས་པས། གཉིས་ལ་ཤ་རྐང་པ་རེ་བྱུང༌། གཉིས་ལ་ལག་པ་རེ་རེ་བྱུང༌། གཉིས་ལ་སྟོད་དང་ཚང་ར་བྱུང༌། གཅིག་ལ་མཇིང་པ་བྱུང་བས་བསྒྲིགས་པས་ཤ་ཁོག་པ་མཉམ་པ་ཅིག་བྱུང༌། དེར་ཐོན་མི་ན་རེ་མི་བདུན་གྱི་སྐྱོས་མ་བཟང་ཞིང་ལེགས་ཟེར་ནས། མདོ་ཤིས་པར་བརྗོད་པའི་བཀྲ་ཤིས་བརྗོད་ནས་རྟེན་འབྲེལ་བཟང་ངོ༌། །དེ་བདུན་མ་རྒྱ་མ་ཆུང་སྨོན་ནེ་ཁམ་མ་ཆུང་ཅིག་ཟེར་རོ། །དེ་ལ་བློན་པོ་མགར་ན་རེ། བདུན་མ་རྒྱ་མ་ཆུང༌། སྨོན་ནེ་ཁམ་མི་ཆུང་བར་བྱེད་པ་ལ་ནུབ་ཕྱོགས་བལ་ཡུལ་ན་ལྷ་ཅིག་དཀར་མོ་ཅིག་དང༌། ཤར་ཕྱོགས་རྒྱ་ནག་གི་ཡུལ་ན་ལྷ་ཅིག་སྔོན་མོ་ཅིག་ཡོད་པ་དེ་གཉིས་རྒྱལ་པོའི་ཁབ་ཏུ་བསླང་ངོ་བྱས་པ་དང༌། བློན་པོ་གཞན་རྣམས་ན་རེ། འོ་ན་རྒྱལ་པོའི་ཁབ་ཏུ་བུ་མོ་དེ་གཉིས་བག་མར་བླང་ངོ་ཟེར་ཐམས་ཅད་གྲོས་འཆམས་ནས། དེ་ཇི་ལྟར་དུ་བླང་བའི་ཐབས་རྒྱལ་པོ་ལ་ཞུས་པ་དང༌། རྒྱལ་པོའི་ཞལ་ནས་དེ་ལེགས་ཀྱིས། སྟོན་ཟླ་ར་བའི་ཚེས་བརྒྱད་ལ་སྐར་མ་རྒྱལ་བ་བབ་པའི་དུས་སུ་དམར་པོ་རི་ལ་ཉི་མ་ཤར་བ་དང༌། བློན་པོ་རྟ་པ་བརྒྱས་གསེར་གྱི་དོང་རྩེ་བརྒྱ་ཁྱེར་ལ་བལ་པོའི་རྗེ་ལ་བུ་མོ་སློང་བའི་ཕྱག་རྟེན་གྱིས་ཤིག གསེར་ཕྱེ་བྲེ་གང་ཕུལ་ལ་ཞུ་བ་གྱིས། རིན་ལ་རིན་པོ་ཆེ་གསེར་གྱི་ཁྲབ་ལ་ལྷའི་རིན་པོ་ཆེ་སྣ་ཚོགས་པའི་ཕྲ་བཏབ་པ་འདི་ཕུལ། རིན་པོ་ཆེའི་དྲ་བ་དྲ་ཕྱེད་འདི་བལ་རྗེའི་སྐུ་ལུས་ལ་སྐོན་ལ་སྲས་མོ་མཐའ་འཁོབ་ཀྱི་རྒྱལ་པོའི་བཙུན་མོར་ཞུ་གྱིས་ཤིག དེ་ནས་ཁོང་ཁྲོས་ནས་བྱུང་ཙ་ན། གསེར་གྱི་སྒྲོམ་བུ་དང་དངུལ་གྱི་སྒྲོམ་བུ་དང་ཟངས་ཀྱི་སྒྲོམ་བུ་དང་འདི་གསུམ་རིམ་གྱིས་ཕུལ། ཕར་ལམ་ཚུར་ལམ་ཇོ་མོ་འོད་ཟེར་ཅན་གྱི་མཚན་ནས་བརྗོད་ཀྱིན་སོང་དང་དོན་འགྲུབ་པར་འོང་ངོ་གསུང༌། ཡང་རྒྱ་ནག་གི་བུ་མོ་ལེན་ནའང༌། གོང་གི་བློན་པོ་བརྒྱ་ཐམ་པས་གསེར་གྱི་དོང་རྩེ་བརྒྱ་ཁྱེར་ལ་ཕྱག་རྟེན་གྱིས། གསེར་གྱི་ཁྲབ་ལ་ལྷའི་རིན་པོ་ཆེསྣ་ཚོགས་ཀྱི་ཕྲ་བཏབ་པ་འདི་རིན་དུ་ཕུལ། རིན་པོ་ཆེའི་དྲ་བ་དྲ་ཕྱེད་འདི་རྗེའི་སྐུ་ལ་གསོལ། སྲས་མོ་མཐའ་འཁོབ་བོད་ཀྱི་རྒྱལ་པོ་ལ་བཙུན་མོར་ཞུ་གྱིས་ཤིག དེ་ནས་ཁོང་ཁྲོས་ནས་བྱུང་ཙ་ན། གསེར་གྱི་སྒྲོམ་བུ་དང༌། དངུལ་གྱི་སྒྲོམ་བུ་དང༌། ཟངས་ཀྱི་སྒྲོམ་བུ་དང་འདི་གསུམ་རིམ་གྱིས་ཕུལ། ཕར་ལམ་ཚུར་ལམ་རྗེ་བཙུན་སྒྲོལ་མ་སྔོན་མོའི་མཚན་ནས་བརྗོད་ཀྱིན་སོང་དང་དོན་འགྲུབ་པར་འོང་ངོ་གསུང༌། དེ་ནས་བློན་པོ་རྣམས་བུ་མོ་དཀར་སྔོ་གང་སྔོན་ལ་འགུགས་པར་བཀའ་བགྲོས་པ་ལ། བུ་མོ་དཀར་མོ་དེ་སྔོན་ལ་འགུགས་པར་ཞལ་འཆམ་མོ།། དེ་ནས་རྒྱལ་པོ་རྟ་པ་བརྒྱ་ཐམ་པ་ཚོགས་ནས་རྒྱལ་པོས་ཅི་གསུང་བ་བཞིན་དུ་ཆས་ཏེ། བལ་པོའི་ཡུལ་དུ་ཕྱིན་ཏེ་སླེབ་པ་ལས། བལ་རྗེ་རྒྱལ་པོ་ཞལ་མཇལ་ནས། བློན་པོ་མགར་གྱིས་རིན་པོ་ཆེའི་དྲ་བ་དྲ་ཕྱེད་དེ་བལ་རྗེའི་རྒྱལ་པོའི་སྐུ་ལ་གསོལ། རིན་ཆེན་གསེར་གྱི་ཁྲབ་ལ་རིན་ཐང་གཅད་དུ་མེད་པ་དེ་མདུན་དུ་བཞག ལོཙྪ་བ་ཐོན་མི་སམ་བྷོ་ཊ་བར་དུ་བཞག་ནས་བློན་པོ་ཆེན་པོ་མགརགྱིས་འདི་སྐད་ཅེས་ཞུས་སོ། །ཀྱཻ་རྒྱལ་པོ་ཆེན་པོ་ལགས། རིན་པོ་ཆེ་གསེར་ཁྲབ་འདི་ཡོན་ཏན་དུ་མ་དང་ལྡན་ཏེ། མི་ནད་དང་ཕྱུགས་ནད་བྱུང་བའི་དུས་སུ་ཁྲབ་འདི་གོན་ནས་གྲོང་ཁྱེར་གྱི་མཐའ་ཕྱིར་སྐོར་ན་ནད་ཡམས་ཆད། འཁྲུག་པའི་གཡུལ་དུ་ཞུགས་པའི་དུས་སུ་ཁྲབ་འདི་གོན་ནས་གཡུལ་དུ་ཞུགས་ན་གཡུལ་ལས་རྒྱལ་བར་འགྱུར་རོ། །ཁྲབ་འདི་ངོ་མཚར་ཆེ་ཞིང་འཛམ་བུའི་གླིང་ན་གོང་ཐང་འདེབས་སུ་མེད་པས་འདི་འབུལ་བ་ལགས། མཐའ་འཁོབ་བོད་ཀྱི་རྒྱལ་པོ་ལ་ལྷ་ཅིག་སྲས་མོ་བཙུན་མོར་འབུལ་བར་ཞུ་བྱས་པས། བལ་པོའི་རྒྱལ་པོ་ཁྲོས་ཏེ། ཨ་པ་བོད་ཀྱི་རྒྱལ་བློན་བརྙས་ཆོས་རེ་ཆེ། གཉེན་བྱ་བ་བསྙམ་པོ་ལ་འདོགས་པ་ཡིན། ཁྱེད་ཀྱི་རྒྱལ་པོས་བས་ང་བཟང་ང་ལ་སངས་རྒྱས་འོད་སྲུངས་ཀྱི་དུས་ནས་དམ་པའི་ཆོས་ཡོད། སྐུ་གསུང་ཐུགས་ཀྱི་མཆོད་གནས་ཡོད། རྒྱལ་པོ་ཀྲི་ཀྲིའི་རིང་ནས་མི་དགེ་བ་བཅུ་སྤངས་ནས། དགེ་བ་བཅུའི་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ལྟ་བུ་ཡོད། ལོངས་སྤྱོད་ནི་ཐབ་ཏུ་དུ་བ་སྔོ་མི་ཆད་པ། སླ་ང་ཏིང་མི་ཆད་པ་རང་འཐག་འུར་མི་ཆད་པ་ཡོད། ཁྱོད་བོད་ཡུལ་བྲེ་ཏ་པུ་རིའི་རྒྱལ་པོ་ལ་དེ་ཚོ་གང་ཡང་མེད་པས་ང་དང་གཉེན་ཟླར་མི་འོང༌། རྒྱལ་ཁྲིམས་མེད་པའི་ཡུལ་རེད། རྡུང་འཕྲོག་དང་རྔན་ཅན་ཡོད་པས་སྐྱིད་པོ་མེད། བུ་མོ་མི་སྟེར། ད་ཁྱེད་རང་མི་དགེ་བ་བཅུ་སྤངས་ནས། དགེ་བ་བཅུ་དང་དུ་བླངས་ནས་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ལྟ་བུའམ། ཆོས་ཁྲིམས་དར་གྱི་མདུད་པ་ལྟ་བུ་ཅིག་འཆའ་ནུས་ན། ལྷ་ཅིག་བལ་བཟང་འདི་སྟེར། མི་ནུས་ན་མི་སྟེར། ཁྱེད་རང་ཕར་ལ་སོང་ལ་རྗེ་ལ་དྲིས་ལ་དེའི་ལན་ཁྱེར་ལ་ཤོག་དང་གསུངས་པས། དེ་ལ་བློན་པོ་ཆེན་པོ་མགར་གྱིས། གསེར་གྱི་སྒྲོམ་བུ་གཏད་ནས་འདི་སྐད་ཞུས་སོ། །རྗེ་ཅིག་ལགས་བོད་དང་བལ་པོ་ནི་ཐག་རིང་ནས། འཕྲིན་རེ་ལ་ཕར་འགྲོ་ཚུར་འགྲོ་བྱས་ན། ལྷ་ཅིག་སྤྱན་འདྲོངས་པའི་དུས་གང་ནས་འོང༌། རྒྱལ་པོ་སྲོང་བཙན་སྒམ་པོས་བསྐུར་བའི་བཀའ་ཤོག་གི་སྒྲོམ་བུ་འདི་ལ་གཟིགས་དང་བྱས་པས། རྒྱལ་པོས་སྒྲོམ་བུ་དེ་ཁ་ཕྱེ་བའི་ནང་ན་མཐིང་ཤོག་ལ་བལ་པོའི་ཡི་གེ་གསེར་གྱིས་བལ་སྐད་དུ་བྲིས་པ་བྱུང༌། དེ་ཀློག་པས་རྒྱལ་པོ་སྲོང་བཙན་སྒོམ་པོས། བལ་བོའི་རྒྱལ་པོ་ལ་གསུངས་པ། དང་པོ་འོད་གསལ་ལྷའི་བུ་ཤེད་ཅན་དང་ཤེད་ལ་གྲོགས་གཉིས་ནས། རྗེ་མང་པོས་བཀུར་བར་གདུང་རྒྱུད། དེ་ནས་ཤཱཀྱའི་རྒྱལ་པོའི་རིགས་སུ་གདུང་རྒྱུད་ནས། དེ་ནས་བོད་ཀྱི་རྒྱལ་པོ་རྗེ་གཉའ་ཁྲི་བཙན་པོར་གདུང་རྒྱུད་ནས། དེའི་གདུང་རྒྱུད་རྒྱལ་པོ་གནམ་རི་སྲོང་བཙན་གྱི་བུར་རྒྱུད་རྒྱལ་པོ་སྲོང་བཙན་སྒམ་པོ་བྱ་བ་ཡིན། ང་རིགས་རྒྱུད་མི་ངན་རིགས་རྒྱུད་བཟང༌། ང་ལ་ཁྲིམས་མེད་ཟེར་ཏེ། ཁྱེད་ཁྲིམས་ལ་དགྱེས་ཤིང་མཉེས་ནས་ལྷ་ཅིག་ཁྲི་བཙུན་བཀའ་ཡིས་གནང་ན། ངས་སྐུ་ལུས་ཀྱི་བཀོད་པ་ལྔ་སྟོང་དུ་སྤྲུལ་ལ། བོད་ཁ་བ་ཅན་གྱི་རྒྱལ་ཁམས་སུ་རྒྱལ་ཁྲིམས་དང་ཆོས་ཁྲིམས་ཉི་མ་གཅིག་ལ་བཅོས་ལ་བཞག་གི དེ་འཇིགས་བསམ། དེ་ལ་ལྷ་ཅིག་ཁྲི་བཙུན་མི་སྟེར་ན། ངས་སྤྲུལ་པའི་དམག་གིས་བལ་ཡུལ་འཇོམས་ཤིང་བརླག་པར་འགྱུར་རོ་ཞེས་བྱ་བའི་ཡི་གེ་བྱུང་བས། བལ་རྗེ་རྒྱལ་པོའི་བསམ་པ་ལ། མཐའ་འཁོབ་བོད་ཀྱི་རྒྱལ་པོ་དེ། ངས་ཁོ་བོའི་བློན་པོ་ལ་ཇི་ལྟར་བྱས་པ་ཁོའི་སྒྲོམ་བུའི་ལན་ཐེབས་པ་ཞིག་འདུག་སྟེ། སྤྲུལ་པའི་སྐུ་ཐུབ་པར་དཀའ་བ་ཞིག་ཡོད་འདུག་སྙམ། འོན་ཀྱང་ཐུགས་ཟབ་ལ་དཀྱེལ་ཆེ་བས། བལ་རྗེ་རྒྱལ་པོས་བོད་བློན་ལ་གསུངས་པ། རྒྱལ་པོ་ལ་ཁྲིམས་ཡོད་པ་རྐྱང་བས་མི་ཆོག དམ་པའི་ཆོས་དགོས། བདག་གཞན་ཐམས་ཅད་མ་ལུས་པ་སངས་རྒྱས་ཐོབ་དགོས་པ་ཡིན། དེ་ཐོབ་པར་བྱེད་པ་ལ་སྐུ་གསུང་ཐུགས་ཀྱི་རྟེན་གཙུག་ལག་ཁང་དང་མཆོད་རྟེན་དང༌། གསུང་རབ་བཞེངས་པ་དང༌། དེ་ལ་བཀུར་བསྟི་མཆོད་པ་བྱེད་པ་དང༌། བླ་མ་སངས་རྒྱས་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་ཆོས་སྟོན་བྱེད་པ་དང༌། དེ་རྣམས་མེད་ན་སེམས་ཅན་དམྱལ་བར་ལྷུང་འཁོར་བར་འཁོར་ཞིང་འཁྱམ་པས། བསྐལ་པ་ཆེན་པོར་ཤིན་ཏུ་སྡུག་བསྔལ་ཆེའོ། །ང་ལ་སངས་རྒྱས་འོད་སྲུངས་ཀྱི་རིང་ལ་དེ་ལྟ་བུའི་ཆོས་ཟབ་མོ་ཡོད་ཁྱེད་ལ་དེ་ལྟ་བུ་མེད། དེ་ལྟ་བུའི་ཆོས་ཟབ་ཀྱི་སྲོལ་གཏོད་ནུས་ན་ལྷ་ཅིག་སྟེར། མི་ནུས་ན་མི་སྟེར་པས་ཕར་སོང་ལ་དྲིས་ལ་དེའི་ལན་ཁྱེར་ཤོག་གསུང་བས། ཡང་བློན་པོ་མགར་ན་རེ། རྒྱལ་པོ་ལགས། འཕྲིན་རེ་ལ་ཕར་འགྲོ་བྱས་ན་ལྷ་ཅིག་སྤྱན་འདྲོངས་པའི་དུས་མི་ཡོང༌། བལ་བོད་གཉིས་ལམ་ཐག་རིང་ནས་དེ་འདྲ་མི་འགྲུབ་ནས། དངུལ་གྱི་སྒྲོམ་བུ་དེ་རྒྱལ་པོའི་ཕྱག་ཏུ་གཏད་ནས་རྒྱལ་པོ་སྲོང་བཙན་སྒམ་པོས་བསྐུར་བའི་བཀའ་ཤོག་གི་སྒྲོམ་བུ་དེ་ལ་གཟིགས་པས། བལ་རྗེ་རྒྱལ་པོས་སྒྲོམ་བུ་དེ་ཁ་ཕྱེ་བས་དེའི་ནང་ན་མཐིང་གི་ཤོག་བུ་ལ་བལ་བོའི་ཡི་གེ་བལ་བོའི་སྐད་དུ་དངུལ་གྱིས་བྲིས་པ་བྱུང་སྟེ་དེ་ཀློག་པས། རྒྱལ་པོ་སྲོང་བཙན་སྒམ་པོས་བལ་པོའི་རྒྱལ་པོ་ལ་གསུང་པ། ནུབ་བདེ་བ་ཅན་གྱི་ཞིང་ཁམས་ན་ཆོས་སྐུ་སྣང་བ་མཐའ་ཡས་ཞེས་ཀྱང་བྱ། སངས་རྒྱས་འོད་དཔག་མེད་ཅེས་བྱ། མགོན་པོ་ཚེ་དཔག་མེད་ཅེས་ཀྱང་བྱ། དེའི་སྲས་བུ་ཇོ་བོ་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྐུའི་སྐྱེ་བ་དངོས་ང་ཡིན། ང་ལ་ཆོས་མེད་ཟེར་ན་ལྷ་ཅིག་མི་སྟེར་བར་འདུག་པས། ཁྱེད་ཆོས་ལ་དགྱེས་ཤིང་ལྷ་ཅིག་སྟེར་ན། ངས་སྐུ་ལུས་ཀྱི་བཀོད་པ་ལྔ་སྟོང་དུ་སྤྲུལ། གསུང་གི་སྤྲུལ་པ་བྱེ་བ་ལྔ་སྟོང་དུ་སྤྲུལ། ཐུགས་ཀྱི་སྤྲུལ་པ་ས་ཡ་ལྔ་སྟོང་དུ་སྤྲུལ་ནས་སྐུ་གསུང་ཐུགས་ཀྱི་རྟེན་དང༌། གཙུག་ལག་ཁང་བརྒྱ་རྩ་བརྒྱད་བཞེངས་ལ། སྒོ་ཐམས་ཅད་ནུབ་ཕྱོགས་བལ་པོའི་ཡུལ་ལ་གཏད་བཞག་ཅིག སངས་རྒྱས་བསྟན་པའི་སྲོལ་ཉི་མ་གཅིག་ལ་ཚུགས་པར་བྱ་ཡི། དེ་ངོ་མཚར་མི་ཆེའམ། དེ་ལ་ལྷ་ཅིག་མི་སྟེར་ན་ངའི་སྤྲུལ་པའི་དམག་གིས་བལ་ཡུལ་འཇོམས་ཤིང་བརླག་པར་འགྱུར་བྱ་བའི་ཡི་གེ་བྱུང་བས། བལ་རྗེ་རྒྱལ་པོའི་བསམ་པ་ལ་འདི་བདེན་ན་དྲག་སྟེ། བདེན་ན་ང་བས་ཁོ་བཟང་བར་འདུག ངས་ཁོའི་བློན་པོ་ལ་ཅི་སྐད་དུ་བྱས་པའི་ལན། ཁོའི་སྒྲོམ་བུས་ཐེབས་ཀྱིན་འདུག་སྙམ་ནས་བྲེད་ཆུམ་ཆུམ་བྱུང་ནས། སེམས་ཀྱིས་ནི་སྟེར་བར་བྱས་ཤིང་ཁས་ནི་མ་བླངས། རྒྱལ་པོའི་ཐུགས་ཟབ་ལ་དཀྱེལ་ཆེ་པས། བོད་བློན་ལ་འདི་སྐད་ཅེས་གསུངས་སོ། །ཁྱེད་ཀྱི་རྒྱལ་པོ་དེ་ཁ་བོ་དེ་ཆེ་སྟེ། དེས་མི་འོང༌། རྒྱལ་པོ་བྱ་བ་ལོངས་སྤྱོད་ཆེན་པོ་ཟད་མི་ཤེས་པ་ཞིག་དགོས་པ་ཡིན། ང་ལ་རྒྱལ་པོ་ཀྲི་ཀྲི་ནས་ཐབ་ཏུ་དུ་བ་སྔོ་མ་ཆད། སླ་ང་ཏིང་མ་ཆད། རང་འཐག་འུར་མ་ཆད། ལོངས་སྤྱོད་རྣམ་ཐོས་ཀྱི་བུ་དང་མཉམ་པ་ཡོད། དེ་ཁྱེད་ལ་མེད་པས་ལོངས་སྤྱོད་དེ་བཞིན་དུ་སྒྲུབ་ནུས་ན་ལྷ་ཅིག་སྟེར། མི་ནུས་ན་མི་སྟེར་པས་ཕར་སོང་ལ་དྲིས་ལ་ཤོག་ཅེས་གསུངས་པས། ཡང་བློན་པོ་མགར་གྱིས་ཟངས་ཀྱི་སྒྲོམ་བུ་དེ་རྒྱལ་པོའི་ཕྱག་ཏུ་གཏད་ནས། འདི་སྐད་ཅེས་ཞུས་སོ། །ཀྱཻ་རྒྱལ་པོ་ཆེན་པོ་ལགས། འཕྲིན་རེ་ལ་ཕར་འགྲོ་ཚུར་འགྲོ་བྱས་ན་བལ་བོད་ས་ཐག་རིང་ནས་ལྷ་ཅིག་སྤྱན་འདྲོངས་པའི་དུས་ག་ན་འོང༌། རྒྱལ་པོ་སྲོང་བཙན་སྒོམ་པོས་བསྐུར་བའི་བཀའ་ཤོག་གི་སྒྲོམ་བུ་འདི་ལ་གཟིགས་དང་ཅེས་ཞུས་པས། བལ་རྗེས་རྒྱལ་པོའི་སྒྲོམ་བུ་དེ་ཁ་ཕྱེ་ནས་གཟིགས་པས། མཐིང་ཤོག་ལ་གསེར་དངུལ་ཟངས་གསུམ་གྱིས་བལ་པོའི་སྐད་དུ་ཡི་གེར་བྲིས་ནས་འདུག་པ་དེ་ཀློག་པས། བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས་བལ་རྗེ་རྒྱལ་པོ་ལ་གསུངས་པ། ངའི་རྒྱལ་པོ་གནམ་རི་སྲོང་བཙན་དེས་ཚེ་སྤོང་གི་གསེར་རྙེད། ལ་སྟོའི་རི་ལས་དངུལ་རྙེད། བྱང་གི་བླ་མཚོའི་ཚྭ་རྙེད། འཕྲེང་པོའི་ཟངས་རྙེད། ར་གའི་ལྕགས་རྙེད། རྐྱང་བུ་རྟར་བཏུལ། འབྲོང་བུ་གཡག་ཏུ་བཏུལ། ཤྭ་བ་བ་གླང་རུ་བཏུལ། རྒོ་བ་ལུག་ཏུ་བཏུལ། གླ་བ་རར་བཏུལ། རྨོ་རྐོ་སོ་ནམ་བྱས་འབྲུ་སྣ་མང་པོ་སྐྱེས། ལོངས་སྤྱོད་ཕུན་སུམ་ཚོགས་པར་ཡོད། ཁྱོད་ལ་ལོངས་སྤྱོད་ཡོད། ང་ལ་མེད་ཟེར་བ་ལ། ཁྱོད་ལོངས་སྤྱོད་ལ་དགྱེས་ཤིང་ལྷ་ཅིག་བཀས་གནང་ན། ངས་སྐུ་ལུས་བཀོད་པ་ས་ཡ་དྲུག་འབུམ་ལྔ་སྟོང་དུ་སྤྲུལ་ནས། གཟུགས་མི་འདྲ་བ་ལྔ་སྟོང༌། སྒྲ་མི་འདྲ་བ་ལྔ་སྟོང༌། དྲི་མི་འདྲ་བ་ལྔ་སྟོང༌། རོ་མི་འདྲ་བ་ལྔ་སྟོང༌། རེག་བྱ་མི་འདྲ་བ་ལྔ་སྟོང་ལ་ལོངས་སྤྱོད་པས་ཆོག་པ། ནམ་མཁའ་ལས་འབྲུའི་ཆར་འབབ་པ། འདོད་འཇོའི་བ་མཁྱེན་པས་ཟད་པ་མེད་པ། གཏེར་ཁུང་ཐམས་ཅད་ཁ་ཕྱེ་ལ་ལྷོ་བལ་གྱི་གསེར་ཐམས་ཅད་ངའི་རྒྱལ་ཁམས་སུ་རག་ལུས་པར་བྱ་ཡིས། དེ་ཡ་མཚན་མི་ཆེའམ། དེ་ལ་ལྷ་ཅིག་མི་སྟེར་ན། ངའི་སྤྲུལ་པའི་དམག་གིས་བལ་ཡུལ་འཇོམས་ཤིང་བརླག་པར་འགྱུར་རོ་བྱས་པའི་ཡི་གེ་བྱུང་བ་དང༌། བལ་རྗེ་བྲེད་ནས་ངས་ཅི་སྐད་དུ་བོད་བློན་ལ་སྨྲས་པའི་ལན། ཁོའི་སྒྲོམ་བུའི་ཡི་གེས་ཐེབས་ཀྱིན་འདུག རྒྱལ་པོ་དེས་བལ་ཡུལ་སྤྱན་གྱིས་གཟིགས་པ་ལ། བལ་པོའི་སྐད་དང་ཡི་གེ་ཤེས་པ་དེ་སྤྲུལ་པའི་སྐུར་ཡོད་པར་འདུག བོད་ཀྱི་རྒྱལ་པོ་ཁོང་རང་གསུང་བ་བཞིན་དུ་བདེན་པར་ཡོད་འདུག་པས། དེ་བདེན་ཙ་ན་ང་བས་ཁོ་བཟང་འདུག་པས་བོད་ཀྱི་རྒྱལ་པོ་དེ་ལ། ངས་ལྷ་ཅིག་འདི་མ་ཕུལ་ན། ཁོང་གིས་སྤྲུལ་པའི་དམག་དྲངསནས། གྲོང་ཁྱེར་ཐམས་ཅད་འཇོམས་རྒྱལ་ཁམས་ཐམས་ཅད་བརླག ལྷ་ཅིག་ཀྱང་རང་དབང་མེད་པར་ཁྱེར་སྙམ་ནས། ཡབ་རྒྱལ་པོས་ལྷ་ཅིག་ཁྲི་བཙུན་ལ། བུ་མོ་ཁྱོད་བོད་ཡུལ་དུ་རྒྱལ་པོ་སྲོང་བཙན་སྒམ་པོའི་བཙུན་མོ་ལ་འགྲོ་དགོས་བྱས་པས། སྲས་མོ་ལྷ་ཅིག་ན་རེ། ཡབ་དང་ཡུམ་དང་མི་འཕྲད་པ། ཁྲིམས་དང་ཆོས་དང་ལོངས་སྤྱོད་མེད་པའི་ས་ཡུལ་དེར་ང་མི་འགྲོ་ཟེར་བ་ལ། ཡབ་རྒྱལ་པོ་ན་རེ། དེས་མི་ཕན་བུ་མོ་ཁྱོད་བོད་དུ་མ་ཕྱིན་ན། བོད་ཀྱི་རྒྱལ་པོས་སྤྲུལ་པའི་དམག་བསམ་གྱིས་མི་ཁྱབ་པ་དྲངས་ནས་གྲོང་ཁྱེར་ཐམས་ཅད་འཇོམས། ང་བསད་ཁྱོད་ཁྱེར་བས། དེ་བས་ན་ད་ལྟ་ནས་འགྲོ་རྩིས་བྱས་པ་དྲག་གསུངས་པས། དེ་ནས་བལ་རྗེའི་སྲས་མོ་བལ་ཟ་བོད་བོད་ཡུལ་དུ་འགྲོ་དགོས་བྱུང་བ་དང༌། ཇོ་མོ་སྒྲོལ་མ་དཀར་མོ་ལྷ་མོ་འོད་ཟེར་ཅན་གྱི་སྤྲུལ་པ་ལྷ་ཅིག་ཁྲི་བཙུན་གྱིས། ཡབ་རྒྱལ་པོ་ལ་ཞུ་བ་འདི་སྐད་ཅེས་གསུངས་སོ། །ཀྱཻ་ཡབ་ཅིག་རྒྱལ་པོ་བདག་ལ་ཚུར་གསོན་དང༌། བོད་ཅེས་བྱ་བ་དམངས་རིགས་གདོལ་བའི་རིགས། བླུན་ཞིང་མཐའ་འཁོབ་སྟོན་པས་ཞབས་མ་བཅགས། མཆོད་གནས་མེད་ཅིང་ཚོགས་གསོག་རྟེན་མ་མཆིས། རྒྱལ་པོའི་འཁོར་བཞི་གྲོགས་བཟང་དགེ་འདུན་མེད། ཆོས་དང་ཆོས་མིན་མི་ཤེས་མུན་པའི་སྨག་རུམ་འདྲ། ཞེ་སྡང་གདུག་སེམས་ཆེ་བས་གནོན་སྦྱིན་སྲིན་པོའི་རིགས། འཆལ་ལ་གཡེང་ཆེ་བྱོལ་སོང་སྤྲེའུའི་རིགས། དེ་འདྲའི་མཐའ་འཁོབ་གནས་སུ་བདག་འགྲོ་ན། བདག་གི་བསོད་ནམས་བསོག་པའི་མཆོད་གནས་སུ། ཡབ་ཀྱི་མཆོད་གནས་མི་བསྐྱོད་རྡོ་རྗེ་དང༌། བྱམས་པ་སྒྲོལ་མ་བདག་ལ་གནང་བར་ཞུ། བོད་ཅེས་བྱ་བ་ཡི་དྭགས་གྲོང་ཁྱེར་ཏེ། ཡིད་བཞིན་ནོར་བུ་མེད་པས་ཡི་དྭགས་གྲོང་ཁྱེར་འདྲ། མི་ལྟོགས་རྒྱལ་ཁམས་ཡིན་པར་རྒྱལ་བས་ལུང་ཡང་བསྟན། རིན་ཆེན་བང་མཛོད་མང་པོ་བདག་ལ་ཞུ། ཁ་བ་ཅན་གྱི་རི་རྒྱུད་བསིལ་ཞིང་གྲང༌། ཚེ་གང་དྲོས་པའི་གོས་ཅིག་བདག་ལ་ཞུ། མི་རིགས་མི་གཅིག་མི་ཡི་ཁྲོད་ནང་དུ། བསམ་རྒྱུད་སྤྱོད་ལམ་ཇི་ལྟར་བགྱིས་ཏེ་འགྲོ། ཡབ་ཅིག་རྒྱལ་པོས་བདག་ལ་གསུང་བར་ཞུ། ཅེས་ཞུས་པ་དང༌། ཡབ་རྒྱལ་པོ་རཏ྄ན་དྷེ་བས་བཀའ་སྩལ་བ། ཀྱཻ་མིག་དང་འདྲ་བའི་བུ་མོ་ཚུར་གསོན་ཅིག བོད་ཅེས་བྱ་བ་ཁྱད་པར་འཕགས་པའི་ཡུལ། རི་མཐོ་ས་གཙང་གངས་རི་གཉན་གྱི་མགུལ། བསིལ་ཞིང་དྲོ་བ་ལྷ་གནས་གཞལ་ཡས་ཁང༌། ཆུ་བོ་བཞི་འབབ་རྒྱ་མཚོ་བཞི་ཡིས་མཛེས། འབྲུ་སྣ་སྣ་ཚོགས་རིན་ཆེན་སྣ་ཚོགས་འབྱུང༌། རྐང་འགྲོས་དགུ་སྤྱོད་རྩི་ཐོག་མར་ལ་སྤྱོད། འབངས་རྣམས་མི་ཡིན་རྗེ་ནི་ལྷ་ཡིས་མཛད། འཁོར་བཞི་མེད་ཀྱང་བྱང་ཆུབ་སེམས་དཔའི་རྒྱུད། དམ་ཆོས་མེད་ཀྱངརྒྱལ་པོའི་བཀའ་ཁྲིམས་གནས། གྲོགས་མཆོག་དགེ་འདུན་མེད་ཀྱང་རྒྱལ་པོ་སྤྲུལ་པ་ཡིན། དེ་འདྲའི་གནས་སུ་བུ་མོ་ཁྱོད་སོང་ན། བདག་གི་མཆོད་གནས་མི་བསྐྱོད་རྡོ་རྗེ་འདི། ཡོན་བདག་ལྷ་ཡི་དབང་པོ་བརྒྱ་བྱིན་གྱིས། རྒྱུ་ནི་རིན་ཆེན་སྣ་ཚོགས་ལས་གྲུབ་པ། བཟོ་བོ་སྤྲུལ་པ་བི་ཤོ་ཀརྨས་མཛད། དེ་ཡང་སངས་རྒྱས་ཉིད་ཀྱིས་བྱིན་བརླབས་ནས། རྒྱལ་བ་ཉིད་ཀྱིས་རབ་ཏུ་གནས་པར་མཛད། གང་ཞིག་ང་ལ་ད་ལྟར་མཆོད་བྱས་དང༌། འདས་ནས་སྐུ་གཟུགས་དམ་པ་མཆོད་པ་ལ། ཁྱད་པར་མེད་པ་ཡིན་ཞེས་སངས་རྒྱས་གསུང༌། སངས་རྒྱས་མཆོད་པའི་བསོད་ནམས་ཚད་མེད་དེ། དེ་ཕྱིར་ཡོན་ཏན་དཔག་ཏུ་མེད་པའི་ཕྱིར། ཡོན་ཏན་ཚད་མེད་རྒྱལ་བའི་ཞལ་སྐྱིན་འདི། བརྩ་བའི་བུ་མོ་ཁྱོད་ཀྱི་མཆོད་གནས་མཛོད། བྱམས་པ་ཆོས་ཀྱི་འཁོར་ལོ་སྐོར་བ་འདི། རྒྱལ་བས་བྱིན་བརླབས་རང་བྱུང་ཡིན་པས་ཏེ། འདི་མཆོད་མ་འོངས་བྱམས་མགོན་ཞབས་དྲུང་སྐྱེ། དེ་བཞིན་ཡོན་ཏན་དཔག་ཏུ་མེད་པར་འགྱུར། ཙན་དན་སྒྲོལ་མས་རང་བྱུང་འདི་ཉིད་ནི། མཆོད་པས་འཇིགས་པ་བརྒྱད་བྲལ་བྱང་ཆུབ་ཐོབ། དེ་བཞིན་ཡོན་ཏན་དཔག་མེད་འབྱུང་བས་ན། བརྩེ་བས་བུ་མོ་ཁྱོད་ལ་བདག་གིས་བརྫངས། ཁྱོད་ཀྱིས་བསོད་ནམས་བསོག་པའི་རྟེན་མཛོད་ཅིག ཁྱོད་ཀྱི་བསམ་རྒྱུད་སྤྱོད་ལམ་འདི་ལྟར་མཛོད། ལྟ་བ་ནམ་མཁའ་བས་ཀྱང་ཡངས་པར་མཛོད། སྤྱོད་པ་དལ་འབྱོར་བས་ཀྱང་དལ་བར་མཛོད། གཟེངས་ནི་རི་རྒྱལ་བས་ཀྱང་མཐོ་བར་མཛོད། འཛུམ་མདངས་པདྨ་བས་ཀྱང་མཛེས་པར་མཛོད། ལུས་ཚགས་དར་མདུད་ལས་ཀྱང་དམ་པར་མཛོད། རྒྱུད་ནི་དར་དཀར་བས་ཀྱང་གཉེན་པར་མཛོད། ཚིག་ནི་རྒྱ་དར་བས་ཀྱང་འཇམ་པར་མཛོད། ཚགས་ནི་སྨན་རྐྱལ་བས་ཀྱང་བཟང་བར་མཛོད། བསོག་བུན་བྱི་བ་བཞིན་དུ་མཁས་པར་མཛོད། ཉེ་སེམས་ཆེ་བས་སྦྱིན་ལྟར་འཛིན་པར་མཛོད། ཤོང་ཡང་རྒྱ་མཚོའི་གཏིང་ལྟར་ཟབ་པར་མཛོད། ཐེག་སྟོབས་ས་གཞི་བས་ཀྱང་ཆེ་བར་མཛོད། ཅི་བྱེད་བར་སྣང་གློག་བཞིན་འཁྱུག་པར་མཛོད། ལག་བྱད་པདྨ་བས་ཀྱང་གཙང་བར་མཛོད། གྲོགས་ལ་བྲན་མོ་བཞིན་དུ་གུས་པར་མཛོད། དམའ་བ་རྣམས་བུ་བཞིན་བྱམས་པར་མཛོད། བཟང་པོ་ཇོ་བོ་བཞིན་དུ་འཁུར་བར་མཛོད། སེམས་ཅན་རྣམས་ལ་མ་བཞིན་བརྩེ་བར་མཛོད། དགེ་བའི་ལས་གླུ་བཞིན་བརྩོན་པར་མཛོད། སྡིག་པའི་ལས་ནི་དུག་བཞིན་སྤོང་བར་མཛོད། དད་པ་དམ་པའི་ཆོས་ལ་ཆེ་བར་མཛོད། བླ་འོ་ཤི་བའི་རོ་བཞིན་ཉུང་བར་མཛོད། མོས་གུས་དཀོན་མཆོག་གསུམ་ལ་ཆེ་བར་མཛོད། ཁ་ཟས་སྨན་དང་འདྲ་བར་ཚོད་བཟུང་མཛོད། རྩིས་སྨན་སྲོག་ལྟར་གཞན་ལ་ཕན་པར་མཛོད། ཉི་ཟླ་བཞིན་དུ་གསལ་ལ་དངོས་པར་མཛོད། ཞོགས་པ་སྔར་ལངས་ནུབ་མོ་འཕྱི་རུ་ཉོལ། ལས་ཀྱི་བྱ་བ་གང་བརྩམས་མཐའ་རུ་ཐོན། དེ་ལྟར་མཛད་ན་ཆོས་ལུགས་དགེ་བར་འགྱུར། རིན་ཆེན་མཛོད་བདུན་གླང་པོའི་རྒྱལ་ཁབ་བདུན། བུ་མོ་ཁྱོད་ལ་བརྩེ་བས་བརྫང་བར་བྱ། བཟོ་རིགས་སྣ་ཚོགས་འཕྲུལ་ཆ་སྣ་ཚོགས་དང༌། གཡོག་འཁོར་མང་པོ་གཡོག་མོར་བཅས་པ་ཡང༌། བརྩེ་བས་བུ་མོ་ཁྱོད་ལ་བདག་གིས་བསྐུར། ཚོང་སྒོ་ལས་སྒོ་སྣ་ཚོགས་བཟང་རྣམས་ཀྱང༌། བརྩེ་བས་བུ་མོ་ཁྱོད་ལ་བདག་གིས་དབྱེ། དེ་ལྟར་ཡིན་པས་བུ་མོ་ཁྱོད་སོང་ཞིག སྔན་ཆད་བུ་མོས་ཕ་ཡུལ་བཟུང་བ་མེད། དེ་ཕྱིར་ཁྱོད་ཀྱང་བོད་ཡུལ་དབུས་སུ་སོང༌། བཀའ་རྟགས་ཆོས་ལུགས་བཟང་པོ་དར་བར་བགྱི། རྗེ་ཡི་སྐུ་མཁར་ཕོ་བྲང་བརྩན་པོར་ཆོས། ཕྱོགས་བཞིར་དཀོན་མཆོག་གསུམ་གྱི་རྟེན་ཡང་ཚུགས། ཁྱད་པར་འཕགས་པའི་རྟེན་ཡང་བཞེངས་སུ་གསོལ། ཐམས་ཅད་སྤྲོ་བ་སྐྱེད་ཅིང་མི་དགེ་འཇོམས། གཙུག་ལག་རྒྱས་པའི་སྐུ་གཟུགས་དམ་པ་བཞེངས། སངས་རྒྱས་བསྟན་པ་རྒྱས་པར་མཛད་པའི་ཕྱིར། དགེ་འདུན་སྟོན་པའི་བསྟན་པ་དར་བར་གྱིས། ཅེས་གསུངས་ནས། ཡབ་རྒྱལ་པོས་སྲས་མོ་ལྷ་ཅིག་ཁྲི་བཙུན་གྱི་རྫོངས་བསགས་ཏེ། ལྷ་ཅིག་ཁྲི་བཙུན་ནི་གླང་པོ་ཆེའི་རྟ་ལ་ཞོན། མི་བསྐྱོད་རྡོ་རྗེ་དང༌། བྱམས་པ་ཆོས་ཀྱི་འཁོར་ལོ་དང༌། ཏོག་དང་གྲ་ལྔ། མདོ་སྡེ་པདྨ་དཀར་པོ་དང་བཅས་པ་ཁལ་དུ་བཀལ། ཙན་དན་གྱི་སྒྲོལ་མ་ཕྱག་ཏུ་བསྣམས། རིན་པོ་ཆེ་གླང་པོ་ཆེའི་རྒྱལ་ཁལ་བདུན་དང༌། བྲན་མོ་གཡོག་འཁོར་དང་བཅས་ནས་བལ་བོ་དང་བོད་ཀྱི་མཚམས་སུ་རྒྱལ་པོས་བསྐྱལ་ལོ།། དེ་ནས་བྲག་དང་ཆུ་འཐབ་པ་ཞིག་ལ་ལྷ་ཅིག་ཞངས་ཐང་གིས་བྱོན། མང་ཡུལ་ནས་ལྷ་ཅིག་དྲེའུ་དཀར་མོ་ལ་ཞོན། སྐུ་གསུང་ཐུགས་གྱི་རྟེན་རྣམས་མཛོ་ཆེན་པོ་བདུལ་ལ་བཀལ། རིན་པོ་ཆེ་གླང་པོ་ཆེའི་རྒྱལ་ཁལ་བདུན་རྟ་ལྔ་བརྒྱ་ལ་བཀལ་ནས་འོངས་པས། ཕོ་བྲང་དམར་པོ་རིའི་ནང་དུ་ལྷ་ཅིག་ཁྲི་བཙུན་དང༌། རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོ་དང་གཉིས་ཞལ་མཇལ་བས། དེ་ལ་སྣང་བ་རྣམ་པ་གསུམ་ཤར་ཏེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྣང་བ་ལ་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེ་ཤར་རི་པོ་ཏ་ལ་ནས་བོད་ཁ་བ་ཅན་དུ་བྱོན་ནས་དམ་པའི་ཆོས་དར་བར་བྱ་བའི་ཕྱིར་རྒྱལ་པོ་མཛད་པ་དང༌། ཇོ་མ་སྒྲོལ་མ་འོད་ཟེར་ཅན་དེ་ལྷ་ཅིག་ཁྲི་བཙུན་དུ་སྐུ་སྤྲུལ་ནས། སྐུ་གསུམ་སྤྱན་དྲངས་ནས་རྒྱལ་པོ་དང་ཞལ་མཇལ་བའི་སྐུ་གཉིས་ལ་འོད་ཟེར་བྱུང་ནས། དེ་སེམས་ཅན་ཐམས་ཅད་ལ་འཕོགས་པས་སེམས་ཅན་རྣམས་སྐད་ཅིག་ཉིད་ལ་ཉོན་མོངས་པ་ཐམས་ཅད་ཚར་གཅོད་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བདེ་བ་དང་ལྡན་པར་གཟིགས་སོ། །ལྷ་རྣམས་ཀྱི་སྣང་བ་ལ་རྒྱལ་པོ་སྟངས་ཞལ་གཉིས་ཀྱི་འོད་ཟེར་དེས། བྱང་ཆུབ་སེམས་དཔའ་རེ་རེ་ལ་ཡང་འཁོར་འབུམ་འབུམ་གྱིས་བསྐོར་ནས། ཐེག་པ་ཆེན་པོའི་ཆོས་ཉན་པ་དང༌། བསམ་པ་དང་སྒོམ་པའི་དགེ་བ་དེ་དང་ལྡན་པའི་ཆོས་ཀྱི་ལོངས་སྤྱོད་བྱེད་པར་གཟིགས་སོ། །སོ་སོ་སྐྱེ་བོ་ཐ་མལ་པ་རྣམས་ཀྱི་སྣང་བ་ལ། རྒྱལ་པོ་སྲོང་བཙན་སྒམ་པོ་དང༌། བལ་མོ་ཟ་ལྷ་ཅིག་ཁྲི་བཙུན་ཞལ་མཇལ་ནས། དབུ་སྐྲ་གཉིས་སྦྲེལ་བ་དང༌། སྐུད་པ་འཁེལ་མར་ཁུའི་ཀྱུ་རྗེ་བ་དང༌། ཤ་ཁུ་ལ་ཧུབ་རེས་བྱེད་པ་དང༌། གསེང་བུ་གསོལ་རེས་བྱེད་པ་དང༌། དགའ་བདེར་ལོངས་སྤྱོད་པ་དང༌། གཡེང་གི་རིལ་བུ་ལ་ཕར་གཏོད་ཚུར་གཏོད་བྱེད་པར་མཐོང་ངོ༌། །རྒྱལ་པོ་ནི་ཕོ་བྲང་གི་ནང་ན་དུས་རྟག་ཏུ་ཙན་དན་སྦྲུལ་གྱི་སྙིང་པོའི་ལྷ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་སྐུ་དྲུང་དང༌། འབེན་ཚད་རེ་ལས་རིང་དུ་མི་འབྲལ་བར་བཞུགས་པ་དང༌། ལྷ་ཅིག་གི་བསམ་པ་རྒྱལ་པོ་འདི་མི་ལས་འདས་པ་སྐུ་བྱད་ལྟ་བས་ཆོག་མི་ཤེས་པའི་ངོ་མཚར་ཅན་ཞིག་འདུག་པ་ལ། ཕོ་བྲང་གི་ཕྱི་རོལ་ཏུ་ཡེ་མི་བཞུད་པ་འདི་ཇི་ཉེས་དྲི་རྒྱུ་ཡིན་པ་ལ། ངའི་སྐད་ཁོང་གིས་གོ་སྟེ། ཁོང་གི་སྐད་ངས་མི་གོ་བས། གཞན་གྱི་དམག་ལ་བྲེད་པ་ཡིན་ཏེ་འོང་སྙམ་ནས། ངསའདི་ཐུགས་བདེ་བའི་ཐབས་ཞིག་བྱ་དགོས་སྙམ་ནས། རིན་པོ་ཆེའི་བརྒྱན་བྱས། དར་དཀར་པོའི་ཐོད་བཅིངས་ཏེ། བལ་པོ་ནས་འོངས་པའི་རིན་པོ་ཆེའི་ལྷུང་བཟེད་ལ་གསོལ་བ་བཏབ་པས་དེའི་ནང་ནས། བདུད་རྩི་རྣམ་པ་ཁ་དོག་སྣ་ཚོགས་པའི་ཟས་རྣམས་བྱུང་སྟེ། གནོན་སྦྱིན་ཕོ་མོ་རྣམས་ལ་བདུད་རྩིའི་རྔན་པ་བྱིན་འཁོར་དུ་བཀོལ་ནས། དམར་པོ་རི་ལ་ལྕགས་རི་རྒྱ་ཁྱོན་ཆེ་བའི་ཚད་དཔག་ཚད་གཅིག་ཡོད་པ་དེ་གྲུ་བཞིར་སོ་ཕག་གིས་བརྩིགས། འཕང་གི་གྱང་འཕང་སུམ་ཅུ་རྩ་བཞི་མཁར་དགུ་ཐོག་དང་མཉམ་པ། སྟག་རི་དང་སེང་རི་གཉིས་ནང་དུ་བཅུག་པ། གྲོང་ཁྱེར་མཛེས་པ་དེའི་ནང་དུ་མདའ་ཡབ་དང༌། སྒོ་ཆུང་དང༌། བ་ཀུ་ལ་དང༌། རྔ་ཡབ་དང༌། རྟ་བབས་དང་སྐེད་བད་དང༌། ཁ་བད་དང་བཅས་པ། སྒོ་ཆུང་དངུལ་ལས་བྱས་པའི་ཁ་སྐོར་དུ། མུ་ཏིག་གི་དྲ་བ་དྲ་ཕྱེད་ཀྱིས་སྦྲེལ་པ། གཡུ་བད་ལ་དྲིལ་བུ་གཡེར་ཁའི་སྒྲ་འཁྲོལ་བ། མི་ཆོས་དང་མཐུན་པར་སྒོ་བཞི་རྟ་བབས་དང་བཅས་པ། ལྷའི་གྲོང་ཁྱེར་བལྟ་ན་སྡུག་དང་ཆོས་མཐུན་པ། གཞན་འཇིགས་པའི་ཡན་ལག་ཏུ་ལྕགས་རིའི་ནང་དུ་སོ་ཕག་གི་མཁར་དམར་པོ་དགུ་བརྒྱ་དང་དགུ་བརྒྱ་གོ་དགུ་ཡོད་པ། རྗེའི་སྐུ་མཁར་གྱི་རྩེ་མོ་ཉིད་དང་སྟོང་ཡོད་པ་བརྩིགས། མཁར་རེ་རེའི་རྩེ་ལ་མདུང་བ་དན་དམར་པོ་ཁྲེའུ་ཅན་སྟོང་སྟོང་བཙུགས་པ། སྲོན་པོ་ལང་ཀ་པུ་རི་དང་ཆོས་མཚུངས་པ། མཐོང་བ་ཙམ་གྱིས་གཞན་སྔངས་པར་བྱེད་པ། མཁར་དེ་བརྩན་པའི་དབང་དུ་བྱས་ན་མཐའ་བཞིའི་རྒྱལ་པོས་དམག་དྲངས་ཀྱང༌། མཁར་དེ་མི་ལྔས་ཐུབ་པ་ཡིན་ཏེ། རྒྱལ་པོའི་རྩེ་མཁར་གྱི་རྩེ་ན་བྱ་ར་བྱེད་པའི་མི་གཅིག སྒོའི་ལྕོག་བཞི་ལ་མི་རེ་རེ་སྟེ་མི་ལྔས་ཐུབ་པ། གཞན་ཡང་ལྷོ་ཕྱོགས་ཀྱི་ཐད་ན་ཡར་བཙུན་མོའི་ཕོ་བྲང་དང་མཉནམ་པ་བརྩིགས་ཏེ། དེ་གཉིས་ཀྱི་བར་ན་གསེར་དངུལ་གྱི་ཟམ་པས་སྦྲེལ་ནས་ཡོད་པ་ལ། རྒྱལ་པོ་དང་བཙུན་མོ་ཕར་གཤེགས་ཚུར་གཤེགས་མཛད་པ། དེའི་ནང་ནས་བལྟས་ན་ཐམས་ཅད་ལྷའི་གཞལ་ཡས་ཁང་འདྲ་བ། ཕྱི་ནས་བལྟས་ན་སྲིན་པོ་ལང་ཀ་པུ་རིའི་གྲོང་ཁྱེར་དང་འདྲ་བ་ཅིག་བྱས་སོ། །ཕོ་བྲང་གི་ཤར་ཕྱོགས་ཀྱི་སྒོར་རྒྱལ་པོའི་ཆིབས་རྟ་རྒྱུགས་ས་ལ་འཕངས་སུ་མི་དོ་དང༌། ཞེང་དུ་འདོམ་བཅོ་བརྒྱད། དཀྱུས་སུ་འདོམས་སུམ་བརྒྱ་ཡོད་པ་བྲུས་ཏེ། རྒྱ་རྫ་དང་སོ་ཕག་དང་སྤང་ལེབ་བརྩེགས་ཏེ། མཐའ་ན་ཤིང་གི་དྲ་བ་དྲ་ཕྱེད་ལ་ཚོན་རྩི་བྱུགས་ནས་སྲ་རྩིས་མནན་པ། རིན་པོ་ཆེས་སྤྲས་པ། ཕྱི་གསལ་ནང་གསལ་བྱས་པ་དེ་ལྟ་བུའི་ནང་ན་རྟ་གཅིག་རྒྱུགས་ཀྱང་རྟ་པ་སུམ་བརྒྱས་རྒྱུགས་པའི་སྒྲ་སྐད་འབྱུང་སྟེ། སྒྲ་དེ་ལ་ཏིང་ཤག་དང༌། འུར་ཐུག་སིལ་ཆོམ་དང༌། བདེན་པ་བཞིའི་ཚིགས་བཅད་དང༌། བཀའ་རྟགས་ཀྱི་ཕྱག་རྒྱའི་སྒྲ་སྒྲོག་གོ །དེ་ལྟ་བུའི་ཕོ་བྲང་ཤིན་ཏུ་མཐོ་བའི་ནང་ན་དཀོར་མཛོད་ཀྱི་རེ་མིག་རྣམས་ཟས་དང་ནོར་གྱིས་བཀང་བ། དགོས་འདོད་ཐམས་ཅད་འབྱུང་བ་ལོངས་སྤྱོད་དང་འདུ་འཛིའི་ཕོ་བྲང་ཆེན་པོ་རི་མོ་སྣ་ཚོགས་ཀྱིས་བཀྲ་བ་ཅིག་བརྩིགས་སོ། །ཤར་ཕྱོགས་ན་སྟག་སྒོ་དང་གཅིག ལྷོ་ཕྱོགས་སུ་གཟིག་སྒོ་དང་གཉིས། ནུབ་ཕྱོགས་ན་དབང་སྒོ་དང་གསུམ། བྱང་ཕྱོགས་ན་རྒྱ་མོ་འཕྲུལ་སྒོ་དང་བཞིའོ། །རྒྱལ་བློན་གྱི་མཛད་པ་དང༌། ཕོ་བྲང་གི་ཚུལ་དེ་ལྟ་བུ་ནི་ར་སའི་གཙུག་ལག་ཁང་གི་ནུབ་ཕྱོགས་ཀྱི་གྱང་རིས་ན་བྲིས་ནས་ཡོད་དོ། །ལྷ་ཅིག་ཁྲི་བཙུན་སྤྱན་དྲངས་པའི་ལེའུ་སྟེ་བཅུ་པའོ།། །། ལེའུ་བཅུ་གཅིག་པ། ལྷ་ཅིག་ཨོང་ཅོང་སྤྱན་དྲངས་པ། དེ་ནས་ཡང་བློན་པོ་རྣམས་ཀྱིས་ཤར་ཕྱོགས་ཀྱི་བུ་མོ་ལྷ་ཅིག་ཨོང་ཅོང་དེ་སྤྱན་འདྲེན་པར་ཞུ་ཞེས་རྒྱལ་པོ་ལ་ཞུ་བ་ཕུལ་བས། རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོའི་ཞལ་ནས། ཁྱེད་བློན་པོ་རྟ་བ་བརྒྱ་དང་བློན་པོ་མགར་ལ་གསེར་གྱི་དོང་རྩེ་བརྒྱ་ཕྱག་རྟེན་དུ་ཁྱེར་ལ། རྒྱ་ནག་རྒྱལ་པོ་ཀོང་རྩེ་འཕྲུལ་ཆུང་ལ། ལྷ་ཅིག་ཨོང་ཅོང་ཞུ་བའི་ཕྱག་རྟེན་ལ་ཕུལ། གསེར་གྱི་བང་མིག་བརྒྱ་ཁྱེར་ལ་ཞུ་རྟེན་གྱིས། གསེར་གྱི་ན་བཟའ་དྲི་མས་མ་གོས་པ་འདི་རྒྱལ་པོའི་སྐུ་ལ་གསོལ། རིན་པོ་ཆེ་བཻཌཱུརྱའི་རྨོག་ལ་པདྨ་རཱ་གའི་ཕོད་བཙུགས་པ་འདི་ཡོན་ཏན་དུ་མ་དང་ལྡན་པ་སྟེ། རྒྱལ་པོ་ལ་ཨོང་ཅོང་གི་རིན་དུ་ཕུལ། བཀའ་ཤོག་གི་སྒྲོམ་བུ་གསུམ་བསགས་ནས། རྒྱལ་པོ་དེས་ཁྱེད་ཚོ་ལ་བཀའ་ལུང་མི་འཐད་པ་ལན་གསུམ་སྨྲར་འོང་བས་ན། དེའི་དུས་སུ་སྒྲོམ་བུ་འདི་གསུམ་རིམ་གྱིས་ཕྱག་ཏུ་ཕུལ་ལ་གཟིགས་དང་ཞུས་ཤིག ཕར་ལམ་ཚུར་ལམ་ལ་ཇོ་མོ་སྒྲོལ་མའི་མཚན་ནས་བརྗོད་ཅིང་སོང་དང་དོན་འགྲུབ་ནས་འོང་ངོ༌། །ཚུར་ལ་ལོང་ཡོང་ཙ་ན་བྱ་ཁྭ་ཏའི་སྐད་ཀྱིས་མ་ནོན་པ་ལ་ལོག་ཤོག་གསུང་ངོ༌། །དེ་ནས་བློན་པོ་གཉེ་བོ་མི་བརྒྱ་བསགས་ནས་རྒྱ་ནག་ལ་ཆས་པའི་དུས་སུ། བློན་པོ་རྣམས་ཀྱིས་རྗེའི་བཀའ་སྩལ་དང༌། གཉེ་བོའི་སྔོ་བགྲང་དང༌། ལམ་དུ་ཞུགས་པ་ལ་ལམ་ནོར་བའི་ལམ་གླུ་དང་བཅས་པ་མཛད་པས། གླུ་ལ་སྔ་བདེ་ཡིན་ནོ། །དེ་ནས་རྒྱ་ནག་གི་ལམ་ལ་སླེབ་པ་ལས་འཕྲེང་མང་པོའི་འཕྲང་གླུ་དང༌། རིག་པ་རྩལ་བསྡུར་དང༌། རྒྱལ་མོ་ངོས་འཛིན་དང༌། ཡས་བཏགས་ཕྱ་ར་གང་མ་ལ་སོགས་པའི་གླུ་ཡང་མཛད་དོ། །དུས་དེ་ཙ་ན་རྒྱ་ནག་རྒྱལ་པོའི་ཡུལ་ན་གྲོང་ཁྱེར་ཁྲི་སྒོ་རྩེགས་པ་བྱ་བ་ན། རྒྱ་ནག་རྒྱལ་པོ་ཀོང་རྩེ་འཕྲུལ་ཆུང་གི་ཕོ་བྲང་དུ། མི་རིགས་མི་གཅིག་པའི་མཉེ་བོ་ཚན་པ་བཞི་འཚོགས་ཏེ། རྒྱ་གར་ཆོས་ཀྱི་རྒྱལ་པོའི་རྟ་པ་བརྒྱ། སྟག་གཟིག་ནོར་གྱི་རྒྱལ་པོའི་རྟ་པ་བརྒྱ། ཁྲོམ་གེ་སར་དམག་གི་རྒྱལ་པོའི་རྟ་པ་བརྒྱ། བོད་ཀྱི་རྒྱལ་པོའི་རྟ་པ་བརྒྱ་དང་བཅས་པའི་རྟ་པ་བཞི་བརྒྱ་ཙམ་དུ་ལྷགས་སོ། །དེ་ནས་སོ་སོ་རང་རང་གིས་རྒྱལ་པོ་དང་མཇལ་བའི་ཞུ་རྟེན་བསྐུར་བ་ལ། རྒྱ་གར་པ། སྟག་གཟིག ཁྲོམ་གེ་སར་གསུམ་གྱི་གཉེ་བོ་ཚན་གསུམ་ལ་མཇལ་བས། བོད་ཀྱི་བློན་པོས། རྒྱའི་བློན་པོ་ལ་གསེར་གྱི་བང་མིག་བརྒྱ་བསྐོར་ནས། ངེས་བོད་ཀྱི་རྒྱལ་པོའི་བློན་པོ་ལགས་པས། རྒྱ་རྗེ་ལ་མཇལ་བར་གྱིས་དང་བྱས་པས་རྒྱལ་པོས་བོད་ཀྱི་བློན་པོ་རྣམས་ཆུང་ལ་དམའ་བར་བྱས། རྒྱལ་པོས་ཞག་བདུན་གྱི་བར་དུ་མ་མཇལ་ལོ། །དེ་ནས་བློན་པོ་མགར་གྱིས་སྣ་དྲངས་པའི་བོད་བློན་རྣམས་ཀྱིས་རྒྱལ་པོ་ལ་ཕྱག་གྲལ་བྱས། བློན་པོ་མགར་གྱིས་གསེར་གྱི་དོང་རྩེ་བརྒྱ་ལ་ཕྱག་རྟེན་བྱས་ནས་རྒྱལ་པོ་ལ་ཕྱག་དང་ཞེ་ས་རྫོགས་པར་བྱས་ཏེ། བློན་པོ་ཆེན་པོ་མགར་གྱིས་གསེར་གྱི་ན་བཟའ་དྲི་མ་མེད་པ་དེ་རྒྱལ་པོའི་སྐུ་ལ་གསོལ། རིན་པོ་ཆེ་བཻཌཱུརྱའི་རྨོག་དེ་མདུན་དུ་ཕུལ་ནས། ལོཙྪ་པ་བར་དུ་བཞག་ནས་འདི་སྐད་ཅེས་ཞུས་སོ། །རྗེ་རྒྱལ་པོ་ཆེན་པོ་ལགས། ངེད་མཐའ་འཁོབ་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་བློན་པོ་ལགས་པས་རིན་པོ་ཆེ་བཻཌཱུརྱའི་རྨོག་འདི་གྱོན་ནས་དམག་འཁྲུག་གི་གཡུུལ་དུ་ཞུགས་ན། གཡུལ་ལས་རྒྱལ་བར་འགྱུར་རོ། །ནད་ཡམས་བྱུང་བའི་ཚེ་འདི་གྱོན་ནས་གྲོང་ཁྱེར་གྱི་མཐའ་ཕྱི་སྐོར་ན་ནད་ཡམས་དལ་བུས་ཆད་པར་འགྱུར། སད་སེར་བ་མུ་གེ་ལོ་ཉེས་ལ་སོགས་བྱུང་བའི་ཚེ། ཞིང་གི་མཐའ་ཕྱི་སྐོར་ནས་ལོ་ཉེས་མེད་ཅིང་ལོ་ལེགས་པར་འགྱུར། ངོ་མཚར་ཆེ་ཞིང་ལྷོ་འཛམ་བུ་གླིང་ན་གོང་ཐང་གདལ་ཏུ་མེད་པ་འདི་འབུལ་ཞིང་མཆིས་ན། ལྷ་ཅིག་ཨོང་ཅོང་འདི་བོད་མཐའ་འཁོབ་ཀྱི་རྒྱལ་པོའི་བཙུན་མོར་ཞུ་བྱས་བས། རྒྱ་རྗེ་རྒྱལ་པོ་འཁོར་དང་བཅས་པས་ཧ་རྒད་བྱས་ཏེ། རྒྱལ་པོ་ན་རེ་ཁྱེད་མཐའ་འཁོབ་བོད་ཀྱི་རྒྱལ་པོ་དེ་ལྟ་བ་མ་མཐོ་སྟེ། ང་དང་མི་མཉམ་ང་སངས་རྒྱས་འོད་སྲུངས་ཀྱི་དུས་ནས་རྒྱལ་རྒྱུད་མ་ཆད་པ་ཡིན། ཁྱེད་ཀྱིས་ངའི་གཉེན་ཟླ་མི་འོང༌། འོན་ཀྱང་ཁྱེད་ས་ཐག་རིང་བོ་ནས་འོངས་ཟིན་ཡང་ད་དུང་ལོག་ལ། ཁྱེད་རང་གི་རྒྱལ་པོ་ལ་འདི་སྐད་ཅེས་དྲིས་དང༌། རྒྱལ་པོ་བྱ་བ་ལ་ལྷ་ཆོས་དང་མི་ཆོས་གཉིས་ཀ་ཚང་བ། མི་དགེ་བཅུ་སྤངས་པ། དགེ་བ་བཅུའི་ཁྲིམས་གསེར་གྱི་གཉའ་ཤིང་ལྟ་བུ་ཆོས་ཁྲིམས་དར་གྱི་མདུད་པ་ལྟ་བུ་དགོས་པ་ཡིན་པས། ཁྱེད་བོད་ཀྱི་རྒྱལ་པོ་ལ་དེ་འདྲ་མེད། ཁྱེད་བོད་ཀྱི་ཡུལ་དུ་མི་དགེ་བ་བཅུའི་ལས་སྤངས་ནས་མི་ཆོས་དང་ལྷ་ཆོས་དགེ་བ་བཅུའི་ཁྲིམས་དམ་པར་འཆོས་ནུས་སམ་དེ་ལྟ་བུ་ནུས་ན་ངའི་ལྷ་ཅིག་ཨོང་ཅོང་འདི་སྦྱིན་ནོ། །དེ་ལྟ་བུ་འཆོས་མི་ནུས་ན་ངའི་ལྷ་ཅིག་ཨོང་ཅོང་དེར་མི་གཏོང་བས། ཡར་སོང་ལ་རྒྱལ་པོ་ལ་དྲིས་ལ་དེའི་ལན་ཁྱེར་ལ་ཤོག་གསུངས་པས། ཡང་བློན་པོ་མགར་གྱིས་ཕྱག་བྱས་ནས། རྗེ་རྒྱལ་པོ་ཆེན་པོ་ལགས། ངེད་ཀྱི་འཕྲིན་རེ་ལ་རྒྱ་ནག་དང་བོད་ཀྱི་ཡུལ་དུ་ཡར་འགྲོ་མར་འགྲོ་བྱས་ནས་ལྷ་ཅིག་ཨོང་ཅོང་ག་ནས་སྤྱན་འདྲོངས། དེའི་ལན་དུ་ཉེད་ཀྱི་རྒྱལ་པོས་བཀའ་ཤོག་གི་སྒྲོམ་བུ་འདི་བསྐུར་བ་ཡིན། འདི་ལ་གཟིགས་དང་ཞུས་ནས་གསེར་གྱི་སྒྲོམ་བུ་ཅིག་རྒྱལ་པོའི་ཕྱག་ཏུ་ཕུལ་བས། རྒྱལ་པོས་དེ་ཁ་ཕྱེ་ནས་གཟིགས་པས། རྒྱ་ནག་སྟོང་ཁུན་གྱི་སྐད་དང་ཡི་གེ་མཐིང་ཤོག་ལ་གསེར་གྱི་བྲིས་ནསའདུག་པ་དེ་ཀློག་པས། མཐའ་འཁོབ་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས། རྒྱ་ནག་སྟོང་ཁུན་གྱི་རྒྱལ་པོ་ཀོང་རྩེ་འཕྲུལ་ཆུང་ལ་གསུངས་པ། ཁྱོད་ཀྱི་ངའི་གཉེན་ཟླ་མི་ཡོང་ཟེར་བ་འདུག་སྟེ། དང་པོ་འོད་གསལ་ལྷའི་བུ་ཤེད་དང་ཤེད་ལ་གྲོགས་གཉིས་ནས། རྗེ་མང་པོས་བཀུར་བའི་རྒྱལ་པོར་གདུང་རྒྱུད་དེ། དེ་ནས་ཤཱཀྱའི་རྒྱལ་པོར་གདུང་རྒྱུད་པ། དེ་ནས་བོད་ཀྱི་རྒྱལ་པོ་རྗེ་གཉའ་ཁྲི་བཙན་པོར་གདུང་རྒྱུད་ནས་དེ་ནས་ལྷ་ཐོ་ཐོ་རིའི་གཉན་ཤལ་དུ་གདུང་རྒྱུད་དེ། དེའི་གདུང་རྒྱུད་རྒྱལ་པོ་གནམ་རི་སྲོང་བཙན་གྱི་སྲས་རྒྱལ་པོ་སྲོང་བཙན་སྒམ་པོ་བྱ་བ་ཡིན། ང་ཡང་རིགས་རྒྱུད་ངན་པའི་རྒྱུད་མེད། ང་ལ་ཁྲིམས་མེད་ཟེར་ཏེ། ཁྲིམས་ལ་ཁྱེད་དགྱེས་ནས་ལྷ་ཅིག་ཨོང་ཅོང་བཀས་གནང་ན། ངས་སྐུ་ལུས་ཀྱི་བཀོད་པ་ལྔ་སྟོང་དུ་སྤྲུལ་ལ། བོད་ཁ་བ་ཅན་གྱི་རྒྱལ་ཁམས་སུ་རྒྱལ་ཁྲིམས་དང་ཆོས་ཁྲིམས་ཉི་མ་གཅིག་ལ་བཅོས་ལ་བཞག་ཅིག དེ་མི་འཇིགས་སམ། དེ་ལྷ་ཅིག་ཨོང་ཅོང་མི་སྟེར་ན་ངའི་སྤྲུལ་པའི་དམག་གིས། རྒྱ་ནག་ཡུལ་འཇོམས་ཤིང་བརླག་པར་བྱ་བའི་ཡི་གེ་བྱུང་བས། རྒྱ་ནག་རྒྱལ་པོའི་བསམ་པ་ལ་མཐའ་འཁོབ་བོད་ཀྱི་རྒྱལ་པོ་དེ། ངས་ཁོའི་བློན་པོ་ལ་ཇི་ལྟར་བྱས་པ་ཁོའི་སྒྲོམ་བུས་ལན་ཐེབས་པ་ཅིག་འདུག་པས་སྤྲུལ་པའི་སྐུ་ཐུབ་པར་དཀའ་བ་ཞིག་འདུག་སྙམ། འོན་ཀྱང་རྒྱལ་པོ་ཐུགས་ཟབ་ལ་དཀྱེལ་ཆེ་བས། ཡང་རྒྱ་ནག་རྒྱལ་པོས་བོད་བློན་ལ་གསུངས་པ། ཁྱེད་ཀྱི་རྒྱལ་པོ་དེས་ང་ལ་སྡིག་རི་རང་གཏོང་བ་ཞིག་འདུག་རུང་དེས་མི་ཡོང༌། རྒྱལ་པོ་ཡོད་པའི་ཡུལ་དུ་ཁྲིམས་འཆོས་ནས་ཡོད་པས་མི་ཆོག དམ་པའི་ལྷ་ཆོས་བཟང་པོའི་སྲོལ་བདག་གཞན་ཐམས་ཅད་མ་ལུས་པར་སངས་རྒྱས་ཐོབ་པ་ཞིག་དགོས་པ་ཡིན། དེ་ཐོབ་པར་བྱེད་པ་ལ་སྐུ་གསུང་ཐུགས་ཀྱི་རྟེན་གཙུག་ལག་ཁང་དང་མཆོད་རྟེན་གསུང་རབ་བཞེངས་པ་དང༌། དེ་རྣམས་ལ་མཆོད་པ་བྱེད་པ་དང༌། བླ་མ་སངས་རྒྱས་དགེ་བའི་བཤེས་གཉེན་བཟང་པོ་ལ་བསྙེན་བཀུར་ཆོས་སྟོན་བྱེད་པ་དང༌། དམ་པའི་ཆོས་ཟབ་མོ་བཤད་པ་དང་ཉན་པ་དང༌། སྒོམ་པ་དང༌། གསུང་རབ་ལ་ཀློག་འདོན་ཡང་དག་བྱེད་པ་དང༌། སེམས་ཅན་དབུལ་ཞིང་ཕོངས་པ་ཉོན་མོངས་པ་ལ་སྦྱིན་པ་རྒྱ་ཆེན་པོ་གཏོང་བ་དང༌། ནད་པ་སྨན་གྱིས་གསོ་བ་དང༌། རིམ་གྲོ་ཡང་དག་བྱེད་པ་དང༌། མི་འཆམས་པ་ལ་འདུམས་བྱེད་པ་དང༌། དགྲ་དང་འཇིགས་པ་ལ་སྐྱབས་དང་སྐྱེལ་མ་བྱེད་པ་དང༌། དགེ་བའི་རྩ་བ་ཕན་འདོགས་དེ་རྣམས་མེད་ན་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་མི་ཟད་པར་འཁོར་ཞིང་འཁྱམ། དམྱལ་བ་ནས་དམྱལ་བ་ཆེན་པོར་ལྟུང་བས། བསྐལ་པ་ཆེན་པོ་མང་པོར་སྡུག་བསྔལ་ཆེའོ། །ང་ལ་སངས་རྒྱས་འོད་སྲུངས་ཀྱི་དུས་ནས་དེ་ལྟ་བུའི་ཆོས་ཟབ་མོ་ཡོད། ཁྱེད་ལ་དེ་ལྟ་བུ་མེད་པས། དེ་འདྲའི་ཆོས་ཀྱི་སྲོལ་གཏོད་ནུས་ན་ལྷ་ཅིག་ཨོང་ཅོང་སྟེར། མི་ནུས་ན་མི་སྟེར་པས་ཡར་ལ་སོང་ལ་རྒྱལ་པོ་ལ་དྲིས་ལ་དེའི་ལན་ཁྱེར་ཤོག་གསུངས་པས། ཡང་བློན་པོ་མགར་ན་རེ། རྒྱལ་པོ་ཆེན་པོ་ལགས་འཕྲོན་རེ་ལ་རྒྱ་བོད་ཀྱི་བར་ལ་ཡར་འགྲོ་མར་འགྲོ་བྱས་ན་ལྷ་ཅིག་ཨོང་ཅོང་ལ་སྤྱན་འདྲོངས་པའི་དུས་མི་ཡོང་ལགས། བོད་ཡུལ་དང་རྒྱ་ཡུལ་གཉིས་ལམ་ཐག་རིང་ནས་དེ་འདྲ་མི་འགྲུབ་ཟེར་ནས། དངུལ་གྱི་སྒྲོམ་བུ་དེ་རྒྱལ་པོའི་ཕྱག་ཏུ་ཕུལ་ནས། རྒྱལ་པོ་སྲོང་བཙན་སྒམ་པོས་བསྐུར་བའི་བཀའ་ཤོག་གི་སྒྲོམ་བུ་འདི་ལ་གཟིགས་དང་ཞུས་པས། རྒྱ་རྗེ་རྒྱལ་པོས་སྒྲོམ་བུ་དེ་ཁ་ཕྱེ་བའི་ནང་ནས། མཐིང་ཤོག་ལ་རྒྱ་ནག་གི་ཡི་གེ་རྒྱ་ནག་གི་སྐད་དུ་གསེར་གྱིས་བྲིས་པ་བྱུང་བས། དེ་ཀློག་པས། བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས་རྒྱ་ནག་གི་རྒྱལ་པོ་ཀོང་རྩེ་འཕྲུལ་ཆུང་ལ་གསུངས་པ། ནུབ་བདེ་བ་ཅན་གྱི་ཞིང་ཁམས་ན་ཆོས་སྐུ་སྣང་བ་མཐའ་ཡས་ཞེས་བྱ་བ་སངས་རྒྱས་འོད་དཔག་མེད་ཅེས་ཀྱང་བྱ། མགོན་པོ་ཚེ་དཔག་མེད་ཅེས་ཀྱང་བྱ། དེའི་སྲས་པོ་ཇོ་བོ་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྐུའི་སྐྱེ་བ་དངོས་ང་ཡིན། ངས་སྐྱེ་བ་སྔ་མ་རྣམས་ལ་བསྐལ་པ་གྲངས་མེད་པ་མང་པོར་སེམས་ཅན་བསམ་གྱིས་མི་ཁྱབ་པ་དམྱལ་བའི་སྡུག་བསྔལ་ནས་བཏོན། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཞིང་དུ་ཕྱིར་མི་བཟློག་པར་བསྐྱལ། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་བསྒྲལ་ནས་ཐར་དུ་བཅུག་པ་ཡིན། རྒྱལ་པོ་ཁྱོད་ཀྱིས་མཐོང་བ་དང་ཐོས་པ་ལས་ངས་ལག་ལེན་ལ་དེ་ལྟར་བྱས་པ་མང་བ་ཡིན། ང་རི་པོ་ཏ་ལ་ན་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱུན་རས་གཟིགས་བཞུགས་པའི་དུས། བོད་ཁ་བ་ཅན་གྱི་སེམས་ཅན་ཐམས་ཅད་དུད་འགྲོ་སྤྲེའུ་དང༌། བྲག་སྲིན་མོ་དང༌། རི་དྭགས་གཅན་གཟན་དང༌། ལྷ་སྲིན་སྡེ་བརྒྱད་དང༌། སྲིན་པོའི་རིགས་སུ་གྱུར་ནས་ཆུ་ཐུར་དུ་འབབ་ཅིང་གྱེན་དུ་མི་བཟློག་པ་ལྟར་ངན་སོང་གསུམ་དུ་ལྟུང་ཞིང་འཁོར་བར་འཁྱམ་པ་ལ་གཟིགས་པས་སྙིང་རྗེ་དྲག་པོ་སྐྱེས་ཏེ་སྤྱན་གཉིས་ལས་མཆི་མ་རེ་རེ་བྱུང༌། སྤྱན་གཡས་ཀྱི་དེ་སྒྲོལ་མ་དཀར་མོར་གྱུར། དེའི་སྤྲུལ་པའི་སྐུ་ནི་བལ་པོ་དྷེ་བ་ཕ་ལའི་སྲས་མོ་བལ་བཟང་ཁྲི་བཙུན་འདི་ཡིན། བལ་རྗེ་རྒྱལ་པོས་རྫོངས་བཟང་པོ་བྱས་ན་ང་ལ་ཕུལ་ཡོད། སེམས་ཅན་གྱི་འགྲོ་དོན་རྒྱ་ཆེན་པོ་མཛད་ཀྱིན་ཡོད། སྤྱན་གཡོན་གྱི་དེ་སྒྲོལ་མ་སྔོན་མོར་གྱུར། རྒྱ་ནག་རྒྱལ་པོ་ཁྱེད་ཀྱི་སྲས་མོ་ཨོང་ཅོང་འདི་ཡིན་གཉིས་དང་ང་གཉིས་ཡབ་ཡུམ་གྱི་འབྲེལ་བ་ཡོད་པས་ང་ལ་འབུལ་རིགས་པ་ཡིན། རྒྱལ་པོ་གཞན་ལ་དེ་ལྟར་དུ་འབྲེལ་བ་མེད་པས་སྦྱིན་པ་ལ་དོན་མེད་དོ། །ང་ལ་ཆོས་མེད་ཟེར་ནས་ལྷ་ཅིག་ཨོང་ཅོང་འདི་མི་སྟེར། ཁྱེད་དམ་པའི་ཆོས་ལ་དགྱེས་ལྷ་ཅིག་སྟེར་ན། ངས་སྐུ་ལུས་ཀྱི་བཀོད་པ་ཁྲི་འབུམ་ལྔ་སྟོང་དུ་སྤྲུལ། གསུང་གི་སྤྲུལ་པ་བྱེ་བ་ལྔ་སྟོང་དུ་སྤྲུལ། ཐུགས་ཀྱི་བཀོད་པ་ས་ཡ་ལྔ་སྟོང་དུ་སྤྲུལ་ནས། སྐུ་གསུང་ཐུགས་ཀྱི་རྟེན་དང་གཙུག་ལག་ཁང་བརྒྱ་རྩ་བརྒྱད་བཞེངས་ལ། སྒོ་ཐམས་ཅད་ཤར་ཕྱོགས་རྒྱ་ནག་པོའི་ཡུལ་ལ་གཏད་བཞག་ཅིག དེ་མི་བདེན་མི་སྲིད་སྙམ་ན། ངའི་སྐུ་ལུས་ཀྱི་བཀོད་པ་འདི་གཅིག་ལས་མང་པོར་སྤྲུལ་ནུས་པས། མང་པོ་ལས་གཅིག་ཏུ་བསྡུད་ནུས་པ། རེས་འགའ་ཞལ་གཅིག་ཕྱག་གཉིས་པར་ཡོད་པ། རེས་འགའ་ཙ་ན་ཕྱག་སྟོང་དུ་སྤྲུལ་ནས་ཡོད་པ་ལ་སོགས་པའི་སྤྲུལ་པ་བསམ་གྱིས་མི་ཁྱབ་པར་སྤྲུལ་ནུས་པ་ཡིན་པས། ངས་སངས་རྒྱས་ཀྱི་བསྟན་པའི་སྲོལ་གཞུང་བཟང་པོ་ཉི་མ་གཅིག་ལ་ཚུགས་པར་བྱ་ཡིས། དེ་ངོ་མཚར་མི་ཆེའམ། དེ་ལ་ལྷ་ཅིག་ཨོང་ཅོང་མི་སྟེར་ན། ངའི་སྤྲུལ་པའི་དམག་གིས་རྒྱ་ནག་གི་ཡུལ་དེ་བརླག་ཅིང་འཇོམས་པར་འགྱུར་བྱ་བའི་ཡི་གེ་བྱུང་པས། རྒྱ་རྗེ་རྒྱལ་པོའི་བསམ་པ་ལ་འདི་མི་བདེན་ན་དྲག་སྟེ། འདི་བདེན་ན་ང་བས་ཁོ་བཟང་བར་འདུག ངས་ཁོའི་བློན་པོ་ལ་ཅི་སྐད་སྨྲས་པའི་ལན་ཁོའི་སྒྲོམ་བུས་ཐེབ་ཀྱིན་འདུག་སྙམ་བྲེད་ཆུམ་ཆུང་བྱུང་ནས། སེམས་ལ་ནི་སྟེར་བ་དྲག་སྙམ་པ་ཡང་བྱུང༌། ཁས་ནི་མ་བླངས་སོ། །ཡང་རྒྱལ་པོས་ཐུགས་ཟབ་ལ་དཀྱེལ་ཆེ་བས། བོད་བློན་ལ་འདི་སྐད་ཅེས་གསུངས་སོ། །ཁྱེད་ཀྱི་རྒྱལ་པོ་དེ་ཁ་བོ་དེ་ཆེ་སྟེ་དེས་ཀྱང་མི་འོང༌། རྒྱལ་པོ་བྱ་བ་ལོངས་སྤྱོད་ཟད་མི་ཤེས་པ་དགོས་པ་ཡིན། ང་ལ་རྒྱལ་པོ་ཀྲི་ཀྲི་ནས་ཐབ་ཏུ་དུ་བ་སྔོ་མ་ཆད། སླ་ང་ཏིང་མ་ཆད། རང་འཐག་འུར་མ་ཆད་པ་ཅིག་ཡིན། ང་ལ་ལོངས་སྤྱོད་རྒྱལ་ཆེན་རྣམ་ཐོས་ཀྱི་བུ་དང་མཉམ་པ་ཡོད། ཁྱོད་བོད་ཡུལ་པྲེ་ཏ་པུ་རིའི་རྒྱལ་པོ་ཡིན་པས་ལོངས་སྤྱོད་མེད། ཁྱེད་ཀྱིས་ལོངས་སྤྱོད་ཆེན་པོ་དེ་སྒྲུབ་ནུས་ན་ལྷ་ཅིག་ཨོང་ཅོང་སྟེར། མི་ནུས་ན་མི་སྟེར་བས། ཡར་ལ་སོང་ལ་རྒྱལ་པོ་ལ་དྲིས་ལ་ལན་ཁྱེར་ལ་ཤོག་གསུངས་པ་དང༌། ཡང་བློན་པོ་མགར་གྱིས་ཟངས་ཀྱི་སྒྲོམ་བུ་དེ་རྒྱལ་པོའི་ཕྱག་ཏུ་ཕུལ་ནས་འདི་སྐད་ཅེས་ཞུས་སོ། །ཀྱེ་རྒྱལ་པོ་ཆེན་པོ་ལགས། འཕྲིན་རེ་ལ་ཡར་འགྲོ་མར་འགྲོ་བྱས་ནས། ལྷ་ཅིག་ཨོང་ཅོང་ལ་སྤྱན་འདྲོངས་པའི་དུས་ག་ནས་འོང༌། རྒྱ་ནག་དང་བོད་ཡུལ་གཉིས་ལམ་ས་ཐག་རིངས་ནས་ཡར་འགྲོ་མར་འགྲོ་གཉིས་ཀྱི་ཞག་མལ་རེ་ལ་ལམ་ཞག་ཟླ་བ་བཅུ་གསུམ་བཅུ་བཞི་རེ་འགོར་ལགས། རྒྱལ་པོ་སྲོང་བཙན་སྒམ་པོས་བསྐུར་བའི་བཀའ་ཤོག་གི་སྒྲོམ་བུ་དེ་ཁ་ཕྱེ་ནས་གཟིགས་པས་མཐིང་ཤོག་ལ་གསེར་དངུལ་ཟངས་གསུམ་གྱི་ཡི་གེ་རྒྱ་ནག་གི་སྐད་དང་ཡི་གེའི་གཟུགས་སུ་བྲིས་འདུག་ནས། བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས་རྒྱ་ནག་རྒྱལ་པོ་ལ་གསུངས་པ། བལ་པོའི་རྒྱལ་པོ་དང་རྒྱ་ནག་གི་རྒྱལ་པོ་ཁྱེད་གཉིས་མགྲིན་གཅིག་ཏུ་རྒྱལ་པོ་ཀྲི་ཀྲི་ནས་གདུང་རྒྱུད་ནས་ཁྲིམས་ཡོད་ཆོས་ཡོད་ལོངས་སྤྱོད་ཡོད་ཟེར་གྱིན་འདུག་སྟེ། རྒྱལ་པོ་ཀྲི་ཀྲིའི་གདུང་རྒྱུད་ཡིན་པར་སྲིད་དུ་ཁྲིམས་དང་ལོངས་སྤྱོད་དང༌། སངས་རྒྱས་འོད་སྲུངས་ཀྱི་བསྟན་པའི་ཆོས་ནི་སྔར་ནུབ་ཟིན་ཐལ། དེའི་དུས་ནི་ཚེ་ལོ་ཁྲི་ཚོ་གཉིས་ཐུབ་པའི་དུས་ཡིན། ཁྱེད་གཉིས་ཀྱི་དེ་འདྲ་མི་བདེན། དེ་ནས་བསྐལ་པ་དང་རྒྱལ་རྒྱུད་མང་པོ་སོང་བ་ཡིན། དེ་ཚོ་ཟད་པའི་རྗེས་ལ་ད་ལྟ་ཚེ་ལོ་བརྒྱ་པའིདུས། བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་པ་བྱོན་པ་ཡིན། ཁྲིམས་ཡང་རྒྱལ་པོ་ཟས་གཙང་དང༌། རྒྱལ་པོ་གསལ་རྒྱལ་གཟུགས་ཅན་སྙིང་པོ་གསུམ་གྱི་ཁྲིམས་གནས་པ་ཡིན། ཤཱཀྱ་ཐུབ་པ་དང༌། རྒྱལ་པོ་གསལ་རྒྱལ་དང་གཟུགས་ཅན་སྙིང་པོ་དང་གསུམ་མྱ་ངན་ལས་འདས་ནས་ཀྱང༌། ལོ་ལྔ་བརྒྱ་བཞི་དང་ལོ་ཁ་ཡར་ཅིག་སོང་འདུག ལོངས་སྤྱོད་ནི་སོ་སོ་རང་རང་གིས་བསགས་པའི་བསོད་ནམས་ལས་གྲུབ་པ་ཡིན། བསྐལ་པ་དང་པོའི་རྒྱལ་པོའི་ཁྲིམས་དང༌། ཆོས་དང་ལོངས་སྤྱོད་ཚོ་རྒྱལ་པོ་ཁྱེད་གཉིས་ལ་བཞག་པ་དང་ལུས་པ་མིན། ང་ལ་ཁྲིམས་དང༌། ཆོས་དང་ལོངས་སྤྱོད་མེད་ཟེར་བར་འདུག་སྟེ། ང་ནི་སྤྲུལ་པའི་སྐུ་སངས་རྒྱས་རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་པའི་རྒྱལ་པོའི་ཁྲིམས་དང༌། ཆོས་དང་ལོངས་སྤྱོད་ལ་བརྟེན་པ་ཡིན། ཤཱཀྱ་ཐུབ་པ་ནི་སངས་རྒྱས་སྟོང་གི་ནང་ན་གཙོ་བོ། སུམ་ཅུ་སོ་ལྔའི་ནང་ན་གཙོ་བོ། རབ་བདུན་གྱི་ནང་ན་གཙོ་བོ། ཐུབ་པ་དྲུག་གི་ནང་ན་གཙོ་བོ། སྨན་བླ་མཆེད་བརྒྱད་ཀྱི་ནང་ན་ཁོང༌། གུ་རུ་མཚན་བརྒྱད་ཀྱི་ནང་ན་ཁོང༌། རིག་ལྔ་ཐུབ་དྲུག་གི་ནང་ན་ཁོང༌། དུས་གསུམ་སངས་རྒྱས་ཀྱི་ནང་ན་ཁོང༌། དེ་བས་ན་ཤཱཀྱ་ཐུབ་པ་གཙོ་ཆེར་བར་འདུག་པས། ང་ནི་ཁོང་གི་བསྟན་པ་ལ་ཞུགས་པའི་རྒྱལ་པོ་ཡིན་ནོ། །ངའི་ཡབ་རྒྱལ་པོ་གནམ་རི་སྲོང་བཙན་དེས་ཚེ་སྤོང་གི་རི་ལས་གསེར་རྙེད། ལ་སྟོའི་རི་ལས་དངུལ་རྙེད། བྱང་གི་བླ་མཚོ་ལས་ཚྭ་རྙེད། འཕྲེང་པོའི་རི་ལས་ཟངས་རྙེད། ར་གའི་བྲག་ལས་ལྕགས་རྙེད། རྐྱང་བུ་རྟར་བཏུལ། འབྲོང་པོ་གཡག་ཏུ་བཏུལ། ཤྭ་བ་བར་བཏུལ། སྒོ་བ་ལུག་ཏུ་བཏུལ། གླ་བ་རར་བཏུལ། རྨོ་རྐོ་སོ་ནམ་བྱས། འབྲུ་སྣ་མང་པོ་སྐྱེས། ལོངས་སྤྱོད་ཕུན་སུམ་ཚོགས་པར་ཡོད། ཁྱོད་ལ་ལོངས་སྤྱོད་ཡོད་ང་ལ་ལོངས་སྤྱོད་མེད་ཟེར་བ་ཁྱེད་ལོངས་སྤྱོད་ལ་དགྱེས་ཤིང་ལྷ་ཅིག་ཨོང་ཅོང་འདི་བཀས་གནང་ན། ངས་ཀྱང་སྐུ་ལུས་ཀྱི་བཀོད་པ་བྱེ་བ་ཡ་ས་དྲུག་འབུམ་ལྔ་སྟོང་དུ་སྤྲུལ་ནས། གཟུགས་མི་འདྲ་བ་ལྔ་སྟོང༌། སྒྲ་མི་འདྲ་བ་ལྔ་སྟོང༌། དྲི་མི་འདྲ་བ་ལྔ་སྟོང༌། རོ་མི་འདྲ་བ་ལྔ་སྟོང༌། རེག་བྱ་མི་འདྲ་བ་ལྔ་སྟོང་ལ་ལོངས་སྤྱོད་པས་ཆོག ནམ་མཁའ་ལ་འབྲུའི་ཆར་འབབ་མཁྱེན། འདོད་འཇོའི་བ་མཁྱེན་པ་ཟད་པ་མེད། གཏེར་ཁུང་རྣམས་ཁ་ཕྱེ་ལ་རྒྱ་ནག་གི་གསེར་ཐམས་ཅད་ངའི་རྒྱལ་ཁམས་ལ་རག་མ་ལུས་པར་བྱ་ཡི། དེ་ཡ་མཚན་མི་ཆེའམ། དེ་ལ་ལྷ་ཅིག་མི་སྟེར་ན། ངའི་སྤྲུལ་པའི་དམག་བསམ་གྱིས་མི་ཁྱབ་པས། རྒྱ་ནག་གི་ཡུལ་རྣམས་འཇོམས་ཤིང་བརླག་པར་འགྱུར་རོ་བྱ་བའི་ཡི་གེ་བྱུང་བ་དང༌། རྒྱ་ནག་རྒྱལ་པོའི་སེམས་ལ། ངས་ཅི་སྐད་བོད་བློན་ལ་དྲིས་པའི་ལན་དེ་ཁོའི་སྒྲོམ་བུའི་ཡི་གེས་ཐེབས་ཀྱིན་འདུག རྒྱལ་པོ་དེས་རྒྱ་ནག་གི་ཡུལ་སྤྱན་གྱིས་མི་གཟིགས་པ་ལ་རྒྱ་ནག་གི་སྐད་དང་ཡི་གེ་ཤེས་པ་དེ་སྤྲུལ་པའི་སྐུར་ཡོད་པར་འདུག བོད་ཀྱི་རྒྱལ་པོ། ཁོང་རང་ཇི་ལྟར་གསུངས་པ་བཞིན་དུ་བདེན་པར་ཡོད་འདུག དེ་བདེན་ཙ་ན་ང་བས་ཁོ་བཟང་བར་འདུག་སྙམ་ནས་རྒྱལ་པོ་ཁོང་བྲེད་དེ་མྱོས་ནས་ཁྲི་ཁ་ནས་ལྷུང་བ་དང༌། ཙན་དན་གྱི་ཆུ་གྲང་མོ་གདོང་ལ་བཏབ་ཅིང༌། བློན་པོ་མང་པོས་གཡས་གཡོན་ནས་བརྟེན་ནས་ཁོང་རང་གི་ཕོ་བྲང་དུ་སོང་ངོ༌། ཕྱི་དེ་ནང་བར་རྒྱ་ནག་རྒྱལ་པོའི་ཐུགས་དགོངས་ལ། ལྷ་ཅིག་ཨོང་ཅོང་འདི་ལག་ལེན་མཐའ་གཞུག་བོད་ཡུལ་དུ་གཏོང་དགོས་པས་འདུག་སྟེ། གྲོས་ཞིག་བྱ་དགོས་སྙམ། རྒྱལ་པོ་དང༌། བཙུན་མོ་དང༌། རྒྱལ་བུ་དང༌། ལྷ་ཅིག་ཨོང་ཅོང་དང་བཞི་ཚོགས་ནས། རྒྱལ་པོ་བཞི་པོ་གང་གི་བཙུན་མོར་འགྲོ་བ་དྲག་གྲོས་བྱས་པས། ཡབ་ན་རེ་ངའི་ཆོས་འདི་རྒྱ་གར་ནས་བྱུང་བ་ཡིན། ཆོས་ཀྱིས་སེམས་ཅན་སངས་རྒྱས་པ་ཡིན་པས། ཆོས་ཀྱི་རྒྱལ་པོ་དྲིན་ཆེ་བས་ཁོང་ལ་སྟེར་གསུང༌། ཡུམ་བཙུན་མོ་ན་རེ་སྟག་གཟིག་ནོར་གྱི་རྒྱལ་པོ་ལ་ཨོང་ཅོང་གཏོང་བ་ཡིན། རྒྱལ་པོ་ལ་ནོར་མེད་ན་སྤྲང་བོ་དང་འདྲ། སྟག་གཟིག་ཡུལ་ན་རྣམ་ཐོས་སྲས་ཀྱི་རི་ཡོད། ཉིན་ལམ་བདུན་དུ་ཁྱབ་པའི་རིན་པོ་ཆེ་ཡོད་པས་སྟག་གཟིག་ནོར་གྱི་རྒྱལ་པོ་ལོངས་སྤྱོད་ཆེ་བས་དེ་ལ་སྟེར་ཟེར། རྒྱལ་བུ་ན་རེ་གྱེན་(གཅེན)པོ་ཐམས་ཅད་བོད་ཀྱིས་བསད། ཡུལ་རྣམས་ཕྲོགས་དམག་ཐམས་ཅད་བོད་ཀྱིས་འཕམ་པར་བྱས་པ་ཡིན། ང་ལ་དགྲ་བོ་བོད་ལས་མེད་པས་ལྷ་ཅིག་མི་སྟེར། དུས་ངན་པའི་དམག་བྱུང་ན་སྲིད་པོ་བཟང་དགོས་པས། དམག་དཔུང་ཆེ་བས་ན། གེ་སར་དམག་གི་རྒྱལ་པོ་ལ་སྟེར་གསུང༌། སྲས་མོ་ཨོང་ཅོང་ན་རེ། མི་ཚེར་འགྲོགས་པ་ལ་གྲོགས་གལ་ཆེ་བས། ཁྲོམ་གྱི་རྒྱལ་པོ་དེ་གཟུགས་བྱད་ལེགས་ཤིང་འགྲོགས་བདེ་བས་དེ་ལ་འགྲོགས་ཟེར་རོ། །དེ་ལ་ཁྲོམ་གྱི་རྒྱལ་པོ་དེ་གཟུགས་ཤིན་ཏུ་ལེགས་པས་དེ་ལ་མོ་ཆགས་ནས་ཡོང་དུ་རེ་བས་ཁྲོམ་གྱི་རྒྱལ་པོ་ཁོ་རང་དེར་འོངས་ནས་ཡོད་དོ། །ཧོར་ན་རེ་ངེད་ལ་མ་སྦྱིན་ན་དམག་འདྲེན་ཟེར། སྟག་གཟིག་ན་རེ་ངེད་ལ་མ་སྦྱིན་ན་མེས་སྲེག་ཟེར། རྒྱ་གར་པ་ན་རེ་ངེད་ལ་མ་སྦྱིན་ན་ངན་སྔགས་ཀྱིས་ཡུལ་ཁམས་འཕུང་པར་བྱེད་ཟེར། ཁྲོམ་ན་རེ་ངེད་ལ་མི་སྟེར་ན་ཡུལ་ཁམས་ཆུས་འགེངས་ཟེར་རོ། །དེར་བློན་པོ་རྟ་པ་ལྔ་བརྒྱ་ཚོགས་ནས་ལར་མི་རྟ་སྟོང་ཚོ་ཅིག་ཚོགས་ཟེར་བའང་ཡོད་དོ། དེར་རྒྱལ་པོ་ཡབ་ཡུམ་སྲས་ལྕམ་དྲལ་དང་བཅས་པས་གང་ལ་སྟེར་གང་ལ་འགྲོ་གང་ལ་དགའ་གྲོས་བྱས་ཀྱང༌། བོད་ལ་དགའ་མཁན་གཅིག་ཀྱང་མེད་པས་ཁས་མ་བླངས་ཀྱང༌། རྒྱལ་པོའི་ཆོས་ཁྲིམས་ཀྱིས་ཉེ་རིང་བྱར་མི་བཏུབ་པས། ད་བློན་པོ་ཁྱེད་རང་རྣམས་རིག་པ་སུ་རྣོ་བ་ཞིག་ལ་སྦྱིན་ནོ་གསུངས་ནས། བློན་པོ་རྣམས་རིག་པ་འགྲན་དུ་བཅུག་པ་ལ། རྒྱ་ནག་རྒྱལ་པོ་ཀོང་རྩེ་འཕྲུལ་ཆུང་ལ་གཡུ་བྲེ་ཙམ་པ་ཅིག་ཡོད་པ་ལ། མིག་གཅིག་ཟུར་ན་ཡོད། མིག་གཅིག་རྒྱབ་ན་ཡོད་པས་ཁོང་ན་ཕར་གཡུ་མིག་སྦྲུལ་ཞགས་འཁྱིལ་བ་ལྟར་འཁྱིལ་ནས་ཡོད་པ་ལ། གཡུ་ལུང་དར་ཡུག་ཅིག་སུས་ཚུད་པ་དེ་ལ་བུ་མོ་སྦྱིན་ནོ་གསུངས་པས། བློན་པོ་མགར་ན་རེ། བློན་པོ་ཚན་པ་བཞི་པོ་ལ་རྒྱལ་པོ་ཡང་རྩིས་ཆེ་བར་འདུག ཁྱེད་རྣམས་དབང་ཡང་ཆེ་བར་འདུག་པས། ཁྱེད་རྣམས་སྔོན་ལ་གཡུ་ལུང་ཚུད་ཅིང་ཐོགས་པར་འདུག་ལྟོས་བྱས་པས། རྒྱ་གར་པ་དང༌། སྟག་གཟིག་ཧོར་དང་ཁྲོམ་རྣམས་ཀྱི་བློན་པོ་བཞི་བརྒྱ་མཚན་གྱིས་སྙུང་བུ་དང༌། ཁབ་དང༌། ཤིང་བུ་དང༌། དྲ་མ་དང༌། ཕག་ཟེ་དང༌། དར་སྐུད་ཐེན་ཆ་སྣ་ཚོགས་པ་བསགས་ནས། བློན་པོ་རེ་རེ་ནས་ལག་འགྲིམས་ནས་ཉི་མ་མང་པོར་གཡུ་ལུང་བཙུད་པས་ཀྱང་ཚུད་པའི་ཐབས་མ་རྙེད་པར་གཡུ་དེབྱང་ནས་ཁྱག་པ་མུར་བ་བཞིན་དུ་སོང་ངོ༌། །ངེད་རྣམས་ཀྱིས་ཅི་བྱས་ཀྱང་གཡུ་ལུང་མ་ཚུད་དེ་ཟེར་ནས། བོད་བློན་མགར་གྱི་ཕྱག་ཏུ་གཏད་པ་དང༌། བློན་པོ་ཆེན་པོ་མགར་སྟོང་བཙན་ཡུལ་བཟུང་གིས། དང་པོ་ནས་དེ་འདྲ་ཞིག་བྱུང་གི་དོགས་ནས་རྒྱའི་གྲོག་མ་ཅིག་བཟུང་ནས་གའུ་རུ་བཅུག་ནས་ཟན་གྱིས་གསོས་ནས་ཡོད་སྐད། དེ་ལ་དར་ཐོངས་ཆ་གཅིག་བཏགས། དེ་ལ་དར་ཡུག་ཅིག་བཏགས་ནས། ཟུར་གྱི་མིག་དེར་རྒྱ་ཕོར་ཅིག་རའི་འོ་མས་བཀང་སྟེ་བཞག གྲོག་མ་དེ་གཡུའི་མིག་དེར་བཅུག་ཅིང་རྒྱབ་ནས་ཕུས་བཏབ་པས། གྲོག་མ་རླུང་གིས་དེད་ནས་ཕྱིན་ཏེ་གཡུའི་ནང་ཕར་བྲོས་པས་གཡུའི་ཟུར་མིག་ཏུ་ཐོན་བྱུང་བ་དང༌། རྐེད་ཀྱི་དར་སྐུད་དཀྲོལ་ནས་བཏང༌། དར་སྐུད་ཀྱི་སྣེ་མོ་ལ་ཐོངས་ཆ་དང་དར་ཡུག་རིམ་གྱིས་བཏགས་པ་ཐེན་པས་དར་ལུང་ཚུད་ནས་བྱུང་བ་དང༌། བློན་པོ་གཞན་པ་རྣམས་སུས་ཀྱང་བོད་བློན་ལ་འགྲན་མ་ཐུབ་ནས། བོད་བློན་མགར་གྱིས་ངེད་ལ་ལྷ་ཅིག་ཨོང་ཅོང་ཞུ་བྱས་པས། དེས་མི་ཆོག་ད་དུང་བྱ་བ་མ་རྫོགས་ཟེར། མ་གནང་ངོ༌། །ནུབ་ཅིག་གི་ཚེ་རྔ་བརྡུངས་པ་དང༌། གཉེ་བོ་རྣམས་ལ་སྤྱོད་ལམ་སྟོན་པའི་གཡོག་མོ་རྣམས་ན་རེ། རྒྱལ་པོ་སོ་སོའི་བློན་པོ་རྣམས་ཕོ་བྲང་དུ་ཤོག་ཅིག་ཟེར་བའི་བརྡར་ཡིན་པས་ད་སོངས་ཤིག་ཟེར་བས། དེར་གཉེ་བོ་ཚན་པ་བཞི་བོ་རྣམས་རྒྱུགས་ནས་སོང་བ་དང༌། བོད་བློན་མགར་གྱིས་ཐུགས་དགོངས་ལ་འདི་སྐྱོན་ཡིན་སྙམ་ནས། ཁོང་རང་འདུག་སའི་སྒོའི་ཡ་ཐེམ་ལ་མཚལ་གྱི་རྡོ་རྗེ་ཅིག་བྲིས། མ་ཐེམ་ལ་གཡུང་དྲུང་ཅིག་བྲིས། སྒོ་རྣམས་བགྲངས་ཤིང་སྒོ་རེ་ལ་མཚན་མ་རེ་བཏབ་ནས་ཕྱིན་ནོ། །དེ་ནས་རྒྱལ་པོའི་ཕོ་བྲང་ནང་དུ་སླེབ་པའི་དུས་ན། བློན་པོ་ཆེ་བར་སྒོམས་པ་ཚན་བཞི་ནི་གྲལ་སྟོད་ལ་བཞུགས་བོད་བློན་རྣམས་ཀྱིས་ཕྱི་ལ་ཡོང་བས་གྲལ་གྱི་སྨད་ལ་བསྡད། དེ་ནས་རྒྱལ་པོས་བཟའ་བཏུང་དྲངས་ནས་སོ་སོར་གྱེས་འགྲོ་བའི་དུས་ན། རྒྱལ་པོའི་གསུངས་ནས་ཁྱེད་ཕྱོགས་ཀྱི་བློན་པོ་གཉེ་བོ་རྣམས་ལམ་རྒྱ་སྲང་མ་ནོར་བ་གྱིས་ལ་སོ་སོ་རང་རང་གི་ཁང་བའི་ནང་དུ་ཉོལ་ལ་སྡོད་ཅིག རང་རང་གི་ཁྱིམ་སུས་ངོ་ཤེས་པ་ལ་ལྷ་ཅིག་ཨོང་ཅོང་སྟེར་བ་ཡིན་གསུང་ངོ༌། །དེ་ནས་བློན་པོ་ཚན་བཞི་བོ་གཞན་རྣམས་ཀྱིས་ལམ་འཆོས་ནས་འགྲོ་ས་མ་ཤེས་པར་གནས་ཁང་ནོར་ནས་ལྕལ་ཏི་ལྕལ་ཏི་སོང་ངོ༌། །བོད་བློན་མགར་གྱིས་ཟླ་བོ་ཚོའི་ལག་པ་རྒྱབ་ལ་འཛུར་དུ་བཅུག་ནས་ཁྲིད་དེ། གྲལ་སྨད་ནས་སྔོན་ལ་ལངས་ནས་མེ་རྟེག་དེ་མཚལ་བྱུགས་པ་ལ་ལྟས་ཀྱིན་ཕྱིན་པས། ཁོང་ཚོ་རང་གི་ཁྱིམ་ན་ཚུད་ནས་ཉལ་ཡོད་པའི་དུས་སུ། ཕྱི་ནང་བར་རྒྱ་རྗེའི་བློན་པོས་བལྟས་པས། བློན་པོ་གཞན་རྣམས་ཀྱིས་འགྲོ་ས་མ་ཤེས་པར་གནས་ཁང་འཚོལ་ནས་ནོར་འདུག བོད་བློན་རྣམས་ཀྱིས་རང་གི་ཁྱིམ་རྙེད་ནས་ཉལ་འདུག ང་ཉིད་ལ་ལྷ་ཅིག་གནང་བར་ཞུ་བྱས་པས་མ་གནང་ངོ༌། །ཡང་རྒྱལ་པོས་གསུངས་ནས། ངས་ཁྱེད་རྣམས་ལ་བཟའ་བཏུང་སྟེར། ལག་ལས་འཚོལ་དེ་ང་འདོད་པ་བཞིན་སུས་ཡོག་པ་དང༌། པགས་པ་མཉེན་པོར་ཐུལ་བ་ལ་སྦྱིན་ནོ་གསུངས་ནས། རྒྱལ་པོས་རང་རང་གི་གནས་ཁང་དུ་ལུག་གི་ཤ་ཁོག་པ་རེ་དང༌། ཆང་བེན་རེ་རེ་བློན་པོ་གཉེ་བོ་རེ་རེའི་མདུན་དུ་བཙུགས། ལུག་པགས་རེ་བློན་པོ་མི་རེ་རེ་ལག་ཏུ་གཏད་ནས། བློན་པོ་ཚན་པ་ལྔ་པོའི་སར་རྒྱ་ནག་རྒྱལ་པོའི་བློན་པོ་རེ་ཡང་གང་བྱེད་ཀྱིན་འདུག་ལྟ་བར་བཞག་གོ །ཤ་ཟོས་པགས་པ་འཐུལ་ཆང་འཐུངས། སྐྱུག་པ་དང་གཤང་གཅི་མ་ཤོར་བར་བྲང་ཁང་གཙང་མར་བྱུང་བ་དང་བཞི་ཉི་མ་གཅིག་ལ་དུས་མཉམ་དུ་དགོས་སོ་གསུངས་ནས། ལྟ་མཁན་གྱིས་བལྟས་པས། རྒྱ་གར་པ་དང༌། སྟག་གཟིག་དང༌། ཧོར་དང༌། ཁྲོམ་དང༌། ཚན་པ་བཞིས་ཅི་ལྟར་བྱས་ཀྱང༌། ཤ་ཟོས་མ་ཐུབ། ཆང་འཐུངས་མ་མཚར། པགས་པ་མཉེས་མ་གྲུབ་པར། གཅིན་སྐྱག་ཤོར་ནས་བྲང་ཁང་ཡང་མི་གཙང་བར་གྱུར་ཏོ། །དེར་བློན་པོ་ཆེན་པོ་མགར་གྱིས་ཤ་ཁོག་པ་རེ་ལ་དུམ་བུ་བརྒྱ་བརྒྱ་བྱས་ནས་གྲལ་ན་མར་རེ་རེ་བཏང་བས་ཁམ་རེ་ལས་མ་བྱུང༌། དེ་བཞིན་དུ་ཤ་ཐམས་ཅད་ལ་བྱས་པས་མུ་རུ་རེ་ལ་ཤ་རྣམས་ཟད་ནས་མཆིན་པ་རློན་པ་ལས་མ་བྱུང༌། ཆང་ཡང་རེ་རེ་ལ་གྲལ་སྟོད་ནས་གྲལ་སྨད་དུ་འགྲིམས་པས་ཧུབ་རེ་བྱས་པས་ཟད་ནས་ཁ་ཡང་མི་ངོམས། པགས་པ་ཡང་གྲལ་སྟོད་ནས་གྲལ་སྨད་དུ་འགྲིམས་ནས་ཆང་ཕུབ་རེ་རྒྱབ་ཀྱིན་གཅིག་གིས་གཅིག་ལ་གཏད་པས་ངར་བཞིན་དུ་མཉེད་འཐུལ། སྐྱུགས་པ་དང་གཅིན་སྐྱག་མ་ཤོར་བར་བྲང་ཁང་གཙང་མར་གྱུར་ནས། མགར་གྱིས་ད་ལྟ་ལྷ་ཅིག་གནང་བར་ཞུ་བྱས་ཀྱང་མ་སྟེར་རོ། །ཡང་རྟ་མ་བརྒྱ་བུ་བརྒྱ་འདྲ་བོ་བརྒྱ་མདུན་དུ་བཞག་ནས། འདི་རྣམས་ཀྱི་མ་གང་ཡིན་བུ་གང་ཡིན་སུས་ངོ་ཤེས་པ་དེ་ལ་སྦྱིན་ནོ་གསུངས་ནས། དེ་ནས་གཉེ་བོ་ཚན་པ་བཞིས་རྟ་དེ་རྣམས་ཡར་དེད་མར་དེད་བྱས་ཀྱང་ངོ་མ་ཤེས་སོ། །བློན་པོ་མགར་གྱིས་བོད་མི་རེ་རྟ་རྒོད་མ་རེ་ཁྲིད་བཅུག་ནས་རྟ་མ་ཁྲིད་ཀྱང་བུ་ཕྱི་ལ་བྱུང༌། བུ་ཁྲིད་ཀྱང་མི་ཕྱི་ལ་བྱུང་བས། དེ་ནས་རྟ་རྒོད་མ་མ་བུ་གཉིས་ལ་རྩྭ་སོ་སོར་སྦྱིན་པས་མ་གང་ཡིན་པ་དེས་བུའི་མདུན་དུ་རྩྭ་མཆུས་འཕུལ་གྱིན་བུ་ལ་རྩྭ་འཇམ་པོ་སྟེར་བ་ཡིན་པས་ལྟའི་མ་འདི་ཡིན་བུ་འདི་ཡིན་ནོ་བྱས་ངོ་སྤྲད་དེ། ད་ལྷ་ཅིག་ངེད་ལ་གནང་བར་ཞུ་བྱས་པས། ཡང་མ་སྟེར་རོ། །ཡང་རྒྱ་ནག་གི་རྒྱལ་པོས་བྱ་ཕོའི་རྡང་ལ་བྱ་མ་བརྒྱ་བུ་བརྒྱ་འདྲ་བོ་བརྒྱ་ཡོད་པ་ལ། འདི་ཚོའི་མ་གང་ཡིན་དང་བུ་གང་ཡིན་སུས་ཤེས་པ་ལ་སྟེར་རོ་གསུངས་ནས། ཡང་གཉེ་བོ་ཚན་པ་བཞི་བོས་བྱའི་རྡང་དཀྲོགས་ནས་ཕར་དེད་ཚུར་དེད་ཡར་དེད་མར་དེད་ཅི་བྱས་ཀྱང་ངོ་ཤེས་པ་གཅིག་ཀྱང་མ་བྱུང༌། ཡང་བོད་བློན་མགར་གྱིས་ཨོང་ཅོང་གི་གཡོག་མོའི་བང་ཀ་ནས་སི་ག་རྐུས་ནས་བྱའི་རྡང་གཏོར་བས། བྱ་རྣམས་ཐང་ལ་བབས་ནས་མ་དེས་རྒུམ་བུ་རུགས་ཀྱིན་བུ་དེ་ལ་བྱིན་པས། བོད་བློན་མགར་གྱིས་བྱའི་མ་འདི་ཡིན་དང་བུ་འདི་ཡིན་ཤེས་ཀྱང་མ་སྟེར་རོ། །ཡང་རྒྱའི་རྒྱལ་པོ་ན་རེ་ཤིང་སྦོམ་ཕྲ་མེད་པའི་ཧྲིལ་ལེབ་གཅིག་ཁོང་གཉེ་བོ་ཚོའི་ལག་ཏུ་གཏད་ནས། འདིའི་རྩ་བ་དང་རྩེ་མོ་གང་ཡིན་སུས་ངོ་ཤེས་པ་དེ་ལ། ལྷ་གཅིག་ཨོང་ཅོང་སྟེར་རོ་གསུངས་ནས། ཡང་གཉེ་བོར་ཚན་པ་བཞི་བརྒྱས་གང་ལྟར་བྱས་ཀྱང་ཤིང་བྱང་ནས་རྩ་བ་དང་རྩེ་མོའི་ངོས་རྗེས་དཀའ་བར་རེད་པ་དེས་མགོ་མཇུག་ངོ་མ་ཤེས་བར། ཡང་བོད་ཀྱི་མགར་གྱིས་ཤིང་དེ་ཡུར་ཆེ་ཆུང་རན་པ་ཅིག་ལ་མགོ་མཇུག་གཉིས་སུ་རྫི་རེ་ཡོད་པ་བྱས་ནས་དེའི་ཆུ་ལ་ཤིང་དེ་བསྐུར་བཏང་པས། ཤིང་གི་རྩེ་མོ་ཆུ་མགོ་ལ་གཏད། རྩ་བ་ཆུ་གཞུག་ལ་གཏད་སོང་བས་ཤིང་གི་རྩ་བ་འདི་ཡིན་ནོ། །རྩེ་མོ་འདི་ཡིན་ནོ་བྱས་ནས་ངོ་ཤེས་ནས་ཀྱང་ད་ཉེད་ཞུ་བྱས་ཏེ་ཡང་མ་སྟེར་རོ། །ཡང་རྒྱལ་པོ་ན་རེ། ད་ཁྱེད་རྣམས་ལ་ཉེ་རིང་བྱས་མི་བཏུབ་པར། སང་ཉི་མ་ལ་ཕོ་བྲང་ཁྲི་སྒོའི་བུ་མོ་ན་ཆུང་འདྲ་འདྲ་མོ་བཞི་བརྒྱ་འོང་བས། དེའི་ཚོའི་གསེབ་ནས་སུས་ངོ་ཤེས་པ་དེ་ལ་སྦྱིན་ནོ་གསུངས་ནས། དེ་ནས་ཡང་བོད་ཀྱི་བློན་པོ་ཆེན་པོ་མགར་སྟོང་བཙན་ཡུལ་བཟུང་གི་ཐུགས་དགོངས་ལ། ཨོང་ཅོང་ངོ་མི་ཤེས་ཀྱི་དོགས་པའི་ཟོན་བྱས་པའི་ཐབས་ནི་འདི་ལྟར་བྱས་སོ། །སྔར་ཁོང་སླེབས་ནས་འདྲིས་པའི་རྒྱའི་སྤྱོད་ལམ་སྟོན་པའི་རྒྱ་མོ་ཨོང་ཅོང་གི་ཉེ་ཟླ་མོ་གཡོག་མོ་དེ་ལ། སྔར་ནས་ཟས་དང་སྐོམ་བྱིན་ནས་སྤྱོད་ལམ་གྱིས་འདྲིས་པར་བྱས་ནས་གསེར་བྲེ་གང་རྔན་པར་བྱིན་ནས། ད་ཁྱོད་ཀྱིས་ང་ལ་ལྷ་ཅིག་ཨོང་ཅོང་དེ་ཆ་ལུགས་དང་བཀོད་པ་ཅི་འདྲ་གང་འདྲ་ཅིག་ཡོད་ཤོད་དང༌། དེ་བཤད་ན་ལྷ་ཅིག་ཨོང་ཅོང་འདི་བོད་དུ་བག་མར་བཏང་ལ། ངས་འདིར་ཁྱོད་རང་གི་ཁྱོ་བོ་བྱས་ནས་དགའ་བོ་ཡོང་བྱས་པས། གཡོག་མོ་དེ་ན་རེ་རྒྱ་ནག་འདི་སྤོར་ཐང་ཁྲ་མོའི་ཇུ་ཞག་གི་རྩིས་ལ་མཁས་ཤིང་རྣོ་བས། བཤད་མཁན་སུ་ཡིན་ཤེས་ནས་ངའི་མགོ་གཅོད་དུ་ཡོང་ཟེར་རོ། །བློན་པོ་མགར་ན་རེ། ངས་རྩིས་ཀྱིས་མི་ཤེས་པའི་ཐབས་ཤེས་བྱས་པས། མོ་ན་རེ་ཐབས་དེ་བགྱིས་དང་ངས་བཤད་དོ་ཟེར་རོ། །དེ་ནས་བློན་པོ་མགར་གྱིས་ཁྱིམ་གཅིག་ཏུ་སྒྱེད་པུ་གསུམ་བཙུགས་ནས། དེའི་སྟེང་དུ་ཟངས་ཆུས་བཀང་བ་ཅིག་བཞག དེའི་སྟེང་དུ་ཕུབ་དམར་ལིང་ཅན་ཅིག་བཞག དེའི་སྟེང་དུ་དཔའ་སྨྱུག་གི་དྲ་བའི་སྦྲ་ཁྱིམ་ཅིག་ཕུབ། དེའི་ནང་དུ་རྫ་མ་མི་ཤོང་བ་ཅིག་བཅུག དཔའི་དྲ་བའི་སྦྲ་ཁྱིམ་ལ་བྱ་སྤུ་སྣ་ཚོགས་གཟུག་ནས། རྫ་མ་དེའི་ནང་དུ་རྒྱ་མོའི་གཡོག་མོ་དེ་སྡོད་དུ་བཅུག་སྟེ། མོའི་ཁ་ལ་ཟུངས་དུང་བཀབ་སྟེ་མཆུ་ཐབ་ཁུང་ལ་གཏད་ནས་ད་འདིའི་ནང་ན་ཚུར་ཤོད་དང་བྱས་པས། མོ་ན་རེ་བུ་མི་འདྲ་མོ་བཞི་བརྒྱ་ཐམ་པའི་རྩར་ནས་འོང་བ་ལ། སྔོན་ལ་སུམ་བརྒྱ་ཐམ་པ་བགྲོངས་ལ་ཐོང༌། དེ་ནས་ཕྱི་མའི་བུ་མོ་བརྒྱའི་གྲལ་དཀྱིལ་ནས་བཞི་བཅུ་ཞེ་དགུའི་སྔོན་ལ་བྱས། ལྔ་བཅུ་ཐམ་པ་མར་ལ་བཞག་པའི་མཚམས་ནས་ཡོད། ཟབ་ཆེན་གྱི་བེར་ཆེན་ཆུ་ཞེང་གབ་པ་བདུན་བརྩེགས་གོན་ནས་འོང་སྐུ་མདོག་ཨེན་ཙམ་སྔོ་བ་ལ་དམར་བའི་མདངས་ཆགས་པ། སྐུའི་བོངས་མི་ཆུང་མི་ཆེ་བར་རན་པ། མཁུར་ཚོས་གཡས་ལ་འཁོར་ལོ་རིས་ཡོད་པ། གཡོན་ན་པདྨ་རིས་ཡོད་པ། ཚེམས་ཀྱི་སོ་ཞོ་དཀར་ལ་ཐགས་བཟང་ཞིང་འགྲིགས་པ། སྙིལ་ཐུང་དམར་ལ་རིང་བ། ཡེ་ཤེས་སྒྲོལ་མའི་མཚན་འཆང་བ་ཅིག་ཡོད། དེའི་ལུས་ལ་དྲི་ཞིམ་པོ་བྲོ་ཞིང་བསྣམས་པས་གཡུའི་སྦྲང་མ་ཅིག་གོས་གྱིས་ཆག་མཐའ་ལ་འཁོར་བ་ཞིག་ཡོད་དོ། །ངས་ཀྱང་བུ་མོའི་དབུ་སྐྲ་ཡང་ཞོར་ལ་དཔྲལ་བའི་སྨིན་མཚམས་སུ་སིན་དྷུ་རའི་ཐིག་ལེ་ཡུངས་དཀར་ཙམ་ཞིག་བྱུགས་ལ་བཞག་གིས། དེ་ལམ་བསྲང་ལ་བྱུང་བ་དང༌། མདའ་གཅིག་ཀྱི་མགུལ་དུ་དར་ལེ་བརྒན་རེ་ཐོགས་ལ། མདའི་ལྟོང་གཉིས་ཀྱིས་གོང་རྩ་ནས་ཙིར་གྱིས་བཟུང་ལ་རྗེ་བཙུན་མའི་མཚན་དང་སྙིང་པོ་བརྗོད་ཀྱིན་ཁྲིད་དང༌། མི་ཁྱོད་ལ་འོང་གིས་ཟེར་རོ། །དེར་བློན་པོ་གཞན་རྣམས་འདི་སྐད་ཟེར་རོ། །ལྷ་ཅིག་ཨོང་ཅོང་འདི་བློན་པོ་གཉེ་བོ་རྣམས་དང་རིག་པའི་རྩལ་འགྲན་པའི་ཁོག་ནས་རིམ་པ་མང་པོར་ཉེད་དབང་བ་ཡིན་པ་ལ། ངེད་ལ་མ་སྟེར་མ་སྦྱིན་ནོ། །ད་རྒྱལ་པོའི་གསུང་ནས་ཉེད་ཚོས་ཁྲིམས་ཡོད་པའི་རྒྱལ་པོ་ཡིན་པ་ལ། ཁྱེད་རྣམས་ལ་ཉེ་རིང་མི་བཏུབ་པས། ཕོ་བྲང་ནུབ་སྒོར་བུ་མོ་འདྲ་འདྲ་མོ་བཞི་བརྒྱ་ཐམ་པ་བསྒྲིགས་ནས་འོང་བས། དེ་ཚོའི་གསེབ་ནས་ཁྱེད་རང་རྣམས་སུས་ཤེས་པ་དེ་ལ་སྟེར་བ་ཡིན་གསུང་བྱུང་བ། ད་སང་ནང་བར་སུས་ངོ་ཤེས་པ་སྔོན་ལ་འདེམས་པ་དེས་ཁྱེར་བ་ཡིན་པས་ན། གང་ཡིན་ཐག་ཆོད་ཡོད་པས་རིག་པ་སྒྲིགས་ཏེ། འདེམས་མ་ནོར་བ་ཞིག་བྱ་དགོས། དེ་ངེད་རང་རྣམས་ཚད་པས་མ་ཤི་གོང་དུ་བོད་དུ་འགྲོ་བའི་ཀ་ཆ་སྒྲུབ་པ་དང་ཐབས་བྱེད་དུ་འགྲོ་དགོས་ཡོད་ཟེར། ནས་བྲེ་གང་དང་མདའ་བྱ་རྒོད་མ་གཉིས་ལག་ཏུ་ཐོགས་ནས་ལྟད་མོ་ལྟ་བར་འགྲོ་ཟེར། དེའི་ཕྱི་དེ་ནང་བར་རྒྱལ་པོའི་ཕོ་བྲང་ནུབ་སྒོར་བུ་མོ་འདྲ་འདྲ་མོ་བཞི་བརྒྱ་ཐམ་པ་བསྒྲིགས་ནས་ཐོན་བྱུང་བ་ལས། རྒྱ་གར་པ་དང༌། ཁྲོམ་དང༌། སྟག་གཟིག་དང༌། ཧོར་དང་བཅས་པའི་གཉེ་བོ་བཞི་བརྒྱ་ཚན་རྣམས་ཀྱིས་ནི། ལ་ལས་བུ་མོ་ཆས་བཟང་བཟང་འདྲ་ལ་འདེམས། ལ་ལས་གོ་ཆོད་ཆོད་འདྲ་ལ་འདེམས། ལ་ལས་གཟུགས་ལེགས་ཤིང་བྱད་མཚར་བ་འདྲ་ལ་འདེམས། ལ་ལས་ནི་ཕ་མིང་བཟང་འདྲ་བ་འདེམས། མི་རེས་བུ་མོ་རེ་ཁྲིད་སོང་ངོ༌། །བོད་བློན་མགར་གྱིས་དེ་ཀུན་གྱི་རྩར་ཕྱིན་མ་ཐག་ལྷ་ཅིག་ཨོང་ཅོང་དེ་ངོ་ཤེས་ནས་ལྷ་ཅིག་གི་བེར་གྱི་གོང་བ་ནས་མདའ་རྒོད་སྒྲོ་མའི་ལྟོང་གིས་ཚིར་གྱིས་བཟུང་ནས་ཁྲིད་པས། ལྷ་ཅིག་ཨོང་ཅོང་ཁ་ཕྱིར་ལོག་སྟེ་ཧེ་ཧེ་ཟེར་བའི་ཁ་ནས་ཧ་རི་ཙན་དན་གྱི་དྲི་ཞིམ་པོ་ཆིལ་གྱིས་བྱུང་ངོ༌། །དེ་ནས་རྒྱལ་པོའི་བློན་འབངས་རྣམས་ན་རེ། ཉེད་ཀྱི་བུ་སྲིང་མོ་འཛངས་མ་དེ་བོད་ཀྱི་བོད་ཡུལ་དུ་རྒྱལ་པོ་སྲོང་བཙན་སྒམ་པོའི་བཙུན་མོར་འགྲོ་དགོས་གསུངས་པས། བུ་མོས་ཡབ་ལ་ཞུས་པ། ཕ་མ་མིང་བོ་དང་ཡང་མི་མཇལ། ཉེ་འཁོར་རྣམས་དང་ཡང་མི་མཇལ། ཆོས་དང་ཁྲིམས་དང་ལོངས་སྤྱོད་གང་ཡང་མེད་ས་དེར་ང་མི་འགྲོ་ཞུས་པས། ཡབ་རྒྱལ་པོའི་ཞལ་ནས་ད་དེས་མི་ཕན་ཅིས་ཀྱང་ཁྱོད་འགྲོ་དགོས། བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་དེས་སྤྲུལ་པ་ལ་མི་ཤེས་པ་དང་མི་ཡོང་བ་མི་འདུག ཁོའི་སྤྲུལ་པའི་དམག་མི་མང་པོ་འོངས་ནས། རྒྱ་ནག་གི་རྒྱལ་ཁམས་ཐམས་ཅད་བཅོམ་ནས་བརླག་འགྲོ། བཙོང་བའི་རིན་མེད་བྱིན་པའི་ངོ་མེད་པའི་ཁར། ང་བསད་ཁྱོད་ནི་རང་དབང་མེད་པར་ཁྱེར་འགྲོ། བློན་པོ་དེའི་བྱེད་ལུགས་དེ་ཚོ་ལ་ལྟོས་དང༌། དེ་བས་ད་ལྟ་ནས་ཆས་ཏེ་འགྲོ་བ་དྲག་གསུང་ངོ༌། །དེ་ནས་ནང་བར་ཅིག་ན་ལྷ་ཅིག་འཕྲུལ་གྱི་ཨོང་ཅོང་དེ་གཡོག་མོ་དམ་པ་བཞི་ཁྲིད་དེ་བོད་བློན་མགར་ལ་ཕྱག་འཚལ་དུ་བྱུང་ངོ༌། །ལྷ་ཅིག་ལ་ན་རེ་ཁྱོད་ཀྱི་བོད་ན་ས་ཁམ་པ་དང༌། ཤིང་སེ་བ་དང༌། རྩྭ་དྲེས་མ་དང༌། རྡོ་སྲན་ཟན་རྣམས་ཡོད་དམ་མེད་དྲིས་པས། དེ་ཚོ་ཡོད་བྱས་པས། འོ་ན་ཡུལ་བཟུང་བཏུབ་བཟུང༌། ཆེ་བ་ཆུང་ལ་མང་དུ་གཏོང་བ་ཡོད་དམ་མེད་དྲིས་པས། དེ་འདྲ་མེད་ཟེར་བས་ཉུང་གཞི་ལ་གཞིའི་ས་བོན་ཆགས་སོ།། དེ་ནས་ལྷ་ཅིག་ཨོང་ཅོང་དེ་བོད་དུ་འགྲོ་བའི་རྩིས་བྱེད་པའི་དུས་སུ། ཡབ་རྒྱལ་པོ་ལ་འདི་སྐད་ཅེས་ཞུས་སོ། །ཀྱེ་མ་ཡབ་ཅིག་རྒྱལ་པོ་སྙན་གསོན་དང༌། ཨ་ཕ་ཡབ་ཀྱི་བཀའ་བྱུང་ཨང༌། ཨ་མ་ཡུམ་གྱི་བཀའ་བྱུང་ཨང༌། ཇོ་བོ་མིང་བོའི་ཚིག་ཤོར་རམ། ཨེ་མ་མིང་སྲིང་ངོ་མཚར་ཆེ། ཀྱེ་མ་ཡབ་ཅིག་རྒྱལ་པོ་བདག་ལ་གསོན། བོད་ཀྱི་ཡུལ་དུ་བདག་འགྲོ་ན། ཁ་བ་ཅན་གྱི་ཡུལ་ཕྱོགས་དེ། གྲང་ལ་བསིལ་བས་བསེར་བག་ཆེ། ལྷ་ཀླུ་འདྲེ་སྲིན་གདུག་པ་མང༌། གངས་རི་གཅན་གཟན་མཆེ་བ་འདྲ། བྲག་རི་འབྲོང་བོའི་རྭ་ཅོ་འདྲ། ཉམས་མི་དགའ་ཞིང་བག་མི་དྲོ། འབྲུ་ཆེན་མི་འཁྲུངས་མུ་གེའི་དགོན། གདོལ་པ་ཤིག་ཟན་བྱོལ་སོང་རིགས། སྤྱོད་པ་རྩིང་པ་ཀླ་ཀློའི་མི། མི་(མི་མཆེད་ཅིག)སྤྱོད་སྲིན་པོའི་སྤྱོད་དང་མཚུངས། མཐའ་འཁོབ་སྟོན་པས་ཞབས་མ་བཅགས། འཁོར་བཞི་མེད་ཅིང་རིགས་ངན་ཡུལ། ཆོས་མེད་མ་རིག་མུན་པའི་གླིང༌། མཆོད་པའི་རྟེན་དང་གནས་མེད་པས། བསོད་ནམས་བསོག་པའི་ཞིང་མ་མཆིས། དེ་ལྟ་བུར་ནི་བདག་འགྲོ་ན། ཡབ་ཀྱི་མཆོད་གནས་ཡི་དམ་ལྷ། ཤཱཀྱ་མུ་ནེ་བདག་ལ་ཞུ། ཁ་བ་ཅན་ནི་བཀྲེས་པའི་ཡུལ། རིན་ཆེན་བང་མཛོད་བདག་ལ་ཞུ། ཁ་བ་ཅན་ནི་གྲང་བའི་ཡུལ། ཚེ་གང་ཐུབ་པའི་གོས་ཞིག་ཞུ། བོད་ཀྱི་མི་ནི་མི་བསྲུན་ཏེ། རྩིང་ཆོས་མང་ལ་སྤྱོད་བག་མེད། གཡོག་མོ་ལྔ་བརྒྱ་བདག་ལ་ཞུ། བོད་ནི་མི་གཙང་གཙང་རྩོག་མེད། གཡོམ་ཕྱག་ཚང་བདག་ལ་ཞུ། དེ་རྣམས་ང་ལ་མི་བསྐུར་ན། བདག་ནི་འདི་རུ་མི་གུམ་རི། བོད་ཡུལ་དབུས་སུ་འགྲོ་རི་ཀན། ཞེས་ཞུས་ཤིང༌། ལྷ་ཅིག་ཨོང་ཅོང་གིས་རྒྱལ་མོའི་ཚལ་རབས་ཆེན་མོ་ཡང་དུས་འདིར་མཛད་དོ། །ཡང་སྲས་མོ་ཨོང་ཅོང་གིས་ཡབ་ལ་ཞུས་པ། ང་བོད་དུ་ཅིས་ཀྱང་འགྲོ་དགོས་ན། བྱོལ་སོང་གླེན་པའི་ཡུལ་ཕྱོགས་དེར། །མ་རུངས་མི་རྣམས་འདུལ་དོན་དུ། །བདག་གི་སེམས་སྤྱོད་ཇི་ལྟར་བགྱི། །ཡབ་ཀྱིས་བདག་ལ་གསུང་བར་ཞུ། །ཞེས་ཞུས་པ་དང༌། ཡང་ཡབ་རྒྱལ་པོས་སྲས་མོ་ཨོང་ཅོང་ལ་གསུངས་པ། ཀྱེ་མ་བུ་མོ་ཡབ་ཀྐཡི་བཀའ་ལ་ཉོན། །བོད་ཅེས་བྱ་བ་ཁ་བ་ཅན་གྱི་ཡུལ། །ཡུལ་ལ་ཁྱད་དུ་འཕགས་པ་དེ་ཡིན་ཏེ། །གངས་རི་རང་བྱུང་ཤེལ་གྱི་མཆོད་རྟེན་ལ། །མ་བཅོས་ལྷུན་གྱིས་གྲུབ་པའི་གནས་དེ་ཡིན། །མཚོ་བཞི་གཡུ་ཡི་མཎྜལ་བཀྲམ་པ་འདྲ། །ཐང་བཞི་རང་བཞིན་མཆོད་པ་གཤམས་པ་འདྲ། །ཆུ་བོ་བཞི་ནི་ཡུལ་འདིའི་རང་བཞིན་ཅན། །རི་མཐོ་ས་གཙང་གངས་རི་གཉན་གྱི་ལྗོངས། །བཀྲ་ཤིས་ཉམས་དགའ་གཡུང་དྲུང་བྲིས་པ་འདྲ། །རྒྱལ་ཁམས་གཞན་ན་མི་རྗེ་མིས་བྱས་ངོ་མཚར་མེད། །བོད་ཡུལ་མི་རྗེ་ལྷ་ཡིས་བྱས་ཏེ་ངོ་མཚར་ཆེ། །མཐའ་བཞིའི་རྒྱལ་པོས་ལེགས་པར་ཁུར་བ་ཡི། །ཆོས་སྐྱོང་རྒྱལ་པོ་སྲོང་བཙན་སྒམ་པོ་ནི། །བྱང་ཆུབ་སེམས་དཔའི་སྤྲུལ་པ་མི་དྲུག་ལྡན། །ཡོན་ཏན་དཔག་ཏུ་མེད་པའི་རྒྱལ་པོ་ཡིན། །ཁོང་གི་མཛད་པ་མང་ལ་རྒྱ་ཆེ་བས། །བོད་འབངས་ཀུན་ཀྱང་ཡུལ་དུ་གྱུར་བ་ཡིན། །དགེ་སློང་ཕོ་མོ་དགེ་བསྙེན་ཕོ་མོ་ཀུན། །བོ་མོ་ཁྱོད་ཀྱི་བསོག་པར་བྱས་པས་ཆོག དེ་ལྟར་ཡིན་པས་བསོད་ནནམས་བསོག་པའི་ཕྱིར། །བདག་གི་མཆོད་གནས་ཤཱཀྱ་མུ་ནེ་འདི། །སངས་རྒྱས་སྟོན་པའི་ཞལ་སྐྱིན་ཉིད་ཡིན་ཏེ། །སངས་རྒྱས་ཉིད་དང་ཁྱད་མེད་སྟོན་པས་གསུངས། །གང་ཞིག་དད་དང་གུས་པས་ཀུན་སླང་སྟེ། །སེམས་ཅན་ཀུན་ལ་བྱམས་དང་སྙིང་བརྩེ་བས། དེ་དག་ཐར་བར་བྱ་བའི་དོན་གྱི་ཕྱིར། །བླ་མེད་བྱང་ཆུབ་ཐོབ་པར་བྱ་དོན་དུ། །གང་ཞིག་འདི་ལ་ཕྱག་འཚལ་མཆོད་བྱེད་ཅིང༌། །དད་པས་གུས་ཤིང་གསོལ་བ་བཏབ་པ་ཀུན། །མྱུར་དུ་བླ་མེད་བྱང་ཆུབ་ཐོབ་པར་ནི། །སྟོན་པ་སངས་རྒྱས་ཉིད་ཀྱི་ཞལ་ནས་གསུངས། །གང་ཞིག་འཁོར་བའི་འཇིགས་ཤིང་སྐྱོ་བ་ཡི། །སྡུག་བསྔལ་དེ་ལས་ཐར་བར་བྱ་དོན་དུ། །སུ་ཞིག་འདི་ལ་མོས་ཤིང་མཆོད་བྱེད་ན། །མྱ་ངན་འདས་པ་སྲིད་ལས་ཐར་གྱུར་ཏེ། །དགྲ་བཅོམ་རང་སངས་རྒྱས་པ་ངེས་ཐོབ་སྟེ། །སྲིད་པའི་ཉོན་མོངས་ལས་དང་བྲལ་བར་འགྱུར། །ངན་འགྲོ་སྲིད་པའི་སྡུག་བསྔལ་ལ་འཇིགས་པ། དེ་ལས་ཐར་ཕྱིར་འདི་ལ་མཆོད་པ་ཡང༌། །ངན་སོང་སྡུག་བསྔལ་ཡོངས་སུ་བཅད་བྱས་ནས། །བདེ་འགྲོ་ཐོབ་པར་འགྱུར་བ་རྒྱལ་བས་གསུངས། །འཇིག་རྟེན་འདི་རུ་དགེ་བ་དེ་ཅི་འདོད་པ། །ཕྱག་འཚལ་མཆོད་པ་ཕུལ་ནས་གསོལ་བཏབ་ན། །ཡིད་ལ་བསམ་པ་མ་ལུས་འགྲུབ་འགྱུར་ཞིང༌། །གང་ཞིག་འདི་ལ་དད་པས་ཕྱག་འཚལ་ལམ། །དད་ཅིང་གུས་པས་མཆོད་པ་བྱེད་པ་དང༌། །ལྟ་ཞིང་བསྐོར་བ་བྱེད་པ་ཐམས་ཅད་ཀྱང༌། །སངས་རྒྱས་ཉིད་ནི་མྱུར་དུ་ཐོབ་པར་འགྱུར། །དེ་ཕྱིར་དད་དང་གུས་པས་ཕྱག་འཚལ་བྱོན། །དེ་ལྟར་ཡོན་ཏན་ལྡན་པའི་མཆོད་གནས་ཁྱད་པར་ཅན། །བདག་གི་སྙིང་དང་འདྲ་བས་འཕངས་ན་ཡང༌། །བུ་མོ་ཁྱོད་ལ་བརྩེ་བས་བདག་གིས་བསྐུར། །རིན་ཆེན་བང་མཛོད་མང་པོ་དབྱིག་གི་གཏེར། །བདག་ལ་གཅེས་པའི་རིན་ཆེན་མང་པོ་ཡང༌། །བརྩེ་བའི་བུ་མོ་ཁྱོད་ལ་བདག་གིས་བསྐུར། །འཕྲ་མེན་འཕྲུལ་ཞལ་ཉི་ཟླས་བརྒྱན་པ་བཅུ། །མཛེས་པའི་བུ་མོ་ཁྱོད་ལ་བདག་གིས་བསྐུར། །གསེར་གཡུ་བརྩེགས་པའི་ཡིག་ཚང་ཆེན་པོ་དང༌། །གཙུག་ལག་ཡི་གེ་སུམ་བརྒྱ་དྲུག་ཅུ་དང༌། །ཟས་ཀྱི་གཡོས་སྣ་སུམ་བརྒྱ་དྲུག་ཅུ་དང༌། །བཏུང་བ་སྐོམ་གྱི་སྦྱར་ཐབས་མང་པོ་དང༌། །སྲ་བའི་གོ་ཆའི་གོན་པ་སུམ་བརྒྱ་དྲུག །རྣོ་བ་མཚོན་གྱི་རྣམ་པ་མང་པོ་རྣམས། །རྒྱལ་པོའི་སྲོག་བསྲུང་ཕྱིར་ནི་ཁྱོད་ལ་རྫོང༌། །གདགས་པ་རྒྱན་གྱི་རྣམ་པ་སུམ་བརྒྱ་དང༌། །གསེར་སྒ་གཡུ་ཡི་སྤང་ལེབ་ཅན་ལ་སོགས། །རྒྱལ་པོའི་རྒྱལ་སྲིད་མཛེས་པར་བྱ་ཕྱིར་བསྐུར། །ཟ་འོག་གདན་ཐུལ་སེངྒེ་བྱ་བརྒྱ་མ། །ཉི་ཟླ་འཇའ་ཚོན་རི་དྭགས་བཀྲམ་པ་དང༌། །ལྗོན་ཤིང་གླང་ཆེན་ནོར་བུ་རིས་སུ་བྲིས། །རྒྱལ་པོ་ངོ་མཚར་སྐྱེད་ཕྱིར་བུ་མོ་ཁྱོད་ལ་རྫོང༌། །དེ་ལྟར་ངོ་མཚར་ཆེ་བའི་འཕྲུལ་ཆ་སྣ་ཚོགས་དང༌། །གཙུག་ལག་ཐང་ཁྲིམས་བཅུ་བཞི་སྤྱད་པའི་ཐབས། །ཚིག་གི་མཛོད་དང་ཚིག་གི་གཏེར་རྣམས་དང༌། །ཚིག་གི་འཕྲུལ་དང་ཙ་ན་ཀ་ལ་སོགས། །ལུགས་ཀྱི་བསྟན་བཅོས་མང་པོ་ཁྱོད་ལ་རྫོང༌། །སོ་ཚིགས་ས་ཡི་འདུལ་ཐབས་ཡི་གེའི་ཚོགས། །ལེགས་སྦྱོར་སྤྱོད་པ་ལ་སོགས་མང་པོ་དང༌། །གཞོ་ཤེལ་རྫི་སྐྱོང་ཕྱུགས་ཀྱི་སྤེལ་ཐབས་དང༌། །གྲངས་དང་རྩིས་དང་ཡི་གེའི་ཚོགས་རྣམས་ཀྱང༌། །བརྩེ་བས་བུ་མོ་ཁྱོད་ལ་བདག་གིས་བསྐུར། །རྒྱ་ནག་གཙུག་ལག་གབ་རྩེ་སུམ་བརྒྱ་བོ། །ལེགས་ཉེས་ལས་ཀྱི་མེ་ལོང་སྟོན་པ་ཡང༌། །བརྩེ་བས་བུ་མོ་ཁྱོད་ལ་བདག་གིས་བསྐུར། །བཀོད་པས་ཁྱད་པར་མཛེས་པར་བྱེད་པ་ཡི། །བཟོ་ཡི་ཁྱད་པར་དྲུག་ཅུ་ཐམ་པ་ཡང༌། །བརྩེ་བས་བུ་མོ་ཁྱོད་ལ་བདག་གིས་བསྐུར། །ནད་རིགས་བཞི་བརྒྱ་རྩ་བཞིའི་སྨན་དང་ནི། །བརྟག་པ་བརྒྱ་དང་དཔྱད་ལྔ་སྦྱོར་སྡེ་དྲུག སྦྱོར་སྡེ་བཞི་ལ་སོགས་པ་བདག་གིས་བསྐུར། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ཞི་བྱེད་ཅིང༌། །ཡོན་ཏན་རྒྱ་མཚོ་མ་ལུས་རྒྱས་བྱེད་པའི། །མདོ་སྡེ་རྒྱུད་སྡེ་གདམས་པ་མང་པོ་བསྡུས། །མི་དགེ་བཅུ་སྤོང་དགེ་བཅུ་སྒྲུབ་བྱེད་པའི། །ཕར་ཕྱིན་དྲུག་སྤྱོད་བསྡུ་དངོས་བཞི་བསྡུ་བ། །དམ་པ་ཆོས་ཀྱི་གདམས་ངག་ཐམས་ཅད་ཀྱང༌། །ཁྱོད་ཀྱིས་ལེགས་བསྒྲུབ་ལེགས་པར་སྤྱད་པའི་ཕྱིར། །བརྩེ་བས་བུ་མོ་ཁྱོད་ལ་བདག་གིས་རྫོང༌། །ཚེ་གཅིག་གོན་པའི་དར་དང་ཟ་འོག་གི །ཁ་དོག་སྣ་ཚོགས་དར་འབོགས་སུམ་བརྒྱ་བསྐུར། །ཁ་བཅ་ཅན་གྱི་མི་རྣམས་བསྡུ་བའི་ཕྱིར། །ཁྱོད་ཀྱི་སེམས་དང་སྤྱོད་ཚུལ་འདི་ལྟར་མཛོད། །ལྟ་བ་མཐོ་ཞིང་སྤྱོད་པ་ཞིབ་པར་མཛོད། །ཐེག་སྟོབས་ཆེ་ཞིང་ཁོག་ཡངས་ཆེ་བར་མཛོད། །ནང་བར་སྔར་ལངས་ནུབ་མོ་ཉལ་འཕྱི་མཛོད། །བཀའ་བློན་བདེ་ཞིང་མཛེས་ལེགས་འཇམ་པར་མཛོད། །ལུས་ཚགས་དམ་ཞིང་ལུས་སྒོ་བསྲུང་བར་མཛོད། །ལག་གོར་འཁྱུག་ཅིང་ལག་བྱད་གཙང་བར་མཛོད། །བསོག་བུན་མཁས་ཤིང་ཚགས་ནི་དམ་པར་མཛོད། །གཟེངས་ནི་མཐོ་ཞིང་བཞིན་འཛུམ་མཛེས་པར་མཛོད། །ཉེ་སེམས་ཆེ་ཞིང་འཁོར་ལ་བྱམས་པར་མཛོད། །ཁ་བག་ཉུང་ཞིང་ངག་ཡང་འཇམ་པར་མཛོད། །འཕྱར་སེམས་མ་མཛོད་ཁྱོ་གའི་དད་མ་ཆེ། །ཁྱོ་ལ་གུས་ཤིང་བུ་ལ་བརྩེ་བར་མཛོད། །ཆང་དད་ཆུང་ཞིང་ཁྱིམ་མཛེས་གྲོང་མ་རྒྱུ། །མཐོ་ལ་ཞབས་ཏོག་དམའ་ལ་བྱམས་པར་མཛོད། །སག་སིག་མ་བོ་རྒན་སྡུད་མ་ཤི་བར། །རྒྱགས་ཤིང་བསོ་ལ་དལ་བ་མེད་པར་མཛོད། །ཐད་ཀར་མཐུན་ཞིང་རྒན་ལ་ཞེ་ས་བྱ། །ཀུན་ལ་བྱམས་ཤིང་བདེན་པར་སྨྲ་བར་བྱ། །དམའ་བ་སྐྱོང་ཤིང་ངན་སློང་སྦྱིན་པས་སྐྱོང༌། །སློང་ལ་སྦྱིན་བྱ་ངན་བྱེད་ལན་མི་བྱ། །བུ་ཚ་ཡོན་ཏན་བསླབ་ཅིང་ཡིག་ཚང་དག་ལ་སྦྱར། །དཀོན་མཆོག་དབུ་འཕང་བསྟོད་ཅིང་དད་དང་གུས་པ་བསྐྱེད། །ཆོས་འཁོར་གཙུག་ལག་བཞེངས་ལ་ས་དགྲར་དགེ་གནས་ཚུགས། །སངས་རྒྱས་སྐུ་གཟུགས་བཞེངས་ཤིང་དགེ་འདུན་སྡེ་ཡང་ཚུགས། །ཐོས་བསམ་སྒོམ་པ་བྱ་ཞིང་དམ་ཆོས་གཞུང་ཡང་བྲིས། །དགེ་འདུན་བསྙེན་བཀུར་བྱ་ཞིང་སྡོམ་པ་གཙང་མ་བསྲུང༌། །དམ་ཆོས་རྒྱུན་དུ་བཤད་དང་དུས་དྲན་ཉིད་ལ་ནི། །དེ་རིང་ཉིད་ནས་འབད་པ་ཆེ་བར་མཛོད། །ཆོས་ལ་ལོང་ཡཡོད་མི་བྱ་ཚེ་འདིར་ཆགས་མི་བྱ། །སྐྱབས་ཆེན་དཀོན་མཆོག་ལྷ་རུ་བཟུང་ལ་སྐྱབས་འགྲོ་བྱ། །ལས་ཀྱི་འབྲས་བུ་སོགས་ལ་སྡིག་སྤོང་དགེ་བར་འབད། །འཁོར་བའི་ཉེས་དམིགས་སོགས་ལ་ངེས་འབྱུང་བློ་གཏད་བྱ། །འཁོར་རྩ་ཉོན་མོངས་སྤང་ཞིང་དེ་ཡི་གཉེན་པོ་རྟེན། །བྱམས་དང་སྙིང་རྗེ་བསམ་ལ་བྱང་ཆུབ་སེམས་ཀྱང་བསྐྱེད། །བྱང་ཆུབ་སྤྱད་པ་སྤྱོད་ཅིང་ཐེག་ཆེན་ལམ་བགྲོད་བྱ། །དེ་ལྟར་མཛད་ན་བཀྲ་ཤིས་དགེ་བར་འགྱུར། །གཏམ་གྱི་མཐའ་མའི་སྙིང་པོ་ཡིན་ནོ་བུ་མོ་དེ་ལྟར་མཛོད། །ཅེས་གསུངས་ནས་ལྷ་ཅིང་ཨོང་ཅོང་ལ་ཞལ་ཏ་ཆེན་པོ་གནང་སྟེ། དེ་ནས་ཡབ་རྒྱལ་པོས་སྲས་མོ་ལྷ་ཅིག་ཨོང་ཅོང་བོད་ལ་འགྲོ་བའི་ནོར་རྫོང་ཚན་པོ་ཆེ་དབུས་སྤུས་དག་པར་བསྩལ། རྒྱ་ནག་ཕྱག་འཚལ་བའི་རྟེན་ཅིག་པོ་འཛམ་བུའི་གླིང་གི་རྟེན་དང་རྒྱན་གཅིག་བུ་སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་ཚབ་ལྷ་ཅིག་ཤཱཀྱ་མུ་ནེ་དེ་ཡང་སྲས་མོ་ཨོང་ཅོང་གི་ནོར་རྫོངས་ལ་བསྩལ་པ་ལས། རྒྱ་ནག་གི་མི་རྣམས་རྨི་ལྟས་ངན་པར་ལོག་ནས་རྒྱའི་མི་རྣམས་ན་རེ། རྒྱལ་པོ་ཆེན་པོ་ཡབ་ཡུམ་སྲས་དང་བཅས་པ་ལགས། བདག་གི་བུ་སྲིང་མཛངས་མ་ལྷ་ཅིག་ཨོང་ཅོང་འདི་བོད་ལ་ཤོར་གྱིས་མི་ཆོག ཡིད་བཞིན་ནོར་བུ་རིན་པོ་ཆེ་ལྷ་ཤཱཀྱ་མུ་ནེ་འདི་ཡང་བོད་ལ་ཤོར་ཟིན་འདུག་པས། ད་འདི་ལ་བཤད་མཁན་ཅིག་ཡོད་ཐག་ཆོད་པས་རྩིས་མཁན་སྤོར་ཐང་ཁྲ་མོ་མཁས་པར་རྩི་ཤེས་པ་ཅིག་ལ་རྩིར་ཆུག་ལ་ཆད་པ་གཅོད་དོ་བྱས་རྒྱལ་པོ་ལ་ཞུས་པས། རྒྱལ་པོས་རྒྱ་ནག་ཡུལ་ན་རྩིས་རྣོ་བའི་རྩིས་མཁན་ལ་རྒྱའི་སྤོར་ཐང་ཁྲ་མོ་རྩིར་བཅུག་པས། རྒྱའི་རྩིས་མཁན་གྱི་ཞལ་ནས་འདི་ཡ་མཚན་ཆེ། སྔར་མེད་པའི་རྩིས་ཤིག་བྱུང་ཟེར། དེ་འདྲ་ཇི་ལྟར་འདུག་དྲིས་པས། རྒྱ་རྩིས་པ་དེ་ན་རེ། རི་ནག་པོ་ཆེན་པོ་གསུམ་འདུས་པའི་ཁ་ལ་མཚོ་དམར་པོ་ཅིག་བྱས། དེའི་སྟེང་ན་ཐང་ཆེན་པོ་དཀར་དམར་ཁྲ་བོ་ཅིག་གི་སྟེང་ན། ནམ་མཁའ་ལ་བསྡད་པའི་ལྕགས་ཀྱི་གནོན་སྦྱིན་མོ་ལུས་པོ་ཐམས་ཅད་མིག་གིས་ཁེངས་པ། མགོ་དང་སྟོད་ལ་བྱ་སྣ་ཚོགས་བབས་པ། ཟངས་ཀྱི་མཆུ་རིང་པོ་བྱས་པ་ཅིག་གིས་བཤད་འདུག་ཟེར་བས། ཡབ་རྒྱལ་པོ་ན་རེ། དེ་འདྲ་བདེན་མི་སྲིད་སྤོར་ཐང་ཁྲ་མོའི་རྩིས་ཀྱི་མོ་ལ་འདི་ལྟར་གྱུར་མི་འདུག་གསུངས་ནས། སྤོར་ཐང་ཁྲ་མོ་བཅུ་སྐོར་མེ་ལ་བསྲེགས་སོ། །དེ་ནས་སྤོང་ཐང་ཁྲ་མོ་མེས་ཚིག་འཕྲོ་ལ་ཨོང་ཅོང་གིས་འདི་ང་ལ་བོད་ལ་འགྲོ་བའི་བསྲུང་བ་ལ་དགོས་གསུངས་ནས་ཁྱེར་བས། ཨོང་ཅོང་གི་སྙིང་བརྩེ་ནས་གབ་པས་གབ་རྩེ་ཞེས་པའི་མིང་ཡང་ཆགས་ཤིང་ཨོང་ཅོང་གིས་བསྲུང་བ་བྱེད་གསུངས་པས་གབ་རྩེས་བསྲུང་བ་བྱེད་པའི་ལུང་ཡང་དེ་ལྟར་བསྟན་ནོ།། དེ་ནས་ཇོ་མོ་སྒྲོལ་མ་སྔོན་མོའི་སྤྲུལ་པ་ཨོང་ཅོང་དེ་བོད་ཡུལ་ལ་ཆས་པའི་དུས། ཁ་བ་ཅན་གྱི་སེམས་ཅན་རྣམས་འདུལ་བའི་དོན་དུ། ཨ་མའི་བང་གོང་ནས་ལ་གཞི་ཉུང་གཞིའི་ས་བོན་དར་དམར་པོར་བཏུམ་ནས་དབུ་སྐྲའི་གསེབ་ཏུ་སྦས་ནས་འོངས་སོ། །གོང་དུ་ཆེ་བ་ཆུང་དུ་གཏོང་བ་དང་ཆུང་བ་ཆེར་གཏོང་བའི་དྲི་ལན་ཡང་དེ་ལ་ཟེར་རོ། །དེ་ནས་ལྷ་ཤཱཀྱ་མུ་ནེ་དེ་ཤིང་རྟ་གཅིག་གི་ནང་དུ་བཞུགས་ནས་དར་དཀར་གྱི་གུར་ཕུབ། དེའི་འཁོར་ལོ་གྱད་ལྷ་དགའ་དང་གླུ་དགའ་གཉིས་ཀྱིས་འདྲེན་ནོ། །དེའི་ཕྱི་ན་ཚུར་ལྷ་ཅིག་ཨོང་ཅོང་དེ་གཡོག་མོ་དམ་པ་བཞི་དང་འགྲོགས་ནས། ཤིང་རྟ་ཅིག་གི་ནང་དུ་བཞུགས་ནས་དེའི་འཁོར་ལོ་དྲེའུ་དཀར་མོ་གཉིས་ཀྱིས་འདྲེན་ན། དེའི་ཕྱི་ན་ཚུར་ལ་གཡོག་མོདམ་པ་བཞི་ཤིང་རྟ་གཅིག་གི་ནང་དུ་བཞུགས་ནས་དེའི་འཁོར་ལོ་རྔ་མོང་ཀ་བ་གཉིས་ཀྱིས་འདྲེན་ནོ། །དེའི་ཕྱི་ན་ཚུར་ལ་གྱད་པ་རིགས་བཟང་བཞི་ལ་ཀ་གདུང་འཁུར་དུ་བཅུག་ནས་འོངས་སོ། །དེའི་ཕྱི་ན་ཚུར་ལ་བློན་པོའི་རྟ་པ་རྣམས་འོངས། དེའི་ཕྱིར་ན་ཚུར་ལ་ཁལ་པ་མང་པོ་ལ་སོགས་པ་རྣམས་རིམ་གྱིས་འོངས་པས། ཡབ་རྒྱལ་པོའི་ཐུགས་དགོངས་ལ་བུ་མོ་བོད་དུ་འགྲོ་བ་ལ། ལམ་དུ་གཉེ་པོ་གཞན་པ་དེ་ཚོའི་འཕྲོག་མཁན་བྱུང་དོགས་ནས། ལྷ་ཅིག་གི་འཁོར་དུ་སྐྱེས་པ་ལོ་ཉི་ཤུ་རྩ་གཉིས་ལོན་པ་ལྔ་བརྒྱ་ཐམ་པ། བུ་མོ་ལོ་བཅུ་དྲུག་འགྲོ་བ་ལྔ་བརྒྱ་ཐམ་པ་དང་སྟོང་ཐམ་པ་སྐྱེལ་མི་ལ་བཏང་སྟེ། དེའི་དུས་ན་ཨོང་ཅོང་གིས་ཨ་མས་སྐྱེལ་ཐུང་བྱས་ཏེ་འདི་སྐད་གསུང་ངོ༌། །བུ་མོ་བོད་ལ་ཅིས་ཀྱང་འགྲོ་དགོས་ན། །མ་དང་མི་འཕྲད་པའི་ཡུལ་དེར་འགྲོ་ན། །ཟླ་བ་རེ་ལ་ཚེས་བརྒྱད་རེ། །མས་ཀྱང་ཚེས་བརྒྱད་ཡིན་ནོ་ཟེར། །བུ་མོས་ཀྱང་ཚེས་བརྒྱད་ཡིན་ནོ་གྱིས། །ཟླ་བ་རེ་ལ་ཉ་རེ་འོང༌། །མས་ཀྱང་ཉ་ཡིན་ཉ་ཡིན་ཟེར། །བུ་མོས་ཀྱང་ནི་ཉ་ཡིན་བགྱིས། །ཟླ་བ་རེ་ལ་སྟོང་རེ་ཡོང༌། །མས་ཀྱང་སྟོང་ཡིན་སྟོང་ཡིན་ཟེར། །བུ་མོས་སྟོང་ཡིན་སྟོང་ཡིན་གྱིས། །དེ་དག་གསུམ་ལ་མ་སྨད་གཉིས། །མི་འཕྲད་སླ་བོ་ཡི་དོད་པོ་བྱེད། །ཉ་སྟོང་བརྒྱད་གསུམ་རེ་རེ་ལ། །མཆོད་པ་བཟང་པོ་རེ་རེ་བཤོམས། །དེལ་མི་འཕྲད་ཕ་མ་ཡི། །དྲིན་ལམ་ཟས་འབྲེལ་བྱེད་པ་ཡིན། །ད་བསླབ་བྱ་གཞན་རྣམས་ཕ་ཇོས་གོང་དུ་ཇི་ལྟར་བསླབས་པ་བཞིན་མཛོད། །གཏམ་གྱི་མཐའ་མ་ཡིན་ནོ། །བོད་ལ་བདེ་བར་སོངས་ཤིག་ཅེས་མ་སྨད་གཉིས་གྱེས་སོ། །ཡབ་རྒྱལ་པོས་ལྷ་ཅིག་ལ་བསྟོད་པ་ནི། ཨོང་ཅོང་ཞེས་བྱའི་བུད་མེད་དམ་པ་འདི། །ལུས་ནི་ཧ་ཅང་མི་རིང་མི་ཐུང་སྟེ། །ཧ་ཅང་མི་སྦོམ་ཧ་ཅང་མི་ཕྲ་ཞིང༌། །རྐེད་པ་གཞུ་འདྲ་བལྟ་བས་ཆོག་མི་ཤེས། །འཇིག་རྟེན་ཀུན་གྱི་བཟོ་རྣམས་ཇི་སྙེད་པ། །མ་ལུས་ཀུན་ལ་འདི་ནི་ཕ་རོལ་ཕྱིན། །འཇིག་རྟེན་ཁམས་ཀྱི་གླུ་གར་ཇི་སྙེད་པ། །མ་ལུས་དེ་དག་ཀུན་གྱི་ཚུལ་ལ་མཁས། །རྒྱབ་མདུན་གང་ནས་བལྟས་ཀུན་མཛེས་པ། །འདོད་ཆགས་ཞེ་སྡང་གཏི་མུག་མ་མཆིས་ཏེ། །སྨྲ་འམ་མི་སྨྲ་འཛུམ་ཞིང་རྒོད་ཀྱང་རུང༌། །རྟག་ཏུ་བག་ཡོད་དྲན་པ་ཤེས་བཞིན་ལྡན། །འདི་ལ་གཞནདོན་སེམས་ལ་རབ་ཏུ་བརྩོན། །དེས་ནི་འཇིག་རྟེན་ཀུན་གྱིས་བཀུར་བར་འོས། །འདི་ལ་ལྟས་པས་ངོམས་པར་མི་འགྱུར་ཏེ། །མི་ནད་དང་ནི་ཕྱུགས་ཀྱི་ནད་ལ་སོགས། །གསོ་བའི་ནད་ལ་འདི་ནི་ཤིན་ཏུ་མཁས། །འདི་ལ་མི་དགྲར་ལེན་པ་མ་མཆིས་ཏེ། །འདི་ཡིས་ཤེས་འདྲ་བུད་མེད་ཀུན་ལ་མེད། །འདི་ནི་ཆོས་རྒྱལ་ཅིག་ཅིག་ཚུལ་དང་མཐུན། །བུད་མེད་དམ་པ་འདི་དང་འདྲ་བ་ནི། །མི་ཡི་འཇིག་རྟེན་དག་ན་མ་མཆིས་ཏེ། །འདི་ཡི་ལུས་ནི་ཤིན་ཏུ་འཇམ་པས་ན། །ནད་པ་ལ་སོགས་གང་ལ་རེག་གྱུར་ཀྱང༌། །དེ་ཡི་མོད་ལ་ནད་རྣམས་སོས་པར་འགྱུར། །འདི་ཡིས་ལུས་ལ་སྤོས་ཀྱི་ངད་འབྱུང་བས། །སྤོས་མཆོག་གཞན་རྣམས་ཐམས་ཅད་ཟིལ་གྱིས་མནོན། །འདི་ཡིས་སྨྲས་པ་བདེན་ཅིང་སྙན་པས་ན། །འདི་ཡིས་སྨྲས་པ་གཞན་གྱིས་ཡིད་འོང་འགྱུར། །ནོར་དང་ཟས་ཀྱིས་འགྲོ་རྣམས་བརྟེན་པར་བྱེད། །གཞོན་རྣམས་རྒན་པོ་ཀུན་ལ་གུས་བྱེད་ལྟར། །ཨོང་ཅོང་ཞེས་བྱའི་བུད་མེད་དམ་པ་འདི། །རིགས་རྒྱུད་གཟུགས་ཀྱིས་དྲེགས་པ་མ་ལགས་ཏེ། །འགྲོ་བ་རྣམསལ་རྟག་ཏུ་གུས་པས་འདུད། །མི་མཆོག་ཆོས་རྒྱལ་ཅིག་ལ་སྦྱིན་པར་འོས། །གསུངས་ནས་ཡབ་རྒྱལ་པོས་ལྷ་ཅིག་ཨོང་ཅོང་ལ་དེ་ལྟར་དུ་བསྟོད་དོ། །དུས་དེར་བོད་བློན་གཉེ་བོ་རྣམས་ཀྱིས་དགེས་གསུམ་ཚེངས་གསུམ་དང༌། དྲོད་ཁའི་གླུ་ཡང་བླངས་སོ། །དེ་ནས་བོད་བློན་རྣམས་ཀྱིས་ལྷ་ཤཱཀྱ་མུ་ནེ་དང༌། ལྷ་ཅིག་ཨོང་ཅོང་བོད་ཡུལ་དུ་སྤྱན་དྲངས་ཏེ། ཤར་གྱི་སྐར་མ་ནབས་སོ་ནུབ་ཏུ་རྒྱུ་བའི་དུས་སུ། བྱ་ཁྭ་ཏའིསྐད་ཀྱིས་མ་ནོན་པ་ལ་འོངས་སོ། །དེ་ནས་སང་ཉི་མ་ཤར་བ་དང་ལྷ་ཅིག་ཨོང་ཇོ་འཁོར་བཅས་ཀྱིས་གར་སླེབས་པའི་ས་དེར་བསྡད་ནས། ལྷ་ཤཱཀྱ་མུ་ནེ་ལ་དར་དཀར་གྱི་ཡོལ་བ་བྲེས་པའི་ནང་དུ་གསེར་དངུལ་གྱི་ཁྲིའི་སྟེང་དུ་དར་ཟབ་ཀྱི་གདན་བཏིང་ནས་བཞུགས། འབྲས་ཀྱི་ཟན་བཤོས་ལྷུང་བཟེད་གང་ཕུལ། དེ་ནས་འབྲས་ཐུག་ཞལ་ཕོར་གང་བསྐོལ་ནས་ལྷ་ཅིག་ཨོང་ཅོང་ལ་འདྲེན། དེ་ནས་གཡོག་མོ་གཅིག་ཡར་ལ་འགྲོ་རིངས་ནས་ཟླ་བོ་ཕྱི་མ་རྣམས་ལྟ་བའི་ཕྱིར་ཉི་ཟེར་ལ་ལག་པས་སྐྱོར་ནས་བལྟས་ཀྱང་ད་རུང་ཟླ་བོ་ཕྱི་མ་མ་བྱུང༌། དེ་ནས་ཡུན་རིང་ཅིག་ནས་ཡང་བལྟས་པས་དེ་ནས་ཕྱི་མ་རྣམས་ཀྱང་བྱུང་ངོ༌། །དེ་ནས་ཉི་མའི་རིགས་ཀྱིས་བློན་པོ་ལ་ལ་ནི་མདུན་མ་བྱེད། ལ་ལ་ནི་རྟ་རྒྱུག ལ་ལ་ནི་མདའ་རྒྱག ལ་ལ་ནི་རྡོ་འདེགས། ལ་ལ་ནི་བང་རྒྱུག ལ་ལ་ནི་ཤོ་རྒྱག ལ་ལ་ནི་མིག་མང་རྒྱག ལ་ལ་ནི་ལུས་རྩལ་སྦྱོང༌། ལ་ལ་ནི་གླུ་ལེན་པ་སོགས་རྩེད་མོ་སྣ་ཚོགས་པ་བྱེད་དོ། །ལྷ་ཅིག་ཨོང་ཅོང་ནི། མཆོད་པ་རྣམ་པ་ལྔ་བཤམས་ནས། དངུལ་གྱི་པི་ཝང་རྒྱུད་གསུམ་པ་ཅིག་སྦྲེང་བའི་རམ་བུ་བཏེགས་ནས་མཆོད་བསྟོད་འདི་འབུལ་ལོ། །གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ། །ས་ཆེན་འདི་ལ་གོམ་པ་བདུན་བོར་ནས། །ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས། །དེ་ཚེ་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ། །གང་ཚེ་ཐུབ་པ་ཞི་བའི་གྲོང་བཞུད་ཚེ། །འཛམ་བུའི་གྲིབ་མས་བཞུགས་པ་མ་བཏང་ཞིང༌། །ལྷའི་བུ་གཞོན་ནུ་དྲུག་གི་བསྟོད་གྱུར་པ། །དེ་ཚེ་མཆོད་འོས་ཁྱོད་ལ་ཕྱག་འཚལ་ལོ། །ང་ཡང་འདི་དང་ཕྱི་མ་ལན་གསུམ་དུ། །ཐུབ་པ་ཁྱོད་ཀྱི་ཞབས་ལ་ཕྱག་འཚལ་ཞིང༌། །ཕ་དང་མ་ཡིས་བསམས་ཏེ་བཏགས་པ་ཡི། །དོན་གྲུབ་ལེགས་པར་བདག་གིས་བསྟོད་ཕྱག་འཚལ། །རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་གསུམ་ན་ལྷམ་མེ་བ། །མགོན་པོ་མཆོག་གྱུར་ཁྱོད་ལ་སྐྱབས་སུ་མཆི། གྲངས་ཆེན་ཤེས་རབ་ཆེན་པོ་པ། ཐུབ་ཆེན་དཔའ་པོ་ཆེན་པོ་བ། སྲིད་པའི་མྱ་ངན་རྒལ་བ་བོ། ཉོན་མོངས་བརྒལ་ལ་ཕྱག་འཚལ་ལོ། མཚན་མཆོག་སུམ་ཅུ་རྩ་གཉིས་སྐུ་མངའ་ཞིང༌། མཚན་བཟང་དག་གིས་མེ་ཏོག་རབ་རྒྱས་པའི། གསེར་མདོག་འདྲ་བ་ཁྱོད་ལ་ཕྱག་འཚལ་ལོ། སངས་རྒྱས་སྤྱོད་ཡུལ་ཁྱོད་ལ་ཕྱག་འཚལ་ལོ། བདེན་པ་རབ་སྟོན་ཐུབ་པ་ཁྱོད་ལ་ཕྱག་འཚལ་ལོ། ཅེས་ཤཱཀྱ་ཐུབ་པ་ཕྱག་འཚལ་བསྟོད་པ་བྱེད་མཆོད་པ་འབུལ་ལོ། །དེ་ནས་ཡང་ཕྱི་དེ་ནང་བར་བྱ་ཁྭ་ཏའི་སྐད་ཀྱིས་མི་ནོན་པའི་དུས་སུ་འོངས་ཤིང༌། བྲག་དང་ཆུ་འཐབ་བའི་སར་ལྷ་རང་གིས་ཞབས་ཀྱིས་བཅགས་ནས་བྱོན། ཉི་མ་དྲུག་དྲུག་གི་ལམ་པོ་སྔ་དྲོ་རེ་རེ་ལ་མཆོད་པར་བྱས་སོ། །སེམས་ཅན་མ་དག་པར་རྣམས་ཀྱི་སྣང་བ་ལ་ཕྱི་རབས་ཀྱི་དུས་སུ་བོད་ཡུལ་དུ་བུད་མེད་ཁྲེལ་ལ་འཛེམ་པ་ཉུང་བར་འོངས་པའི་རྟགས་སུ། ལྷ་ཅིག་ཨོང་ཅོང་ལ་བློན་པོ་མགར་གྱི་བུ་ཅིག་ཆགས་ནས་ལམ་དུ་ཆུ་ཟོས་པས། ལྷ་ཅིག་སྐུ་ལུས་ནོང་བར་གྱུར་ནས། རྒྱལ་པོ་སྲོང་བཙན་སྒམ་པོའི་སྤྱན་སྔར་མགྱོགས་པར་འོང་བར་འཚར་ནས། བོད་དུ་འོང་བའི་ཟླ་བའི་དུས་ཚོད་མ་ཐེམས་ཀྱི་བར་དུ། ཁམས་སུ་ལྡན་པའི་བྲག་སྔོན་རྩི་དཀར་ཅན་ལ་རྒྱས་པའི་དབུ་དུམ་དང༌། བཟང་པོ་སྤྱོད་པའི་སྨོན་ལམ་འབུར་དུ་བཏོད་པ་བརྐོས་ནས་བྲིས། བྱ་དུར་གླང་སྣར་ཐུབ་པའི་སྐུ་ཁྲུ་བརྒྱད་ཅུ་པ་གཅིག་བཞེངས། ཤྭ་བ་བཟུང་ནས་རྨོས་བྱས། བླང་གྲུ་དུས་ཐུང་དུ་རང་ཐག་ཆུ་སྐོར་བཅོས། ནགས་ཤོད་དུ་ལམ་ནོར་དུ་བཅུག་པ་ལ་སོགས་པ་ལ་སྙད་བྱས་ནས་འགོར་རོ། །དེའི་དུས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྣང་བ་ལ། ཁ་བ་ཅན་གྱི་རྒྱལ་ཁམས་འདི་ཤཱཀྱ་མུ་ནེས་ཞབས་ཀྱི་བཅགས་པ་དེས་ཤིན་ཏུ་བཀྲ་ཤིས་པའི་སྣང་བ་བྱུང་ངོ༌།། བློན་པོ་ཆེན་པོ་མགར་ནི་རྒྱ་ནག་རྒྱལ་པོ་ཨོང་ཅོང་གི་སྐྱིན་ཚབ་དུ་བཟུང་ནས་བོད་ལ་ཡར་མ་བཏང་ངོ༌། །དེར་རྒྱལ་པོས་བློན་པོ་རིགས་པ་ཅན་དེའི་རིགས་རྒྱུད་མང་པོ་ལ་འཕེལ་དུ་རེ་ནས་རྒྱ་མོ་གཟུགས་མཛེས་པ། རིགས་བཟང་བ་ཅིག་བློན་པོ་མགར་ལ་བཙུན་མོ་ཕུལ་ལོ། །རྒྱལ་པོས་དེ་ལྟར་བྱས་ཀྱང༌། བློན་པོ་ཆེན་པོས་རིགས་རྒྱུད་འཕེལ་གྱིས་དོགས་ནས་རྒྱ་མོ་དང་འགྲོགས་འབྲེལ་མ་བྱས་སོ། །དེ་ནས་བློན་པོ་ཆེན་པོ་མགར་ཡར་ལ་ཡོང་བའི་ཐབས་མཁས་པར་བྱས་པ་ལ། རྒྱ་མོ་དེས་ཟས་དང་སྐོམ་ཅི་སྦྱིན་ཀྱང་མ་ཟོས་མ་འཐུངས་པས་ལུས་ཀྱི་ཤ་པགས་བསྐམས་ནས་ཤིན་ཏུ་རིད་པར་གྱུར་ཏོ། །དེ་ནས་ཉི་མ་ལ་རྟག་ཏུ་ཉལ་བས་ཤ་མདོག་སྔོན་ནག་ཏུ་སོང༌། འགྲམ་ཕུག་གཡས་དང་གཡོན་དུ་རམས་དང་རྒྱ་མཚོས་བཅུག་ནས་ལུད་པ་ས་ལ་བོར་བས་སྔོ་དམར་དུ་བྱུུང་བས་རྣག་ཁྲག་ཏུ་གསལ་བར་མཐོང༌། མལ་འོག་ཏུ་ས་བྷལ་བདལ་བའི་འོག་ཏུ་ཀོ་བ་རུལ་བ་བཏིང་ནས་དེའི་སྟེང་དུ་གདན་བཏིང་ནས་རྟག་ཏུ་ཉལ་བས། ལུས་ལ་དྲི་མི་ཞིམ་པ་སྣམ་བྱུང་བས། རྒྱ་མོས་དྲི་དེ་ཚོར་ནས། བློན་པོ་ཆེན་པོ་སྐུ་ལ་དྲི་མི་ཞིམ་པ་སྣམ་པ་འདི་ཅི་ཙུག་ཡིན་ལགས་ཟེར་བས། བློན་པོ་ན་རེ་ང་ལ་ཚད་པའི་ནད་བྱུང་བ་མ་ཚོར་རམ་ཟེར་སྐད། དེ་ནས་རྒྱ་མོ་དེས་རྒྱལ་པོ་ལ་བློན་པོ་མགར་ནི་ཚད་པའི་ན་ཚ་བྱུང་ནས་སྙུང་འདུག་ཞུས་པས། ཉིན་ཅིག་ཙ་ན་རྒྱལ་པོ་ཆེན་པོ་དེ་བྱོན་ནས། བློན་པོ་ཆེན་པོ་ནད་ཀྱིས་སྙུང་ངམ་དེ་མ་ལེགས་ངེད་རང་རྣམས་ལ་འདུན་མ་བྱ་རྒྱུ་མང་པོ་ཡོད་གསུང་བ་ལ། བློན་པོ་སྙུང་ནས་མལ་ནས་མ་སློངས་པའི་རྫུས་བྱས་ཕྱེད་ལངས་བྱས་ནས་ཐལ་མོ་སྦྱར་ཏེ། རྗེ་ཅིག་ལགས་ཞེས་ཞེ་ས་ཕུལ་ནས། བདག་གློ་ནད་ཅིག་འཚལ་གདའ་ལགས་ཞུས་པས། རྒྱལ་པོས་བློན་པོ་རིད་པར་གྱུར་པ་དེ་གཟིགས་ནས། བློན་པོའི་རྩ་དེ་ཚོར་ལུད་པ་གྱུར་འདུག་པ་ཡང་རྣག་ཁྲག་ཏུ་བྱུང༌། མཐོ་ཕྱི་ན་ཡང་རྣག་ཁྲག་གི་ལུད་པ་མང་པོ་བསྐམས་ནས་འདུག་པ་མཐོང་ནས། བློན་པོ་མགར་ཤི་ཡི་དོགས་ནས། སང་ནང་བར་རྒྱ་ནག་ཡུལ་ནས་མཁས་པའི་སྨན་པ་ཅིག་འབོད་གསུང་གི་འདུག་པས། དེར་བློན་པོས་བཙུན་མོ་རྒྱ་མོ་དེ་ལ་དོ་ནུབ་བུ་མོ་ཁྱོད་རང་ནང་སྒོའི་ཕྱིར་ཉོལ་ཞིག ཉེད་རང་གཉིས་དུམ་ཅིག་སྟབས་སུ་ཉལ་ན་ཁྱེད་བུད་མེད་འདི་གྲིབ་ཆེ་བས། སང་ནང་བར་སྨན་པས་རྩ་ངོ་མི་ཤེས། དེ་མ་ཤེས་པར་སྨན་པས་བཅོས་ལེག་བྱུང་ན་ང་འཆི། ང་ཤི་ན་ཁྱོད་ལ་ཡུགས་ས་ཡོང་དེ་ནས་ཁྱོད་འདོད་མཁན་མི་ཡོང་བར་སྡུག་པོ་ཡོང༌། ང་གར་ཤི་བའི་ཡུལ་གྲོང་དེར་ལྟས་ངན་པ་ཆེན་པོ་བཅོ་བརྒྱད་ཡོང༌། མི་རུང་བ་བཅུ་དགུ་ཡོང་ཟེར་ནས་མོ་ནང་སྒོའི་ཕྱིར་བཏོན། དེ་ནས་བློན་པོ་ཁོ་རང་གི་ནང་དུ་སོ་ཕག་གི་མལ་ས་ཟླུམ་པོ་མཐོན་པོ་ཅིག་བཅོས་ནས། དེའི་ནང་ལ་དར་དང་སྲིང་བལ་གྱིས་གཡོགས་ནས། ཁོང་རང་གི་ལག་ངར་གཉིས་རྟ་རྔས་དམ་པར་བཀྱིགས་ནས། སོ་ཕག་གི་མལ་དུ་མགོ་ཞབས་ལོག་ནས་སྤྱི་འདྲེན་རེ་བྱས་ཀྱིན་ཉལ་ལོ། །དེ་ལྟར་བྱས་པས་རྩ་ཐམས་ཅད་འཁྲུགས་ནས་ཡོད་པ་ལ། སང་ནང་བར་དེ་སྨན་པ་ཅིག་བྱུང་ནས་རྩ་བལྟས་ནས། རྒྱལ་པོ་ལ་རྩའི་ལུང་སྨྲས་པ། ཀྱཻ་རྒྱལ་པོ་ཆེན་པོ་ལགས། བློན་པོ་ཆེན་པོ་འདིའི་ནད་ཀྱི་རྒྱུ་ནི་རླུང་ལས་གྱུར་པའི་ནད་བརྒྱ་རྩ་གཅིག་ཀྱང་མིན། མཁྲིས་པ་ལས་གྱུར་པའི་ནད་བརྒྱ་རྩ་གཅིག་ཀྱང་མིན། བད་ཀན་ལས་གྱུར་པའི་ནད་བརྒྱ་རྩ་གཅིག་ཀྱང་མིན། འདུས་པ་ལས་གྱུར་པའི་ནད་བརྒྱ་རྩ་གཅིག་ཀྱང་མིན། འདི་འབྱུང་བ་བཞི་འཁྲུགས་ཀྱི་ནད་མིན། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང༌། བྱིས་པའི་གདོན་ཆེན་བཅོ་བརྒྱད་དང༌། ནད་བདག་དལ་བདག་རིམས་བདག་གི་ནད་ཀྱང་མིན། སྨད་ཁྲག་སྟོད་ལ་མཆེད་དུ་བསིགས་པ། རྒྱུན་རྩ་བླ་རྩ་གང་ཡང་ངོ་བརྟག་བྱེད་རྒྱུ་མེད་པ། མི་ལ་སྔར་འདི་འདྲའི་ནང་བྱུང་བའི་དཔེ་མི་འདུག་པའི་ནད་ཅིག་འདུག འདི་འདྲ་ལ་ངས་བཅོས་ཐབས་མི་ཤེས་པས་ཁོ་རང་ལ་དྲིས་ཟེར་རོ། །དེར་རྒྱལ་པོའི་ཐུགས་དགོངས་ལ་བློན་པོ་འདི་རིག་ཆེ་བས་ཁོ་རང་གིས་ཤེས་འོང་སྙམ་ནས། རྒྱལ་པོའི་ཞལ་ནས། བློན་པོ་ཆེན་པོ་ཁྱེད་རིག་པ་ཅན་ཡིན་པ་ལ་ཁྱེད་ཀྱི་ནད་འདི་ཁྱེད་རང་གིས་ཇི་ལྟར་ཡིན་མ་ཤེས་སམ་ཞེས་དྲིས་པས། བློན་པོ་ན་རེ་ང་ཁྱེད་ཀྱིས་བཙོན་དུ་བཟུང་བས་བོད་ཀྱི་ལྷ་མ་དགའ་བའི་ནད་ཡིན་ཟེར། དེ་ལ་ཅིག་ཕན་དྲིས་པས་ལྟོ་ཆོག་བྱས་ན་ཕན་ཟེར། དེ་ལ་ཅི་དགོས་བྱས་པར། རྟ་མོག་གྲོ་མགོ་དམར་ཅིག་དགོས། དར་ཟབ་ཀྱི་ཐལ་བ་སྒྲོ་བ་གང་དགོས། ལུག་གི་མཚེར་བའི་ཁྲག་གྲོད་པ་གང་དགོས། སོལ་བའི་མདུང་ཤིང་སེར་ཀ་མེད་པ་འདོམ་གསུམ་ཡོད་པ་དགོས་ཟེར་བས། རྒྱལ་པོ་ཀོང་རྩེ་འཕྲུལ་ཆུང་གིས་ཁྲིམས་རྔ་བརྡུངས་ནས་སྐད་བཏང་བས། རྒྱ་ནག་གི་བློན་འབངས་རྣམས་འདུས་སོ། །རྒྱལ་པོའི་ཞལ་ནས། ངའི་བློན་པོ་རིག་པ་ཅན་འདི་འཆི་བར་ཐུག་བྱུང༌། སྨན་པ་མཁས་པས་ཀྱང་བཅོས་ཐབས་མ་རྙེད། བློན་པོ་ཁོ་རང་ལ་ཅི་ཕན་དྲིས་པས་ལྟོ་ཆོག་ཕན་ཆ་འདི་འདྲ་དགོས་ཟེར་པས། ཁྱེད་རྣམས་ཀྱིས་དེ་ལྟར་སྒྲུབས་ཤིག་ཅེས་བཀའ་བསྒོས་པས། བློན་འབངས་རྣམས་ཀྱིས་རྒྱལ་པོའི་བཀའ་བཞིན་དུ་རྫས་བསྒྲུབས་པ་ལ། ནགས་ཀྱི་རིགས་ཐམས་ཅད་མེས་བསྲེགས་ཀྱང་སོལ་བའི་མདུང་ཤིང་སེར་ཀ་མེད་པ་འདོམ་གསུམ་པས་མཐོ་གང་ཡང་མ་བྱུང༌། ལུག་ཐམས་ཅད་བསད་ཀྱང་མཚེར་བའི་ཁྲག་གྲོག་པ་གང་ལས་ཕུལ་གང་ཀྱང་མ་བྱུང༌། དར་ཟབ་ཐམས་ཅད་བསྲེགས་ཀྱང་ཐལ་བ་སྒྲོ་བ་གང་ལས་ཕུལ་གང་ཡང་མ་བྱུང་ནས། རྒྱལ་པོས་བོད་བློན་ལ་རྟ་དེ་རྙེད་དེ་གཞན་མ་རྙེད་དོ་གསུངས་པས། བློན་པོ་ན་རེ་རྟ་འདི་ལན་ཅིག་དགོས་པའང་སྲིད་པས་ཚགས་བྱེད་དེ། ལར་ང་རང་འཆི། ང་ཤི་ན་སྤྱིར་ཡུལ་མི་ལ་མི་རུང༌། དགོས་སུ་རྒྱལ་པོ་ལ་མི་རུང་ཟེར་རོ། །དེ་ནས་རྒྱལ་པོའི་ཐུགས་ལ་བློན་པོ་དེ་ཤིའི་དོགས་ནས་ཡང་འདི་སྐད་གསུང་ངོ༌། །བློན་པོ་ཆེན་པོ་ཁྱོད་རིག་པ་ཅན་ཡིན་པ་ལ། ཁྱོད་ཀྱི་ནད་འདི་ལ་གཞན་པ་འཚོ་བའི་ཐབས་དང་ཕན་པ་ཅི་ཡོད་གསུངས་པས། བློན་པོ་ཆེན་པོའི་ཞལ་ནས། བོད་ཀྱི་རི་མགོ་མཐོང་བའི་སར་ལྷ་གསོལ་དུ་བཏང་ན་ཕན་ཞིང་ང་འཚོ་ཟེར་བས། རྒྱལ་པོ་ན་རེ། དེ་ལ་ཆས་ཅི་འདྲ་དགོས་གསུངས་པས། བློན་པ་ན་རེ། ཆང་གར་མ་གར་གྱིས་བསེངས་པ་རྐྱལ་བ་དོ་དགོས། འབྲས་ཡོས་ཚ་མར་ལ་སྤེལ་བ་སྒྲོ་བ་དོ་དགོས། ཤ་སྐམ་ཚྭ་ཁུ་ལ་བཙོས་པ་ཕང་རྩེ་དོ་དགོས་ཟེར་བས་བློན་པོ་ཤིའི་དོགས་ནས་ཆས་དེ་རྣམས་བསྐུར་ནས་བློན་པོ་ལྷ་གསོལ་དུ་བཏང་ངོ༌། །དེར་བློན་པོ་བོད་དུ་ཤོར་གྱིས་དོགས་ནས་གྱད་སྟོབས་པོ་ཆེ་བཞི་སྐུ་སྲུང་ལ་བཏང་ངོ༌། །ཁོང་རྣམས་ཡང་ལྷ་གསོལ་དུ་འགྲོ་ཁར་བློན་པ་ལ། རྒྱལ་པོ་ན་རེ། བློན་པོ་ཁྱོད་རིག་པ་ཅན་ཡིན་པས་སོ་ནམ་རན་འདུག་པས། སོ་ནམ་ཇི་ལྟར་བྱས་ན་ལོ་ལེགས་གསུངས་པས། བློན་པོ་ན་རེ་ས་བོན་ཐམས་ཅད་ཡོངས་སུ་བརྔོས་ལ་ཐོབ་དང་གྲུམ་པ་ཐུག་ལ་སྐྱེད་རིང་བ། སྙིམ་ཆེ་ཞིང་ལོ་ལེགས་པོ་ཡང་དག་པ་སྐྱེས་ཡོང་བྱས་པས། དེར་རྒྱལ་པོས་ཁྲིམས་ཀྱི་འབོད་རྔ་བརྡུངས་པས་ཡུལ་མི་བློན་འབངས་རྣམས་དེར་འདུས་པ་ལ། རྒྱལ་པོའི་ཞལ་ནས། ཁྱོད་རྣམས་ཐམས་ཅད་ས་བོན་ཚོ་ཡོངས་སུ་བརྔོས་ནས་མི་འདེབས་ན་སུ་མི་འདེབས་པ་དེ་ལ་ཆད་པ་གཅོད་དོ་གསུངས་པས། རྒྱ་ནག་གི་རྒྱལ་ཁམས་ཐམས་ཅད་ཀྱིས་ས་བོན་རྣམས་ཡོངས་སུ་བརྔོ་ནས་བཏབ་བོ། །དེ་ནས་བློན་པོ་མགར་ལམ་དུ་ཞུགས་པའི་དུས་ན། རྟ་མོག་གྲོ་མགོ་དམར་ལ་ལྷ་གསོལ་བའི་ཆས་བཀལ་ནས་ཁྲིད། བློན་པོ་ལ་ཤིང་གི་ནད་མལ་གྲུ་བཞི་བྱས་ནས། གྱད་སྟོབས་ཆེན་བཞིས་བཏེགས་ནས་ཡོང་ངོ༌། །ངལ་སུ་ཆད་ཀྱིས་བློན་པོས་ལྷ་རེ་གསོལ། ཁོང་མི་བརྒྱད་ལ་འབྲས་ཡོས་དང༌། ཤ་དང༌། ཆང་རྣམས་ནི་ལྷའི་ཕ་འབབ་ས་ཆུང་ཡང་སྐལ་བ་མ་ཆད་པ་ཡིན། ཆེན་པོ་ཟར་མི་བཏུབ་ཟེར་ནས་ཁོང་ཚོ་ལ་ཆུང་ཆུང་རེ་ལས་མ་སྦྱིན་པས་འགྱོགས་པར་འདེངས། ལྷ་གསོལ་བའི་ས་ཆེན་པོ་དེར་མ་སླེབས་ན་དགྲ་ཡོང་ཟེར། བློན་པོ་ཁོ་རང་གིས་བེར་གྱི་ཕུ་ཐུང་ནང་དུ་ཟས་སྐོམ་འགྲངས་པ་རེ་ཚགས་བྱས་ནས་གསོལ་གྱིན་ལུས་གུད་པ་དེ་གསོ་ཡིན་ཡོང་བས། རྒྱལ་མོ་ཚ་བ་རོང་དུ་སླེབ་བོ། །དེར་ཤ་ཆང་མང་པོ་ཉོས་ནས་བོད་ཀྱི་རི་མཐོང་བའི་སར་ཕྱིན་ནས། བློན་པོ་ན་རེ་འདི་ནི་ལྷ་རི་གྱང་མཐོ་བྱ་བ་ཡིན་པས། ལྷ་གསོལ་ས་ཆེན་པོ་ཡིན་ནོ་ཟེར་ནས་དེར་ཆོས་རྣམས་ཕབ་སྟེ། ལྷ་ལ་གསོལ་མཆོད་བྱས་སོ། །དེ་ནས་མི་བཞི་དང་གྱད་པ་བཞི་བརྒྱད་པོ་ལ། འབྲས་ཡོས་ཚྭ་མར་ལ་སྤོལ་བ་ལ། ཤ་སྐམ་ཚྭ་ཁུ་ལ་བཙོས་པ་དང་བཅས་པ་ཁོང་ཚོའི་སྔུན་དུ་བཞག་ནས། ཁྱོད་ཚོ་སྦྱངས་སོ་ལྟོགས་ཆད་འཛོམ་ཡོད་ཟེར་ནས་ཁོང་རང་རྣམས་ཅི་ཙམ་ཟ་འདོད་ཟར་བཅུག་ནས། ཁ་སྐོམ་པའི་དུས་སུ་ཆང་གར་ལ་གར་བསིངས་པ་དེ་ནས་ཙམ་འདོད་ཁོང་རང་རྣམས་འཐུང་བཅུག་གོ །དེར་རྒྱའི་མི་བརྒྱད་པོ་ཆང་གིས་ར་རོ་ནས་གཉིད་ལོག་པ་དང༌། བློན་པོས་ཁོང་ཚོའི་མཚོན་རྣམས་བཅག གཞུའི་རྒྱུད་བཅད། རྟ་ཚོའི་རྐང་སུག་ཚོ་བརྡུངས་ནས་བཅག བློན་པོ་ཆེན་པོ་རང་གི་རྟ་མོག་གྲོ་མགོ་དམར་དེ་གཞན་གྱིས་ཁོའི་རྗེས་མི་སླེབ་པ་ཡིན་པས། དེ་ལ་ཞོན་པས་མི་བཞི་ཁྲིད་གྱད་པ་བཞི་ལ་ཆུ་གཏོར་ནས་དགྲ་བྱུང་ལོངས་བྱས་པ་བཞི་ནི་འཐབ་འཐོམ་དུ་ལངས་ནས་བལྟས་པས། རྟ་དང་གོ་མཚོན་ནི་ཆུད་ཟོད་ནས་མེད། བློན་པོ་ང་བོད་དུ་འགྲོ་བ་ཡིན་ཟེར་རྟ་ལ་ལྕག་བརྒྱབ་ནས་ཤད་ཀྱིས་སོང་བ་དང༌། གྱད་པ་མི་བཞི་བོ་ན་རེ། བོད་ཀྱི་བློན་པོས་དེ་ཀ་བྱེད་པར་སྔར་ནས་དོགས་པས། དེ་ད་རེས་བྱས་སོ་ཟེར་སྐད། ད་ཉེད་རང་ཚོ་ཡང་མར་ལ་ལོག་ན་རྒྱལ་པོས་ཆད་པ་གཅོད་ཅུ་ཡོང་བས། བློན་པོ་ཁོང་རང་གི་ཟླ་ཕྱི་ལ་ཡར་འགྲོ་བ་དྲག་ཟེར་ནས་བློན་ཆེན་མགར་གྱི་ཕྱིར་འབྲངས་ཏེ་ཡོང་ངོ༌། །ད་ལྟའི་རུས་མིང་རྒྱ་ཟེར་བ་འདི་དེ་ཚོ་ནས་གྱེས་པ་ཡིན་ཞེས་སོ། །མི་བཞི་ཁྲིད་པ་དེ་འཛིང་དང༌། ཝ་དང༌། གཟེ་དང༌། ཁྱོ་འབྱམ་ཡིན། གྱད་མི་བཞི་ནི། རྗེ་དང༌། བྲམ་དང༌། དམངས་དང༌། གདོལ་དང་བཞི་ཡིན་ནོ། །བློན་པོས་ཀྱང་དེ་ཚོ་ཉི་མ་རིང་ཙམ་བྱས་ཁྲིད་ཡོང་ནས་ཁམས་སྨད་ཙམ་ལ་སླེབ་པ་དང༌། རྒྱ་ནག་ཡུལ་དུ་ལྗང་བ་སྐྱེས་པ་རང་ལ་གྲུམ་པ་འཐུང་བར་བྱུང་བ་ལ། སྙེ་མ་ཐམས་ཅད་ལོང་བར་སོང་བས། རྒྱའི་མི་རྣམས་ན་རེ། བོད་ཀྱི་བློན་པོས་ཞེ་གདུག་ཆེན་པོ་བྱས་པ་འདྲ། སྙེ་མ་ཐམས་ཅད་མི་མིག་མེད་པར་ལོང་བར་སོང་འདུག་ཟེར། དེ་ནས་མི་རྣམས་ན་རེ། ངེད་རང་གི་ནགས་ཚལ་ཐམས་ཅད་ཀྱང་མེར་བསྲེགས། དར་ཟབ་ཐམས་ཅད་བསྲེགས་ནས་རྩ་བས་བཅད། ལུག་ཐམས་ཅད་བསད་ནས་རབས་བཅད། རྩིས་བསྐོར་སྤོང་ཐང་ཁྲ་མོ་མེས་ཚིག ལྷ་ཅིག་ཨོང་ཅོང་ཕྲོགས། ལྷ་རྟེན་ཤཱཀྱ་མུ་ནེ་ཡང་བོད་ཡུལ་དུ་ཁྱེར། བོད་བློན་རིག་པ་ཅན་དེས་རྒྱ་ནག་གི་ཡུལ་ཁམས་ཐམས་ཅད་ཕུང་བར་བྱས་སོ་ཞེས་གླེངས་སོ། །དེ་ནས་གཅིག་ནས་གཅིག་ཏུ་བཤད་ཅིང་བརྒྱུད་པས། རྒྱལ་པོའི་སྙན་དུ་ཐོས་ནས་རྒྱལ་པོས་བསམ་པས་དེ་བདེན་སྙམ་ནས། བློན་པོ་ངན་པ་དེ་བོད་དུ་སོང་བར་སྲིད། ཁྱོད་རྣམས་སོང་ལ་གདོས་ཁྲིད་ཤོག མ་ཟིན་ན་མདའ་རྒྱོབ་ལ་སོད་ཤིག་གསུངས་ནས་རྟ་བ་མང་པོ་འདེད་དུ་བཏང་ངོ༌། །དེ་ནས་བློན་པོ་མགར་གྱིས་འདེད་མི་མང་པོས་རྗེས་སླེབ་ལ་ཁད་ཀྱི་རྫི་ཚོར་བ་དང་རྟ་མཚེར་རྙིང་པ་ཅིག་ཏུ་ཕྱིན་ནས་གྱད་པ་བཞི་དང༌། མི་བཞི་དང་བཅས་རྟའི་སྦངས་མང་པོར་ཕྱགས་ཏེ་རྒྱ་ཆུ་ལྐུགས་པའི་གཙང་པོ་ལ་སྐུར་བས། རྒྱའི་འདེད་མི་རྣམས་ཀྱིས་སྦངས་མང་པོ་ཆུ་ནང་དུ་བྱུང་བ་མཐོང་ནས། དེ་རྗེས་སླེབས་ཀྱང་ཕན་པ་མེད་པ་འདུག་ངེད་རང་ཚོས་ཐུབ་པར་མེད་འདུག ཁོང་ལ་བསུ་མའི་དམག་མང་པོ་བྱུང་འདུག་པ། རབ་རྒལ་བའི་སར་རྟ་སྦངས་བཏང་བ་རང་ལ་ཡང་འདི་ཙམ་བྱུང་འདུག་པ་ཟེར་ནས་ཉིན་གཅིག་ཞག་གཅིག་མར་ལ་ལོག་གོ །ཡང་མི་ཅིག་ན་རེ་ལོག་པ་མི་དྲག རྒྱལ་པོས་བཀའ་དང་ཆད་པ་ཡོང་བས་ད་དུང་ཡར་ལ་ལོག་ནས་བློན་པོ་ངན་པ་དེ་མ་ཟིན་པར་དེད་པ་དྲག་ཟེར་ནས། ཡར་ལ་ལོག་ནས་བརྡས་སོ། །ཡང་བློན་པོས་ཁོང་ཚོ་ཡར་ལོག་ནས་འདེད་དུ་བྱུང་བའི་རྫི་ཚོར་ནས་ཉིན་ཅིག་སྦ་ནགས་དང་འཕྲད་པ་ལ། གྱད་མི་བཞི་སྦ་མང་པོ་འབྲེག་ཏུ་བཅུག་རྟ་ལྕག་མང་པོ་བཅོས་ནས་ཆུ་ལ་བསྐུར་པས། རྒྱའི་འདེད་མི་རྣམས་རྟ་ལྕག་མང་པོ་ཆུ་ནང་དུ་བྱུང་བ་མཐོང་ནས། དེ་རྗེས་སླེབས་ཀྱང་ཕན་པ་མེད་འདུག རྟ་ལྕག་གཅིག་བུ་ཆུས་ཁྱེར་བ་རང་ལ་འདི་ཙམ་པ་བྱུང་འདུག ཁོ་བསུ་མི་ཚོ་མང་དྲགས་ངེད་རང་ཚོས་རྗེས་སླེབས་ཀྱང་ཁོང་གིས་ཡང་ཁྲིད་འགྲོ་བས་མར་ལོག་པ་དྲག་ཟེར་ཕྱིར་ལོག་གོ །མ་གིར་སླེབས་པ་དང་རྒྱལ་པོ་ལ་ཁོང་ཚོས་བློན་པོའི་རྗེས་མ་ཟིན་པའི་ལོ་རྒྱུས་བཤད་པས། རྒྱལ་པོའི་ཞལ་ནས། བོད་ཀྱི་རྒྱལ་པོ་དང་བློན་པོ་གཉིས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པས་ན། རྗེས་སླེབས་ཀྱང་ཕན་པ་མེད་པས་བདེན་གསུང་ངོ༌། །དེའི་དུས་སུ་རྒྱ་ནག་རྒྱལ་ཁམས་སུ་མུ་གེ་ཆེ་བར་བྱུང་བ་ལས། རྒྱ་ནག་རྒྱལ་པོའི་ཐུགས་དགོངས་ལ། རྒྱལ་ཁམས་སུ་མུ་གེ་ཆེ་བ་འདི་འོ་རྒྱལ་སྙམ་ནས། རྒྱལ་པོ་སྲོང་བཙན་སྒམ་པོས་ཨོང་ཅོང་གི་རིན་དུ་ཕུལ་བའི་བཻཌཱུརྱའི་རྨོག་ཞུ་ཡོན་ཏན་དུ་མ་དང་ལྡན་པ་དེ། ལྷ་ཤཱཀྱའི་མུ་ནེའི་གདན་ཁྲི་སྒྲོལ་མ་ཉི་ཤུ་རྩ་གཅིག་མས་བརྒྱན་པ་དེ་ལ་ཕུལ། གཞན་ཡང་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་བཤམས་ནས་ཕུལ་ཏེ་གསོལ་བ་བཏབ་པས། རྒྱ་ནག་རི་བོ་རྩེ་ལྔ་ནས་འབྲུའི་གཏེར་ཐོན་ནས་མུ་གེ་ཆེན་པོ་དེ་སངས་སོ། །རྒྱ་ནག་གི་རྒྱལ་ཁམས་ཕུང་བར་གྱུར་པ་དེ། བོད་ཀྱི་རྒྱལ་བློན་བྱང་ཆུབ་སེམས་དཔའ་ལ་དམའ་འཇོག་རྔན་ཅན་ཁྱད་གསོད་བྱས་པའི་སྒྲིབ་ཡོགས་ཀྱི་མཐུ་ཡིན་ཟེར་རོ། །རྒྱ་ནག་ཡུལ་དུ་བློན་པོ་མགར་གྱིས་ཞེ་གདུག་བྱས་པས་ནགས་རྣམས་བསྲེགས་ནས་སྲོག་ཆགས་མང་པོ་ཤི་བ་དང༌། ལུག་མང་པོ་བསད་པ་རྣམས་རྒྱལ་པོ་སྲོང་བཙན་སྒམ་པོའི་ཐུགས་རྗེས་འོད་ཟེར་ཀྱིས་སྐད་ཅིག་མ་ལ་མངོན་པར་རྫོགས་པར་སངས་རྒྱས་ནས། རྒྱ་ནག་རྒྱལ་པོ་ཀོང་ཙེ་འཕྲུལ་ཆུང་གི་ཕོ་བྲང་ཁྲི་སྒོ་ཅན་ལ་འཇའི་གདུགས་ཕུབ་པར་གྱུར་པ་མཐོང་ནས། རྒྱ་ནག་གི་རྒྱལ་བློན་འབངས་གསུམ་ཐམས་ཅད་ཞལ་གཅིག་ཏུ་འཆམ་པ་ལ་འདི་འདྲ་ངོ་མཚར་ཆེ། ལྷ་ཅིག་ཨོང་ཅོང་དེ་བོད་ཀྱི་རྒྱལ་པོ་དང་སྔོན་ནས་ལས་ཀྱི་འབྲེལ་ཡོད་པ་འདྲ། ལྷ་རྟེན་ཤཱཀྱ་མུ་ནེ་དེ་རྒྱ་ནག་གི་འགྲོ་དོན་མཛད་ཚར་ནས་བོད་ཀྱི་འགྲོ་དོན་མཛད་རན་པ་འདྲ་ཟེར་གྱིན་གླེང་ངོ༌། །རྒྱ་ནག་རྒྱལ་པོས་གཙོ་མཛད་ཐམས་ཅད་རྒྱལ་པོ་སྲོང་བཙན་སྒམ་པོ་ལ་མོས་ཤིང་དད་པར་གྱུར་ཏོ། །དེ་ལྟར་གྱུར་པས་རྒྱ་ནག་ཡུལ་ཁམས་ཐམས་ཅད་བདེ་ཞིང་སྐྱིད་པར་གྱུར་ཏོ། །རྒྱ་ནག་རྒྱལ་པོ་ཀོང་ཙེ་འཕྲུལ་ཆུང་བྱ་བ་དེ་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་ཞིག་གི་རྣམ་འཕྲུལ་ཡིན་ཟེར་རོ།། དེ་ནས་བློན་པོ་ཁམས་སྟོང་ཤོད་སྙེ་བོ་ནགས་སུ་སླེབས་པ་དང༌། ནགས་ཤོད་ན་ཨོང་ཅོང་འཁོར་བཅས་འདུག་པ་ཐུགས་དགྱེས་སོ། །བློན་པོ་ཆེན་པོ་འགོར་རོ་གསུང་ཞལ་མཇལ་སྐད་དོ། །དེ་ནས་སྔར་གྱི་ལོ་རྒྱུས་རྣམས་བཤད་ནས། དེ་ནས་བློན་པོས་སྔོན་ལ་མལ་གྲོའི་སྒང་ལ་བྱོན། དེའི་སྔོན་ལ་སྙགས་ཀྱིས་ནམ་ལ་རྒྱལ་པོའི་སྔར་ཕྱིན་ནས། བློན་པོ་མགར་ནི་རྒྱ་ནག་རྒྱལ་པོས་ལྷ་ཅིག་ཨོང་ཅོང་གི་མི་སྐྱིན་དུ་བཟུང་སྟེ་བསྡད། ལྷ་ཅིག་ཨོང་ཅོང་དང༌། ལྷ་ཤཱཀྱ་མུ་ནེ་ངས་སྤྱན་དྲངས་ནས་ཡོད། རྒྱལ་པོས་དགའ་སྟོན་བཤོམ་དགོས་ཞུས་པས། རྒྱལ་པོ་ནི་ཐུགས་སྒམ་པས། ཁྱོད་ལ་རྒྱ་ནག་རྒྱལ་པོའི་ལག་རྟགས་མི་འདུག་པ་གསུངས་ནས་དགའ་སྟོན་ཤོམ་དུ་མ་ཉན་ནོ། །དཀའ་ལས་མགར་གྱིས་བརྒྱབ། ངོ་སོ་སྙགས་ཀྱིས་བྱས་བྱ་བ་ཡང་དེ་ལྟར་དུ་བྱུང་ངོ༌། །དེ་ནས་བློན་པོ་མགར་གྱིས་རྒྱ་ནག་རྒྱལ་པོ་ཀོང་ཙེ་འཕྲུལ་ཆུང་གི་ཆིབས་རྟ་མོག་གྲོ་མགོ་དམར་དེ་ལ། དར་ཟབ་པདྨ་རིས་ཀྱི་གནས་དང་སེང་ལྡེང་གི་སྒ་བསྡད། གསེར་སྲབ་གཡུ་མཐུར་བཏགས་ནས་ཞོན། རྒྱ་ནག་རྒྱལ་པོའི་ནང་བློན་མི་བཞི་དང༌། གྱད་པ་སྟོབས་ཆེན་བཞི་ཁྲིད་ནས་ལྷ་སར་སླེབས་ནས། བློན་པོ་ཆེན་པོ་མགར་གྱིས་སྒོ་བ་མི་གསུམ་ལ་འཕྲིན་སྐུར་ཏེ། ལྷ་ཅིག་འཕྲུལ་གྱི་ཨོང་ཅོང་ཡང་བྱོན་ནས་ཡོང༌། ལྷ་ཤཱཀྱ་མུ་ནེ་ཡང་སྤྱན་དྲངས་ནས་ཡོང༌། གཞན་ཡང་བོད་ཡུལ་དུ་བདེ་སྐྱིད་འབྱུུང་བའི་ཆ་རྐྱེན་མང་པོ་ལྷ་ཅིག་ཨོང་ཅོང་གི་ཡབ་རྒྱལ་པོས་བསྐུར་ཡོད། ངས་ཀྱང་རྒྱ་ནག་རྒྱལ་པོས་ལག་རྟགས་སུ་རྒྱལ་པོའི་ཆིབས་རྟ་མོག་གྲོ་མགོ་དམར་སྒ་གདན་སྲབ་དང་བཅས་པ་ཡོད། རྒྱལ་པོའི་ནང་བློན་གྱི་མི་བཞི། གྱད་པ་སྟོབས་ཆེན་བཞི་དང་བཅས་པ་བདེན་རྫུན་གྱི་དཔང་པོ་ལ་ཁྲིད་ཡོང་བས། རྒྱལ་པོ་ཆེན་པོ་དགའ་སྟོན་མཛད་པའི་སར་འབྱོན་པར་ཞུ་ཞེས་སྤྲིངས་པས། སྒོ་བ་མི་གསུམ་གྱིས་གུང་བློན་མི་གསུམ་ལ་སྤྲིངས། དེ་གསུམ་གྱིས་ཕྱག་ཚང་བྱེད་པའི་ནང་བློན་སྣ་ཆེན་པོ་ལ་སྤྲིངས། ནང་བློན་སྣ་ཆེན་པོས་རྒྱལ་པོ་སྲོང་བཙན་སྒམ་པོ་ལ་ཕྱག་བྱས་ནས་བློན་པོ་མགར་གྱི་འཕྲིན་སྙན་དུ་གསོལ་བས། རྒྱལ་པོ་དགའ་སྟོན་གྱི་གདན་སར་བྱོན་ནས། བློན་པོ་མགར་དང་མཇལ་བས། བློན་པོས་རྒྱ་ནག་ཏུ་དཀའ་ལས་བྱས་པའི་ལོ་རྒྱུས་རྣམས་བཤད་པས། རྒྱལ་པོ་ཐུགས་ཤིན་ཏུ་དགྱེས་པར་གྱུར་ཏོ། །རྒྱལ་པོ་ཆེན་པོའི་ཞལ་ནས། བློན་པོ་ཆེན་པོ་ཁྱོད་ཀྱིས་རྒྱ་ནག་རྒྱལ་པོའི་ལག་རྟགས་རང་ཡང་གསལ་ཞིང་མང་བ་བཟང་བར་གདའ་གསུང་ངོ༌། །དེ་ནས་བློན་པོ་ཆེན་པོ་མགར་གྱིས། ལྷ་ཅིག་འཕྲུལ་གྱི་ཨོང་ཅོང་འདི་ཇོ་མོ་བལ་མོ་ཁྲི་བཙུན་དང་ཅུང་ཐུགས་རིག་མི་འདྲ་བས། རྒྱལ་པོ་ཆེན་པོ་ཁྱེད་ཀྱིས་བསུ་བ་བཤའ་མ་ཅིག་བྱེད་དགོས། དེ་མ་བྱས་ན་ལྷ་ཅིག་ཨོང་ཅོང་འདི་བོད་དུ་མི་བཞུགས་པའི་ཉེན་ཡོད་ཅེས་ཞུས་པ་དང༌། རྒྱལ་པོས་བོད་འབངས་རྣམས་ལ་བློན་པོས་ལམ་གཉེ་དུ་བསྒོས་ཤིག་ཅེས་གསུངས་པས། བློན་པོ་མགར་གྱིས་བོད་འབངས་རྣམས་ལ་བསྒོ་བ་ལྷ་ཅིག་འཕྲུལ་གྱི་ཨོང་ཅོང་འདི་རྫུ་འཕྲུལ་ཆེ་བ། ཕྱོགས་གང་ནས་འབྱོན་ཆ་མེད་པས། རི་དང་ཀླུང་གི་ལམ་མི་བདེ་བ་ཐམས་ཅད་ཕྱོགས་ཕྱོགས་སུ་ཆོས་ལ་བདེ་བར་གྱིས་ཤིག་ཅེས་གསུངས། བོད་དབུས་གཙང་རུ་བཞིའི་རྒྱལ་ཁམས་ཐམས་ཅད་ཀྱི་མི་རྣམས་ཀྱིས། ཐད་ཀ་ཐད་ཀའི་ལམ་ཐམས་ཅད་བདེ་བར་བཅོས་སོ། །དེ་ནས་གྲོང་ཁྱེར་པའི་མི་ཕོ་མོ་ཀུན་ལུས་རྒྱན་གྱིས་བརྒྱན་ནས། ཨོང་ཅོང་དང༌། ལྷ་ཤཱཀྱ་མུ་ནེ་གཉིས་འབྱོན་པ་ལ་དགའ་སྟོན་བཟང་པོ་མཛད་པའི་སར་ལྟད་མོ་ལ་ཡོང་བ་ལ། ཕྱོགས་ཕྱོགས་ཀྱི་མི་རྣམས་རང་རང་ཐད་ཀའི་ས་ན་སྤྲུལ་པའི་རྒྱ་མོ་ཨོང་ཅོང་དུས་ཅིག་ན་མར་ཕྱོགས་བཞི་ཀ་ནས་བྱོན་པར་མཐོང་ངོ༌། །ལྷོ་ཕྱོགས་པ་རྣམས་ན་རེ། གྲིབ་ཕུ་ན་མར་བྱོན་པས། ཨོང་ཅོང་གིས་ཁྱག་པ་ལ་དངུལ་དཀར་གྱི་ལྕག་བསུགས་ནས། ཁྱག་པ་ཡ་གི་དུང་དཀར་གཡས་སུ་འཁྱིལ་བ་འདྲ་ཟེར། ནམ་མཁའ་འདི་གཡུང་དྲུང་འཁྱིལ་བ་འདྲ་གསུང༌། ལམ་ཤར་ན་མར་བྱོན་ཙམ་ན། མཁར་སྣ་གདོང་དུ་ཀྱི་གཙང་ལ་རབ་རྒལ་བའི་ས་ན་རྒྱ་མོ་རབ་ཁ་ཟེར་མིང་ཐོགས་པ་དེ་ཡིན་ནོ། །ལམ་བྱང་ངོས་སུ་སྒོ་ཕུ་ན་མར་བསུ་བ་བྱས་པས་གྲོང་གི་མིང་ཡང་ལྷ་བསུ་ཞེས་པར་གྲགས་སོ། །ནུབ་ཕྱོགས་པ་རྣམས་ན་རེ་སྟོད་ལུང་མདའ་ན་མར་བྱོན་པས། སྦལ་ཚལ་གྱི་བྲག་དང༌། བྱེ་མའི་རི་གྲུ་གསུམ་གྱི་བར་དུ་བྱོན་པས། འདི་ནས་ས་སྒོ་བྱེ་བའི་རི་ཕག་སྣ་འདྲ་བ་ཡོད། གནམ་སྒོ་བྱེ་བར་ལ་གྲི་ཕྱུང་ནས་གནམ་དུ་གྱུར་པ་འདྲ་བའི་བྲག་རལ་གྲི་འདྲ་བ་ཡོད། འདིའི་བར་དུ་དེ་ལ་ཞལ་གཟིགས་པའི་མགོན་པོ་ལྕམ་དྲལ་བྲིས་ཤིག་གསུང༌། རྒྱ་ནག་གི་ལྷ་བཟོས་བྲག་ལ་བྲིས་པ་བྲག་ལྷ་མགོན་པོར་བཏགས། ད་ལྟ་ཕག་སྣ་གདོང་ཅེས་སུ་གྲགས་སོ། །ལྷ་སའི་ནགས་ཀྱི་དབུས་བྱེ་མའི་གླིང་ནེའུ་ཆུང་གི་འགྲམ་དུ་ཤིང་རྟ་དྲངས་པས། དེ་ན་ཆུ་མིག་ཡོད་པའི་བྱེ་མའི་འདམ་དུ་ཤིང་རྟ་བྱིང་བས་གྱད་ལྷ་དགས་ལྷ་རྟེན་པས་མ་ཐེག ཀླུ་དགས་འཁོར་རྟེན་པས་འགུལ་བར་མ་ནུས། གྱད་གཉིས་ཀས་བཏོན་ཀྱང་འགུལ་བར་མ་ནུས་པར་ཤིང་རྟ་ཁ་ཤར་དུ་བསྒྱུར་རོ། །དེར་རྔ་མོང་དང་དྲེའུ་ལ་སོགས་པ་རྒྱ་ནས་ཡོང་བའི་ཁལ་མ་ཐམས་ཅད་ཀྱང་དེར་ཉལ་བས། ལྷ་ཅིག་ཨོང་ཅོང་གིས་འདི་ཅི་ཙུག་ཡིན་སྙམ་ནས། དེ་ཉིད་དུ་སྤོར་ཐང་ཁྲ་མོ་བཏིང་སྟེ་གཙུག་ལག་གི་རྩིས་མཛད་པའི་ཚེ། ས་དཔྱད་རིན་ཆེན་སྤུངས་པ་མཛད་ནས། སྤྱིར་ལྷོ་འཛམ་བུ་གླིང་འདིའི་སའི་འདུག་ལུགས་ཀྱི་དབང་དུ་བྱས་ན། རྒྱ་གར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན་རིའི་རྒྱལ་པོ་འབིགས་བྱེད་ཀྱི་ཤར་ནུབ་ཏུ་བཅད་པ་ན། གླང་པོ་ཆེ་ས་སྲུངས་ཀྱི་རྒྱལ་ཁམས་མེ་ཏོག་གི་གླིང་འདྲ་བ་ཡོད། དེའི་བྱང་ངོས་ན་རིའི་རྒྱལ་པོ་གངས་ཅན་ཞེས་བྱ་བ། ཁ་བ་ཅན་གྱི་རི་ཤེལ་དཀར་གྱི་མཆོད་རྟེན་འདྲ་བས་ཤར་ནུབ་ཏུ་བཅད་པའི་བྱང་ཕྱོགས་ན། བོད་ཁ་བ་ཅན་གྱི་རྒྱལ་ཁམས་སྲིན་མོ་གན་རྐྱལ་དུ་སྒྱེལ་བ་འདྲ་བ་ཡོད། དེའི་ཚོའི་ལྷོ་ཕྱོགས་ན་སེང་ལྡེང་དང་ཙན་དན་གྱི་རིས་ཤར་ནུབ་ཏུ་བཅད་པའི་ལྷོ་ངོས་ན། རྒྱ་གར་གྱི་རྒྱལ་ཁམས་གླིང་དགུ་ནོར་བུ་རིན་པོ་ཆེའི་གླིང་འདྲ་བ་ཡོད། དེའི་ལྷོ་ཕྱོགས་ཛེ་ཏའི་ཆུ་བོ་ཆེན་པོ་མཛེས་ལྡན་གྱི་ཤར་ནུབ་ཏུ་བཅད་པའི་ལྷོ་ངོས་ན་སྲིན་པོའི་རྒྱལ་ཁམས་མཚོ་ལ་མེ་ཏོག་པདྨ་ཁ་ཕྱེ་སྐྱེས་པ་འདྲ་བ་ཡོད། བོད་ཁ་བ་ཅན་གྱི་ཤར་ན་རྒྱ་ནག་གི་ཡུལ་ཁམས་ཡོད། ནུབ་ན་སུམ་པ་དང༌། བལ་ཡུལ། ཞང་ཞུང་གི་ཡུལ་ཁམས་ཡོད། བྱང་ན་ལི་དང༌། ཧོར་དང༌། མི་ཉག་གི་ཡུལ་ཁམས་ཡོད། བོད་ཁ་བ་ཅན་གྱི་དབུས་དབུ་རུ་ཀྱི་ཤོད་ཀྱི་མཐིལ་ན་སྲིན་མོའི་སྙིང་ཁ་ན་འོན་ཐང་གི་མཚོ་ཡོད་པས་འདི་སྲིན་མོའི་སྙིང་ཁྲག་ཡིན་པར་ཤེས། རྒྱལ་པོའི་ཕོ་བྲང་སྲིན་མོའི་སྙིང་ཁར་ཤེས། རི་བོགས་ཆད་གསུམ་འདུག་པ་འདི་སྙིང་ཀའི་ནུ་མ་སྲིན་མོའི་སྲོག་རྩར་ཤེས། ཕྱོགས་བཞི་ན་རི་རུས་སྦལ་གྱི་གཟུགས་འདྲ་བ་རེ་འདུག་པ་ནི་སྲིན་མོའི་ཁ་རུ་ཤེས། དམར་པོ་རི་དང་ལྕགས་ཁ་རི་གཉིས་སེང་གེ་མཇུག་མ་སྦྲེལ་བ་འདྲ་བ་འདི་སྲིན་མོའི་གནོད་སེམས་སུ་ཤེས། རི་བོགས་ཆད་གཉིས་འདུག་པ་འདི་སྲིན་མོའི་སྙིང་གི་རུས་པ་ཡིན་པས་སེམས་ཅན་གྱི་སྲོག་ཟ་བ་ཡིན་པར་མཁྱེན། དེ་ནི་དམར་ལྕགས་གཉིས་ཡིན་ནོ། །རི་དེ་གཉིས་རྒྱལ་པོ་སྲོང་བཙན་སྒམ་པོ་ཇོ་བོ་ཐུགས་རྗེ་ཆེན་པོའི་སྐུ་དངོས་དེ་དང༌། བལ་བཟའ་ཁྲི་བཙུན་སྒྲོལ་མ་དཀར་མོ་ཁྲོ་གཉེར་ཅན་གྱི་སྐུ་དངོས་ཡིན། དེ་གཉིས་ཀྱི་ཕོ་བྲང་སྲིན་ཡུལ་ལང་ཀ་པུ་རིའི་གྲོང་ཁྱེར་འདྲ་བ་དེས་གནོན་དགོས་པར་རྒྱལ་པོས་མཁྱེན་ནས་མནན་ཡོད་པ་ཡིན་ནོ། །དེའི་ཕྱོགས་བཞི་ན་རི་སྡིག་པོའི་གཟུགས་འདྲ་བ་བཞི་ཡོད་པ་དེ་སྲིན་མོའི་འཁོར་ཡིན་པར་མཁྱེན། རི་སྣ་ཐམས་ཅད་དབུས་སུ་ཟུག་པ་དེ་ནི་ལྷ་སར་མི་སྤྱོད་པ་ངན་པ་ཇག་པ་ལ་སོགས་པས་ས་གཅིག་ཏུ་གང་བར་ཤེས། ས་གཞི་འདིའི་ཕྱོགས་བཞིའི་རིའི་རྒྱབ་ན། ཤར་ཕྱོགས་ན་པདྨ་སྤུངས་པ་འདྲ་བའི་རི་ཡོད། ལྷོ་ན་རིན་ཆེན་སྤུངས་པ་འདྲ་བའི་རི་ཡོད། ནུབ་ན་མཆོད་རྟེན་བརྩེགས་པ་འདྲ་བའི་རི་ཡོད། བྱང་ན་མན་ཛིའི་སྟེང་ན་དུང་ཕོར་བཞག་པ་འདྲ་བའི་རི་ཡོད། དེ་ནི་ས་ཕྱོགས་འདིར་དད་པ་ཅན་མང་དུ་ཡོང་བར་ཤེས། མི་ཆེན་པོ་བསོད་ནམས་ཅན་མང་པོ་དང༌། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་མང་པོ་དང༌། བྱང་ཆུབ་སེམས་དཔའ་ཐོད་རྒལ་བ་རེ་རེ་དུས་དུས་སུ་ཡོང་བར་མཁྱེན། ཕྱོགས་བཞིའི་མི་རྣམས་སྤྱོད་སྤྱོད་ཐམས་ཅད་ནི་འདིར་འོང་བར་མཁྱེན། མཚོའི་སྟེང་དུ་ལྷ་ཁང་བརྩིགས་ན་བོད་འདིར་རང་བཞིན་གྱིས་ཡོན་ཏན་འབྱུང་ཞིང་རྒྱས་པར་ཤེས། ས་གཞི་པདྨ་འདབ་བརྒྱད་ལྟ་བུར་ཤེས། ལོགས་བཞི་ལ་བཀྲ་ཤིས་རྟགས་བརྒྱད། གནམ་ལ་འཁོར་རྩིབས་བརྒྱད་རྣམས་སུ་ཤེས། དེ་རྣམས་ལྷ་སར་ཡོན་ཏན་འབྱུང་བའི་རྟེན་འབྲེལ་ཡིན། དེ་རྣམས་ལ་གནོད་པའི་དགྲ་ལྔ་ཡོད། དེ་རྣམས་བཟློག་པའི་ཐབས་ལྔ་དགོས་པར་འདུག ར་མོ་ཆེ་ན་ས་བདག་ཀླུའི་ཕོ་བྲང་འཇིགས་གཟུགས་ཡོད་པར་གཟིགས་ནས་དེ་ལྷ་ཅིག་ཨོང་ཅོང་གིས་ངའི་གསེར་གྱི་ལྷ་ཤཱཀྱ་མུ་ནེས་གནོན་དགོས་པར་མཁྱེན་ནས། ལྷའི་ཕྱོགས་བཞིར་གསེར་ལྡན་གྱི་ཀ་བ་བཞི་བཙུགས། དེ་ལ་དར་དཀར་གྱི་རོལ་བ་བྲེས། ཟ་འོག་གི་གུར་ཕུབ་ནས་བཞག གྱད་སྟོབས་ཆེན་ལྷ་དགའ་ཀླུ་དགའ་གཉིས་ལྷའི་སྐུ་སྲུང་ལ་བཞག་ནས། ཨོང་ཅོང་གིས་གཙོ་བྱས་པའི་གཞན་མ་རྣམས་རྒྱལ་པོའི་ཕོ་བྲང་གི་ཤར་སྒོར་འོངས་སོ། །དེ་ནས་རྒྱལ་པོས་དགའ་སྟོན་བྱེད་པའི་རྔ་བོ་ཆེ་བརྡུངས་པས། ལྷ་ཅིག་བལ་མོ་ཁྲི་བཙུན་གྱི་བསམ་པ་ལ་འུར་རྒྱངས་དང་དིར་རྒྱངས་འདི་ཙམ་པའི་ཆེ་བར་བྱུང་བ་ཅི་ཡིན་སྙམ་ནས། ལྕགས་པོ་རིའི་ཕོ་བྲང་གི་ཐོག་ཀ་ནས་བལྟས་པས། རྒྱལ་མོ་ཨོང་ཅོང་གིས་རྒྱལ་པོའི་ཕོ་བྲང་གི་ཤར་སྒོར་ནེའུ་ཁར་སླེབས་འདུག་ནས། རྒྱ་ནག་པོ་ས་དཔྱད་ལ་མཁས་པས་ཇོ་བོ་བཞུགས་ས་འདིར་ངའི་སྔོན་ལ་ཨོང་ཅོང་གི་ལྷ་ཁང་བརྩེགས་ཏེ་འོང་དེ་བྱས་ན་མི་ལེགས་སྙམ་ནས། བལ་མོ་ཁྲི་བཙུན་ན་རེ། ཨོང་ཅོང་ལ་འདི་སྐད་ཅེས་ཟེར་རོ། །ང་ཡོད་པའི་ཐོག་ཏུ་ཁྱོད་ཡོང་མི་ཐང་ང་ལ་ནི་ལྷ་རྟེན་ཇོ་བོ་མི་བསྐྱོད་རྡོ་རྗེ་དང༌། བྱམས་པ་ཆོས་ཀྱི་འཁོར་ལོ་དང༌། ཙན་དན་གཡུའི་སྒྲོལ་མ་དང༌། ཏོག་དང་གྲ་ལྔ། མདོ་སྡེ་པདྨ་དཀར་པོ་སོགས་རྟེན་བཟང་པོ་དེ་འདྲ་རྣམས་ཡོད། ཁྱོད་ལ་ཡང་ཡོད་དམ་བྱས་པས། ང་ལ་ཡང་ལྷ་ཅིག་ཡོད་ཟེར་རོ། །ཡང་བལ་བཟའ་ཁྲི་བཙུན་གྱིས་ང་ལ་རིན་པོ་ཆེ་གླང་པོ་ཆེའི་རྒྱབ་ཁལ་བདུན་ཡོད། ཁྱོད་ལ་ཡང་དེ་ལྟར་ཡོད་དམ་ཟེར་བས། ལྷ་ཅིག་ཨོང་ཅོང་ན་རེ། ཁྱེད་བདེན་ཁྱོད་ལྷ་རྟེན་ཡང་བཟང་ལ་མང༌། ཆེན་མ་ཡང་ཡིན། ནོར་རྫོངས་ཡང་ཆེ། ལག་རིས་ཡང་ཆེ་བས་འདུག་པས། ཁྱོད་ཀྱི་ལྷ་ཁང་མཚོ་ཕ་གིའི་སྟེང་དུ་གྱིས་ཤིག་ཟེར་ནས། དངུལ་དཀར་གྱི་ལྕག་ཚིགས་གསུམ་པ་ཅིག་ཡོད་པ་དེ་འོན་ཐང་གི་མཚོ་ལ་གཏད་ནས། མཚོ་ཕ་གིའི་སྟེང་དུ་ལྷ་ཁང་རྩིགས་ཤིག ས་ཁད་མཉམ་པོ་འཇམ་པོ་བདེ་བོ་ལ་ངས་ཀྱང་ཡོང་ཟེར་བས། ཁྲི་བཙུན་གྱིས་བསམ་པ་ལ་ཨོང་ཅོང་འདིས་རྔན་ཆན་གྱི་གཏམ་སྨྲས་ནས། ཨོང་ཅོང་ར་མོ་ཆེ་ན་ཡོད་པའི་དུས་ན་རྒྱལ་པོ་དང་ཞལ་མཇལ་དུ་མ་སྟེར་བས། བློན་པོ་མགར་གྱིས་ཁྲི་བཙུན་ལ་གྲོས་བཏབ་པ་ནི། ཀྱེ་ལྷ་ཅིག་ཁྲི་བཙུན། སྔར་ཡང་ལྷ་ཁང་རྩིག་ཏུ་མ་བཏུབ་པ། ད་ཡང་གཙུག་ལག་ཁང་གི་ས་ཚོལ་བ་ཨོང་ཅོང་ལ་ཞུ་དགོས་བྱས་ནས། རྒྱལ་པོ་དང་ཨོང་ཅོང་གཉིས་ཞལ་མཇལ་དུ་བཅུག་གོ །དེའི་དུས་སུ་བལ་མོ་ཁྲི་བཙུན་གྱིས། རྒྱལ་མོ་ཨོང་ཅོང་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་མ་རྒྱ་མོ་ཨོང་ཅོང་ཁྱོད། །དེ་ན་འཁོར་དང་བཅས་ཏེ་འདུག །དཀའ་ལས་བྱས་ཏེ་གཉེ་བོས་བཀུག །ཚེགས་ཆེན་བོད་ཀྱི་ཡུལ་འོངས་ཀྱང༌། །ང་ནི་ཐེམ་པ་སྔ་རྒལ་ཡིན། །ཆེན་མ་གཉན་ཏེ་གཉན་རྒྱུད་ཡིན། །ཆེན་མ་བཙུན་ཏེ་བཙུན་རྒྱུད་ཡིན། །སྔ་མ་མི་ཆེ་མི་བཙུན་ཞིང༌། །སྔ་མ་མི་གཉན་མི་དགེ་ན། །འཇིག་རྟེན་ཆོས་ལུགས་དམན་པར་འགྱུར། །དེ་བས་ཐབ་ཀ་ང་སྔ་ཞིང༌། །རྗེ་ཡི་སྐུ་མཐོང་ང་སྔ་བས། །ང་ལ་སྔོན་དུ་གུས་པར་གྱིས། །ལར་ན་འཇིག་རྟེན་ཆོས་ལུགས་རྣམས། །སློང་བར་གྱུར་ནས་སུ་ཞིག་བཙུན། །བྲན་འཁོལ་བྱེད་པ་སུ་ཞིག་བཟང༌། །ནད་དང་ལྡན་པ་སུ་ཞིག་བདེ། །སྡིག་པ་བྱེད་པ་སུ་ཞིག་བཙུན། །དགེ་བ་སྤྱོད་པ་སུས་མི་བཀུར། །དམ་ཆོས་བྱེད་པ་སུ་ཞིག་སྡུག །དཀོན་མཆོག་མཆོད་པ་སུ་ཞིག་དབུལ། །ཁྲུད་ཁུ་འཐུང་བ་སུ་ཞིག་ཞིམ། །ཆུན་མར་འོང་བ་སུ་ཞིག་བཟང༌། །འོན་ཀྱང་རྗེ་ལ་བསྟོད་པ་ན། །བསྟོད་པ་ཐམས་ཅད་འགྲན་པ་ཡིན། །ཁྱོད་དང་ང་གཉིས་འགྲན་ནོ་ཨང༌། །དཀོན་མཆོག་དབུ་འཕང་བསྟོད་པར་འགྲན། །ཕྱོགས་བཞིར་དཀོན་མཆོག་གསུམ་གྱི་རྟེན། །གཙུག་ལག་ཁང་རྣམས་བཞེངས་པར་འགྲན། །དེ་ཡི་ས་ཏྲ་འཛུགས་པར་འགྲན། །མཆོད་གནས་གསུམ་ལ་མཆོད་པར་འགྲན། །ཡར་ལ་དགེ་འདུན་མཆོད་པ་དང༌། །དེ་ཡི་ཞབས་ཏོག་བྱེད་པར་འགྲན། །རྗེ་ཡི་ཞབས་ཏོག་བྱ་བར་འགྲན། །མར་ལ་འབངས་རྣམས་སྐྱོང་བ་དང༌། །དམའ་ལ་སྙིང་རྗེ་བྱ་བར་འགྲན། །ཐད་ཀར་ཀོར་ནོར་བསོག་པ་དང༌། །ཞིང་ཆུ་སོ་ནམ་བྱ་བར་འགྲན། །དད་པ་དམ་ཆོས་སྤྱོད་པ་དང༌། །སྡིག་པ་རྒྱབ་ཏུ་འབོར་བར་འགྲན། །དེ་ལྟར་འགྲན་པར་མ་ནུས་ན། །ཁྱོད་ཀྱང་རྗེ་ལ་རེ་མ་ཆེ། །དེ་ལྟར་འགྲན་ན་ཆོས་འཁོར་བཞེངས། །ང་ནི་ཆེན་མ་ཡིན་པས་ན། །ལྷ་ཁང་སྔོན་ལ་ང་རྩིག་གོ །ཞེས་སྨྲས་པ་དང༌། ལྷ་ཅིག་ཨོང་ཅོས་སྨྲས་པ་ནི། ཀྱེ་མ་བཙུན་མོ་ཁྲི་བཙུན་ཉོན། །དེ་ལྟར་ཡིན་ནོ་ཁྱོད་བདེན་ནོ། །ཁྱོད་ནི་ཆེ་རྒྱུད་བཙུན་རྒྱུད་དེ། །ཁྱོད་ལ་གཉན་པར་ངས་བལྟ་ཡིས། །ཁྱོད་ཀྱིས་གཉན་པར་ཤེས་པར་གྱིས། །སྤྲུལ་པའི་རྒྱལ་མོ་མི་མོ་དམན། །བྱང་ཆུབ་སེམས་དཔའི་རཱ་ཛི་ཏེ། །ཁྱོད་ལ་གུས་པར་ངས་འདུད་ཀྱིས། །ཉེན་བྲལ་གང་གི་རིགས་ལ་ཡོད། །ནད་ཀྱིས་མ་གཟིར་སུ་ཞིག་ཡོད། །འཕོངས་པ་གང་གིས་མཐོང་མ་གྱུར། །འབྱོར་བ་རྟག་པ་སུ་ཞིག་ཡོད། །ས་སྟེང་ནོར་རྙེད་སུ་མི་གྲགས། །བགེགས་དང་བྲལ་བ་སུ་ཞིག་ཡིན། །རྟག་ཏུ་རྒྱལ་ས་སུ་ཡིས་ཟིན། །སུ་ཞིག་ཁྱིམ་ཐབ་ཀྱིས་མ་སྨད། །རྟག་ཏུ་རྒྱལ་པོའི་ཡིད་དུ་འོང༌། །གཤིན་རྗེའི་ཡུལ་དུ་གང་མ་གྱུར། །སྐྱེས་ནས་འབྱུང་དུ་མ་གྱུར་པ། །སྐྱེས་བུ་འབད་བསམ་མཐར་ཕྱིན་སུ། །ཆེན་ཆུན་འགྲན་པ་སུ་ཞིག་ཡོད། །ཁྱོད་ནི་ཆེ་རྒྱུ་བཙུན་རྒྱུ་དེ། །ཁྱོད་ལ་གཉན་པར་ངས་བལྟ་ཡིན། །ཁྱོད་ཀྱིས་ཆེན་མར་ཤེས་པར་བགྱིས། །འགྲན་པའི་འགྲན་སེམས་མེད་མོད་ཀྱང༌། །ཁྱོད་ཀྱིས་འགྲན་ནོ་ཞེས་སྨྲས་པས། །ཐེམ་བ་སྔ་རྒལ་ཆེན་མ་ཁྱོད། །ཆེ་རྒྱུད་བཙུན་རྒྱུད་ཁྱོད་ཡིན་པས། །ནོར་རྫོངས་ལག་རིས་ཁྱོད་ཆེ་བས། །ཞབས་ཏོག་ང་རྒྱལ་ཁྱོད་ཆེ་བས། །ཞེ་སྡང་ཕྲག་དོག་ཁྱོད་ཆེ་བས། །ལྷ་ཁང་རྒྱ་མཚོའི་སྟེང་དུ་བཞེངས། །ང་ནི་ཁད་སྙམ་ས་ལ་བཞེངས། །ཆེན་མས་དཀའ་ཤོས་བྱེད་པས་ན། །ཁྱོད་ལ་དེ་སྐད་བསྐུལ་བར་བྱ། །འགྲན་པའི་འགྲན་དོ་དེ་རྣམས་ལ། །རང་ལ་རང་ཕན་བྱེད་པ་ལ། །འགྲན་རྒྱུ་དེ་ལས་ངས་མ་མཐོང༌། །ཟེར་ནས་དངུལ་དཀར་གྱི་ལྕག་རྒྱ་མཚོ་ལ་བཙུགས་ནས། ཁྱོད་ནི་འཇིགས་ལ་དྲག་པས་ཁྱོད་ཀྱི་ལྷ་ཁང་འདིར་རྩིགས་ཤིག་ཟེར་རོ། །ཐང་བདེ་བོ་འདི་འདྲ་ཀུན་ཏུ་ངས་ཀྱང་ཡོང་ཟེར་ནས་ར་མོ་ཆེའི་ནེའུ་ཐང་ངོས་སུ་དངུལ་དཀར་གྱི་ལྕག་བཙུགས་སོ། །དེ་སྐད་བྱས་པས་བལ་མོ་བཟས་ལོག་པར་སྨྲས་པར་གོ་ནས། དེར་བལ་བཟའ་ཁྲི་བཙུན་མ་དགྱེས་ནས། རྒྱལ་མོ་ཨོང་ཅོང་དང་རྒྱལ་པོ་སྲོང་བཙན་སྒམ་པོ་གཉིས་ཞལ་མཇལ་བའི་དབང་ཡུན་རིང་དུ་མེད་པར་བྱས་སོ། །ཡང་རྒྱལ་མོ་ཨོང་ཅོང་གི་ཞལ་ནས། བལ་མོ་ཁྲི་བཙུན་ལ་འདི་སྐད་ཅེས་སྨྲས་སོ། །ཀྱཻའི་བལ་མོ་ཁྲི་བཙུན་ཞེ་སྡང་ཅན། །བལ་མོ་ཁྲི་བཙུན་ང་རྒྱལ་ཅན། །བལ་རྗེའི་སྲས་མོ་འདོད་ཆགས་ཅན། །བལ་རྗེའི་སྲས་མོ་ཕྲག་དོག་ཅན། །ཇི་ལྟར་ཆེ་རྒྱུད་བཙུན་ལགས་ཀྱང༌། །དཀར་དམར་འོད་ཟེར་འཕྲོ་ལགས་ཀྱང༌། །སེམས་ཉིད་མ་རིག་མུན་པའི་དཀྱིལ་ན་བཞུགས། །སྔ་མ་ཆེ་བའི་ཐུགས་རྒྱལ་ཆེ་ལགས་ཀྱང༌། །གོང་གི་ཆེ་དག་ལྡོང་བཟའ་ཁྲི་བཙུན་མ། །དེ་འོག་ཞང་ཞུང་ཁྲི་བཙུན་ནས། །དེ་འོག་ལི་ལྕམ་ཁྲི་བཙུན་མ། །དེ་འོག་རུ་སྤོང་ཁྲི་བཙུན་མ། །བཙུན་ཆེན་བོད་མོ་བཞིའི་འོག་བཞུགས་མ། །ཆུང་ས་བཟུང་ནས་ཆེ་སྐད་འདོན། །རང་དོན་བསྒྲུབས་ནས་གཞན་དྲིན་འདྲེན། །ནོར་རྫོངས་ཆེ་བ་རང་ནོར་ཡིན། །ལག་རིས་ཆེ་བ་རང་དོན་ཡིན། །དཀའ་ལས་ཆེ་བ་རང་སྒྲིབ་ཡིན། །ང་ནི་ཁྱེད་ལྔའི་འོག་ན་དྲུག་ཆུན་ཡིན། །ལས་སྒྲིབ་ཆུང་བའི་ཆུང་དག་ང༌། །བཙུན་མོ་དྲུག་གི་དྲུག་ཆུན་ང༌། །ཕ་རོལ་ཕྱིན་དྲུག་ཚང་བ་དང༌། །ང་ནི་རྗེ་བཙུན་སྒྲོལ་མ་དང༌། །རང་དོན་མི་བྱེད་གཞན་དོན་སྒྲུབ། །བོད་ཡུལ་ཁ་བ་ཅན་འདི་རུ། །ཐུགས་རྗེ་ཆེན་པོའི་སྤྱན་སྔ་རུ། །འགྲོ་རིགས་དྲུག་གི་འགྲོ་དོན་བྱེད། །ཅེས་སྨྲས་པས་བལ་མོའི་བལྟ་བ་ཆག་གོ །ད་རུང་དུ་རྒྱལ་པོ་དང་ཨོང་ཅོང་ཞལ་མཇལ་དུ་མ་བཅུག་གོ །དེ་ནས་ནང་བློན་སྣ་ཆེན་པོ་དང༌། བློན་པོ་མགར་དང༌། ལོཙྪ་བ་ཐོན་མི་སམ་བྷོ་ཊ་དང་གསུམ་གྱིས་བལ་མོ་ཁྲི་བཙུན་ལ་གྲོས་བཏབ་པ། བལ་མོ་བཟའ་ཁྲི་བཙུན་ཁྱོད་གཙུག་ལག་ཁང་བཞེངས་པའི་དུས་ན། རྒྱལ་པོ་ལྷ་ཅིག་ཨོང་ཅོང་ལ་རྩིས་རག་ལས་ཡོད་ཟེར་བ་བྱས་པས། བལ་མོ་ཁྲི་བཙུན་གྱིས་བསམ་པ་ལ་དེ་རང་བདེན་ཡོད་པར་སྲིད་སྙམ་ནས། རྒྱལ་པོ་ཆེནཔོ་སྲོང་བཙན་སྒམ་པོ་དང༌། རྒྱལ་མོ་ལྷ་ཅིག་ཨོང་ཅོང་གཉིས་ཞལ་མཇལ་དུ་བཅུག་གོ །དེའི་ཚེ་ན་སྣང་བ་རྣམ་པ་གསུམ་ཤར་རོ། །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྣང་བ་ལ། རི་པོ་ཏ་ལ་ནས་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེ། མཐའ་འཁོབ་བོད་ཡུལ་ཁ་བ་ཅན་དུ་བྱོན་ནས་དམ་པའི་ཆོས་དར་བར་བྱས་ནས། །རྒྱལ་ཁམས་དེའི་སེམས་ཅན་ཐམས་ཅད་ནུབ་ཕྱོགས་བདེ་བ་ཅན་དུ་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྤྱན་སྔར་ཁྲིད་ནས། དེ་ཐམས་ཅད་སངས་རྒྱས་ཀྱི་ཞིང་བྱང་ཆུབ་པའི་ཕྱིར་རྒྱལ་པོ་མཛད་པ་དང༌། རྗེ་བཙུན་འཕགས་མ་སྒྲོལ་མ་སྔོན་མོ་དེ་ལྷ་ཅིག་རྒྱལ་མོ་ཨོང་ཅོང་དུ་སྐུ་སྤྲུལ་ནས། སངས་རྒྱས་དངོས་ཀྱི་ཞལ་སྐྱིན་ལྷ་ཤཱཀྱ་མུ་ནེ་བོད་ཡུལ་དུ་སྤྱན་དྲངས་ནས། ཞལ་མཇལ་བའི་སྐུ་ལས་འོད་ཟེར་བྱུང་ནས། དེ་སེམས་ཅན་ཐམས་ཅད་ལ་ཕོག་པས་སེམས་ཅན་རྣམས་སྐད་ཅིག་ཉིད་ལ་ཉོན་མོངས་པ་ཐམས་ཅད་གཅོད་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བདེ་བ་ཐོབ་པ་དང་ལྡན་པར་གཟིགས་སོ། །ལྷ་རྣམས་ཀྱི་སྣང་བ་ལ་ཐུགས་རྗེ་ཆེན་པོ་དང༌། སྒྲོལ་མ་སྔོན་མོ་དང༌། ལྷ་ཤཱཀྱ་མུ་ནེ་དང་གསུམ་གྱི་འོད་ཟེར་འཕྲོས་པ་ལས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་བྱོན། དེ་རེ་རེ་ལ་ཡང་འཁོར་འབུམ་འབུམ་གྱིས་སྐོར་ནས་བོད་ཡུལ་དུ་ཆོས་ཀྱི་ལོངས་སྤྱོད་བྱེད་པར་མཐོང༌། མི་རྣམས་ཀྱི་སྣང་བ་ལ་རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོ་དང༌། ལྷ་ཅིག་རྒྱལ་མོ་ཨོང་ཅོང་ཞལ་མཇལ་ནས། དབུའི་སྐྲ་བསིལ་རེས་བྱེད་པ་དང༌། ཤ་ཁུ་ལ་ཧུབ་རེས་བྱེད་པ་དང༌། མར་ཁུའི་ཀྱུ་བརྗེ་བ་དང༌། གཡང་རིལ་ལ་ཕར་གཏོད་ཚུར་གཏོད་པར་མཐོང་ངོ༌། །བོད་བློན་མགར་རིག་པ་ཅན་གྱིས་བྱས་པའི་བོད་ཀྱི་གཉེ་བོ་བརྒྱས་ལྷ་ཅིག་ཨོང་ཅོང་སྤྱན་དྲངས་པའི་ལེའུ་སྟེ་བཅུ་གཅིག་པའོ།། །། ལེའུ་བཅུ་གཉིས་པ། ལྷ་ཅིག་ཨོང་ཅོང་གིས་ས་དཔྱད་རིན་ཆེན་སྤུངས་པ་མཛད་པ། དེ་ནས་ཡང་བལ་མོ་བཟའ་ཁྲི་བཙུན་གྱིས་རང་གི་རྩེ་མཁར་དུ་ཕྱིན་ནས། རྒྱལ་པོ་དངུལ་ཟམ་ལ་སྤྱན་དྲངས་ནས་ལྷ་ཁང་རྩིག་པའི་གྲོས་ཞུས་པས། རྒྱལ་པོའི་ཞལ་ནས་ཁྱོད་རང་གར་འདོད་པའི་སར་རྩིགས་གསུངས་ནས། འཁོར་རྟ་པ་མང་པོ་དང་བཅས་གནོད་སྦྱིན་ཕོ་མོ་མང་པོ་བྲན་དུ་བསྐུལ་ནས་ལ་དོང་གི་ནེའུ་ཁར་ཉིན་བརྩིགས་པ་ནུབ་བཤིག་ནས་མ་བཏུབ། དེ་ནས་ཡང་ཡར་ཀླུངས་དང་དབུ་རུ་ཤོད་དང༌། གཙང་དང་ཡུལ་གང་བཟང་ས་གང་ལེགས་རྣམས་སུ་ལྷ་ཁང་བརྒྱ་རྩ་བརྒྱད་ཀྱི་རྨང་བཏིང་བས་ཞིག དེ་རྣམས་སུ་མ་འོངས་པ་ན་འཕགས་པ་བྱམས་པས་ཆོས་འཁོར་རེ་མཛད་པའི་ཕྱིར་རོ། །དེ་ནས་བལ་མོ་ཁྲི་བཙུན་གྱི་བསམ་པ་ལ་བློན་པོ་རྣམས་ཀྱིས་ཁྱོད་ཀྱི་ལྷ་ཁང་བཞེངས་པའི་ཐབས་དེ་ཨོང་ཅོང་ལ་རག་ལས་པས་ཡོང་ཟེར་བ་དེ་ད་བདེན་པ་འདུག་སྙམ་ནས། རྒྱལ་མོ་ཨོང་ཅོང་དེ་ཐབས་དང་དཔྱད་པ་ལ་མཁས་པ་ཞིག་ཡོད་འདུག་པས་ཐབས་དང་དཔྱད་པ་འདྲི་དགོས་སྙམ་ནས། གཡོག་མོ་དམ་པ་ཞིག་ལ་གསེར་ཕྱེ་བྲེ་གང་འབུར་བ་ཅིག་བསྐུར་ནས། ཁྱོད་སོང་ལ་ལྷ་ས་བྱེ་མའི་གླིང་ནེའུ་ཆུང་གི་ཆུ་མིག་ཁ་ན། དར་དཀར་གྱི་ཡོལ་བའི་ནང་ཇོ་བོ་ཤཱཀྱ་མུ་ནེའི་དྲུང་ན་རྒྱལ་མོ་ཨོང་ཅོང་མཆོད་པ་འབུལ་གྱིན་ཡོད་ཀྱི། དེ་ལ་གསེར་འདི་ཕུལ་ལ་ཁ་སང་གི་དེ་འདྲ་མ་ཟེར་བར་ད་རེས་ང་ལ་ལྷ་ཁང་རྩིག་པའི་ས་ལེགས་པ་ཅིག་སྟོན་དང༌། ངའི་ལྷ་ཁང་ཚར་ཙ་ན་ཁྱོད་རང་ཡང་བརྩིག་ཏུ་བཅུག་གིས་ཅེས་འཕྲིན་སྤྲིངས་པ་དང༌། ཨོང་ཇོས་སྤོར་ཐང་ཁྲ་བོ་བཏིང་ནས་ས་དཔྱད་ལེགས་པར་ལྟས་ཏེ་ས་བཤད་བྱས་ནས། ངས་ཁ་སང་ནས་ཁྱེད་ཚོ་ལ་བཤད་དེ་དེ་སྡུག་བྱེད་པར་གོ །ད་སའི་དཔྱད་འདི་ལ་བྱེད་པ་བརྒྱ་རྩ་བརྒྱད། བརྟག་པ་དགུ་བཅུ་ཐམ་པ། ནོར་ལ་བདུན་ཅུ་དོན་གཉིས། སའི་དགྲ་ངོས་ཟིན་པ། དེ་བཟློག་པའི་ཐབས་དགོས་པས། དེ་དག་ཐམས་ཅད་བསྡུ་ན་སྐྱེ་བོ་མང་པོ་འདུ་བས་བདག་རྒྱལ་པོའི་ཕོ་བྲང་གི་ས་དང་གཅིག འཕགས་པའི་དགེ་འདུན་མང་པོ་འདུ་བ་གཙུག་ལག་ཁང་གི་ས་དང་གཉིས། དྲང་སྲོང་འབྱུང་བའི་གནས་འབྲོག་དགོན་པའི་ས་དང་གསུམ། རེ་ཞིག་བདེ་བར་སྤྱོད་པ་སྐྱེ་བོ་ཕལ་བའི་ས་དང་བཞི། ཅུང་ཞིག་གནས་པ་བས་མཐའི་ས་གཏན་ལ་དབབ་པ་དང་ལྔའོ། །ད་རེས་འདིའི་དབང་དུ་བྱས་ན་ཡོན་ཏན་བརྒྱད་དང་ལྡན་པ་རྒྱལ་པོའི་ས་གཏན་ལ་འབེབས་དགོས། དེའི་མགོ་འདོན་པ་ལ་སྐྱོན་བཟློག་དགོས། དེ་ཡང་ལྷ་སའི་ཕྱོགས་བཞིའི་རི་རྒྱབ་ན། ཤར་ནི་རི་པདྨ་དཔུངས་(སྤུངས)པ་འདྲ་བ་ཡོད། ལྷོ་ན་རིན་པོ་ཆེ་འདྲ་བ་ཡོད། ནུབ་ན་རི་མཆོད་རྟེན་རྩེགས་པ་འདྲ་བ་འདུག བྱང་ན་པདྨ་ཁ་ཕྱེ་བ་འདྲ་བ་འདུག་པས་ས་ཕྱོགས་དེར་སྟོན་པ་རྒྱལ་བ་ཤཱཀྱ་ཐུབ་པའི་སྐུ་གཟུགས་སྐུ་གདུང་རིང་བསྲེལ་ལ་མཆོད་པ་རྒྱས་ཤིང་ཡུ་རིང་དུ་འབྱུང་བའི་རྟགས་ཡིན། དེའི་ནང་ཁོངསན་བཀྲ་ཤིས་རྟགས་བརྒྱད་ཡོད་དེ། བྱང་འཕན་དཀར་གྱི་རི་ལ་དབུ་ལ་གདུགས་ལྟ་བུ་འདྲ་བའི་རི་ཡོད། ཤར་གྱི་གདོས་པའི་བྲག་ལ་སྤྱན་ལ་ཉ་འདྲ་བའི་རི་ཡིད། ལྷོའི་ལྡོང་བཙན་རི་ལ་གསུང་འབུད་དུང་འདྲ་བ་ཡོད། རྫོང་བཙན་རི་ལ་ལྗགས་ལ་པདྨོའི་ལོ་འདབ་འདྲ་བ་ཡོད། གྲིབ་རྫོང་གི་བྲག་ལ་མགུལ་ལ་བུམ་པ་འདྲ་བའི་རི་ཡོད། སྒོ་ཕུ་ན་ཐུགས་དཔལ་བེའུ་འདྲ་བ་ཡོད། ནུབ་བྱང་ཕུ་ན་སྐུ་ལུས་རྒྱལ་མཚན་འདྲ་བ་ཡོད། སྟོད་ལུང་མདའ་ན་ཕྱག་ཞབས་འཁོར་ལོ་འདྲ་བ་རྣམས་ཡོད་དོ། །ས་ལ་པདྨ་འདབ་བརྒྱད་འདྲ་བར་ཡོད། གནམ་ལ་འཁོར་ལོ་རྩིབས་བརྒྱད་ཡོད་པ་དེ་ནི་ས་ཕྱོགས་འདིར་ཡོན་ཏན་ཐམས་ཅད་འབྱུུང་བའི་རྟགས་ཡིན། གཞན་ཡང་གཏེར་ཁ་རང་བྱུང་བཞི་ནི། དོག་སྡེ་ར་གའི་བྲག་ལ་རིན་པོ་ཆེ་ཟངས་ཡོད། དོན་ཏེ་སྒོ་ཕུ་ན་ལྕགས་ཡོད། ལ་དོང་གི་རི་ལ་དངུལ་ཡོད། ལྕགས་ཁ་རི་ལ་གསེར་ཡོད། འོ་ཐང་ན་མཚོ་འདི་ལ་ཤར་ནས་སྟག་སྐྱ་བོ་ཡོད། ལྷོ་ན་འབྲུག་སྔོན་པོ་ཡོད། ནུབ་ན་བྱ་དམར་མི་འདྲ་བའི་རི་ཡོད། བྱང་ན་རུས་སྦལ་ནག་པོ་འདྲ་བ་ཡོད། དེ་བཞི་ནི་གཙུག་ལག་ཁང་གི་ལྷ་བཞི་ཚང་བ་ཡིན། དེ་ཚོའི་ཐད་ཀ་ན་ས་དགྲ་རེ་རེ་ཟུག་ཡོད་པས། དེ་ཚོ་བཟློག་པའི་ཐབས་ཤེས་དགོས་པ་ཡིན་ནོ། །བོད་ཀྱི་ཡུལ་འདི་སྲིན་མོ་གན་རྐྱལ་དུ་སྒྱེལ་བ་འདྲ། ལྷ་སའི་མཐིལ་འདི་སྲིན་མོ་སྙིང་ཁ་འདྲ་བ། འོ་ཐང་གི་མཚོ་འདི་སྲིན་མོའི་སྙིག་ཁྲག་འདྲ་བར་མཁྱེན། དམར་པོ་རི་དང་ལྕགས་ཁ་རི་གཉིས་སྟག་དང་སེངྒེ་གཉིས་མཇུག་མ་སྦྲེལ་བ་འདྲ་བ་འདི་སྲིན་མོའི་གནོད་སེམས་ཡིན་པར་མཁྱེན། ར་མོ་ཆེ་ཀླུའི་ཕོ་བྲང་དུ་མཁྱེན། བྲག་ལྷ་ན་མ་མོའི་ཉལ་ཁང་ཡོད། གྲིབ་ཕུ་ནས་ཉང་རན་གྱི་བར་ལ་ཀླུ་བཙན་གྱི་རྒྱུ་སྲང་ཡོད། དཀར་ཆུང་ཟླ་བ་ཚལ་ན་འདྲེ་དང་ཐེའུ་རང་གི་འདུན་མ་བྱེད་པའི་ས་ཡོད། ཤར་ན་ཆུ་སྲིན་ལངས་པ་འདྲ་བའི་ས་དགྲ་ཡོད། ངན་ལམ་གྲོན་པ་རི་ཡོད། ལྷོ་ན་སྡིག་པ་ནག་པོ་གཟན་ལ་རུབ་པ་འདྲ་བ་དཀར་ཆུང་ཡུག་མའི་རི་ལ་ས་དགྲ་ཡོད། ནུབ་ན་ཤུན་གྱི་བྲག་ཏེའུ་རྩེ་ལ་བདུད་ནག་པོ་བྱ་ར་བྱེད་པ་འདྲ་བའི་ས་དགྲ་ཡོད། བྱང་ན་ཉང་བྲན་དང་དོར་ཏེའུ་བར་གྱི་རི་ལ་གླང་པོ་ཆེ་གཡུལ་དུ་ཞུགས་པ་འདྲ་བའི་ས་དགྲ་ཡོད། སའི་ཡོན་ཏན་བརྒྱད་ནི། ས་ལ་པདྨ་འདབ་བརྒྱད། གནམ་ལ་འཁོར་ལོ་རྩིབས་བརྒྱད། ལོག་ལ་བཀྲ་ཤིས་རྟགས་བརྒྱད་ཡོད་དོ། །དང་པོར་སའི་བཅོས་བྱེད། འདྲེའི་མུན་ཁུང་ཤིག་བཙན་གྱི་རྒྱུ་སྲང་དུ་མཆོད་རྟེན་དཀར་པོ་བརྩིགས། ནུབ་བྱང་མཚམས་ལྕགས་ཁ་རི་ལ་མ་མོའི་ཉལ་ས་ཡོད་པས་དེ་ལ་བྲག་ལྷ་མགོན་པོ་བཞེངས། ཀླུའི་འཇིགས་གཟུགས་ཀྱི་ཕོ་བྲང་ཇོ་བོས་མནན་ནས་ཡོད། ཤར་བྱེ་མ་ལུང་སྟོང་ན་སྲིན་མོ་ནག་མོ་འདོམས་བཟེད་པ་འདྲ་བ་ཡོད། དེ་ལ་དབང་ཕྱུག་ཆེན་པོའི་ལིངྒ་ཚུགས། གཞན་ཡང་ཆུ་སྲིན་ལ་དུང་ཁ་སྟོན། སྡིག་པ་ལ་བྱ་ཁྱུང་སྟོན། བདུད་ནག་པོ་བྱ་ར་བྱེད་པ་ལ་བར་ཆུའི་ཁར་མཆོད་རྟེན་དམར་པོ་རྩིགས། གླང་པོ་ཆེ་ལ་སེངྒེ་སྟོན། དེ་རྣམས་གྲུབ་པ་དང་འཕན་ཡུལ་ནས་ར་དཀར་མོ་ལ་ས་སྐྱོས་ལ་མཚོ་བསྲུབས་ལ་ལྷ་ཁང་རྩིགས་ཤིག ཐུགས་དམ་གྱི་ལྷ་ཁང་རྩིག་ཏུ་སྟེར་ནས་འབྱོངས་པ་ཡོང་བྱ་བའི་འཕྲིན་དེ་གཡོག་མོ་ལ་བསྐུར་བས། བུ་མོས་འཕྲིན་སྔ་ཕྱི་ནོར་ནས། སྔོན་ལ་ར་དཀར་མོ་ལ་ས་སྐྱོས་ལ་འོན་ཐང་གི་མཚོ་བསྲུབས་ལ་བགྱིས་ཟེར་བ་བྱས་པས། ལྷ་ཅིག་བལ་ཟ་ཁྲི་བཙུན་གྱིས་འཕན་ཡུལ་ནས་ར་དཀར་མོ་ལ་ས་བསྐྱས་ནས། འོན་ཐང་གི་མཚོ་ལ་བཏབ་པས་སྙོག་མ་ལང་ལང་སོང་ནས་ཉི་མ་བདུན་དུ་བྱས་ཀྱང་གོང་ལྟར་སོང་ནས་མ་བཏུབ་པས། ཁྲི་བཙུན་གྱི་བསམ་པ་ལ་ཨོང་ཅོང་གིས་ཕྲག་དོག་བྱས་འདུག་སྙམ་ནས། རྒྱལ་པོ་སྲོང་བཙན་སྒམ་པོ་ལ་ལྷ་ཁང་རྩིག་པའི་ཐབས་ཀྱི་གྲོས་དྲིས་སོ། །ལྷ་ཅིག་རྒྱ་མོ་ཨོང་ཅོང་གིས་ས་དཔྱད་རིན་ཆེན་སྤུངས་པ་མཛད་པའི་ལེའུ་སྟེ་བཅུ་གཉིས་པའོ།། །། ལེའུ་བཅུ་གསུམ་པ། ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་བཞེངས་པ་དང་ཁ་བ་ཅན་གྱི་འདྲེ་སྲིན་བཏུལ་བ། དེ་ནས་ཡང་རྒྱལ་པོའི་ཞལ་ནས་ང་ལ་གྲོས་ཞིག་འདྲི་ས་ཡོད་ཀྱི་ཟེར་ནས་ཙན་དན་གྱི་སྐུ་ལ་གསོལ་བ་བཏབ་པས་སྤྱན་གཡས་ནས་འོད་ཟེར་བྱུང་ནས་འོ་ཐང་གི་མཚོ་འོད་ཟེར་གྱི་དྲ་བས་ཁེབས་སོ། །དེ་ནས་རྒྱལ་པོ་ནང་རེ་བཞིན་རྟ་འཆག་པའི་དུས་སུ་གྲོང་བ་ཐམས་ཅད་ཕྱག་བྱེད་དུ་འོང་བ་ལ་ངའི་ཐོད་ཀྱི་འོད་དམར་པོ་ལས་མི་མཐོང༌། སྣང་བ་དག་པ་རྣམས་ཀྱིས་ནམ་མཁའ་ལས་ཆོས་ཀྱི་ཚིགས་སུ་བཅད་པའི་སྒྲ་མང་པོ་འབྱུང་བར་ཐོས། མ་དག་པ་རྣམས་ཀྱིས་དང་པོར་ཏིང་ཏིང་སག་བྱ་བའི་སྒྲ་འབྱུང༌། དེ་ནས་འུག་ཏུག་སེང་ཁྲོལ་ཞེས་བྱ་བའི་སྒྲ་ཐོས། ལ་ལས་འུར་འུར་སི་ལི་ལི་ཁྲོ་ལོ་ལོ་ལན་གསུམ་འོང་བ་ལ་སོགས་པ་རྟ་པ་སུམ་བརྒྱས་དུས་གཅིག་ལ་རྟ་རྒྱུགས་པའི་སྐད་དུ་ཐོས་སོ། །གྲོང་ཁྱེར་པ་རྣམས་རྒྱལ་པོའི་ཞལ་ལྟ་བར་འདོད་ནས་གདུངས་ཀྱང་(ལྟ་བར་འདོད་ནས་གདུངས་ཀྱང་)ལྟ་བར་ཆད་པས་འོང་བའི་དབང་མེད་དོ། །རྟ་ལན་དྲུག་ཏུ་རྒྱུགས་པའི་ཐ་མ་ལ་ནང་དུ་བཞུགས་པའི་དུས། དབུའི་ལ་ཐོད་དམར་ཏིབ་ཏེ་སོང་བ་ཙམ་མཐོང་ངོ༌། །དེའི་རྗེས་ལ་གྲོང་ཁྱེར་པའི་མི་རྣམས་ལྟོད་མོར་བྱེད་དོ། །ནང་ཅིག་རྒྱལ་པོས་ཁྲི་བཙུན་ལ་ཕོ་ཉ་བཏང་ནས། དེང་སང་ཁྱོད་ཀྱི་རྟའི་དཀྱུས་སུ་འོ་ཅག་གཉིས་ཀ་རྟ་ཅག་གོ་ཞེས་གསུངས་པ་དང༌། ཁྲི་བཙུན་བྱོན་ནས་རྟ་དཀྱུས་ས་དེ་ཡང་དཔངས་རྒྱལ་པོ་དང་སྙམ་པ། ཞེང་དུ་འདོམ་གསུམ་ཡོད་པ། ཐབས་སུ་མི་དོ་བྲུས་པ། ནང་དུ་རྒྱ་རྫ་གཤིབས་པའི་སྟེང་དུ་སོ་ཕག་གི་གཅལ་བཀྲམ་པ་དེའི་སྟེང་དུ་སྤང་ལེབ་གཤིབས་པའི་མཐའ་མར་ཤིང་གི་དྲ་བ་དྲ་ཕྱེད་ལ་ཚོན་སྣ་ཚོགས་ཀྱིས་བཀྲ་བ་རིན་པོ་ཆེ་འབར་བས་བརྒྱན་པའི་ཆིབས་ཅག་སར་ལྷོ་སྒོ་ནས་འོན་ཐང་གི་བར་དཀྱུས་སུ་འདོམ་སུམ་བརྒྱ་ཡོད་པ་དེ་ནི་མར་རྒྱལ་པོ་ཡབ་ཡུམ་བྱོན་ནས་འོན་ཐང་གི་མཚོ་འགྲམ་དུ་ཕེབས་པ་དང༌། རྒྱལ་བའི་ཞལ་ནས་བཙུན་མོ་ལ་རྟ་ཁ་ཐེན་དང་གསུང་ནས། ངའི་གསེར་གྱི་སོར་གདུབ་འདི་གར་ཕོག་པའི་སར་ལྷ་ཁང་གི་རྨང་ཐིང་གསུང་ནས་འཕངས་པས། རྟ་སྒའི་སྔ་རུ་ལ་ཕོག་ནས་མཚོའི་ནང་དུ་སོང་བས། ཁྲི་བཙུན་གྱི་བསམ་པ་ལ་རྒྱལ་པོས་ཨོང་ཅོང་ལ་དྲིས་འདུག་སྙམ་ནས་མིག་མཆིས་མས་གང་བས། རྒྱལ་པོའི་ཞལ་ནས་སོར་གདུབ་གར་སོང་མཐོང་ནས་གསུངས་པས་བལ་མོ་བལ་མོ་ན་རེ་མིག་མཆི་མས་གང་ནས་མ་མཐོང་ཟེར་རོ། །རྒྱལ་པོའི་ཞལ་ནས། ཅི་ཉེས་གསུངས་པས། ལྷ་ཅིག་གིས་ངས་ལྷ་ཁང་བརྒྱ་རྩ་རྩིགས་པ་ཡང་ཞིག ངའི་ཡོ་བྱད་ཐམས་ཅད་ཀྱང་ཟད་ནས་མེད་འགྲོ་བ་འདྲ་ཟེར་སྨྲེ་སྔགས་བཏོན་པས། རྒྱལ་པོའི་ཞལ་ནས་བལ་མོ་ཁྲི་བཙུན་ཐུགས་ཆད་དེ་ཙམ་པ་བྱེད་མི་དགོས། ང་ལ་ཐབས་ཞིག་ཡོད་གསུངས་ནས། ཨོང་ཅོང་གི་ལྷ་ཤཱཀྱ་མུ་ནེ་དང་བལ་མོའི་ལྷ་མི་བསྐྱོད་རྡོ་རྗེ་གཉིས་ལ་རྒྱལ་པོས་མཆོད་པ་ཆེན་པོ་བཤམས་ནས་གསོལ་བ་བཏབ་པས། ལྷ་གཉིས་ཀྱི་ཐུགས་ཀ་ནས་འོད་ཟེར་དམར་སེར་མང་པོ་བྱུང་བས་འོད་ཟེར་གྱིས་མཚོའི་ཁ་ཆོད་ནས། འོད་ཟེར་རེ་རེ་ལ་ཤིང་ལེབ་རེ་རེ་བཏང་བས་མ་སླེབས་པར་འཚོ་འབུབས་སུ་མ་བཏུབ་པར། རྒྱལ་པོ་ཆེན་པོས་ཁོ་རང་གི་སྤྲུལ་པའི་སྲས་ལྡོང་བཟའ་ཁྲི་བཙུན་ལ་སྐུ་འཁྲུངས་པའི་སྤྲུལ་པའི་དགེ་སློང་ཨ་ཀ་ར་མ་ཏི་དེས་རྒྱ་གར་ལྷོ་ཕྱོགས་བྱེ་མའི་འགྲམ་ན་ཐུགས་རྗེ་ཆེན་པོ་ཁ་སརྤ་ཎིའི་སྐུ་རྒྱབ་ནས་སྤྱན་དྲངས་པའི་ཙན་དན་སྦྲུལ་གྱི་སྙིང་པོའི་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་སྐུ་རང་བྱོན་དེ་ལ་མཆོད་པ་རྒྱ་ཆེན་པོ་ཕུལ་ནས་གསོལ་བ་བཏབ་པས། ཐུགས་རྗེ་ཆེན་པོའི་ཐུགས་ཀ་ནས་འོད་ཟེར་དཀར་པོ་ཅིག་བྱུང་བས། འོད་ཟེར་དེ་འོན་ཐང་གི་མཚོ་ལ་ཕོག་འདུག་པ་དེ་ལ་བལ་མོ་ཁྲི་བཙུན་ལ་བསྟན་ནས་མཆི་མ་ཕྱིས་དང་འོད་ཟེར་འདི་མཐོང་ངམ་གསུངས་པས། དེ་དག་འཁུམས་ལགས་ཞེས་གསུངས་ནས། བལ་མོས་མལ་གྲོའི་ཀླུ་ལ་གཏོར་མ་ཕུལ་ནས་གསོལ་བ་བཏབ་པས་འོད་ཟེར་དེ་ལྷོ་ངོས་སུ་འགྱུར་རོ། །འོད་ཟེར་དེ་ལྷོ་ངོས་སུ་འགྱུར་བ་ལས་ཀྱི་ཆུའི་ཕྱེད་དཀར་ཆུང་སྦུ་བ་གདོང་དུ་གྱུར་ཏོ། །ཡང་བལ་མོས་རྒྱལ་པོ་ལ་གྲོས་དྲིས་པས། རྒྱལ་པོ་ཆེན་པོའི་ཞལ་ནས་ལྷོ་ཕྱོགས་གླ་བའི་ནགས་ཚལ་ནས་ཤིང་ཆོད་པ་མཚོ་ཕུབ་གསུངས། དེ་ནས་གླ་བའི་ཚལ་ནས་ཤིང་བཅད་ནས་མཚོ་བསུབས་པས་ཡང་མཚོ་ཁ་ལ་ཤིང་གིས་མ་སླེབས་པར། དེ་ནས་ཡང་བལ་མོས་རྒྱལ་པོ་ལ་གྲོས་དྲིས་པས། རྒྱལ་པོ་ཆེན་པོའི་ཞལ་ནས་ང་ལ་ཐབས་ཡོད། ཁྱོད་རང་གནོད་སྦྱིན་ཕོ་མོ་འཁོལ་ལ་གསང་ཕུད་ནས་རྡོ་ལོངས་ངས་ཡི་དམ་གྱི་ལྷ་ལ་གསོལ་བ་བཏབ་ཅིག་གསུངས་ནས། རྒྱལ་པོས་ཡི་དམ་གྱི་ལྷ་རང་བྱོན་ཐུགས་རྗེ་ཆེན་པོ་དེ་ལ་མཆོད་པ་ཕུལ་ནས་གསོལ་བ་བཏབ་པས། ཡི་དམ་གྱི་ལྷའི་ཐུགས་ཀ་ནས་འོད་ཟེར་ཁ་དོག་སྣ་ཚོགས་པ་མང་པོ་བྱུང་ནས། འོད་ཟེར་དྲ་བ་དྲ་ཕྱེད་དུ་མ་མཚོ་ནང་དུ་བབས་སོ། །རྒྱལ་པོ་ཆེན་པོའི་ཞལ་ནས། བལ་མོ་ཁྲི་བཙུན་ལ། བལ་བོའི་ལྷ་བཟོ་ལ་རྡོ་ལ་བཟོ་བྱེད་དུ་ཆུག་ལ་འོད་ཟེར་གྱི་སྣ་ལ་རྒྱོབ་གསུངས་སོ། །དེ་ནས་བལ་བོའི་རྡོ་མཁན་གྱིས་རྡོ་ལ་སོ་ཕག་གི་གཟུགས་ལེགས་པར་བྱེད་ནས་འོད་ཟེར་ལ་བརྒྱབ་ནས་འོད་ཟེར་ཟད་པ་དང་རྡོ་ཡང་ཟད་དོ། །དེ་ནས་བལ་མོ་ཁྲི་བཙུན་གྱིས་བལྟས་པས། མཚོའི་དཀྱིལ་ན་རྡོའི་སྤེའུ་གྲུ་བཞི་བ་ཅིག་མཆོད་རྟེན་གྱི་ཚུལ་དུ་རིབ་སེ་འདུག་པར་མཐོང་ནས། དེ་ནས་ཤིང་གླ་བའི་སྒམ་མཐུད་ལྕགས་ཀྱིས་འབའ་བེན་ལྕགས་གཟེར་གྱིས་བསྡམས་ནས་རྡོའི་སྤེལ་ལ་ཤིང་གི་སྣ་ཏོ་གཏད་ནས་ཤིང་བྲེས་སོ། །དེ་ནས་ཀླུའི་ཡུལ་ནས་རྡོ་རྗེའི་འདམ་པ་རྡོ་རྗེ་ཕ་ལམ་ལྟ་བུ་མེས་མི་འཚིག ཆུས་མི་རུལ་བ་བླངས་ནས་གླ་བའི་ཤིང་ལ་བྱུགས་སོ། །དེའི་སྟེང་དུ་ཁྲོ་ཆུའི་ཕ་གུ་ལེབ་མོར་གཅལ་དུ་བཀྲམ། བསྲུབས་ནི་མཁར་བའི་ཆུས་བསྡམས། དེའི་སྟེང་དུ་སོ་ཕག་དང༌། སྤང་ལེབ་དང༌། རྡོ་བཅལ་དང༌། ས་བཟང་པོ་འཕན་ཡུལ་ནས་ར་དཀར་མོ་ལ་བཀལ་ཏེ་བསྐྱས། དེ་ལ་རིམ་པ་ལྟར་འདམ་པ་གཡོས་ཀྱིན་གདལ་ནས་སྐམས་སུ་བཅུག དེའི་ཡམས་ལན་མང་པོར་བྱས་སོ། །དེའི་སྟེང་དུ་རྒྱའི་ལྡེམ་དཀར་འཕེལ་དཀར་ལ་དཔེ་བྱེད་དེ་སྐྱེ་བོ་ཕལ་དང་མཐུན་པར་གཟིངས་འབྲིང་པོའི་ཚད་དང་མཉམ་པར་རྨང་གྲུ་བཞིར་བཏིང༌། འཇིག་རྟེན་པ་དང་མཐུན་པར་མིག་མངས་རིས་སུ་བཏིང༌། བོན་པོ་དང་མཐུན་པར་ནང་གི་ས་གཞི་གཡུང་དྲུང་རིས་སུ་བཏིང༌། རབ་བྱུང་བཙུན་པ་དང་མཐུན་པར་དྲིའི་གཙང་ཁང་དུ་བྱས། སྔགས་པ་རྣམས་དང་མཐུན་པར་ཁྲོ་བོ་བཅུའི་དཀྱིལ་འཁོར་རིས་སུ་བྲིས། ཀ་བ་ཐམས་ཅད་ཕུར་བའི་གཟུགས་སུ་བྱས། མཐོངས་ཀ་དྲ་བ་དྲ་ཕྱེད་བྱས། ཕྱི་ནི་དུར་ཁྲོད་ཆེན་པོའི་ཚུལ་དུ་ཡོད་པ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་བརྡར་བྱས་རྒྱ་གར་གྱི་ལྷ་ཁང་གང་ལེགས་ལ་དཔེ་བྱས་ནས་བརྩིགས་པས། བལ་མོའི་ལས་མིས་ཉིན་མོ་བརྩིགས་པ་རྣམས་ལྷ་འདྲེས་ནུབ་མོ་བཤིགས་ནས་དེ་ལྟར་ལན་བདུན་གྱི་བར་དུ་ཞིག་ནས་རྩིག་ཏུ་མ་བཏུབ་བོ། །ཡང་བལ་མོ་ཁྲི་བཙུན་གྱིས་འདི་ཅིས་ལན་སྙམ་སྟེ་རྒྱལ་པོ་ལ་གྲོས་དྲིས་པས། རྒྱལ་པོ་ཆེན་པོའི་ཞལ་ནས་གཙུག་ལག་ཁང་རྩིག་པའི་ས་ཡུལ་རྒྱལ་པོ་ངའི་ས་ཆ་འདི་ལ་ཡོན་ཏན་བརྒྱད་དང་ལྡན་པ་ཡིན་པས། ལྷ་སའི་ས་གཞི་འདི་ལ་ས་ལ་པདྨ་འདབ་བརྒྱད་ཡོད། གནམ་ལ་འཁོར་ལོ་རྩིབས་བརྒྱད་ཡོད། ལོགས་ལ་བཀྲ་ཤིས་རྟགས་བརྒྱད་ཡོད་དེ། ཡོན་ཏན་རེ་རེའི་སར་སྐྱོན་རེ་ཅིས་ཀྱང་ཡོད་ཀྱི་འདུག ལྷ་ས་འདིའི་བྱང་ཤར་ན་ཆུ་སྲིན་ནག་པོ་གནམ་ལ་ལངས་པ་འདྲ་བའི་ས་དགྲ་ཡོད། དེ་ལ་དུང་ཁ་སྟོན། ཤར་དྲང་པོ་བྱེ་མ་ལུང་སྟོད་ན་སྲིན་མོ་འདོམས་བཟེད་པ་འདྲ་བའི་ས་དགྲ་ཡོད། དེ་ལ་དབང་ཕྱུག་ཆེན་པོའི་གསང་བའི་རྟེན་ཚུགས་ལ་སྟོན། ལྷོའི་གྲིབ་ཁ་སེར་ན་རུས་སྦལ་གཟན་ལ་ཟ་བ་འདྲ་བའི་རི་ཡོད། དེ་ལ་བྱ་ཁྱུང་གི་མཆུ་སྟོན་ལ་བཟློག ནུབ་ན་ཤུན་གྱི་རི་ལ་བདུད་ནག་པོ་བྱ་ར་བྱེད་པ་འདྲ་བའི་ས་དགྲ་ཡོད། དེ་ལ་མཆོད་རྟེན་སེར་པོ་རྩིགས་པས་བཟློག བྱང་ཉང་བྲན་དང་དོར་ཏེའུ་བར་ན་རི་གྱད་ཆེན་གཡུལ་དུ་ཞུགས་པ་འདྲ་བའི་ས་དགྲ་ཡོད། དེ་ལ་རྡོའི་སེངྒེ་དཀར་མོ་ཚུགས་ལ་བཟློག རི་འདིའི་ནུབ་དགའ་ལྡན་གྱི་མཚོ་འགྲམ་ན་བཙན་གྱི་རྒྱུ་སྲང་ཡོད། དེ་མཆོད་རྟེན་དཀར་པོས་བཟློག ནུབ་བྱང་ལྕགས་ཁ་རི་ལ་མ་མོའི་ཉལ་ས་ཡོད། དེ་མགོན་པོས་བཟློག བྱང་ན་ར་མོ་ཆེར་ནེའུ་ལ་ཀླུའི་ཕོ་བྲང་འཇིགས་གཟུགས་ཡོད་པ་དེ་ལྷ་ཤཱཀྱ་མུ་ནེས་མནན་ནས་ཡོད་ཅིག་གསུངས་པ་དེ་ཚོ་ཨོང་ཅོང་དང་མཐུན་ནོ། །དེ་ནས་འདྲེའི་མདུན་ས་བཤིག་པའི་ཕྱིར་དུ་ཙན་དན་གྱི་སྐུ་ལ་གསོལ་བ་བཏབ་པས། རྒྱལ་པོ་རང་གི་སྐུ་ཚབ་ཅིག་བཞེངས་གསུང་བའི་སྒྲ་བྱུང་ངོ༌། །རྒྱལ་པོས་བལ་བོའི་ལྷ་བཟོ་སྤྲུལ་པའི་བཟོ་བོ་ལ། ཁྱོད་ཀྱིས་ངའི་ལྷའི་སྐུ་འབག་བཞེངས་པར་ནུས་སམ་གསུངས་པས། ལྷ་བཟོ་བ་ན་རེ། ནུས་ལགས་ཟེར་ནས། རྒྱལ་པོས་སྐུའི་རྒྱུ་བསགས་པ་ནི་འདི་ལྟ་སྟེ། སྤྲུལ་པའི་དགེ་སློང་ཨ་ཀ་ར་མ་ཏིས་སྤྱན་དྲངས་པའི་གནས་ཆེན་པོ་བརྒྱད་ཀྱི་ས་དང༌། ཆུ་བོ་ནེ་རན་ཛ་རའི་འགྲམ་ན་ཤཱཀྱ་ཐུབ་པས་དཀའ་ཐུབ་མཛད་ཙ་ན་ལྷུང་བཟེད་བཞག་ཤུལ་གྱི་བྱེ་མ་དང༌། མ་ག་ཏའི་བྱང་ཆུབ་ཀྱི་ཤིང་གི་སྲོག་ཤིང་དང༌། ཞབས་གཡས་པའི་རུས་ཤིང་ཙན་དན་གོར་ཤི་ཤའི་མཆོད་སྡོང་དང༌། སྐུའི་ནང་རྫོང་བྱང་ཆུབ་ཤིང་གི་སྐུ་གསུམ་དང༌། ཐུགས་ཀར་ཙན་དན་སྦྲུལ་གྱི་སྙིང་པོའི་སྐུ་རྣམས་དང༌། རྒྱ་མཚོའི་གླིང་གི་འཇག་མ་དང༌། ཙན་དན་གོར་ཤི་ཤ་དང༌། ཙན་དན་སྤྲུལ་གྱི་སྙིང་པོའི་ཕྱེ་དང༌། འཇག་མ་ཁྲིལ་བའི་ཐི་གུ་དང༌། རིན་པོ་ཆེའི་སྤྱན་འབྲས་དང༌། ཟེའུ་རྨུ་གུའི་ལྕགས་གཟེར་དང༌། འཇག་མ་འཁྱིལ་བའི་རྒྱུ་ཆ་དར་ཟབ་རྣམས་སྟ་གོན་བྱས་ནས་རྒྱལ་པོའི་དབུ་སྔས་སུ་བཞག་གོ །སང་ནང་བར་རྒྱལ་པོས་བལ་མོ་ཁྲི་བཙུན་དང༌། རྒྱ་མོ་ཨོང་ཅོང་གཉིས་ལ། ངའི་ལྷ་སྐུ་བཞེངས་པའི་དགའ་སྟོན་ལ་བྱོན་ཅིག་ཅེས་ཕོ་ཕ་བཏང་ངོ༌། །བལ་མོ་ཁྲི་བཙུན་དང༌། རྒྱ་མོ་ཨོང་ཅོང་གཉིས་ཀྱིས་ཀྱང་རྒྱལ་པོས་ལྷ་བཞེངས་པའི་དགའ་སྟོན་བྱེད་སར་བྱོན་ཏོ།། དེའི་ནུབ་མོ་རྒྱལ་པོ་ཆེན་པོ་རིན་པོ་ཆེའི་ཁྲི་སྟེང་དུ་གཟིམས་པའི་ནམ་ཕྱེད་ཙམ་ན། རྒྱལ་པོ་ཆེན་པོའི་དབུ་སྔས་སུ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བཀྲ་ཤར་ཤར་བྱོན་ནས་ལྷའི་ལྡེ་གུའི་རྒྱུ་ཆ་རྣམས་ལ་ཐིམ་པར་གཟིགས་སོ། །དེ་ནས་རྒྱལ་པོ་ཆེན་པོའི་ཐུགས་དགོངས་ལ། ངའི་སྐུ་ཚབ་འདི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་མཉམ་པ་ཅིག་འབྱོན་པར་འདུག འདི་ནི་བྱིན་རླབས་ཅན་ཅིག་ཡོད་འདུག་པས། འདི་ལ་ངའི་ཡི་དམ་གྱི་ལྷའི་སྐུ་གཟུགས་ཞལ་བཅུ་གཅིག་པ་ཅིག་བྱའམ། ཕྱག་སྟོང་སྤྱན་སྟོང་ཅིག་བྱའམ། ཧྱ་གྲཱྀ་བ་ཅིག་བྱའམ། ཡི་གེ་དྲུག་པ་ཅིག་བྱའམ། དོན་ཡོད་ཞགས་པ་ཅིག་བྱའམ། ཁ་སརྤ་ཎི་ཅིག་བྱའམ། སེངྒེའི་སྒྲ་ཅིག་བྱའམ། ཡིད་བཞིན་འཁོར་ལོ་ཅིག་བྱའམ་སྙམ་སྟེ་ཐུགས་རྗེ་ཆེན་པོའི་རིགས་ལྔ་བཅུ་རྩ་བདུན་བགྲང་ཞིང་ཡོད་ཙ་ན། ནང་བར་ནམ་ལངས་པ་དང༌། སྔར་གྱི་རྒྱུ་ཆ་དེ་རྣམས་ལ་ཇོ་བོ་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་བཅུ་གཅིག་ཕྱག་བཅུ་པ་ཞིག་བཞེངས་ནས་འདུག་པ་ལས། རྩ་ཕྱག་བཅུ་མངའ་བའི་རྩ་བའི་ཕྱག་གཉིས་ཐུགས་ཀར་ཐལ་སྦྱར་བ། གཡས་ཀྱི་འོག་མ་ན་སྤྲུལ་སྐུ་ཤཱཀྱ་ཐུབ་པ་འཛིན་པ། གསུམ་པ་མཆོད་སྦྱིན་གྱི་ཕྱག་རྒྱ། བཞི་པས་འཁོར་ལོ་འཛིན་པ། མཐའ་མ་ནི་ས་གནོན་ནོ། །གཡོན་གྱི་གཉིས་པ་ན་རིལ་བ་སྤྱི་བླུག་བསྣམས་པ། གསུམ་པ་ན་ནོར་བུའི་དབང་པོ་འཛིན་པ། བཞི་པ་ན་པདྨ་བསྣམས་པ། ལྔ་པ་ན་གཞུ་འཛིན་པའོ། །ཞལ་བཅུ་གཅིག་མངའ་བའི་རྩ་བའི་ཞལ་གསུམ་དཀར་པོ་དབུས་མ་ཡེ་ཤེས་ཀྱི་སྤྱན་གསུམ་དང་ལྡན་པ། ཞལ་གསུམ་འཛུམ་པ་ཞི་བར་བཞུགས་པས་ཞི་བའི་འཕྲིན་ལས་འགྲུབ་པར་མཛད་པ་ཞི་བར་བཞུགས་པས་ཞི་བའི་འཕྲིན་ལས་འགྲུབ་པར་མཛད་པར་བསྟན་པ། དེའི་སྟེང་ན་རྒྱས་པའི་ཞལ་གསུམ་སེར་པོར་བཞད་པར་བཞུགས་པས་རྒྱས་པའི་འཕྲིན་ལས་འགྲུབ་པར་མཛད་པས་བསྟན་པ། དེའི་སྟེང་ན་དབང་གི་ཞལ་གཉིས་གཙིགས་པར་བཞུགས་པས་དབང་གི་འཕྲིན་ལས་འགྲུབ་པར་མཛད་པར་བསྟན་པ། དེའི་སྟེང་ན་ཁྲོ་བོའི་ཞལ་གཉིས་བསྒྲད་ཅིང་མཆེ་བ་གཙིགས་པར་བཞུགས་པའི་དྲག་པོའི་འཕྲིན་ལས་འགྲུབ་པར་མཛད་པར་བསྟན་པ། དེའི་སྟེང་ན་སངས་རྒྱས་སྣང་བ་མཐའ་ཡས་ཞི་བའི་ཞལ་དམར་པོ་འཛུམ་པར་བཞུགས་པ་དང་བཅུ་གཅིག་གོ །སྐུ་ནི་མེ་ཏོག་ཀུ་མུ་ཏའི་མདོག་ལྟར་ཤིན་ཏུ་དཀར་བ། མཚན་དང་དཔེ་བྱད་དུ་ལྡན་པ། སྐུ་སྟོད་རི་དྭགས་ཨེ་ན་ཡའི་སྟོད་གཡོགས་དང༌། སྐུ་སྨད་དར་སྣ་ཚོགས་ཀྱི་ཤམ་ཐབས་གསོལ་བ་ཅིག་ཀྲོང་ངེ་སྣང་ངོ༌། །ཨ་མི་དེ་བ་མན་ཆད་རྒྱལ་པོའི་སྐུ་ལུས་དང་མཉམ་པ་ཞིག་ཚར་འདུག་པས། རྒྱལ་པོའི་ཞལ་ནས་བལ་པོའི་ལྷ་བཟོ་བོ་འདི་སྐད་ཅེས་གསུང་ངོ༌། །ཁྱོད་ཀྱི་ལྷའི་སྐུ་འདི་ཤིན་ཏུ་ལེགས་འདུག་སྟེ། ངའི་ཡི་དམ་ལྷ་འདིའི་ཐུགས་ཀར་ཙན་དན་སྦྲུལ་གྱི་སྙིང་པོའི་ལྷའི་སྐུ་རང་བྱོན་འདི་དང༌། དེ་བཞིན་གཤེགས་པ་གསུམ་གྱི་རིང་བསྲེལ་བྲེ་གསུམ་དང༌། བྱང་ཆུབ་ཤིང་གི་མཆོད་སྡོང་འདི་རྣམས་ཐུགས་ཀར་སྤྱན་དྲངས་ནས་བཞུགས་དགོས་ཡོད་པ་ལ་གསུངས་པས། བལ་བོའི་ལྷ་བཟོ་བ་ན་རེ། ཀྱཻ་རྒྱལ་པོ་ཆེན་པོ་ལགས། རྒྱལ་པོའི་སྐུ་ཚབ་འདི་ངས་བཞེངས་པ་མ་ལགས། ནང་བར་ནམ་ལངས་པ་དང་རྒྱལ་པོ་ལ་ལྷའི་སྐུ་གང་བྱེད་ཞུས་ལ་བྱའོ། །སྙམ་ནས་འོངས་ཙ་ན། ལྷའི་སྐུ་འདི་རང་བྱོན་དུ་བཞེངས་ནས་འདི་ལྟར་སྣང་བ་ལགས་ཅེས་ཞུས་པ་དང༌། དེ་མ་ཐག་ཏུ་འཕགས་པའི་སྐུ་གཡོས་པར་གྱུར་ཏོ། །ལྷ་དེ་ཁོང་རང་གིས་ཕྱག་གཡོན་པས་ཤམ་ཐབས་པུས་མོ་གཡོན་པས་སྟེང་དུ་བརྫེས་ནས། ཞབས་གཡས་པ་བསྐུམ་པའི་མཐིལ་ནས་འོད་ཟེར་གསུམ་བྱུང་ནས། ཐུགས་རྗེ་ཆེན་པོའི་སྐུ་རང་བྱོན་དེ་དང༌། དེ་བཞིན་གཤེགས་པ་གསུམ་གྱི་རིང་བསྲེལ་དང༌། བྱང་ཆུབ་ཤིང་གི་མཆོད་སྡོང་དང་གསུམ་འོད་ཟེར་གྱིས་པུས་མོ་གཡོན་པའི་སྟེང་དུ་སྤྱན་དྲངས་ནས་ཐུགས་ཀར་སྒོ་ང་ཞུ་བཞིན་དུ་ཐིམ་མོ། །ལྷའི་སྐུའི་ཤམ་ཐབས་ཀྱང་པུས་མོའི་གོང་ཉིད་དུ་ལུས་སོ། །དབུས་འོད་དཔག་མེད་ནི་གཡོན་ཕྱོགས་སུ་ཅུང་ཟད་ཡོན་གྱིས་སོང་ངོ༌། །སྐུ་དེ་ཡང་ཤིན་ཏུ་སྦྲམ་ཞིང་མཛེས་པར་གྱུར་ཏོ། །རྒྱལ་པོ་ཆེན་པོ་ཡང་ཐུགས་རབ་ཏུ་དགྱེས་ཤིང་ངོ་མཚར་བར་གྱུར་ཏེ། སྤྲུལ་པའི་ལྷ་བཟོས་ཕྱག་སྟོང་སྤྱན་སྟོང་གི་བཟོ་ནི་ཕྱིས་སུ་མཛད་པའོ། །བོད་ཁ་བ་ཅན་དུ་ལྷའི་སྐུ་བཞེངས་པ་དང་རང་བྱོན་དུ་གྱུར་པ་ལ་སྔ་བ་དེ་ཡིན་ནོ། །དེ་ནས་གནམ་སྟོང་གི་སྲོད་ལ་རྒྱལ་པོས་ཕོ་བྲང་གི་ཕྱི་རོལ་ཏུ་བྱོན་པ་དང༌། ལྷོ་ནུབ་གླ་བའི་ཚལ་བྲག་གི་རྩ་ན་འདྲེ་ཐམས་ཅད་འདུས་ནས་འདུན་མ་བྱེད་པར་གཟིགས་པས། དེ་རྒྱལ་པོས་ཉན་པས། འདྲེ་རྣམས་ན་རེ་ཟ་རྒྱུ་བོད་ཀྱི་ཡུལ་འདི་ངེད་རང་མི་མ་ཡིན་པ་ཚོ་དབང་བ་ཡིན། རྒྱལ་པོ་སྲོང་བཙན་སྒམ་པོའི་ཆོས་བཤད། ངེད་རང་ཚོ་འདུལ་ཟེར་སྐད། སངས་རྒྱས་ཟེར་བ་དང༌། ཆོས་ཟེར་བ་དང༌། དགེ་འདུན་ཟེར་བ་ཚོ་ལ་ངེད་རང་འདྲེ་རྣམས་ཀྱིས་ཁོང་ཚོ་ཆོས་བྱེད་པ་ལ་བར་ཆོད་གཏང་ངོ༌། །ལས་དགེ་བ་བྱེད་མི་རྣམས་ལ་མི་ནད་དང༌། ཕྱུགས་ནད་དང༌། སད་དང་སེར་བ་བཙའ་དང་མུ་གེ་ལོ་ཉེས་ལ་སོགས་པ་གཏོང༌། རྒྱལ་པོ་སྟངས་ཞལ་ཡབ་ཡུམ་ཚོ་ལྷ་ཁང་རྩིག་པ་ཡང་བཤིག་གོ །སྔར་ཡང་བཤིགས་པ་ལེགས། དེ་ཡང་རྡོ་ཆར་བྱའོ་ཟེར་བའི་གྲོས་བྱས་པ་ཐོས་པས། རྒྱལ་པོས་དེ་རྣམས་བཟློག་པའི་ཆེད་དུ། ཇོ་བོ་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཅུ་གཅིག་ཞལ་གྱི་སྐུ་རང་བྱོན་དེ་ལ་གསོལ་བ་བཏབ་པས། ཇོ་བོ་རང་བྱོན་བཞད་པའི་ཞལ་ནས་འོད་ཟེར་དམར་ལྗང་གཉིས་སུ་གྱེས་ནས། འོད་ཟེར་ལྗང་ཁུའི་སྣེ་ལ་ཁྲོ་བོ་བདུད་རྩི་འཁྱིལ་བ་ལྗང་ཁུ་བྱོན་ནས། བྲག་ལྷ་ན་མ་མོའི་ཉལ་ས་ཡོད་པ་ཕྲོགས་ནས། རྡོ་རྗེའི་ར་བས་སྐོར་བར་བྱིན་གྱིས་བརླབས་པ་ལ། དེ་ལ་རྒྱལ་པོ་ངོ་མཚར་སྐྱེས་ནས་ཀུན་ཏུ་ཞལ་གྱིན་བཞེངས་སོ། །གཅིག་གི་སྣེ་ལ་ཁྲོ་བ་རྟ་མགྲིན་དམར་པོ་བྱོན་ནས། དེའི་ཞལ་ནས་མེ་དཔུང་འཕྲོས་པས་ལྷོ་ནུབ་མཚམས་གླ་བའི་ཚལ་དུ་སོང་བས། དེ་ན་དུག་གི་སྡོང་པོ་ཡོད་པ་དེ་ལ་ཕོག་པས་དུག་ཐོར་བས། དེའི་རྩ་ན་འདྲེའི་འདུན་ཕུང་ཡོད་པ་ལ་ཕོག་པས། འདྲེ་ཐམས་ཅད་བརྒྱལ་པར་བྱས་སོ། །དེའི་ཕྱི་ན་ཁྲོ་བོ་གཉིས་ཀྱི་ཤངས་ནས་དུས་མཐའི་རླུང་ཆེན་པོ་གཡོ་བ་ལྟ་བུས་བུས་པ། བསྐལ་པ་སྲེག་པའི་མེ་དཔུང་ལྟ་བུ་བྱུང་བས་འདྲེ་དེ་རྣམས་ཐམས་ཅད་བདས་ནས། ཕྱིའི་རྒྱ་མཚོ་ཆེན་པོ་བྱེ་མའི་གླིང་དུ་བསྐྱལ་ལོ། །དེ་ནས་འདྲེ་རྣམས་བརྒྱལ་སངས་པ་དང༌། བོད་ཁ་བ་ཅན་གྱི་རྒྱལ་ཁམས་ལ་ཉི་ཟེར་ལ་ལག་པས་སྐྱོར་ནས་ལྟ་ཞིང་འདུག་གོ །མེའི་ཕུང་པོ་དེ་ཉིད་ལྕགས་པོ་རིའི་བྲག་ལོགས་ལ་ཕོག་པས། འོད་དཔག་མེད་དང༌། ཁ་སརྤ་ཎི། ཧྱ་གྲཱྀ་བ་དང་གསུམ་དུ་སྐུ་ལམ་མེར་ཆགས་སོ། །དེ་ལ་རྒྱལ་པོ་ཆེན་པོ་ཐུགས་རབ་ཏུ་དགྱེས་ནས་འོད་འཇའ་ཚོན་ལྟ་བུར་འདུག་པ་ལ། བལ་པོ་རྡོ་མཁན་གྱིས་བྲག་ལ་འབུར་དུ་རྐོས་ནས་བཞག་པས་ད་ལྟ་ཡང་ལྷ་ཅན་གདོང་ཅེས་གྲགས་སོ། །ཇོ་བོ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་བཞེངས་པས་རང་བྱོན་དུ་བྱུང་བ་དང༌། ཁ་བ་ཅན་གྱི་འདྲེ་སྲིན་བཏུལ་བའི་ལེའུ་སྟེ་བཅུ་གསུམ་པའོ།། །། ལེའུ་བཅུ་བཞི་པ། ལྷ་ཅིག་བལ་བཟའ་ཁྲི་བཙུན་གྱིས་ར་སའི་གཙུག་ལག་ཁང་གི་འོག་ཁང་བཞེངས་པ། ཡང་རྒྱལ་པོ་ཆེན་པོའི་ཞལ་ནས། མདང་གི་འོད་ཟེར་གྱི་སྣེ་ལ་བྱུང་བའི་ཁྲོ་བོ་དེ་གཉིས་བལ་བོའི་ལྷ་བཟོ་བ་ཁྱོད་ཀྱིས་མཐོང་ངམ་ཅེས་གསུངས་པས། བལ་བོའི་ལྷ་བཟོ་བ་ན་རེ་མཐོང་ལགས་ཟེར། རྒྱལ་པོའི་ཞལ་ནས་ལྷ་དེ་ཀུན་གྱི་བཟོ་ཤེས་སམ་གསུངས་པས། ལྷ་བཟོ་བ་ན་རེ་ཤེས་ལགས་ཟེར། འོ་ན་ཁྱོད་ཀྱིས་དེ་ཉིད་ཀྱི་གཟུགས་རེ་བཟོ་གྱིས་ཤིག་གསུངས་པས། ལྷ་བཟོ་བ་དེས་ཁྲོ་བོ་བདུད་རྩི་འཁྱིལ་བ་དང་རྟ་མགྲིན་གཉིས་ཞལ་བཞི་བཞི། ཕྱག་དྲུག་དྲུག་ཡོད་པའི་ལྡེར་སྐུ་གཉིས་བཞེངས་སོ། །ཡང་རྒྱལ་པོས་ད་དུང་བཞེངས་དང་གསུངས་པས། ཁ་སརྤ་ཎི་དང༌། འཇིག་རྟེན་དབང་ཕྱུག་གཉིས་བཞེངས་སོ། །ད་དུང་འཁོར་ཉུང་ཡོད་པས་བཞེངས་དང་གསུངས་པས། དོན་ཡོད་ཞགས་པ་དང་ཡིད་བཞིན་འཁོར་ལོ་གཉིས་བཞེངས་སོ། །ཡང་རྒྱལ་པོས་ཞལ་ནས་ལྷ་འཁོར་ཉུང་ཡོད་ད་དུང་བཞེངས་དང་གསུངས་པས། ཡུམ་བཞི་བཞེངས་ཏེ་ལྷ་མོ་ཨ་ནུ་ཏ་ར་དང༌། ལྷ་མོ་འོད་ཟེར་ཅན་གཉིས་ལྡེར་སྐུར་བཞེངས་སོ། །ཕྱིས་སུ་ལྷ་མོ་ཁྲོ་གཉེར་མ་དང༌། འཇིགས་པ་བརྒྱད་སྐྱོབ་མ་གཉིས་ཀྱང་རིས་སུ་བྱས་ནས་བཞེངས་སོ། །དབུས་ཀྱི་གཙོ་བོ་ཐུགས་རྗེ་ཆེན་པོ་རང་བྱུང་བཅུ་གཅིག་ཞལ་དང་བཅས་པའི་གཙོ་འཁོར་བཅུ་གཅིག་བཞེངས་སོ། །དུས་ཀྱི་ཕྱི་མ་ནི་མི་རྣམས་ན་རེ་ཐུགས་རྗེ་ཆེན་པོ་གཙོ་འཁོར་དགུ་ཡོད་ཟེར་ཁ་མི་འཆམ་པ་ཡོད་ཟེར། རྒྱལ་པོ་ཆེན་པོས་བཞེངས་པའི་ཐུགས་དམ་གྱི་ལྷ་དེ་རྣམས་ནི་རྒྱལ་པོའི་བཙུན་མོ་ཕོ་གོང་ལྡོང་བཟའ་ཁྲི་བཙུན་གྱིས་བཞེངས་པའི་ལྷ་ས་མཁར་བྲག་ལྷ་ཁང་ན་བཞུགས་ཡོད་པ་ཡིན་ནོ། །རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོའི་བཙུན་མོ་སྔ་ཤོས་ནི་ཕོ་གོང་ལྡོང་བཟའ་ཁྲི་བཙུན་ཡིན། (དེའི་ལྷ་ས་མཁར་བྲག་ལྷ་ཁང་ན་བཞུགས་ཡོད་པ་ཡིན་ནོ། །རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོའི་བཙུན་མོ་སྔ་ཤོས་ནི་ཕོ་གོང་ལྡོང་བཟའ་ཁྲི་བཙུན་ཡིན)དེས་ལྷ་ས་མཁར་བྲག་ལྷ་ཁང་བཞེངས་པའི་རྨང་བཏིང་ངོ༌། །དེའི་ཕྱི་མ་ཞང་ཞུང་བོན་པོའི་བུ་མོ་ཞང་ཞུང་བཟའ་ཁྲི་བཙུན་ཡིན། དེས་ཐེམ་བུ་ཀོག་པའི་ལྷ་ཁང་གི་རྨང་བཏིང་ངོ༌། །དེའི་ཕྱི་མ་རུ་ཡོང་སྟོང་བཟའ་ཁྲི་བཙུན་ཡིན། དེས་བྲག་ལྷ་མགོན་པོའི་ལྷ་ཁང་གི་རྨང་བཏིང་ངོ༌། །དེའི་ཕྱི་མ་ནི་ལི་ལྕམ་མཐོན་བཟའ་ཁྲི་བཙུན་ཡིན། དེས་ལྷ་ས་མིག་མངས་ཚུལ་གྱི་ལྷ་ཁང་གི་རྨང་བཏིང་ངོ༌། །རྒྱལ་པོའི་བཙུན་མོ་བོད་མོ་བཞི་ནི་མཆོད་པའི་ལྷ་མོ་བཞིའི་སྤྲུལ་པ་ཡིན་ཅེས་སོ། །དེའི་ཕྱི་མ་བལ་མོ་བཟའ་ཁྲི་བཙུན་སྒྲོལ་མ་དཀར་མོའི་སྤྲུལ་པ་ཡིན། དེས་ལྷ་ས་འཕྲུལ་སྣང་གི་ལྷ་ཁང་གི་རྨང་བཏིང་ངོ༌། །དེའི་ཕྱི་མ་རྒྱ་མོ་བཟའ་ཁྲི་བཙུན་ཨོང་ཅོང་སྒྲོལ་མ་སྔོན་མོའི་སྐུའི་སྤྲུལ་པ་ཡིན། དེས་ལྷ་ས་ར་མོ་ཆེའི་ལྷ་ཁང་གི་རྨང་བཏིང་ངོ༌། །དེ་ནས་རྒྱལ་པོ་ཆེན་པོས་མཁར་བྲག་ལྷ་ཁང་གི་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གཙོ་འཁོར་བཅུ་གཅིག་གི་སྐུ་མདུན་དུ་དབུ་སྔས་གཏད་ནས་རྟག་ཏུ་བཞུགས་སོ། །དེ་ནས་ཇོ་མོ་རུ་ཡོང་བཟང་སྟོང་བཙུན་གྱིས་མ་མོའི་ཉལ་སར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀུན་ཏུ་ཞལ་གྱི་བྲག་ལ་འབུར་དུ་བཏོད། ཕོ་བྲང་གི་ནུབ་བྱང་མཚམས་ན་བཙན་གྱི་རྒྱུ་སྲང་ཡོད་པ་དེར་མཚམས་གཅོད་པའི་མཆོད་རྟེན་དཀར་པོ་བཞེངས། དེ་མ་བརྩིགས་ན་ཁ་བ་ཅན་གྱི་བཙུན་པའི་སྲོག་བཙན་གྱིས་འཕྲོག་པ་ཡིན་པ་ལ། དེར་བཙན་མནན་པས་རབ་ཏུ་བྱུང་བ་ལ་བཙན་གྱིས་གནོད་པ་བྱེད་མི་ནུས་པའི་ཆོ་ག་ཡང་མཛད་དོ། །དེ་ནས་བལ་མོ་བཟའི་ལྷ་ཁང་བརྩིག་ཏུ་བཏུབ་པར་མཁྱེན་ནས། སྐྱེ་བོ་ཐ་མལ་པ་ཐམས་ཅད་ཀྱིས་མི་མཐོང་བར་བྱ་བའི་ཕྱིར། ཆར་ཟམ་ཟིམ་ཕབ་སྟེ་ན་བུན་ཏུ་གཏིབས་ནས། རྒྱལ་པོ་ལ་ཁྲི་བཙུན་གྱིས་ཞུས་པ། ཆད་བཙན་པར་བྱ་བའི་ཕྱིར་དང༌། བལ་རྗེ་ལ་ཆད་པའི་བཀའ་བཙན་པར་བྱ་བའི་དང༌། བོད་ཡུལ་ཁ་བ་ཅན་དུ་ཉེས་པ་ཐམས་ཅད་ནུབ་པར་བྱ་བ་དང༌། ལེགས་པ་ཐམས་ཅད་དར་ཞིང་རྒྱས་པར་འབྱུང་བ་དང༌། བོད་ཡུལ་ཁ་བ་ཅན་གྱི་སེམས་ཅན་རྣམས་ཀྱི་བསོད་ནམས་བསོག་པའི་ཕྱིར་དུ། དམ་པའི་ཆོས་ལ་སོགས་པ་དགེ་བ་བཅུའི་ལས་ཐམས་ཅད་འབྱུང་བར་བྱ་བའི་དོན་ཆེད་དུ་ལྷ་ཁང་རྩིག་པ་ལ། རྒྱལ་པོས་སྐུ་ལུས་ཀྱི་བཀོད་པ་ལྔ་སྟོང་དུ་སྤྲུལ་ནས་ལ་ལས་ས་བསྐྱས། ལ་ལས་རྡོ་བསྐྱས། ལ་ལས་ཤིང་བཅད་དེ་བསྐྱས། ལ་ལས་སྤང་ལེབ་བཞོགས། ལ་ལས་རྡོ་བཏང༌། ལ་ལས་འདམ་པ་བཏང༌། ལ་ལས་རྩིག་པ་རྩིགས། ལ་ལས་གླུ་ལེན་གར་བྱེད་ཀྱི་གྱང་བཅགས་ནས། ལ་ལས་ཤར་རྩིགས། ལ་ལས་ལྷོ་རྩིགས། ལ་ལས་ནུབ་རྩིགས། ལ་ལས་བྱང་རྩིགས། སྤྲིན་དང་ན་བུན་འཁྲིགས་པ་དེའི་གསེབ་ན་ཀུ་དི་རི་ཅོ་དི་རི་རྩིགས་སོ། །དེ་ལྟར་བརྩིགས་པ་འདྲེ་སྲིན་རྣམས་ཀྱིས་བཤིག་སྟེ་ཞིག་པས་བརྩིག་ཏུ་མ་བཏུབ་པར། ཡང་རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོ་དང༌། རྒྱ་མོ་ཨོང་ཅོང་གཉིས་བཀའ་གྲོས་ནས་ས་དཔྱད་ཞིབ་མོར་མཛད་པས། བོད་ཡུལ་ཁ་བ་ཅན་གྱི་ས་གཞི་འདི་སྲིན་མོ་གན་རྐྱལ་དུ་སྒྱེལ་བ་འདྲ་བའི་མགོ་དང༌། དཔུང་མགོ་གཉིས་གྲུ་མོ་གཉིས་དཔྱི་རུས་དང༌། པུས་མོ་གཉིས་དང༌། རྐང་མགོ་གཉིས་དང༌། ཡན་ལག་གི་ཚིགས་བཞིའི་མེ་བཙས་མནན་དགོས་པར་ཤེས་ནས། རུ་བཞིའི་གཙུག་ལག་ཁང་བཞེངས་དགོས་པར་མཁྱེན་ནས། རྒྱལ་པོ་ཆེན་པོས་སྤྲུལ་ལས་མི་དང་བཟོ་བོ་མང་པོ་མཛད་ནས། དཔུང་མགོ་གཡས་པ་གནོན་པ་ལ་དབུ་རུ་ན་ཀ་ཚལ་ནི་དགེ་བསྙེན་ཉི་ཤུ་རྩ་གཅིག་གི་དཀྱིལ་འཁོར་དུ་བཞེངས་སོ། །དཔུང་མགོ་གཡོན་པ་གནོན་པ་ལ། གཡུ་རུ་ན་ཁྲ་འབྲུག་ནི་གཟའ་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་དུ་བཞེངས་སོ། །དཔྱི་གཡས་གཡོན་པ་ལ་གཡས་རུ་ན་གཙང་འབྲང་ནི་རྒྱལ་ཆེན་རིགས་བཞིའི་དཀྱིལ་འཁོར་དུ་བཞེངས་སོ། །དཔྱི་གཡོན་གནོན་པ་ལ། གཡོན་རུ་ན་གྲུམ་པ་རྒྱལ་གྱི་ལྷ་ཁང་ནི། དགེས་རྡོར་དཔལ་འབར་དབྱངས་གྲུབ་པའི་དཀྱིལ་འཁོར་དུ་བཞེངས་སོ། །དེ་བཞི་ནི་རུ་བཞིའི་གཙུག་ལག་ཁང་ངོ༌། །བར་ཚིགས་གནོན་པར་བྱ་བའི་ཕྱིར་མཐའ་འདུལ་གྱི་གཙུག་ལག་ཁང་བཞེངས་སུ་གསོལ་ཏེ། ཤར་ལྷོ་ན་གྲུ་མོ་གཡས་པ་ལ་སྒོང་བུ་བུར་ཆུད་ནི་མགོན་པོ་ནག་པོའི་དཀྱིལ་འཁོར་དུ་བཞེངས་སོ། །ལྷོ་ནུབ་ཏུ་གྲུ་མོ་གཡོན་པ་ལ་ལྷོ་བྲག་མཁོན་མཐིང་ནི། རིགས་ལྔའི་སངས་རྒྱས་ཀྱི་དཀྱིལ་འཁོར་དུ་བཞེངས་སུ་གསོལ། པུས་མོ་གཡས་པ་ལ་བྱང་ཚལ་ཕྱི་དབང་ཆེན་གྱི་ལྷ་ཁང་ནི་རིན་པོ་ཆེའི་དཀྱིལ་འཁོར་དུ་བཞེངས་སོ། །པུས་མོ་གཡོན་པ་ལ་ལྷོ་ནུབ་ཏུ་མོན་བུམ་ཐང་སྐྱེས་ཆུའི་ལྷ་ཁང་ནི་པདྨ་དབང་གི་དཀྱིལ་འཁོར་དུ་བཞེངས་སོ། །ཡང་བརྩིགས་པས་མ་བཏུབ་པར། ཉིང་ལག་གནོན་པར་བྱ་བའི་ཕྱིར་ལག་མཐིལ་གཡས་པ་ལ་ཤར་མདོ་ཁམས་ཀྱི་ཀློང་ཐང་སྒྲོལ་མའི་ལྷ་ཁང་ནི་བདུད་འདུལ་བའི་དཀྱིལ་འཁོར་དུ་བཞེངས་སོ། །ལག་མཐིལ་གཡོན་པ་ལ་བར་ཆད་ཀ་བྲག་ནི་རྣམ་ཐོས་སྲས་ཀྱི་དཀྱིལ་འཁོར་དུ་བཞེངས་སོ། །ནུབ་བྱང་དུ་རྐང་བ་གཡས་པ་ལ་སྤྲ་དུན་རྩེ་ནི། གཙུག་ལག་དགུའི་དཀྱིལ་འཁོར་དུ་བཞེངས་སོ། །ལྷོ་ནུབ་ཏུ་བྱམས་པ་སྤྲིན་གྱི་ལྷ་ཁང་ནི་སའི་ལྷ་མོའི་དཀྱིལ་འཁོར་དུ་བཞེངས་སོ། །སྲིན་མོའི་སྦུབས་གནོན་པ་ལ་ཚངས་པ་རླུང་གནོན་གྱི་ལྷ་ཁང་བཞེངས་བྱ་བ་ལ་སོགས་པ་རྒྱལ་པོ་ཆེན་པོའི་བཀའ་ཆེམས་རྣམས་བཙུན་མོ་རྣམས་ཀྱིས་མཛད་པས་བཀའ་ཆེམས་དར་དཀར་གསལ་བ་དང༌། བློན་པོ་བཅུ་དྲུག་གིས་མཛད་པའི་བཀའ་ཆེམས་ཟླ་བ་འདོད་འཇོ་ལ་སོགས་པར་རྒྱས་པར་གསལ་ལོ། །རྒྱལ་པོའི་བཀའ་ཆེམས་འདིའི་ནང་དུ་ཡི་གེ་མངས་ཀྱིས་དོགས་ནས་ཡང་དག་པར་གསལ་ཞིང་རྒྱས་པར་མ་བྲིས་སོ།། དེ་ནས་རྒྱལ་པོ་སྲོང་བཙན་སྒམ་པོའི་ཐུགས་དགོངས་ལ་མི་མ་ཡིན་མོའི་ཡན་ལག་དང་ཉིང་ལག་སོར་མོ་རྣམས་གནོན་པར་བྱ་བའི་ཕྱིར་མཐའ་འདུལ་དང༌། ཡང་འདུལ་གྱི་གཙུག་ལག་ཁང་རྣམས་ནི་བཞེངས། ས་དགྲ་རྣམས་མཐའ་བཞིའི་གཙུག་ལག་ཁང་བཞེངས་པ་དེས་སྲིན་མོའི་མགོ་དང་སུག་བཞི་རྩ་ལག་རྩ་བྲན་དང་བཅས་པ་རྣམས་ལེགས་པར་གནོན་ནས། ར་སའི་གཙུག་ལག་ཁང་བཞེངས་སུ་བཏུབ་པར་མཁྱེན་ནས། སྐུ་ལུས་ཀྱི་བཀོད་པ་ལྔ་སྟོང་དུ་སྤྲུལ་ནས། སྤྲུལ་པའི་མི་མང་པོ་སྐྱེས་པ་སྟོང་ཐམས་པས་ནི་ཕ་སྤྲེའུ་སྒོམ་དང༌། མ་བྲག་སྲིན་མོ་རྣམས་ཀྱི་བུ་བརྒྱུད་མི་མ་རུང་བ་ཕལ་བ། མི་དགེ་བ་བཅུའི་ལས་བྱེད་པ་རྣམས་ལ་ཆད་པ་གཅོད་པའི་ཆེད་དུ་ཕོ་བྲང་གི་ལྕགས་རིའི་ཕྱི་ནང་ཐམས་ཅད་དུ་ཆད་པ་གཅོད་མཁན་གྱི་མིས་ཁེངས་པར་བྱས་ནས། མགོ་འབྲེག་པ་དང༌། མིག་འདོན་པ་དང༌། པགས་པ་བཤུ་བ་དང༌། རྐལ་ལག་འབྲེག་པ་དང༌། ཨན་བན་ལ་འདོགས་པ་དང༌། མེ་ཐབ་ཏུ་འཇུག་པ་དང༌། སའི་ཆད་པ་དང༌། མེའི་ཆད་པ་དང༌། རླུང་གི་ཆད་པ་དང༌། ལྕགས་རྒྱག་པ་དང༌། ཤིང་རྡོས་རྒྱག་པ་དང༌། ས་དོང་དུ་འཇུག་པ་དང༌། དེ་ལ་སོགས་པའི་ཆད་པ་སྣ་ཚོགས་པ་མང་པོ་གཅོད་དོ། །རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོ་ནི་ཁོ་རང་སྐུ་ངོས་ཀྱིས་གཙོ་མཛད་པའི་སྤྲུལ་པའི་བཟོ་བོ་དང༌། ལས་མི་བཞི་སྟོང་གིས་ལྷ་ཁང་བརྩིག་སར་འོང་ནས། ལ་ལས་ཤིང་གཤགས། ལ་ལས་སྤང་ལེབ་བཞོགས། ལ་ལས་འབུར་དུ་བཏོད། ལ་ལས་ཧ་བྲུས། ལ་ལས་རྩི་བཏང༌། ལ་ལས་གཙུག་ལག་ཁང་གི་རྨང་པདྨ་འདབ་མ་བཞིའི་ཚུལ་བྱས། ཟུར་བཞི་ནི་དགྲ་བཟློག་པའི་ཆེད་སྒྲོ་མངས་སུ་བྱས། ཕྱི་ཉན་ཐོས་ཀྱི་དཀྱིལ་འཁོར་ལུགས་སུ་བྱས། ནང་ཁྲོ་བོ་བཅུའི་དཀྱིལ་འཁོར་གྱི་ལུགས་སུ་བཞེངས། བལ་རྗེའི་རྒྱལ་པོ་དང་ཆད་པ་བཙན་པའི་ཆེད་དུ་ལྷ་ཁང་གི་སྒོ་ནུབ་ལ་བསྟན། ཁང་མིག་ཆེ་བ་ཆེ་བར་མཉམ་པ། ཆུང་བ་ཆུང་བར་མཉམ་པ་བྱས་ནས། རྡོ་གསང་ཕུ་ནས་བླངས། རྡོ་ལེན་པ་བཞི་བརྒྱ་ཐམ་པ། རྡོ་སྤྲེང་བ་བཞི་བརྒྱ་ཐམ་པ། ཤིང་བཏུབ་པ་བཞི་བརྒྱ་ཐམ་པ། ཤིང་སྟོད་པའི་བཞི་བརྒྱ་ཐམ་པ། སྤེན་མིའི་ལྷས་མ་རླན་པ་བཞི་བརྒྱ་ཐམ་པ། འདམ་པ་གདལ་བ་བཞི་བརྒྱ་ཐམ་པ། འདམ་པ་སྒོང་བ་བཞི་བརྒྱ་ཐམ་པ། འདམ་པ་སྦྲེང་བ་བཞི་བརྒྱ་བ་སྟེ། རྒྱལ་པོ་ཆེན་པོ་རང་གིས་བཟོ་དཔོན་མཛད་པའི་སྤྲུལ་པའི་སྐྱེ་བོ་བཞི་སྟོང་གིས་ལྷ་ཁང་གི་བཟོ་དང་ལས་མཛད་དེ། ཕྱེད་ས་དང་རྡོ་ལ་བརྩིགས། ཕྱེད་ཤིང་ལ་བརྩིགས་སོ། །ལྷ་སའི་ཡུལ་གྲོང་གི་མི་རྣམས་ཀྱིས་ཅ་ཅོ་པ་ཡ་དང༌། ཀུ་དི་རི་ཅོ་དི་རི་ཟེར་བ་ཐོས་སོ། །ཆར་ཟིམ་བུ་དལ་བོ་དེ་འབབ་འཕྲོ་ཆད། ན་བུན་འཐིབ་པ་དེ་ཡང་སངས། ཀུ་དིར་ཅོ་དིར་དེ་མི་ཟེར་བར་རེད་ཙ་ན་ར་སའི་གཙུག་ལག་ཁང་གི་ཐོག་འབུབས་པ་མ་གཏོགས་བཞེངས་ཟིན་འདུག དེ་ནས་རྒྱལ་པོ་ཆེན་པོའི་ཐུགས་དགོངས་ལ། ལྷ་ཁང་གི་ཐོག་འབུབས་པ་དང༌། གྱང་རིས་འབྲི་བ་བྱེད་དགོངས་པས། ཉི་མ་གཅིག་ལ་ཤིང་བཟོ་རྣམས་ཟིན་པར་བྱེད་དགོས་འདུག་སྙམ་ནས། སྤྲུལ་པའི་བཟོ་བོ་རྣམས་ཀྱིས། ལ་ལས་ཤིང་གཤག ལ་ལས་འབུར་དུ་བཏོད། ལ་ལས་ཧ་འབྲུ་བྱེད་དུས། རྩ་བའི་རྒྱལ་པོ་དེ་ཁ་གཅིག་བུ་ལ་བསང་བུ་སོགས་དྲངས་ཆོག་པ་ཡིན་པ་ལ། བལ་མོ་བཟའ་ཁྲི་བཙུན་མོ་རང་གིས་དུས་རྟག་ཏུ་རིན་པོ་ཆེ་སྣ་ཚོགས་ཀྱིས་གསོལ་ཕོར་ད་ཤ་གསར་མར་གསར་སྤོད་ཀྱིས་བྲན་པ་ལ་སོགས་པའི་གསོལ་ཟས་ཀྱི་གཡོས་སྣ་བཅུ་གསུམ་དང༌། འབྲས་ཆང་གར་བསིངས་དང་བཅས་པའི་བཤོས་བསང་སོགས་འདྲེན་དུ་ཡོང་གིན་ཡོད་པ་ལ། སྤྲུལ་པའི་བཟོ་བོའི་དཔོན་པོ་དེ་བལ་མོ་ཁྲི་བཙུན་རང་མིན་པ་གཞན་གྱིས་ངོ་མི་ཤེས་པ་ཡིན་པ་ལ། དུས་དེའི་ཚེ། ལྷ་ཅིག་ཨོང་ཅོང་གི་ཕྱིར་ཡོང་བ་རྣམས་ན་རེ། ངེད་ཀྱིས་དཀའ་ལས་བྱས་པའི་ཨོང་ཅོང་ལ་རྒྱལ་པོ་ཐུགས་མི་དགོངས་པར། རྒྱལ་པོ་བལ་མོ་བཟའ་ལ་ཐུགས་འདོག་པ་འདུག་ཟེར་ནས། རྒྱལ་པོ་དང་བལ་མོ་བཟའི་བར་དུ་ཕྲ་མ་བཅུག་པས། བཙུན་མོ་དང་བལ་བཟའ་ཁྲི་བཙུན་གྱིས་ཉིན་གཅིག་ན་དབུ་སྐྲ་འཁྲུ་བས་མ་ཁོམ་གསུངས་ནས། ཤ་གསར་མར་གསར་སྤོད་ཀྱིས་བྲན་པའི་ཟས་གཡོས་དང༌། འབྲས་ཆང་གར་བསིངས་བཤོས་སོགས་རིན་ཆེན་སྣ་ཚོགས་ཀྱི་སྣོད་དུ་བསགས་ནས་གཡོག་མོ་ཅིག་ལ་བསྐུར་ནས། རྒྱལ་པོ་ཆེན་པོ་ལ་འདྲེན་དུ་བཏང་བས། གཡོག་མོས་རྒྱལ་པོ་དང་འདྲ་བ་དར་ལེ་བརྒན་གྱིས་ཐོད་བྱས་པ་མང་པོས་ལྷ་ཁང་གི་ནང་ཁེངས་འདུག་པར་མཐོང་ནས། དེ་ཚོའི་ནང་ནས་རྒྱལ་པོ་སྐུ་ངོས་གང་ཡིན་ངོ་མ་ཤེས་པར། ལྷ་ཁང་གི་ཕྱིར་ཐོན་ནས་ཚུར་ལ་ལོག་ནས། ངས་རྒྱལ་པོ་གང་ཡིན་ངོ་མ་ཤེས་ཟེར་བས་ཁྲི་བཙུན་ན་རེ་ངོ་མི་ཤེས་པ་མེད། དཀྱིལ་འཁོར་དེའི་སྟེང་ན་རྒྱལ་པོ་ཉིད་གཞན་ཚོ་བས་གཟུགས་ཆེ་བ། དར་ལེ་བརྒན་གྱིས་ལེབ་རྩིགས་དམར་ལྷམ་མེ་བའི་གསེབ་ན་སངས་རྒྱས་ཨ་མི་དེ་བ་རིབ་བེ་བྱས་པ་གཅིག་གིས་སེང་གི་གཞོག་ཀྱིན་ཡོད་པ་དེ་ཡིན། རྒྱལ་པོ་འདྲ་བ་གཞན་ཚོ་སྤྲུལ་པ་ཡིན། སྤྱི་གཙུག་ན་ཨ་མི་དེ་བ་མེད་པས་འགོངས་ཀྱིན་བྱིན་པས་ཆོག དེ་ནས་བཤོས་འདྲེན་མ་ནུས་ན་རྒྱལ་པོ་དེའི་སྐུ་མདུན་དུ་བཞག་པས་ཆོག་གསུངས་པས། དེ་ནས་ཡང་གཡོག་མོས་ལོག་ནས་བཟོ་བོ་གཞན་ཚོ་ལ་འགོངས་ཀྱིན་ཕྱིན་ནས། རྩ་བའི་རྒྱལ་པོའི་སྐུ་ངོས་དེའི་རྩར་སླེབས་པ་དང༌། རྒྱལ་པོའི་གཟི་བརྗིད་ཆེ་བས་གཡོག་མོས་མ་བཟོད་པར་བཤོས་བསང་དེ་ཡང་མོ་རང་གི་ཡར་ལོག་མར་ལོག་མང་པོ་བྱས་པས་གྲང་མོར་རེད་ནས། རྒྱལ་པོའི་ཕྱག་ཏུ་འབུལ་དང་འདྲེན་མ་ནུས་པར། རྩ་དེར་བཞག་ནས་བྲོས་ཕྱིན་པས། རྒྱལ་པོའི་ཐུགས་ལ་བལ་མོ་ཁྲི་བཙུན་གྱིས་ང་ལ་དེ་ལས་མ་རིག་པར་མཐོང་ནས། གཡོག་མོ་དེ་བྲོས་སོང་བའི་ཕྱིར་རྒྱལ་པོས་སྤྱན་ཟུར་གྱིས་གཟིགས་པས་སྟེའུའི་ཁ་ཐལ་བས། སེང་གེ་ཅིག་གི་སྣ་བཅད་པས། སྤྲུལ་པའི་བཟོ་བོ་རྣམས་ཀྱིས་ཀྱང་སྟེའུའི་ཁ་ཐལ་སྟེ་སེང་གེ་ཐམས་ཅད་ཀྱི་སྣ་བཅད་དོ། །དེའི་ཉེས་སྐྱོན་གྱིས་བོད་ཡུལ་ཁ་བ་ཅན་དུ་བསྐལ་པའི་དུས་མཐའ་ལ། སྐྱེ་བོ་འཇིག་རྟེན་པ་རྣམས་ཀྱིས་མནའ་ཟོས་པས་རབས་ཆད་པ་མང་བོ་ཡོང༌། དེ་ཡང་ཕ་དང་མེས་པོ་ཡང་མེས་གསུམ་གྱིས་མནའ་ཟོས་པས། བུ་དང་ཚ་བོཡང་ཡང་ཚ་གསུམ་ཚུན་ཆད་དུ་རབས་ཆད་པ་ཡོང༌། སེང་གེ་སྣ་ཅིག་ཡོད་པ་དེ་ནི་ཀ་བ་བུམ་པ་ཅན་གྱི་སྟེང་དུ་ཐིག་ཐེན་པའི་དོན་དུ་བསེའི་སྤྱིན་གྱིས་སྦྱར་ནས་བཅོས་སོ། །དེ་བཅོས་པའི་ཡོན་ཏན་གྱིས་མཐའ་འཁྲུགས་ལངས་པ་ཡང༌། བར་མི་བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་གྱིས་བསྡུམས་བཅོས་པས་འཆམ་པའང་ཡོང་གསུང་ངོ༌། །ཡང་རྒྱལ་པོས་སྤང་ལེབ་ཅིག་ལ་སོར་ཁ་ཐལ་བས། སྤྲུལ་པའི་བཟོ་བ་རྣམས་ཀྱིས་ཀྱང་སོར་ཁ་ཐལ་ནས་སྤང་ལེབ་ཐམས་ཅད་ལ་བུག་པ་དེ་ཕུག་གོ །དེའི་ཉེས་སྐྱོན་གྱིས་བོད་ཀྱི་མི་རྣམས་ཁ་སླ་ཞིང༌། གསང་གྲོས་ལ་སྦ་གསང་མེད་པར་ཡོང་བས། དེའི་བོད་ཡུལ་གྱི་མིའི་བྱ་བྱེད་རྣམས་གནད་ལ་མི་འཕོག་གསུངས། ཡང་རྒྱལ་པོས་སོག་ལེའི་ཁ་ཐལ་བས། སྤྲུལ་པའི་བཟོ་བོ་རྣམས་ཀྱིས་ཀྱང་སོག་ལེའི་ཁ་ཐལ་བས་ཀ་བ་ཐམས་ཅད་ཀྱི་ཟུར་ཉམས་སོ། །དེའི་ཉེས་སྐྱོན་གྱིས་བསྐལ་པའི་མཐའ་ལ་བོད་ཁ་བ་ཅན་པ་རྣམས་ཁྲིམས་ཉམས་ནས་མི་རུང་བ་སྣ་ཚོགས་ཡོང་བ་དང༌། སྔགས་པ་དམ་ཚིག་ཉམས་ནས་ནུས་མཐུ་མེད་པ་དང༌། ཆོས་པ་ཚོ་སྡོམ་པ་ཉམས་ནས་ཆོས་མགོ་མི་ཐོན་ཡོང་གསུངས། དེ་ཚོ་ནི་ཕ་ཞེ་སྡང་གི་བདག་པོ་སྤྲེའུ་རིགས་རྒྱུད། མ་འདོད་ཆགས་ཀྱི་བདག་མོ་བྲག་སྲིན་མོའི་རིགས་རྒྱུད། བོད་ཀྱི་མི་ཕོ་མོ་རྨངས་(དམངས)མ་ཕལ་བ་རྣམས་ཀྱིས། རྒྱལ་པོ་དང་བཙུན་མོ་གཉིས་ལ་བར་ཁ་དང་ཕྲ་མ་བཅུག་པའི་ཉེས་སྐྱོན་གྱིས་ཤིང་བཟོ་མི་ལེགས་པ་སྣ་གསུམ་དུ་བྱུང་བ་ཡིན་ནོ། །དེའི་ཉེས་སྐྱོན་གྱིས་འཇིག་རྟེན་པ་རྣམས་ཀྱི་ཁྲིམས་ཉམས་པ་དང༌། སྔགས་པ་རྣམས་ཀྱི་དམ་ཚིག་ཉམས་པ་དང༌། ཆོས་པ་རྣམས་སྡོམ་པ་ཉམས་པ་དང་གསུམ་འབྱུང༌། དེ་ནི་བར་ཁ་ཕྲ་མ་གཉིས་ཀྱིས་ལན། ཆོས་པའི་ཆགས་སྡང་བར་ཁ་ཕྲ་མས་འབྱུང༌། སྡེ་འཁྲུག་ཁམ་ཆེམ་བར་ཁ་ཕྲ་མས་འབྱུང༌། འཇིག་རྟེན་སྐྱེ་བོའི་ཞེ་སྡང་བར་ཁ་ཕྲ་མས་འབྱུང༌། དམེ་འཁྲུག་ཁ་མཆུ་བར་ཁ་ཕྲ་མས་འབྱུང༌། དེའི་འཕེལ་འགྲིབ་སྙུགས་སུ་རིང་བར་ཁ་ཕྲ་མ་སྡིག་པ་ཤིན་ཏུ་ཆེ། ཅེས་གསུངས་ཏེ་མི་རྣམས་ཀྱིས་བར་ཁ་དང་ཕྲ་མ་ཚོ་སྲོག་ལ་བབ་ཀྱང་མ་བྱེད་ཅིག་གསུངས་སོ། །དེ་ནས་རྒྱལ་པོ་ཆེན་པོའི་ཐུགས་དགོངས་ལ། ངས་རྫུ་འཕྲུལ་གྱིས་སྤྲུལ་པ་འདི་འདྲ་བ་བྱས་ནས་གཙུག་ལག་ཁང་བརྩིགས་པ་ལ། བལ་མོས་ང་ལ་ཞབས་ཏོག་མི་འགྲུབ་པར་འདུག་ངའི་བཟོ་འདི་སུས་ཀྱང་མ་མཐོང་བར་འགྲུབ་པ་ཞིག་བྱ་སྙམ་པ་ལ། ད་འབངས་མོ་འདི་ཚུན་ཆད་ཀྱིས་མཐོང་བ་གསུངས། ཕྱིན་ཆད་ངས་སྤྲུལ་པ་བྱས་པས་ཅི་ལ་ཕན་སྙམ་ནས། རྒྱལ་པོ་ཐུགས་ཤིན་ཏུ་མུག་ནས། བཟོ་བོ་རྣམས་ལ་སྟེའུའི་ལྟག་པ་རེ་བརྒྱབ་པས། རྩྭ་འཇག་མ་དང༌། རྡེའུ་དང༌། ཤིང་བུ་དང༌། སོལ་བ་དང༌། རིལ་མ་རྣམས་སུ་སོང༌། འཇའ་དང་འོད་དུ་ཡལ་ནས་ལྷ་ཁང་གི་ནང་སྟོང་བར་གྱུར་རོ། །གཡོག་མོ་དེ་བྲེད་ཅིང་སྔངས་སྐྲགས་ནས། རྗེ་མོའི་རྩར་མྱུར་དུ་ཕྱིན་སྟེ་འདི་ལྟར་གྱུར་བ་རྣམས་བཤད་པས། རྗེ་བཙུན་བལ་བཟའ་ཡང་བྲེལ་ཅིང་སྔངས་སྐྲགས་ནས་ལྷ་ཁང་རྩིག་སར་ཡང་ལ་མྱུར་དུ་ཡོང་བ་དང༌། རྒྱལ་པོ་ཆེན་པོ་ཡང་སྟེའུ་ཕྲག་ལ་བཀལ་ངོ་ནག་ཐུག་གེ་མར་ལ་བྱོན་པ་བར་ཆུ་ཁར་འཕྲད་དེ་མཇལ་ནས་རྒྱལ་པོ་ཆེན་པོ་བཟོད་གསོལ་བྱས་ནས། ལྷ་ཁང་རྩིག་པའི་གསོལ་བ་བཏབ་པས། ཡང་རྒྱལ་པོ་སྲོང་བཙན་སྒམ་པོ་དེ་སྤྲུལ་པའི་བཟོ་བོ་སྟོང་དུ་སྤྲུལ་ནས་ལྷ་ཁང་གི་བཟོ་མཛད་དོ། །དེའི་དུས་སུ་རྒྱལ་པོས་འཕྲུལ་བཤིག་པས་སྣང་བ་གསུམ་དུ་བྱུང་སྟེ། སྐྱེ་བོ་ཕལ་བ་རྣམས་ཀྱི་སྣང་བ་ལ་རྒྱལ་པོས་བཟོ་བོ་རྣམས་ལ་སྟེའུའི་ལྟག་པ་རྒྱབ་པས། ཤིང་བུ་དང༌། འཇག་མ། རྡེའུ། སོལ་བ། རིལ་མ་རྣམས་སུ་སོང་བར་མཐོང༌། ནང་བློན་ཆེན་པོ་རྣམས་ཀྱིས་བཟོ་བོ་རྣམས་རྩིག་བྲག་ཏུ་རྐང་བ་རྣམས་རེབ་བེ་སོང་བར་མཐོང༌། རྒྱལ་པོ་ཆེན་པོ་སྟངས་ཞལ་ཡབ་ཡུམ་གྱིས་ལྷ་དང་མཁའ་འགྲོས་གྲོགས་བྱས་ཏེ། ལྷ་ཁང་གི་ཀ་བ་ཀ་གདན་དང༌། གདུང་མའི་འབུར་རྐོས་དང༌། ཚོན་རྩི་ལ་སོགས་པ་རྣམས་ལེགས་པར་ཚར་བར་གཟིགས་སོ། །དེ་ནས་ཀ་གདུང་སོགས་ཤིང་རྣམས་ར་བར་མདུང་རྩེར་བ་ལྟར་བཞག་ནས་ཡོད་པའི་དུས་ན་ས་རུབ་ནས་སྲོད་ལ་མུན་འཐིབས། གློག་འགྱུ་བ་འབྲུག་སྒྲ་སྒྲོགས་པ་ལ་སོགས་པ་བྱུང་བས་སྲོད་ལ་བློན་པོ་རྣམས་ཀྱིས་ལས་རྔ་བརྡུངས་པས་གྲོང་ཁྱེར་པ་རྣམས་ན་རེ་ད་སྔ་རྒྱལ་པོས་ར་སའི་གཙུག་ལག་ཁང་རྩིག་པ་ལ། ལས་རྔ་མ་བརྡུངས་པར་དོ་ནུབ་མུན་རུབ་ནས་ལས་རྔ་བརྡུངས་ནས་ཅི་བྱེད་ཟེར། དེ་ནས་བློན་པོ་དང་མི་ཕལ་བ་རྣམས་ན་རེ་ས་ཡང་རུབ། སྤྲིན་མུན་ནག་ཀྱང་འཐིབས། གློག་ཀྱང་འགྱུ། འབྲུག་སྒྲ་ཡང་ལྡིར་བས། ཆར་བ་འོང་བ་འདྲ་ན། རྒྱལ་པོའི་ལྷ་ཁང་འབུབས་པའིཤིང་གི་རྩི་བྱི་ནས་ཆུད་ཟོས་འགྲོ་བས། ཉེད་རང་རྣམས་ཚོ་ཡང་ཤིང་ལ་ཆར་བ་བསྲུང་བའི་ཕྱིར་ཕྱ་ར་ལ་སོགས་པ་ཁྱེར་ལ་ཤིང་ལ་གཡོག་དགོས་ཟེར་ནས། གྲོང་ཁྱེར་བའི་མི་རྣམས་ཀྱིས་ལ་བ་དང་ཕྱར་བ་ལ་སོགས་པ་ཁྱེར་ནས་འོངས་པས། བློན་པོ་རྣམས་ན་རེ་བྱང་ཕྱོགས་བྱེ་མའི་གླིང་དུ་ཤོག་ཅིག་ཟེར་ཕྱིན་ཙ་ན། རྒྱལ་པོ་ཆེན་པོས་སྲོད་ལ་སྤྲུལ་པ་མཛད་ནས། ར་སའི་ཐོག་ཕུབ་ཟིན་ནས། ལྷ་ཁང་གི་སྟེང་ན་སྤྲུལ་པའི་མི་ལག་ན་སྟེའུ་དང་སོག་ལེ་གསོར་ཁྱེར་བ་རྣམས་མཐོང་ནས་ངོ་མཚར་ཆེ་ཟེར་རོ། །ཕལ་བ་རྣམས་སྔན་མ་རྣམས་ཀྱིས་སྤྲུལ་པའི་མི་ཁ་ཡར་ཅིག་མཐོང་ཟེར། ཕྱི་མ་ཚོས་ཀུ་དིར་ཅོ་དི་རེ་གླག་ཅོར་ལྷང་ལྷང་དུ་འདུག་པ་ཐོས་སྤྲུལ་པའི་མི་མ་མཐོང་ཟེར་རོ།། དེ་ལྟར་གཙུག་ལག་ཁང་འོག་ཁང་ལེགས་པར་ཚར་འདུག་པས། རྒྱལ་པོས་སྤྲུལ་བཀྱེ་བར་ཤེས་ཏེ་གྲོང་ཁྱེར་བ་རྣམས་ངོ་མཚར་ནས། ཆར་ཕྱར་བ་རྣམས་མཐོངས་ཀ་ལ་བཀབ་ནས་བཞག་གོ །དེའི་ནང་བར་རྒྱལ་པོས་འདི་སྙམ་དུ་བསམས་ནས། ལྷ་ཁང་གི་ཁང་མིག་གཙང་ཁང་གང་ལེགས་པ་ཅིག་ཏུ་ངའི་ཇོ་བོ་ཐུགས་རྗེ་ཆེན་པོ་རང་བྱུང་བཅུ་གཅིག་ཞལ་གཙོ་འཁོར་དགུ་བོ་འདི་བཞུགས་ས་ཞིག་གང་དུ་བྱ་སྙམ་ནས། གཙང་ཁང་གང་ལེགས་པར་འདུག་ལྟ་དགོས་སྙམ་ནས་བྱོན་ཙ་ན། དབུས་ཀྱི་གཙང་ཁང་སྒོ་ཕྱེ་བ་དང༌། དེའི་ནང་ན་དེ་བཞིན་གཤེགས་པ་མི་འཁྲུགས་པ་གཙོ་འཁོར་དགུ་འོད་སྒོ་རེ་ཐེག་པ་ཆེན་པོའི་ཆོས་ཀྱི་གཏམ་དང་བགྲོ་གླེང་མཛད་ཀྱིན་འདུག་པ་རྒྱལ་པོས་གཟིགས་པས་ཐུགས་རབ་ཏུ་དགྱེས་སོ། །དེ་ནས་ཡང་གཙང་ཁང་དབུས་ཀྱི་གཡས་ངོས་སུ་བྱོན་པ་དང༌། དེའི་ནང་ན་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པ་གཙོ་འཁོར་དགུ་བཞུགས་ནས། ཐེག་པ་ཆེན་པོའི་ཆོས་ཀྱི་གཏམ་དང་བགྲོ་གླེང་མཛད་ཀྱིན་འདུག ཡང་གཙང་ཁང་དབུས་ཀྱི་གཡོན་ངོས་སྒོ་ཕྱེ་ནས་བལྟས་པ་དང༌། དེའི་ནང་ན་དེ་བཞིན་གཤེགས་པ་བྱམས་པ་ཆོས་ཀྱི་འཁོར་ལོ་གཙོ་འཁོར་དགུ་བཞུགས་ནས། ཐེག་པ་ཆེན་པོའི་ཆོས་ཀྱི་གཏམ་དང་བགྲོ་གླེང་མཛད་ཀྱིན་འདུག གཙང་ཁང་གསུམ་སྒྲིགས་དེའི་སྒོ་གསུམ་ནི་ནུབ་ཏུ་གཏད་དོ། །གཙང་ཁང་ལྷོ་ངོས་ཀྱི་སྒོ་གོང་མ་ཕྱེ་བ་དང༌། དེའི་ནང་ན་བྱང་ཆུབ་སེམས་དཔའ་བྱམས་པ་མཆེད་བཞི་བཞུགས་ནས། ཐེག་པ་ཆེན་པོའི་ཆོས་ཀྱི་གཏམ་དང་བགྲོ་གླེང་མཛད་ཀྱིན་འདུག ཡང་གཙང་ཁང་ལྷོ་ངོས་ཀྱི་སྒོ་འོག་མའི་ནང་དུ་ཕར་བྱོན་པ་དང༌། དེའི་ནང་ན་བཅོམ་ལྡན་འདས་མི་བསྐྱོད་རྡོ་རྗེ་བཞུགས་ནས། དེ་ལ་འཁོར་གནོད་སྦྱིན་ཕོ་མོ་རྣམས་ཀྱིས་བསྐོར་ནས། བོད་ཡུལ་ཁ་བ་ཅན་གྱི་འདྲེ་སྲིན་འདུལ་བའི་ཐབས་སྣ་ཚོགས་སྟོན། ཨཱརྱ་ཛཾ་བྷ་ལས་རིན་པོ་ཆེའི་གཏེར་གྱི་བུམ་པ་སྟོབ་ཅིང་འདུག་གོ །གཙང་ཁང་དེ་གཉིས་ཀྱི་སྒོ་བྱང་ལ་གཏད་དོ། །གཙང་ཁང་བྱང་ངོས་ཀྱི་སྒོ་གོང་མ་ཕྱེ་ནས་བྱོན་པ་དང༌། དེའི་ནང་ན་བྱམས་ཁྲུས་མཛད་འཁོར་བཅས་བཞུགས་ནས། ཐེག་པ་ཆེན་པོའི་ཆོས་ཀྱི་གཏམ་དང་བགྲོ་གླེང་མཛད་ཀྱིན་འདུག དེ་རྣམས་ཐམས་ཅད་ཀྱི་མཛད་པ་དང་འདུག་ལུགས་ལ་རྒྱལ་པོ་ཐུགས་རབ་ཏུ་དགྱེས་སོ། །དེ་ནས་གཙང་ཁང་བྱང་ངོས་ཀྱི་སྒོ་ཕྱེ་ནས་བྱོན་ཙ་ན། གཙང་ཁང་དེ་ནི་སའི་ཁད་སྙོམས་ཤིང་བཟོ་ལེགས་པ། ཉམས་རབ་ཏུ་དགའ་བ། ས་གཞིའི་གྲུ་ཡངས་པ། ཕྱི་བྱད་ཀྱིས་མཐོ་བ། ཤིང་གི་བཟོ་ལེགས་པ། སྒོ་ལྷོ་ཕྱོགས་རྒྱ་གར་རྡོ་རྗེ་གདན་ལ་གཏད་ནས། རྒྱ་གར་གྱི་ཆོས་རྣམས་བོད་དུ་ཡོང་བའི་ལྟས་སུ་གཟིགས་ནས། ངའི་ཡི་དམ་གྱི་ལྷ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་རང་བྱོན་གཙོ་འཁོར་དགུ་དང་བཅས་པའི་བཞུགས་ཁང་འདི་ལ་བྱས་ན་ལེགས་པར་དགོངས་ཏེ། ལྷ་ཚོ་འདིར་སྤྱན་འདྲེན་དགོས་སྙམ་ནས་གཙང་ཁང་གི་ནང་ནས་སྒོའི་ཕྱིར་བྱོན་ཙ་ན། ཨཱརྱ་པ་ལོའི་སྤྲུལ་པ་ཀླུའི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་སྐུ་མདོག་དཀར་པོ་ཞལ་གཅིག་སྤྱན་གསུམ་ཟླུམ་པོ། མིའི་ལུས་འདྲ་བ་སྦྲུལ་མགོ་ཉི་ཤུ་རྩ་གཅིག་གི་གདེངས་ཀའི་གྲིབ་མས་བསིལ་བ། སྦྲུལ་གྱི་དྲ་བའི་རྒྱབ་ཡོལ་དང་ལྡན་པ། སྦྲུལ་མཇུག་ཉི་ཤུ་རྩ་གཅིག་གི་ཁྲི་ལ་བཞུགས་པ། ཞབས་གཡས་བརྐྱངས་ཤིང་གཡོན་བསྐུམས་པ། ཕྱག་གཉིས་ན་སྦྲུལ་གྱི་ཞགས་པ་མ་རུངས་པ་འཛིན་པ། སྤྲིན་འཁྲིགས་པའི་ཁྲོད་ན་བཞུགས་པ་ཅིག་གིས། རྒྱལ་པོའི་ཞབས་ལ་ཕྱག་བྱས་སྦྲུལ་གྱི་ཞགས་པ་དཀར་པོ་ཅིག་ཕུལ་ཏེ། རྒྱལ་པོ་ཆེན་པོ་ལགས། ཁྱོད་ཀྱི་གཙུག་ལག་ཁང་འདི་ལ་སྟོང་ཆུང་ངུའི་འཇིག་རྟེན་གྱི་གནོད་པ་བྱུང་ན་ངས་བསྐྱང གིས། ངའི་གཟུགས་ཅིག་ཀྱང་བགྱིས་མཛོད་ཟེར་ནས་མི་སྣང་བར་གྱུར་ཏོ། །དེ་ནས་ཕར་ཚད་བྱོན་ཙ་ན། ཕྱག་ན་རྡོ་རྗེའི་སྤྲུལ་པ་ཀླུའི་རྒྱལ་པོ་དགའ་བོ་སྐུ་མདོག་ནག་པོ་སྤྱན་གསུམ་པ་སྦྲུལ་མགོ་མགོ་ལྔ་པ་དེ་ལྟ་བུ་ཅིག་བྱུང་སྟེ། རྒྱལ་པོ་ལ་ཕྱག་འཚལ་ནས། རྒྱལ་པོ་ཆེན་པོ་ཁྱོད་ཀྱི་ལྷ་ཁང་འདི་ལ་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་གནོད་པ་བྱུང་ན་ངས་བསྐྱང་གིས། ངའི་གཟུགས་ཅིག་ཀྱང་བགྱིས་མཛོད་ཅིག་ཟེར་ནས་མི་སྣང་བར་གྱུར་ཏོ། །དེ་ནས་ཕར་ཚོད་བྱོན་ཙ་ན། འཇམ་དཔལ་གྱི་སྤྲུལ་པ་ཀླུའི་རྒྱལ་པོ་ཉེ་དགའ་པོ་དམར་པོ་སྦྲུལ་མགོ་དགུ་བ་ཅིག་ན་རེ། རྒྱལ་པོའི་ཞབས་ལ་ཕྱག་བྱས་ནས། ཁྱོད་ཀྱི་ལྷ་ཁང་འདི་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་གནོད་པ་བྱུང་ན་ངས་བསྐྱང་གིས། ངའི་གཟུགས་ཅིག་ཀྱང་མཛོད་ཅིག་ཟེར་ནས་མི་སྣང་བར་གྱུར་ཏོ། །དེ་ནས་ཕར་ཚད་བྱོན་ཙ་ན། སྲིན་པོའི་རྒྱལ་པོ་ལང་ཀ་མགྲིན་བཅུ་རྟ་མགོ་ཅན་སྔོན་པོས་ཕྱག་བྱས་ནས་གསེར་ཕྱེ་གཞོང་བ་གང་ཕུལ་ནས། རྒྱལ་པོ་ཆེན་པོ་ཁྱེད་ལྷ་ཁང་འདི་ལ་མེའི་གནོད་པ་བྱུང་ན་ངས་བསྲུང་གིས། ངའི་གཟུགས་ཅིག་ཀྱང་མཛོད་ཅིག་ཟེར་ནས་མི་སྣང་བར་གྱུར་ཏོ། །དེ་ནས་ཡང་ཕར་ཚད་བྱོན་ཙ་ན། གནོན་སྦྱིན་ན་ག་གུ་བེ་ར་སྨུག་ནག་མགོ་གསུམ་པས་ཕྱག་བྱས་གསེར་གྱི་ཐག་བཟང་ཅིག་ཕུལ་ནས། རྒྱལ་པོ་ཆེན་པོ་ཁྱེད་ཀྱི་ལྷ་ཁང་འདི་ལ་མིའི་གནོད་པ་བྱུང་ན་ངས་བསྲུང་གིས། ངའི་གཟུགས་ཅིག་ཀྱང་བགྱིས་ཤིག་ཅེས་མི་སྣང་བར་གྱུར་ཏོ། །དེ་ནས་ཕར་ཚད་བྱོན་ཙ་ན། དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་དམར་པོ་མགོ་གཉིས་པས་ཕྱག་བྱས་ཏེ། རྒྱལ་པོ་ཆེན་པོ་ཁྱེད་ཀྱི་ལྷ་ཁང་འདི་ལ་མི་མ་ཡིན་གྱི་གནོད་པ་བྱུང་ན་ཁམས་གསུམ་དུ་ངས་བསྲུང་གིས། ངའི་གཟུགས་ཅིག་ཀྱང་མཛོད་ཅིག་ཅེས་མི་སྣང་བར་གྱུར་ཏོ། །དེ་ནས་ལྷོ་ཕྱོགས་སུ་གོམ་པ་དྲུག་ཏུ་བྱོན་པ་དང༌། དཔལ་གྱི་ལྷ་མོ་བུད་མེད་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ལྕགས་ཀྱི་བྲེ་བ་སོ་བཅུ་གཉིས་པ་ལག་ན་ཐོགས་པ་ཅིག་གིས་རྒྱལ་པོའི་ཞབས་ལ་ཕྱག་བྱས་ནས། རྒྱལ་པོ་ཆེན་པོ་ཁྱེད་ཀྱི་གཙུག་ལག་ཁང་འདི་ལ་འབྱུང་བ་ཆུའི་གནོད་པ་བྱུང་ན་ངས་བསྲུང་གིས། ངའི་གཟུགས་ཅིག་ཀྱང་མཛོད་ཅིག་ཅེས་མི་སྣང་བར་གྱུར་ཏོ། །དེ་ནས་བྱང་ངོས་སུ་ཞལ་གཟིགས་པས། མགོན་པོ་ལྕམ་དྲལ་ཙན་དན་དམར་པོའི་བེང་དང་རལ་གྲི་ཐོགས་པ་བྱུང་ནས་རྒྱལ་པོ་ལ་ཕྱག་བྱས་ཚོགས་ཀྱི་བྱེ་བྲག་མང་པོ་ཕུལ་ནས། རྒྱལ་པོ་ཆེན་པོ་ཁྱེད་ཀྱི་གཙུག་ལག་ཁང་འདི་ལ་མ་མོའི་གནོད་པ་བྱུང་ན་ངས་བསྲུང་གིས། ངའི་གཟུགས་ཅིག་ཀྱང་མཛོད་ཅིག་ཅེས་མི་སྣང་བར་གྱུར་ཏོ། །དེ་ནས་རྒྱལ་པོ་ཆེན་པོའི་ཐུགས་དགོངས་ལ། ད་ངའི་ཡི་དམ་གྱི་ལྷ་ཚོ་སྤྱན་འདྲེན་དགོས་སྙམ་ནས་ཕོ་བྲང་དུ་བྱོན་ནས། རྒྱལ་པོས་ཕོ་ཉ་བཏང་ནས་གྲོང་ཁྱེར་པ་ཐམས་ཅད་དགའ་སྟོན་གྱི་རྔ་རྡུང་བྱུང་ཙ་ན་བསུ་བ་བྱེད་དགོས་པའི་བཀའ་བསྒོ་བ་མཛད་ནས་ནང་བར་བློན་པོ་ཆེན་པོ་བཅུ་དྲུག་གིས་ཤིང་རྟ་འཆོས་ལ། མི་རྣམས་ལ་གོས་བཟང་པོ་དང༌། རྒྱན་བཟང་པོ་དང༌། རས་དཀར་པོ་དྲི་མ་མེད་པ་གྱོན་འབྲེང་ཞགས་དང༌། རོལ་མོའི་ཆ་བྱད་དང༌། མཆོད་པ་རྒྱུན་མ་ཆད་པར་སྦྲེང་ཞིང་ཕོ་བྲང་སྒོ་ངོས་སུ་ཤོག་ཅིག་ཅེས་བཀའ་བསྒོས་སོ། །བལ་མོ་བཟའ་ལྷ་ཅིག་ཁྲི་བཙུན་ལ་ཡང་རབ་ཀྱི་དགའ་སྟོན་ཆེན་པོ་ཤོམས་པ། མཆོད་པ་རྣམ་པ་མང་པོ་ཤོམས་ཤིག གླུ་གར་དང་རོལ་མོ་མང་པོས་སྐྱས་བསུ་བགྱིས་ཤིག ཕོ་བྲང་དམར་ལྕགས་བར་གྱི་མཁར་བྲག་ལྷ་ཁང་ནས་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གཙོ་འཁོར་དགུ་པོ་ར་སའི་གཙུག་ལག་ཁང་དུ་སྤྱན་དྲང་ངོ་ཞེས་རྒྱལ་པོས་བཀའ་བསྒོ་བ་མཛད་དོ། །བུ་མོ་བཅུ་དྲུག་དང་བློན་པོ་རྣམས་ཀྱིས་མཆོད་པ་རྒྱུན་མི་འཆད་དུ་འབུལ་ཀྱིན་ཡོད་པ་ལ། དེའི་སང་ནང་བར་བུ་མོ་བཅུ་དྲུག་པོས་མཆོད་པ་འབུལ་དུ་ཕྱིན་ཙ་ན། མཆོད་ཁང་ནང་ན་ལྷ་རྣམས་གཅིག་ཀྱང་མི་བཞུགས་པར་སྔར་མེད་པའི་མེ་ཏོག་དཀར་དམར་ལྗང་སྔོ་བ་འགའ་རེ་འདུག་པས། ལྷ་རྣམས་མི་བཞུགས་པར་འདུག་གོ་ཟེར་ནས་བུ་མོ་དེ་རྣམས་ཀྱིས་བྲེད་སྔངས་ཆེན་པོའི་སྐད་ཀྱིས་སྨྲེ་སྔགས་བཏོན་ཆོ་ངེ་ཆེན་པོ་བཏབ་པས། གྲོང་ཁྱེར་གྱི་མི་རྣམས་ཀྱིས་ཐོས་ནས། བུ་མོ་མཆོད་གཡོག་མ་ཚོ་ལ་ཅི་བྱུང་ངམ་སྙམ་ནས་མི་ཐམས་ཅད་ཀྱིས་བལྟ་བར་འོངས་ཙ་ན། རྒྱལ་པོའི་ཕོ་བྲང་གི་ཐོག་ཀ་ན་ནེའུ་ཙོ་སྨྲ་མཁན་ཅིག་ཡོད་པ་ན་རེ། ཁྱེད་བུ་མོ་རྣམས་སྐད་ངན་དང་ཀུ་ཅོ་ཅི་ལ་འདོན་ཟེར་རོ། །མཆོད་ཁང་ན་རྒྱལ་པོ་ཆེན་པོའི་ཐུགས་དམ་གྱི་ལྷ་གཅིག་ཀྱང་མི་བཞུགས་སོ་བྱས་པས། ནེའུ་ཙོ་ན་རེ་དེ་རྣམས་མདང་ནམ་ཕྱེད་ཙམ་ན་ལྷ་དེ་ཚོ་ནི་གཅིག་གིས་གཅིག་ཕྱག་བྱས་མེ་ཏོག་འཐོར་ནས་རྒྱ་མཐོངས་འདི་ལ་ཡར་ཐོན་ནས། བྱང་ཤར་གྱི་བྱེ་མ་དང་ནེའུ་མའི་ཁ་ན་ཡར་ལ་སོང་བས་ང་ཡང་མ་དགའ། དེ་ཚོ་བྱོན་པའི་ཞབས་ཀྱི་རྗེས་ལ་མེ་ཏོག་འགའ་རེ་ཡོད་སོང་ལ་ལྟོས་དང་ཟེར་བས། རྒྱལ་པོ་ཆེན་པོ་དང༌། བཙུན་མོ་རྣམས་དང༌། བློན་པོ་ཆེན་པོ་རྣམ་དང༌། འབངས་མི་ཕལ་བ་རྣམས་དང་བཅས་པས། དེ་བདེན་ནམ་མི་བདེན་སྙམ་ནས་ལྟར་ཕྱིན་ཙ་ན། ལྷ་རྣམས་ཀྱི་ཞབས་ལ་ལམ་མེ་ལམ་མེ་བཞག་པའི་ཤུལ་དུ་མེ་ཏོག་པདྨ་ཁ་དོག་སྣ་ཚོགས་པ་མང་པོ་སྐྱེས་འདུག་པས། དེ་ཚོ་གར་འདུག་ལ་བྱོན་ཙ་ན། བུ་མོ་ལྐུག་མས་འཛུབ་གཡུགས་བྱེད་པ་དང༌། ལྷ་ཁང་ནང་ན་ཁྲི་བཙུན་གྱིས་བཞོན་པ་དྲེའུ་དཀར་མོ་སྣ་ཤལ་ནས་སོང་ཙ་ན་ཧུ་ཧུ་ཟེར་ཞིང་བྱང་ཕྱོགས་ཀྱི་ཁང་མིག་ན་སྣོམ་མོ། །དེའི་ནང་དུ་ཕྱིན་ཙ་ན། ཇོ་བོ་ཐུགས་རྗེ་ཆེན་པོ་དབུས་ན་བཞེངས། དེའི་གཡས་ན་འཇིག་རྟེན་དབང་ཕྱུག་དང༌། ཁྲོ་གཉེར་ཅན་དང༌། འོད་ཟེར་ཅན་དང༌། བདུད་རྩི་འཁྱིལ་བ་རྣམས་རིམ་བཞིན་བཞུགས། གཡོན་ངོས་ན་ཁ་སརྤ་ཎི་དང༌། དབྱངས་ཅན་མ་དང༌། སྒྲོལ་མ་དང༌། རྟ་མགྲིན་རྣམས་གདན་དང་ཁྲི་མེད་པར་སའི་སྟེང་དུ་ཞབས་རྗེན་དུ་བཞེངས་ནས་བཞུགས་པ་རྒྱལ་པོ་བློན་པོ་འབངས་དང་བཅས་པས་མཐོང་ངོ༌། །རྒྱལ་པོ་ཆེན་པོའི་ཞལ་ནས། ལྷ་རྣམས་ཁྲི་དང་གདན་མེད་པར་ཞབས་རྗེན་ས་ལ་བཞག་ནས་ཐམས་ཅད་བཞེངས་འདུག་པའི་རྒྱུ་མཚན་ནི། ཕྱི་རབས་ཀྱི་ཆོས་པ་སངས་རྒྱས་སྒྲུབ་པ་རྣམ་པ་ཚོ་ཐམས་ཅད་རེང་ཆེ་བར་བསྒོམ་པ་དང༌། སོ་སོ་རང་རང་གི་ཆེ་འདོད་དང་བདེ་འདོད་མ་བསྒྲུབ་པར། སེམས་ཅན་དབུལ་ཞིང་ཕོངས་པ་ཉོན་མོངས་ཤིང་སྡུག་བསྔལ་བ་ཐམས་ཅད་ལ། རང་རང་གི་ཕ་མས་བུ་གཅིག་པོ་ཇི་ལྟར་སྐྱོང་བ་བཞིན་དུ་སྐྱོངས་ཤིག་ཅེས་པའི་བརྡ་ཡིན་པར་འདུག་གསུང༌། དེ་ལ་རྒྱལ་པོ་ཆེན་པོ་ཡབ་ཡུམ་ཀྱང་ངོ་མཚར་ཆེ་བར་གཟིགས་ནས་ཐལ་མོ་སྦྱོར་རོ། །བློན་པོ་རྣམས་ཀྱང་ངོ་མཚར་ཆེ་བར་མཐོང་ནས་ཐལ་མོ་སྦྱོར། དེའི་དུས་ཀྱི་སྐྱེ་བོ་ཕོ་མོ་རྣམས་ཀྱང་ངོ་མཚར་ཆེ་བར་ཤེས་ནས་ཐལ་མོ་སྦྱར་བས་ཐམས་ཅད་མངོན་པར་རྫོགས་པའི་སངས་རྒྱས་ཐོབ་བོ། །དེ་ནས་ཡང་རྒྱལ་པོ་ཆེན་པོས་བལ་མོའི་ལྷ་བཟོ་པ་ལ་རྩིག་ལོགས་འདི་ལ་ལྷ་ཅིག་བྲིས་ཤིག་གསུངས་པས། ལྷ་བཟོ་པས་ཚོན་སྐོང་དང༌། པིར་དང་ཚད་ཤིང་ལ་སོགས་པ་ཁྱེར་ནས་ཀ་བ་ཤིང་ལོ་ཅན་གྱི་རྩར་བཞག་ནས། སང་ནང་བར་རྒྱལ་པོ་དང་འགྲོགས་ནས་ལྷ་འབྲིར་འོང་ཙ་ན། ལྷོ་ངོས་ཀྱི་རྩིག་ལོགས་ན་ཁ་སརྤ་ཎི་དཀར་པོ་ཞལ་གསུམ་ཕྱག་བརྒྱད་པ་དང༌། སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་དང༌། གང་ལ་ཅི་འདུལ་གྱི་གླིང་དེ་མ་བྲིས་པ་ཡང་འཕེལ་བར་འགྱུར་བྱ་བ་ལ་སོགས་པ་ཡང་རྒྱ་ཆེར་བལ་བྲིས་སུ་བྱོན་ནས་འདུག་གོ །ཚོན་ཀྱང་ཟད་ནས་འདུག་སྟེ། རྒྱལ་པོས་ལེགས་སོ་ཞེས་བཀའ་སྩལ་ཏོ། །ཡང་རྒྱལ་པོས་སྤྲུལ་པ་བཀྱེ་ནས་ལྷ་བཟོ་དེས་ཀྱང་རྟ་མགྲིན་དཀར་པོ་དང༌། ཁ་སརྤ་ཎི་དང༌། ལྷ་མོ་སྒྲོལ་མ་ལ་སོགས་པའི་ལྷ་ལྔ་སྟོང་འོག་ཏུ་བྲིས། ཀ་བ་བུམ་པ་ཅན་གྱི་སྟེང་ན་རྒྱ་གར་གྱི་གྲོང་ཁྱེར་པར་མ་བུར་མ་བྱ་བ་ན། རྒྱལ་བུ་རིགས་ཟླ་བ་བྱ་བས་རིགས་ངན་གྱི་བུ་མོ་བཙུན་མོར་འདོད་པ་ལ། བློན་པོ་ན་གེས་འདོད་པ་ཕུང་གི་རྩ་བ་ཡིན་པར་གྲོས་བཏབ་པས། དེ་ལ་རྒྱལ་བུས་མ་ཉན་པས་བྱ་བ་ཐམས་ཅད་བརྟགས་ཤིང་བྱ། བྱ་བ་བརྟགས་ཤིང་མ་བྱས་ན། །ཕྱིས་ནས་འགྱོད་པར་གྱུར་ཏ་རེ། །བུད་མེད་དང་ནི་ནེའུ་ལེ་བཞིན། །བྱ་བ་གང་དང་གང་བརྩམས་པ། །དང་པོ་དེ་ཉིད་སྒྲུབ་པར་བྱ། །དང་པོར་དེ་ཉིད་མ་བསྒྲུབས་ན། །ཕག་པ་ཤོར་བའི་རྔོན་པ་བཞིན། །བྱ་བ་གང་ལ་སོགས་པ་བྲམ་ཟེ་མོ་གཟུགས་ཀྱི་སྙེ་མ། གཤིན་རྗེའི་དྲིལ་བུ་མ་དང་བཅས་པའི་གཏམ་རྒྱུད་ཀྱི་སྣ་དྲངས་བྲིས་སོ། །སྟེང་གདུང་གི་སྣ་སེང་གེའི་མགོ་ལ། རྒྱལ་པོའི་ཉིན་མོའི་རོལ་མོའི་ལད་མོ་བལ་ཡུལ་དུ་མཛད་པ་ཁྲི་བཙུན་བསུ་བའི་དུས་སུ་བལ་རྗེའི་སྤྱན་སྔར་བྱས་པ་རྣམས་བྲིས་སོ། །བྱང་ངོས་ཀྱི་གདུང་སྣེ་ལ་མཚོན་གྱི་རོལ་མོ་པ་བྲིས་ནས་ཡོད་དོ། །གདུང་ཚར་རྣམས་ལ་ཕྱི་རབས་དབོན་སྲས་རྒྱལ་བློན་རྣམས་ཀྱི་དོན་དུ་མདོ་སྡེའི་རྒྱུད་རིས་བྲིས་སོ། །ཀ་བ་རྣམས་ལ་མཆོད་གནས་རབ་ཏུ་བྱུང་བ་རྣམས་ཀྱི་དོན་དུ་འདུལ་བའི་རྒྱུད་རིས་ཀླུའི་རྒྱལ་པོ་ཨེ་ལའི་འདབ་ཀྱི་གཟུགས་ལ་སོགས་པ་བྲིས་ནས་ཡོད་དོ། །རྒྱལ་པོས་གདུང་རྣམས་ཀྱི་གགས་པ་ལ་མངོན་པའི་སྡེ་སྣོད་རྒྱུད་རིས་སུ་བཀོད་དོ། །ཕྱི་རབས་རིགས་པའི་ཆོས་གོ་བར་བྱ་བའི་ཕྱིར་གློ་འབུར་ནུབ་བྱང་མཚམས་སུ་ལྡེའུ་བྲིས་སོ། །དེ་ནས་རྒྱལ་པོས་བོད་ཀྱི་སྐྱེ་བོ་རྣམས་རིག་པའི་ཆོས་ལ་བློ་འཇུག་པའི་ཕྱིར་གྲོང་ཁྱེར་པ་རྣམས་བསགས་ནས་ཁྱོད་རྣམས་ཀྱིས་ངའི་འདི་ལ་ཅི་ཟེར་རྟོགས་པར་བགྱིས་ཤིག་གསུངས། བློན་པོ་རྣམས་དེ་ལ་སྤྱོད་ཀྱི་བར་དུ་རྒྱལ་པོས་ས་ལ་རི་མོ་ཅིག་བྲིས་ནས་བློན་པོ་རྣམས་དེ་ལ་ཅི་ཟེར་མ་མཐུན་པ་དང༌། མཆོད་རྟེན་ཅིག་བྲིས་ཏེ་འདི་ལ་ཟེར་བ་ཡིན་གསུངས། ཚུལ་དེ་ལྟ་བུ་མང་དུ་གསུངས་པས་མི་རྣམས་རྣ་བ་ན་ལྐོག་གཏམ་ཤུབ་པའི་དུས་སུ། དམར་མོ་སྤུ་མེད་བཅུག་ཅིང་ཕྱུང༌། ནག་པོ་ཁ་གདངས་གདངས་ཡིན་ཚུལ། ཡོར་ཐོ་མགོ་ཆེ་བསྐྱེད་ཀྱིན་རྒྱབ། དེ་ཅི་ཡིན་གསུངས་པས། དེ་ལ་དཔྱད་པས་དེ་ནི་ཕོ་མོའི་འདུ་འཕྲོད་ལ་དགོངས་སོ་བྱས་པས། རྒྱལ་པོས་དེའི་བར་ལ་མགར་བ་ལྕགས་རྡུང་བའི་གཟུགས་ཤིག་བྲིས་ཏེ། དེ་འདི་ལ་ཟེར་བ་ཡིན་བྱ་བ་གསུངས་པ་ལ་སོགས་པ་མང་པོར་གསུངས་ནས། བོད་ཀྱི་རིག་པ་སྤེལ་ལོ། །དེ་ནས་ཡང་བོད་རྣམས་ལུང་གི་ཆོས་གོ་བ་དང་ཡིད་ཆེས་བར་བྱ་བའི་ཕྱིར། ཁྲོམ་ཆེན་པོ་བསྡུས་པའི་ནང་དུ་རྒྱལ་པོས་ནད་པ་ཅིག་ཏུ་སྤྲུལ། དེ་ཅིས་ན་བ་ཡིན་ངོས་འཛིན་པའི་མོ་མ་ཅིག་གིས་འདྲེ་བཟུང༌། འདྲེ་ལ་བོན་བྱས་ཏེ་ཤ་བ་ནམ་མཁའ་ལ་འགྲོ་ཤེས་པ་བྱས་པས་ནད་པ་བསོས། དེ་ལ་ཁྲོམ་ངོ་མཚར་སྐྱེས་པས། ནད་པ་བས་ཆེས་ན་བའི། ངན་སོང་གསུམ་དང་འཁོར་བའི་སྡུག་བསྔལ་གྱི་གཏམ་བརྗོད་པས། དེ་ལ་མི་རྣམས་ཡིད་མ་ཆེས་ཏེ། སྤྲེའུ་གྱད་བྷ་ལ་མ་དའི་སྒྲུང་བཏང་ནས་བོད་ཀྱི་རིགས་རྒྱུད་རྣམས་དད་དོ། །ལས་ཀྱི་འབྲས་བུས་སངས་རྒྱས་གསུངས་པའི་མདོ་སྡེ་དང་སྦྱར་བས་དེར་ཡིད་ཆེས། ལུང་གི་ཆོས་གོ་བར་བྱ་བའི་ཆེད་དུ་སྒྲུང་རྒྱུད་མང་པོ་ཡང་བྲིས་སོ། །ནེའུ་ཙོའི་སྒྲུང་དང༌། སྤྲེའུ་སྒྲུང་དང༌། བྱའི་སྒྲུང་ལ་སོགས་པ་ཡིན། དེ་ལྟར་བྲིས་པས་ལུང་བསྟན་གྱི་ཆོས་ལ་ཡིད་ཆེས་ཐོབ་པ་ཡིན་ནོ། །བསླབ་པ་གསུམ་ལ་སློབ་སླ་བའི་ཕྱིར་དགོངས་ནས་ནད་གསོས་པ་བས་ཕན་ཆེ་བ་བསླབ་པ་གསུམ་གྱི་འབྲས་བུ་བསྟན་ནས། བོན་ཤ་བ་ནམ་མཁའ་ལ་འགྲོ་བ་ཡང་ཀ་བ་ཤིང་ལོ་ཅན་གྱི་ནང་ལོགས་སུ་གཡུང་དྲུང་བོན་གྱི་རྒྱུད་རིས་སུ་བྲིས། བོན་ཡ་འདམ་པའི་ཤ་བ་སྐད་འདོན་པ་དང༌། འདབ་ཆགས་མཁའ་ལ་འཕུར་བ་དང༌། རྟ་པ་བང་རྒྱུག་པ་དང༌། བོན་གྱི་རྫུ་འཕྲུལ་དེ་རྣམས་ཀྱིས་བསླབ་པ་གསུམ་ལ་བཀོད་དུ་བཏུབ་པ་ཡིན་ནོ། །བསླབ་པ་གསུམ་ནི་སངས་རྒྱས་དཀོན་མཆོག་བསླབ་པ། ཆོས་དཀོན་མཆོག་བསླབ་པ། དགེ་འདུན་དཀོན་མཆོག་བསླབ་པ་དང་གསུམ་ཡིན་ནོ། །དེས་ན་བོན་སྟོན་པ་གཤེན་རབས་མི་བོ་ཆེ་དེ་ཡང་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན་སྔོན་བསྐལ་པ་ཚེ་ལོ་ཉི་ཁྲི་ཐུབ་པའི་དུས་སུ་སངས་རྒྱས་འོད་སྲུངས་ཀྱི་བསྟན་པ་ཤར་ནས་གནས་ཏེ་ནུབ་པའི་ཤུལ་དུ། ཤཱཀྱ་ཐུབ་པའི་བསྟན་པ་མ་ཤར་བའི་བར་སྐབས་དེར་ཆོས་ཀྱི་བསྟན་པ་གང་ཡང་མེད་པར། སེམས་ཅན་ཉོན་མོངས་ཤིང་སྡུག་བསྔལ་བ་ལ། ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེའི་ཐུགས་རྗེས། ནུབ་ཕྱོགས་ཞང་ཞུང་གི་ཡུལ་དུ་སྟོན་པ་གཤེན་རབས་མི་བོར་སྐུ་སྤྲུལ་ནས། འཁོར་གཡུང་དྲུང་སེམས་དཔའ་སེམས་ཅན་རྣམས་ཀྱིས་བསྐོར་ནས། འཛམ་བུའི་གླིང་པའི་སེམས་ཅན་རྣམས་ལ་ཕན་པ་ཡུན་རིང་དུ་བཏགས་པས། དེས་ན་གང་ལ་གང་འདུལ་དེ་ལ་དེར་སྟོན་པ། བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་བྱུང་ངོ༌། །རྒྱ་གར་དུ་སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་བསྟན་པའི་དང་པོར་རྒྱལ་པོས་ར་སའི་གཙུག་ལག་ཁང་ན་མཛད་པ་བཅུ་གཉིས་མཛད་པ་དེ། ཁྲོ་བོ་སྨེ་བརྩེགས་ཀྱི་རྒྱབ་ན་མཆོད་རྟེན་བརྒྱད་པ་བྱས་ཡོད་དོ།། དེ་ནས་ཡང་རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོས། བལ་མོ་ཁྲི་བཙུན་ལ་བཀའ་བསྒོ་བ་མཛད་ནས། ཁྱོད་ཀྱི་ཡབ་རྒྱལ་པོ་དང་ཆད་བཙན་པར་བྱ་བ་དང༌། ཁ་བ་ཅན་གྱི་སེམས་ཅན་རྣམས་ཀྱི་མཆོད་པའི་རྟེན་བྱ་བ་དང༌། ནག་པོའི་ཕྱོགས་ཐམས་ཅད་འགྲིབ་ཅིང༌། ལེགས་སོ་ཅོག་ཐམས་ཅད་དར་བར་བྱ་བའི་ཕྱིར་ཁྱོད་ཀྱིས་ར་སའི་གཙུག་ལག་ཁང་གི་སྒོ་གཅིག་པུ་འདི་ནུབ་ཕྱོགས་བལ་བོའི་ཡུལ་ལ་གཏད་པས། ནང་སྒོ་ཐམས་ཅད་ཀྱང་ནུབ་ཕྱོགས་བལ་བོའི་ཡུལ་ཕྱོགས་སུ་གཏད་པར་འགྲོ་བ་ཡིན་ནོ། །གཞན་ཡང་ར་སའི་གཙུག་ལག་ཁང་འདིར་སྒོ་ནུབ་ཕྱོགས་སུ་བསྟན་པའི་གཙང་ཁང་དབུས་མར་དེ་བཞིན་གཤེགས་པི་འོད་མི་འཁྲུགས་པ་གཙོ་འཁོར་དགུ་བཞེངས་ཤིག དེའི་གཡོན་ངོས་གཙང་ཁང་དུ་བྱམས་པ་ཆོས་ཀྱི་འཁོར་ལོ་བཞུགས་སུ་གསོལ་ལ་དེ་ལ་འཁོར་བརྒྱད་བཞེངས་ཤིག གཡས་ངོས་ཀྱི་གཙང་ཁང་དུ་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པ་གཙོ་འཁོར་དགུ་བཞེངས་ཤིག ལྷོ་ཕྱོགས་ཀྱི་གཙང་ཁང་དུ་བཅོམ་ལྡན་འདས་མི་བསྐྱོད་རྡོ་རྗེས་གཙོ་བྱས་པའི་ཆོས་སྐྱོང་གནོད་སྦྱིན་སྟོབས་པོ་ཆེ་དང༌། ཛམ་བྷ་ལ་གཏེར་གྱི་བུམ་པ་སྟོབ་པ་གཙོ་འཁོར་དགུ་བཞེངས་ཤིག དེ་རྣམས་ཀྱི་རྒྱུ་ནི་བྱང་ཆུབ་ཤིང༌། ཙན་དན་གོར་ཤི་ཤ ཙན་དན་སྦྲུལ་གྱི་སྙིང་པོ། གནས་ཆེན་པོ་བརྒྱད་ཀྱི་ས། ནེ་རན་ཛ་རའི་བྱེ་མ། རྒྱ་མཚོའི་འགྲམ་གྱི་བྱེ་མ། རིན་པོ་ཆེའི་སྤྱན་འབྲས་ལ་སོགས་པས་ཤས་ཆེར་ཁྱབ་པར་བྱས་སོ། །སྒོ་ཁང་གཡས་གཡོན་དུ་ཆོས་སྐྱོང༌། མ་མགོན་ལྕམ་དྲལ་དང༌། གནོད་སྦྱིན་ཀུ་བེ་ར་བཞེངས་ཤིག ལྷོ་ཕྱོགས་སུ་ཀླུའི་ཁང་པ་བཞེངས་ཤིག་ཞེས་བྱ་བ་ལ་སོགས་པ་སྔར་རྒྱལ་པོ་རང་གིས་ཞལ་གཟིགས་པ་བཞིན་དུ་བྱེད་པར་བསྒོའོ། །གཞན་ཡང་ཤར་དུ་ཛམྦྷ་ལ་དང༌། ལྷོ་རུ་བྱམས་པ། ནུབ་ཏུ་ཁྱམས་ཁྲ་མོ། བྱང་དུ་རྒྱལ་པོ་མཆེད་བཞི། བྱང་ཤར་དུ་ཕྱག་ན་རྡོ་རྗེ་དང་འཇམ་དཔལ་གཉིས། ཤར་ལྷོར་མགོན་པོ་དང་སངས་རྒྱས་མི་བསྐྱོད་པ་གཉིས། ལྷོ་ནུབ་ཏུ་ཁ་སརྤ་ཎི་དང༌། ཆུ་ལྷའི་རྒྱལ་པོ་གཉིས། ནུབ་བྱང་དུ་ཚེ་དཔག་མེད་དང་རྣམ་ཐོས་སྲས་གཉིས། ལྷའི་ཚོགས་བཅུ་གཉིས་པོ་དེ་ལྷ་ཁང་རེ་རེའི་དཀྱིལ་འཁོར་དུ་བཞེངས་ལ། ར་སའི་གླིང་ཕྲན་བཅུ་གཉིས་སུ་བགྱིས་ཤིག དེ་ལྟར་བྱས་པས་བོད་ཡུལ་ཁ་བ་ཅན་གྱི་སེམས་ཅན་རྣམས། དེ་བཞིན་གཤེགས་པའི་གདུལ་བྱར་མ་གྱུར་པ་བཀའ་ལ་ཡིད་མི་ཆེས་པས་དམ་པའི་ཆོས་ཀྱི་བདུད་རྩི་འཐུང་དུ་མི་བཏུབ་པ། རིག་པའི་ཆོས་ལ་བློ་མི་འགྲོ་བ། བསླབ་པ་གསུམ་ལ་བསླབ་ཏུ་མི་བཏུབ་པའི་སེམས་ཅན་འདི་རྣམས་ངའི་ཆོས་ཁྲིམས་དང་རྒྱལ་ཁྲིམས་ཀྱིས་འདུལ་བ་ཡིན་པས་དེ་ལྟ་བུའི་རྒྱུད་རིགས་ཀྱང་བྲིའོ། །དེ་ནས་ཁ་བ་ཅན་གྱི་སེམས་ཅན་མ་རིག་པ་འདི་ལྟ་བུ་ལ་སློབ་ཏུ་གཞུག་གོ་བྱ་བ་སྒྲུང་དུ་བྲིས་ལ་ལུང་ལ་ཡིད་ཆེས་སུ་གཞུག་གོ །ཅེས་གདུང་བར་དུ་གགས་ལ་འབུར་དུ་གཏོད་ནས་བཞག་གོ །བོན་བྲིས་ནས་ཆོས་བསླབ་པ་གསུམ་ལ་བཀོད། དེ་ལྟར་བྱས་ན་ངའི་ཁྲིམས་བཅས་པ་རྣམས་བཙན་པར་བྱས་ན། དམ་པའི་ཆོས་ཀྱི་བདུད་རྩི་འཐུང་བར་འགྱུར་རོ། །བོད་ཁ་བ་ཅན་གྱི་ཡུལ་ཁམས་འདིར་དམ་པའི་ཆོས་དར་བའི་ཕྱིར། ཀ་བ་ཤིང་ལོ་ཅན་དང་ཉེ་བའི་སར་ཆོས་ཀྱི་གཏེར་སྦོས་ཤིག དེའི་ཡོན་ཏན་གྱིས་ངའི་རིགས་རྒྱུད་དབོན་སྲས་བློན་པོ་རྣམས་དང་ཁ་བ་ཅན་གྱི་སེམས་ཅན་རྣམས་ལ་དམ་པའི་ཆོས་རྒྱས་པར་འོང་གིས། དེ་རྣམས་ལ་གནོད་པ་བྱེད་མཁན་བསྲུང་བར་བྱ་བའི་ཕྱིར། ཀ་བ་སྦྲུལ་མགོ་ཅན་དང་ཉེ་བའི་སར་དྲག་སྔགས་མཐུའི་གཏེར་སྦོས་ཤིག དེའི་བྱིན་རླབས་ཀྱིས་ར་ས་ལ་མོས་པའི་མི་དང་སེམས་ཅན་ལ་ཅིས་ཀྱང་མི་ཚུགས་སོ། །མཐའི་རྒྱལ་ཁམས་ཀྱི་དམོད་སྡེ་ཟློག་པར་བྱེད་པ་དང་ངན་སྔགས་ཀྱིས་མི་ཚུགས་པར་བྱ་བའི་ཕྱིར། ཀ་བ་སེངྒེ་ལག་ཟན་མ་དང་ཉེ་བའི་སར་ཕྱིར་བཟློག་གི་གཏེར་སྦོས་ཤིག དེའི་བྱིན་རླབས་ཀྱིས་ལྷ་ས་ལ་མོས་པའི་མི་དང་སེམས་ཅན་ཐམས་ཅད་ལ་གནོད་པ་ཅིས་ཀྱང་མི་ཚུགས་སོ། །ཀ་བ་ཤིང་ལོ་ཅན་དང་ཉེ་བའི་སར་སྨན་དཔྱད་གྱི་གཏེར་རྣམས་སྦོས་ཤིག གཞན་ཡང་དེ་དག་ཐམས་ཅད་ཀྱི་ཆ་རྐྱེན་ལོངས་སྤྱོད་མི་འཕོངས་པར་འབྱུང་ཞིང༌། འཚོ་བས་ཉོན་མི་མོངས་པར་བྱ་བའི་ཕྱིར་དང༌། རིན་པོ་ཆེའི་གཏེར་ཁ་འབྱེད་པ་དང༌། ཟས་དང་གོས་ཐམས་ཅད་བཀྲག་དང་བཅུད་དང་ལྡན་པར་བྱ་བའི་ཕྱིར་དང༌། ཁ་བ་ཅན་གྱི་རྒྱལ་ཁམས་སུ་འབྲུ་རྣམས་དུས་སུ་སྨིན་པ་དང༌། ཆར་ཆུ་དུས་སུ་འབབ་པ་དང༌། སྙིང་པོ་ལྔ་རྒྱས་པར་བྱེད་པ་དང༌། སད་དང་སེར་བ་མི་འབྱུང་བར་བྱ་བའི་ཕྱིར་ཀ་བ་བུམ་པ་ཅན་དང་ཉེ་བར་རིན་པོ་ཆེའི་གཏེར་སྦོས་ཤིག ར་སའི་ཞིག་རལ་གསོ་བ་དང༌། མཆོད་པ་མཉེས་པ་རྒྱུན་མི་འཆད་དུ་འོང་བར་བྱ་བ་དང༌། ཁ་བ་ཅན་གྱི་རྒྱལ་ཁམས་སུ་ཆོས་ཀྱི་ཉམས་དམས་པར་གྱུར་པའི་དུས་སུ་རྒྱ་གར་ནས་ཐེག་པ་ཆེན་པོའི་ཆོས་རྒྱས་པར་བྱེད་པའི་གང་ཟག་ཐོད་རྒལ་བ་རེ་འབྱུང་བར་བྱ་བའི་ཕྱིར། དཀྱིལ་འཁོར་གྱི་འོག་ཏུ་རིན་པོ་ཆེ་དབང་གི་རྒྱལ་པོ་དང༌། རིན་པོ་ཆེ་རནྟ་དྷེ་བ་དང༌། གསེར་དངུལ་ལ་སོགས་པའི་ཁྲོན་སྦོས་ཤིག ར་སའི་གཙུག་ལག་ཁང་འདི་ཉམས་པར་གྱུར་པའི་དུས་སུ་གང་ཟག་ནུས་པ་ཅན་རེས་གསོ་ཞིང་སྐྱོང་བར་འགྱུར་རོ། །བོད་ཁ་བ་ཅན་གྱི་སེམས་ཅན་རྣམས་འཕེལ་བར་འགྱུར་བའི་ཕྱིར། ཀླུ་ཁང་དུ་རིན་པོ་ཆེ་སྟག་ཤ་དེ་བ་སྦྲུལ་གྱི་པགས་པས་འཐུམས་ལ་སྦས་པའི་སྙིང་ཁར་བཅུག གཟིའི་སྒྲོམ་བུར་བཅུག་ནས་ཀླུའི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཐེ་བོང་གི་ནང་དུ་སྦོས་ཤིག དེའི་ཡོན་ཏན་གྱིས་ས་བདག་ཀླུ་ལ་སོགས་པའི་གནོད་པ་ཞི་བར་འགྱུར་རོ། །ཁ་བ་ཅན་དུ་དེ་བཞིན་གཤེགས་པའི་རིང་བསྲེལ་ལ་མཆོད་པ་རྒྱས་པར་འབྱུང་བར་བྱ་བའི་ཕྱིར། ཁྱམས་ཁྲ་མོར་རིན་པོ་ཆེ་བཻཌཱུརྱའི་ལྷུང་བཟེད་ཟས་སྣ་ཚོགས་ཀྱིས་ཁེངས་ལ་ཟངས་ཀྱི་གའུར་ཆུག་ལ་སྦོས་ཤིག དེའི་ཡོན་ཏན་གྱིས་ཕྱོགས་ཕྱོགས་ཀྱི་མི་མང་པོ་རྣམས་ར་སར་འོངས་ནས་ལོངས་སྤྱོད་སྣ་ཚོགས་པ་བྱེད་པར་འགྱུར་རོ། །ཕྱི་རོལ་པའི་ཆོས་མི་འབྱུང་བར་བྱ་བའི་ཕྱིར་དུ། ཀ་བ་ཐམས་ཅད་ལ་དེ་བཞིན་གཤེགས་པའི་རིང་བསྲེལ་རེ་བཞུགས་སུ་གསོལ། གཞན་ཡང་གཡོན་རུ་ཁྲ་འབྲུག་ཏུ་ཀླུ་ཆོག་གི་གཏེར་སྦོས་ཤིག ལྷོ་བྲག་མཁོན་མཐིང་ལྷ་ཁང་དུ་གཡུང་དྲུང་བོན་གྱི་གཏེར་སྦོས་ཤིག དེས་ཕྱིས་ཀྱི་སྐྱེ་བོ་འཇིག་རྟེན་པ་ལ་ཕན་པ་རྒྱ་ཆེན་པོ་ཡོང་བ་ཡིན། ཁམས་ཀྱི་གློང་ཐང་སྒྲོལ་མའི་ལྷ་ཁང་དུ་རྩིས་ཀྱི་གཏེར་སྦོས་ཤིག ཀོང་པོ་བུར་ཆུའི་ལྷ་ཁང་དུ་སྙིང་པོ་སྔགས་ཀྱི་གཏེར་སྦོས་ཤིག གཙང་ཁྲོམ་པ་རྒྱན་གྱི་ལྷ་ཁང་དུ་དོན་ཁྲིད་སྒོམ་གྱི་གཏེར་སྦོས་ཤིག གཙང་དུ་གྲུབ་ཐོབ་མང་པོ་ཡོང་བ་དེའི་ཡོན་ཏན་ཡིན་ནོ། །བྱང་གི་དཔལ་ཆེན་ལྷ་ཁང་དུ། རྒྱལ་རབས་སིལ་མ་མང་པོའི་གཏེར་སྦོས་ཤིག དེས་རྒྱལ་བརྒྱུད་གདུང་མི་འཆད་པ་ཡིན་ནོ། །གཞན་ཡང་ཁ་བ་ཅན་གྱི་རྒྱལ་ཁམས་སུ་མཐའི་རྒྱལ་པོས་དམག་མི་འདྲོང་བར་བྱ་བའི་ཕྱིར་དང༌། མི་ནད་དང་ཕྱུགས་ནད་དང༌། ནད་ཉུང་བར་བྱ་བ་དང༌། ཚེ་རིང་བ་དང་དབང་ཆེ་བ་ལ་སོགས་པ་དང༌། མུ་སྟེགས་ཀྱི་ཆོས་ལོག་མི་འབྱུང་བའི་ཆེད་དང༌། ཆོས་མཛད་སྒྲུབ་པ་པོ་རྣམས་ལ་བར་ཆད་མི་འབྱུང་ཞིང༌། ཅི་བསམ་ཐམས་ཅད་འབྱུང་བ་དང༌། ཕ་ཚན་ཚང་ཁུངས་སུ་དམེ་མི་འབྱུང་བའི་ཆེད་དང༌། དགེ་འདུན་གྱི་སྡེ་མི་འཁྲུགས་པ་དང༌། སྔགས་པ་དམ་ཚིག་མི་ཉམས་པའི་ཆེད་དང༌། རྩི་ཤིང་ལོ་ཐོག་མི་ཉམས་ཤིང་ཆར་ཆུ་དུས་སུ་འབབ་པ་དང༌། ལེགས་དགུ་ཐམས་ཅད་འབྱུང་ཞིང༌། ཉེས་དགུ་ཅོག་མི་འབྱུང་བར་བྱ་བའི་ཕྱིར་ཐབས་ཀྱི་གཏེར་ཡང་མང་དུ་སྦོས་སོ། །ཕྱོགས་བཞི་མཚམས་བརྒྱད་སའི་ཚིགས་ལེགས་སར་མའི་བླ་སྲོག་གི་རྫས་གཏེར་དང༌། འབྲུ་དང་གསེར་གཡུ་རིན་པོ་ཆེ་སྣ་ཚོགས་དང༌། ཟངས་ཐེར་གོ་མཚོན་གྱི་གཏེར་སྦེད་པར་མཛད་པ་ལ་སོགས་པ་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་མཛད་དོ། །སྐུ་བཞེངས་པ་རེ་རེ་ལ་དེ་བཞིན་གཤེགས་པའི་རིང་བསྲེལ་བཅུ་གསུམ་བཅུ་གསུམ་རེ་དངུལ་གྱི་ཟ་མ་ཏོག་དུ་བཅུག་ནས་བཞུགས་སུ་གསོལ་ལོ། །ཕྲན་ཚེགས་ཞིབ་མོར་བརྗོད་ན་ངན་འཕེལ་བར་འགྱུར་བས་མ་བརྗོད་དོ། །ཁྲ་འབྲུག་ལྷ་ཁང་དང༌། མཁོན་མཐིང་ལྷ་ཁང་དང༌། བུམ་ཐང་ལྷ་ཁང་དང༌། ཁྲོན་གྲོམ་པ་ལྷ་ཁང་དང༌། བྱང་དཔལ་ཆེན་ལྷ་ཁང་དང༌། དབུ་རུ་དཀའ་ཚལ་ལྷ་ཁང་དང༌། པྲ་དུན་རྩེའི་ལྷ་ཁང་དང༌། ཚངས་པ་རླུང་གནོན་གྱི་ལྷ་ཁང་དང༌། སྒྲོའི་སྐད་བྲག་ལྷ་ཁང་ལ་སོགས་པ་དེ་ཐམས་ཅད་ཀྱང་བལ་མོས་ར་སའི་ལྷ་ཁང་རྩིག་པའི་དུས་ན་འོ་ཐང་གི་མཚོ་ཕུབ་ནས་ལྷ་ཁང་གི་རྨང་ཐིངས་ཀྱང་རྩིག་ཏུ་མ་བཏུབ་པར། རུ་བཞི་དང་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་རྣམས་ཀྱང༌། རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོའི་སྤྲུལ་པའི་བཟོ་བོ་རྐྱང་བས་མཛད་ནས་བཞེངས་སོ། །དེ་ནས་བལ་བཟའ་ཁྲི་བཙུན་གྱིས་ར་སའི་གཙུག་ལག་ཁང་རྩིག་ཏུ་བཏུབ་ནས། རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོས་བལ་མོ་ཁྲི་བཙུན་གྱིས་ལྷ་ཁང་རྩིག་པའི་གྲོགས་དང་ཐབས་མཛད་ནས་རྒྱལ་པོས་སྤྲུལ་པ་མང་པོ་མཛད་ནས་བརྩིགས་པས་ཞག་བདུན་ལ་ར་སའི་འོག་ཁང་ལེགས་པར་བཞེངས་ཚར་རོ། །རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོ་དང༌། ལྷ་ཅིག་བལ་བཟའ་ཁྲི་བཙུན་གྱིས་ར་སའི་གཙུག་ལག་ཁང་གི་འོག་ཁང་བཞེངས་པའི་ལེའུ་སྟེ་བཅུ་བཞི་པའོ།། །། ལེའུ་བཅོ་ལྔ་པ། སྲོང་བཙན་སྒམ་པོས་དགེ་བའི་མཛད་པ་རྣམས་ཚར་བ་དང༌། བཙུན་མོ་དྲུག་གིས་ཕྱག་རྗེས་ཀྱི་མཛད་པ་ལྷ་ཁང་འབྱོངས་པ། ཨོཾ་མ་ཎི་པདྨེ་ཧཱུཾ། དེ་ལྟར་ར་སའི་གཙུག་ལག་ཁང་བཞེངས་པའི་དུས་ན། རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོ་དགུང་ལོ་སུམ་ཅུ་སོ་བཞི་ལ་བཞེངས་པ་ཡིན་ནོ། །བལ་མོ་བཟའ་དང༌། རྒྱ་མོ་བཟའ་གཉིས་ཀྱང་དེ་དང་འདྲ་བར་ན་སོ་དུས་མཉམ་མོ་གསུང་ངོ༌། །གཞན་ཡང་བོད་ཡུལ་ཁ་བ་ཅན་དུ་རྒྱལ་པོ་ཆེན་པོ་དེས་ལེགས་དགུ་ཐམས་ཅད་འབྱུང་ཞིང་དར་བར་བྱ་བའི་ཐབས་དང་དེ་རྣམས་འབྱུང་ཞིང་དར་བར་བྱས་པ་ལ་ཉེས་དགུ་ཐམས་ཅད་འཇོམས་ཤིང་བརླག་པར་མ་བྱས་ན། ལེགས་དགུ་བྱེད་དུ་མི་འཇུག་པས། ཉེས་པར་བྱེད་པ་རྣམས་བརླག་པར་བྱེད་པའི་མཐུ་དང་ངན་ཐབས། ངན་སྔགས་སྒྲུབ་སླ་བ། རྫས་སླ་བ། མགྱོགས་ཤིང་མྱུར་བར་བྱེད་པ། རང་ལ་ཚུལ་མི་བཟློག་པའི་ཐབས་དང་བྱ་བ་བསམ་གྱིས་མི་ཁྱབ་པ། རྒྱལ་པོ་ཆེན་པོས་དུས་ངན་གྱི་མི་ངན་འདུལ་བའི་ཆེད་དུ་མཛད་ནས་གཏེར་དུ་སྦོས་སོ། །རྒྱལ་པོ་ཆེན་པོས་དེ་ཚོ་ཇི་ལྟར་བྱས་པའི་བྱུང་ལུགས་དང༌། ས་ཆ་གང་དུ་སྦས་ལུགས་དང༌། དེ་ཇི་ལྟར་བྱུང་ལུགས་དང༌། དེ་གཏེར་ནས་ཕྱུང་ནས་ལོངས་སྤྱོད་ལུགས་དང་བཅས་པ་མང་པོ་ཡང༌། རྒྱལ་པོ་ཆེན་པོའི་བཀའ་ཆེམས་ཀྱི་ཤོག་གྲིལ་ལ་བྲིས་ནས་འདུག་སྟེ། འདི་རྣམས་ལག་ལེན་བྱེད་པའི་དུས་ལ་མ་བབ་པ་དང༌། མི་བསམ་ངན་སྙིང་རྗེ་མེད་པའི་གདུག་པ་ཅན་དང་འཕྲད་ན། ངན་བྱེད་འཕེལ་ནས་རྒྱལ་ཁམས་ཕུང་སྟེ་བརླག་ཀྱི་དོགས་ནས། ཇོ་བོ་རྗེ་ལྷ་ཅིག་ཞེས་བྱ་ཨ་ཏི་ཤ་དཔོན་གཡོག་ཉེད་རྣམས་ཀྱིས་མ་བྲིས་པར་བཞག་གོ །གཞན་ཡང་ས་བདག་ཀླུ་གཉན་གྱིས་གཏོང་བའི་མཛེ་ནད་ཐམས་ཅད་བསྲུང་བ་ལ། ལྷ་ཁང་གི་སྒོ་མདུན་དུ་ཀླའི་རྟེན་ཚུགས་ཤིག ལྷ་རྟེན་གནོད་སྦྱིན་གྱི་དལ་ཁ་བསྲུང་བ་ལ། དེ་དང་མཐུན་པའི་རྟེན་ཚུགས་ཤིག མ་མོའི་ཡམས་ནད་བསྲུང་བ་ལ་དཔལ་ལྷ་མོའི་རྟེན་ཚུགས་ཤིག གཞན་ཡང་བོད་ཡུལ་ཁ་བ་ཅན་གྱི་ཡུལ་འདི་སྲིད་པ་གཡེན་དགུའི་ལྷ་འདྲེ་ལ་ཕྲོགས་ནས། ཡུལ་བཟང་ནས་འཇིག་རྟེན་སྐྱོང་དགོས་བྱུང་བ་ཡིན་པས། སྲིད་པ་གཡེན་དགུའི་གནོད་པ་བསྲུང་བ་ལ་དེ་རྣམས་རང་རང་དང་མཐུན་པའི་རྟེན་ཚུགས་ལ་གསོལ་མཆོད་གྱིས་ཤིག དེ་ལྟར་བྱས་ན་བྱ་བ་བྱེད་པ་ཐམས་ཅད་འགྲུབ་ཅིང་སེམས་ཅན་ལ་ཕན་ཐོགས་པར་འགྱུར་རོ། །ཅེས་རྒྱལ་པོ་ཆེན་པོས་དེ་སྐད་གསུངས་ནས་རྒྱལ་པོའི་བཀའ་ཆེམས་ཀྱི་ནང་དུ་བྲིས་ནས་བཞག་གོ །དེ་ནས་ཡང་རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོའི་ཚབ་མར་ནང་བློན་སྣ་ཆེན་པོ་བོད་དུ་བཞག་ནས། ལོ་ཙྪ་བ་ཆེན་པོ་ཐོན་མི་སམ་བྷོ་ཊ་དང༌། འགར་སྟོང་བཙན་ཡུལ་བཟུང་གཉིས་དང༌། ཆོས་བློན་ཉང་དཔལ་སྡེ་ཞང༌། ཆོས་བློན་མོང་ཁྲི་ཇོ་རི་གནང་བཙན། ཆོས་བློན་ཁྱུང་པོ་ཡུལ་བཟུང་རྩེ། ཆོས་བློན་ཅོག་རོ་དར་རྒྱལ་མང་པོ་རྗེ་སྲོང་ནི། ཆོས་བློན་ཅོག་རོ་བརྒྱན། མཆིམས་མང་རྗེ་མང་ལོད། དམྱགས་དཔལ་བེའུ་བཅོག ཆོས་བློན་བོད་ལྕང་གཞུངས་རིང༌། ཆོས་བློན་ཅོག་རོ་བརྒྱན་གཡའ་གོང་བཟའ། ཆོས་བློན་མཆིམས་མང་རྗེ་མང་ལོད། ཆོས་བློན་འབྲི་བསེ་རུ་གུང་སྟོན། ཆོས་བློན་དམྱགས་ཁྲེའུ་བཟའ་ཡང་སྟོན། ཆོས་བློན་སྦས་བཙན་བཟང་དཔལ་ལེགས། ཆོས་བློན་གནུབས་གཉའ་སྟོང་རེ་གཙུག་སྣོན། ཆོས་བློན་ལམ་སྡེ་ཁྲི་བཟང་ལོད་བཙན་ལ་སོགས་པའི་འཁོར་གྱིས་བསྐོར་ནས། བོད་ཡུལ་གྱི་སོ་ཁ་བསྲུང་བའི་ཆེད་དང༌། རྒྱ་ནག་གི་རྒྱལ་པོ་ཀོང་རྩེ་འཕྲུལ་ཆུང་གིས་གཙོ་མཛད་པའི་རྒྱ་ནག་གི་རྒྱལ་ཁམས་ཀྱི་སེམས་ཅན་ཐམས་ཅད་བདེ་བ་ལ་བཀོད་པའི་ཆེད་དང༌། སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་སུ་འཁྲིད་པའི་ཆེད་དུ། ཡོ་བྱད་བཟང་པོ་དང་བཅས་ནས་དམག་དཔུང་མང་པོ་དང་བཅས་ཤར་ཕྱོགས་རྒྱ་ནག་གི་ཡུལ་དུ་བྱོན་ནས། རྒྱ་ནག་རི་བོ་རྩེ་ལྔ་ན་བཞུགས་ཤིང༌། སྤྲུལ་པ་བསམ་གྱིས་མི་ཁྱབ་པ་མཛད་ནས། རྒྱ་ནག་འཕྲུལ་གྱི་རྒྱལ་པོ་ལ་ལྷ་ཁང་བརྒྱ་རྩ་བརྒྱད་བརྩིགས་ལ། སྒོ་ཐམས་ཅད་ཤར་ཕྱོགས་རྒྱ་ནག་གི་ཡུལ་དུ་བསྟན་ལ་བཞག་ཅིག་ཅེས་ཁས་བླངས་པ་དེ་ཆད་བཙན་པར་བྱ་བའི་ཕྱིར་གཙུག་ལག་ཁང་ངོ་མཚར་ཅན་མང་པོ་བཞེངས་སོ། །དེ་རྣམས་ཀྱི་ནངདུ་སྐུ་གསུང་ཐུགས་ཀྱི་རྟེན་རང་བྱུང་དུ་བྱོན་པ་མང་པོ་ཡང་བྱུང་ངོ༌། །ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་དེས་ཐུགས་རྗེ་ཆེན་པོའི་ཆོས་ཀྱི་བཀའ་འཁོར་མང་བོ་གསུངས་ནས་དར་ཞིང་རྒྱས་པར་མཛད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བས། རྒྱ་ནག་གི་མི་སྡིག་པ་ཅན་རྣམས་ཀྱི་ལས་ངན་སྡིག་སྒྲིབ་བྱང་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཆོས་ཀྱི་འབྲས་བུའི་སྙིང་བོ་ཐོབ་པའི་རྟགས་དང་མཚན་མ་ཐོན་པ་མང་པོ་བྱུང་ངོ༌། །དེ་ནས་ཡང་ལྷ་ཅིག་ཁྲི་བཙུན་གྱིས་དེའི་བར་དུ་བལ་ཡུལ་ནས་ཕ་མིང་གི་བལ་བོ་ལྷ་བཟོ་པ་རྒྱལ་པོས་སྤྲུལ་པས་ཇི་ལྟར་བསྒོ་བ་བཞིན་དུ་བསྒྲུབས་ཏེ། འོག་ཁང་ལ་དཔེ་བྱས་ནས་སྟེང་ཁང་གི་བཟོ་བྱས། འོག་ཁང་དུ་རྒྱལ་པོས་ཇི་ལྟར་གཟིགས་ཤིང་བཀའ་བསྒོ་བ་བཞིན་དུ་ལྷ་ཁང་རྣམས་དང༌། གནོད་སྦྱིན་ཕོ་མོ་རིགས་གསུམ་མགོན་པོ། སྤྲུལ་པའི་ཀླུ་ཁང༌། གནོན་སྦྱིན་ཕོ་མོ་སོགས་ཀྱི་བཟོ་བྱས། རྒྱལ་པོ་དང་ལྷ་ཅིག་ཀུན་གྱི་འབག་ཀྱང་བྲིས། གློ་འབུར་ནུབ་བྱང་མཚམས་སུ་སྒྲུང་དང༌། ལྡེའུ་དང༌། རྒྱུད་རིགས་ཀྱང་བྲིས། བེའུ་བུམ་མང་པོ་མཛད། སྒོ་སྟེང་དུ་སངས་རྒྱས་རབས་བདུན་ཡང་བཞེངས། སྟེང་ཁང་དུ་ཇོ་མོ་སྒྲོལ་མ་ལ་སོགས་པའི་ལྷའི་བུ་མོ་ཡང་མང་དུ་བྲིས་སོ། །གཏེར་ཐམས་ཅད་ཀྱང་རྒྱལ་པོས་ཇི་ལྟར་བཀའ་སྩལ་བ་བཞིན་དུ་སྦོས་སོ། །ལྷ་ཁང་གསུམ་ཐོག་བགྱི་འདོད་ནའང་ཉིས་ཐོག་གི་བཟོ་བྱས། འོག་ཁང་སྤྲུལ་པའི་བཟོ་པ་སྟོང་གིས་ཞག་བདུན་ལ་ཚར་བས། སྟེང་ཁང་འོག་ཁང་ལ་དཔེ་བྱས་མིའི་བཟོ་བོ་སྟོང་གིས་བཞེངས་པས་ལོ་བཅུ་གསུམ་ན་ཚར། སྤྲུལ་པའི་བཟོ་བོ་དང་མིའི་བཟོ་བོ་ལ་ཁྱད་པར་དེ་ཙམ་བྱུང་ངོ༌། །དེ་ནས་རྒྱལ་པོས་རྒྱ་ནག་ཏུ་ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས་ནས། རབ་སྒང་དུ་ཐུགས་དམ་གྱི་ཐ་མ་བཞེངས་ཏེ་ཡོངས་རྫོགས་རབ་སྒང་ལྷ་ཁང་ཞེས་བྱའོ། །ཐུགས་དམ་གཙུག་ལག་ཁང་གྲངས་ཐེམ་པར་མཛད་པའི། མཛད་པ་རྒྱ་ཆེན་པོ་ཚར་ནས་ཡར་ལ་བོད་དུ་བྱོན་ནས་ར་ས་བྱོན་པའི་དུས་ན། རྒྱར་བྱོན་པའི་དུས་ཤུལ་དུ་སྲས་གུང་སྲོང་གུང་བཙན་ནི་གྲོངས། དབོན་པོ་མང་སྲོང་མང་བཙན་བཞུགས་པར་གདའ། ལྷ་ཅིག་ཁྲི་བཙུན་གྱིས་ར་སའི་གཙུག་ལག་ཁང་བྲེ་སྤུབ་པ་ལྟ་བུ་ཅིག་ཚར་རོ། །དེའི་དུས་ན་རྒྱལ་པོ་བློན་པོ་བཅུ་དྲུག་དང་བཅས་ཏེ་ལྷ་སར་བྱོན་ནས། བལ་མོ་བཟའི་ར་སའི་གཙུག་ལག་ཁང་དུ་བྱོན་པར་བཞེད་དེ། བློན་པོ་སྣ་ཆེན་པོས་ཟ་འོག་གི་འབོལ་སྟན་ལ་སོགས་པ་ཁྱེར་ནས། ར་སའི་ཐེམ་པའི་ཁར་འོངས་པ་དང་སྒོ་ཕྱེ་བས་ལྷ་ཁང་ནང་གི་ས་གཞི་ཆུ་ཤེལ་དང་འདྲ་བའི་ནང་དུ། གྱང་རིས་དང་གདུང་མའི་རི་མོའི་སྲོག་ཆགས་རྣམས་ཁྲ་ཤིག་གེ་བ་འདུག་པ་མཐོང་བས། ནང་དུ་འགྲོ་མ་ནུས་ཏེ་བལ་མོ་བཟའི་ལྷ་ཁང་མཚོའི་སྟེང་དུ་བརྩིགས་པས་ཆུ་རྡོལ་ནས་འདུག་ཟེར་རོ། །དེར་རྒྱལ་པོའི་ཐུགས་དགོངས་ལ་ལྷ་ཁང་ནང་དུ་ཆུ་བྱུང་འདུག་སྙམ་ནས་ནང་དུ་འབྱོན་མ་ནུས་ཙ་ན། བལ་མོ་ཁྲི་བཙུན་གྱིས་ཆུ་མིན་པའི་བརྡར་གསེར་དངུལ་གྱི་སོར་གདུབ་ལ་རིན་པོ་ཆེ་སྣ་ཚོགས་ཀྱིས་ཕྲ་བཏབ་པ་ཅིག་ཡོད་པ་དེ་སྐྱུར་བཏབ་པས། སིལ་ཁྲོལ་ཅེས་པའི་སྐད་བྱུང་བས་རྒྱལ་པོ་གཞི་ཆུ་ཤེལ་འདྲ་བར་ཤེས་ནས་ནང་དུ་བྱོན་དཀྱིལ་འཁོར་ཆེན་པོའི་སྟེང་ནས་སྟེང་ཁང་མིའི་བཟོ་བས་བཅོས་པ་ལ་གཟིགས་པས། ཐུགས་དགྱེས་ཏེ་ངའི་འཕྲུལ་བཟོ་དང་འདྲ་ཁྱད་མེད་འཕྲུལ་དུ་སྣང་ངོ་ཞེས་གསུངས་པ་དང༌། སྔར་ར་དཀར་མོ་སྟོང་ཚོ་ཅིག་ལ་དབུ་རུ་འཕན་ཡུལ་གྱི་མདོ་སྨད་ཐེམ་བུ་ལྐོག་པ་ཞེས་བྱ་བ་ནས་ར་ལ་ས་བཀལ་ནས་སྐྱས་ལྷ་ཁང་བརྩིགས་པས། དུས་དེ་ནས་ར་ས་འཕྲུལ་སྣང་ཞེས་མིང་དང་མཚན་ཐོགས་སོ། །དེ་ལྟར་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་མཛད་པ་ཡང་ཚར། ལྷ་ཅིག་ཨོང་ཅོངས་ར་མོ་ཆེར་གསེར་གྱི་ལྷ་ཤཱཀྱ་མུ་ནེ་སྔ་ན་ནུབ་ཕྱོགས་རྒྱལ་པོའི་རྩེ་མཁར་ལ་ཞལ་ལྟ་བ་དེ་ཞལ་ཤར་དུ་བསྒྱུར་ནས། གྱད་ལྷ་དགའ་དང་ཀླུ་དགའི་འབག་གིས་བཏེགས་པའི་ཁྲི་ལ་བཞུགས་སུ་གསོལ། རྒྱ་ནག་ནས་གཡོག་འཁོར་ལྔ་བརྒྱས་ཁུར་ནས་འོངས་པའི་ཀ་བ་བཞི་བཙུགས་ཤིང༌། གདུང་བཏང་སྤང་ལེབ་བཀབ། དར་གྱི་ཡོལ་བ་བྲེས་པའི་བར་དུ་སོ་ཕག་གིས་བརྩིགས་ཏེ་ཁང་པ་བྱས་ནས་སྒོ་ཤར་དུ་ཕྱེ་བ་ཅིག་མཛད་པ་དེ་ཡང་ཚར། བཙུན་མོ་སྔ་མ་ཕོ་གོང་མོང་བཟའ་ཁྲི་བཙུན་གྱིས་མཁར་བྲག་ལྷ་ཁང་ཤིང་དང་གསེར་དངུལ་ཟངས་ལྕགས་རྣམས་ལ་བཞེངས་པ་ཡང་ཚར། དེའི་ཕྱི་མ་ཞང་ཞུང་བཟའ་ཁྲི་བཙུན་གྱིས་ཡེར་བ་ཐེམ་བུ་ལྐོག་པའི་ལྷ་ཁང་ཡང་སོ་ཕག་དང་ཤིང་དང་གསེར་དངུལ་རྣམས་ལ་བཞེངས་པ་ཡང་ཚར། ཁྲི་བཙུན་རུ་ཡོང་བཟའ་རྒྱལ་མོ་བཙུན་གྱིས་བྲག་ལ་མགོན་པོ་ཀུན་ཏུ་ཞལ་གྱི་ལྷ་ཁང་བཞེངས་པ་ལ། ལྕགས་པོ་རི་ལ་བྲག་ཕུག་གི་ལྷ་ཁང་བཞེངས་སྙམ་ནས། རྡོ་བྲེ་རེ་ཕོད་ན་ཚྭ་བྲེ་རེའི་བརྔན་པ་སྦྱིན་པས་ཚར་རོ། །ལི་ལྕམ་ལྷའི་སྲས་མོ་ལྡོང་བཟའ་ཁྲི་བཙུན་གྱིས་མིག་མངས་ཚལ་གྱི་ལྷ་ཁང་ཡང་ས་རྡོ་ཤིང་ལ་མཚོན་གྱིས་བྲིས་ནས་བཞེངས་པས་ཚར་རོ། །རྒྱལ་པོ་སྟངས་ཞལ་ཡབ་ཡུམ་རྣམས་ཀྱི་མཛད་པ་མཐར་ཕྱིན་པ་མང་པོ་ཡང་མཛད་པས། བོད་ཁ་བ་ཅན་གྱི་སེམས་ཅན་རྣམས་ནི་རང་བཞིན་གྱིས་ཆོས་ལ་འཁོད་པར་མཛད་པས་ཐམས་ཅད་ངོ་མཚར་བར་གྱུར་ཏོ། །རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོས་བརྩེ་བ་རྒྱ་ཆེན་པོའི་དགེ་བའི་མཛད་པ་རྣམས་ཚར་བ་དང༌། བཙུན་མོ་ཇོ་མོ་དྲུག་གིས་ཕྱག་རྗེས་ཀྱི་མཛད་པ་ལྷ་ཁང་འབྱོངས་པའི་ལེའུ་སྟེ་བཅོ་ལྔ་པའོ།། །། ལེའུ་བཅུ་དྲུག་པ། ཆོས་འཁོར་ལྷ་ས་བཞེངས་པའི་ལོ་རྒྱུས་དང་མ་འོངས་བསླབ་བྱའི་བཀའ་ཆེམས། ཨོཾ་མ་ཎི་པདྨེ་ཧཱུཾ། དེ་ནས་ཡང་རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོ་དེ། ནང་བློན་བརྒྱད་ཕྱི་བློན་བརྒྱད་དེ་བློན་པོ་བཅུ་དྲུག་དང་བཅས་ནས་ར་སའི་གཙུག་ལག་ཁང་དུ་བྱོན་པ་ལ། ཕོ་གོང་གི་ནང་བློན་སྣ་ཆེན་པོས་རྒྱལ་པོ་ཆེན་པོའི་ཟ་འོག་གི་འབོལ་གདན་ཁྱེར་ནས། དཀྱིལ་འཁོར་གྱི་སྟེང་དུ་རྒྱལ་པོ་ཆེན་པོའི་ཁྲི་བཤམས་ནས་ཡོད་པའི་དུས་ན། རྒྱལ་པོ་ཆེན་པོའི་ཞལ་ནས་གཙུག་ལག་ཁང་ལ་རབ་གནས་བྱེད་པ་ལ་ཚོགས་ཆས་དགོས་པས། བློན་པོ་བཞིས་ཤ་མར་ཚོལ། བློན་པོ་བཞིས་ཆང་ཚོལ། བློན་པོ་བཞིས་མགྲོན་བོས། བློན་པོ་བཞིས་གཡོག་མ་བྱན་མོ་བགྱིས། ཕོ་གོང་གི་བློན་པོ་སྣ་ཆེན་པོས་ངའི་གཡོག་དང་སྐུ་སྲུངས་གྱིས་ཤིག་ཅེས་བློན་པོ་རྣམས་ལ་བཀའ་བསྒོ་བ་མཛད་པ་དང༌། དེ་ནས་རྒྱལ་པོའི་དྲུང་དུ་ཁྲི་བཙུན་དང་ལྷ་ཅིག་ཨོང་ཇོ་དང༌། མོང་བཟའ་ཁྲི་ལྕམ་དང་གསུམ་གྱིས་ཡོང་ནས་ཕྱག་འཚལ། གསེར་ལ་ཕྱག་རྟེན་བྱས་ནས་ཞེ་ས་བྱས་པས། རྒྱལ་པོའི་ཞལ་ནས། ངའི་ལྷ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་རང་བྱོན་འདི་ལ་བྱའོ་གསུངས་ནས། བློ་འབུར་བྱང་གི་འཕགས་པ་སྤྱན་རས་གཟིགས་ཀྱི་མདུན་དུ་རྒྱལ་པོ་བཞེངས། གཡས་སུ་ལྷ་ཅིག་ཁྲི་བཙུན་བཞེངས། གཡོན་ན་ལྷ་ཅིག་ཨོང་ཅོང་བཞེངས། མོང་བཟའ་ཁྲི་བཙུན་རྒྱལ་པོའི་སྐུ་རྒྱབ་ན་བཞེངས། ནང་བློན་སྣ་ཆེན་པོས་ནི་རྐང་བ་ཐེམ་པའི་ཕྱི་ན་བཞག ལག་པ་གཉིས་སྒོའི་རུ་བཞི་གཉིས་ལ་འཇུས། མགོ་བོ་ཡ་ཐེམ་ལ་གཏད་ནས་འདུག་གོ །དེ་ནས་བལ་མོ་ཁྲི་བཙུན་གྱིས། ལྡོང་བཟའ་ཁྲི་བཙུན་ལ་མིག་ལྟས་ནས་འདི་སྐད་ཅེས་གསུང་ངོ༌། །ལྡོང་བཟང་ཁྲི་བཙུན་བོད་ཀྱི་བློན་པོ་ཉེ་བ་རྣམས་དང༌། མི་དད་པ་ཆེ་ཞིང་མོས་པ་རྣམས་ན་རེ། བལ་མོ་ཁྲི་བཙུན་དང་ཞལ་མཇལ་སྙིང་འདོད་ཟེར་བའི་མི་བྱུང་ན། ཇོ་མོ་ཁྲོ་གཉེར་ཅན་ལ་གསོལ་བ་ཐོབ་ཅིག་ཨང་གྱིས་གསུང་ངོ༌། །དེ་ནས་ཡང་རྒྱ་མོ་ཨོང་ཅོང་གིས་ཞལ་ཕྱིར་ལོག་མཛད་ལྡོང་བཟའ་ཁྲི་བཙུན་ལ་མིག་བལྟས་ནས། འདི་སྐད་ཅེས་གསུང་ངོ༌། །ལྡོང་བཟའ་ཁྲི་བཙུན། བོད་ཀྱི་བློན་པོ་བློ་ཉེ་བ་རྣམས་དང༌། མི་དད་པ་ཆེ་ཞིང་མོས་པ་རྣམས་རྒྱ་མོ་སྒྲོལ་མ་ལ་གསོལ་བ་ཐོབ་ཅིག་བགྱིས་ཨང་གསུང་ངོ༌། །གཞན་ཡང་ནང་བློན་སྣ་ཆེན་པོ། ངའི་གསེར་གྱི་ལྷ་ཤཱཀྱ་མུ་ནེའི་བཞུགས་ས་སྤོས་ཤིག །ལྷ་ཤིང་རྟའི་ཁར་བཞུགས་ལ། དེ་འདྲེན་པའི་མི་རེའི་མགོ་ལ་བྱ་སྒྲོ་རེ་ཚུགས་ལ་བུད་མེད་བྱ་ལོ་མ་ཅིག་གིས་སྣ་དྲོངས་ལ་ཤིང་རྟ་བྱང་དུ་ཁྱེར་ཅིག དེ་ནས་ནུབ་ཏུ་ཁྱེར་ལ་བུད་མེད་ཐལ་བྱུང་ལ་ཐོང༌། དེ་ནས་ཤིང་རྟ་ལྷོར་དྲོངས་ན་ཀླུ་ཕུག་ཏུ་མཚོར་བཞུགས། དེ་ནས་ཆུ་པུས་མོ་ནུབ་ཙམ་ལ་དྲོངས་ལ་ར་སའི་ལྷོ་སྒོ་ནས་སྤྱན་དྲོངས་ལ་གློ་འབུར་དུ་སྤོས་ལ། སྒོ་ལ་འཇམ་དཔལ་གྱི་སྐུ་བྲིས་ལ་ཞོག་ཅིག དེ་ཕྱིས་སོ་སོའི་སྐྱེ་བོ་སྙིང་ཁམས་ཅན་གྱིས་བརྐོས་པས་ལྷ་རྙེད་པར་འགྱུར་རོ། །དགུང་ལོ་བརྒྱད་པའི་སྐུ་ཚད་ར་མོ་ཆེར་བཞུགས་ན། དེ་ནས་ཡུན་རིང་ཞིག་ལ་ལྷ་ཐེ་ཚོམ་དུ་གྱུར་ནས་རྒྱ་རྣམས་རེ་ཐག་ཆད་པར་གྱུར་ཏེ། མཐའ་ཟླ་བ་ཉ་གང་བ་ལྟར་འགྱུར་རོ་གསུང་ངོ༌། །རྒྱལ་པོ་ཡང་ཞལ་ཕྱིར་ལོག་མཛད་ནས་སྣ་ཆེན་པོ་ལ་བོས་ནས། ཁ་བ་ཅན་གྱི་བློན་པོ་བློ་ཉེ་བ་རྣམས་ན་རེ། ངེད་རྒྱལ་པོ་དང་ཞལ་མ་འཇལ་ཟེར་དུ་འོང་གིས། དེ་རྣམས་ལ་དད་གུས་བྱེད་ན་ངའི་ལྷ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་འདི་ལ་ཕྱག་འཚོལ་གསོལ་བ་ཐོབ་ཅིག་ཨང་གསུང་ངོ༌།། གཞན་ཡང་རྒྱལ་པོ་ཆེན་པོས་མ་འོངས་ལུང་བསྟན་གྱི་ཐེམ་སྐས་འདི་སྐད་དུ་གསུང་ངོ༌། །ཁ་བ་ཅན་གྱི་རྒྱལ་ཁམས་འདིར། །ང་ནས་མི་རབས་ལྔ་ཉིད་ན། །ཆོས་སྐྱོང་བ་ཡི་རྒྱལ་པོ་(ཁྲི་སྲོང་ལྡེའུ་བཙན)འབྱུང༌། །རྒྱ་གར་ཡུལ་གྱི་ཞིང་མཆོག་ནས། །བོ་དྷི་ས་ཏྭ་པདྨ་འབྱུང༌། །བི་མ་མི་ཏྲ་ལ་སོགས་པ། །མཁས་གྲུབ་པཎ་ཆེན་སྐུ་དངོས་རྣམས། །ཡུལ་དབུས་འདིར་ནི་བྱོན་ནས་སུ། །དམ་ཆོས་མ་ལུས་རྒྱས་པར་བྱེད། །སངས་རྒྱས་བསྟན་པ་དར་བར་བྱེད། །དེ་ཡི་དུས་ཀྱི་མི་རྣམས་ཀུན། །ཐ་མ་སངས་རྒྱས་ཞིང་དུ་འགྲོ །དེ་ནས་མི་རབས་ཕྱེད་གསུམ་ནས། །རྒྱལ་པོ་བྱོལ་སོང་མིང་ཅན་འབྱུང༌། །དམ་ཆོས་མ་ལུས་ནུར་པར་བྱེད། །བསྟན་པ་ཉམས་ཤིང་གུད་པར་འགྱུར། །དེ་ཡི་དུས་ཀྱི་བསྐལ་བ་ལ། །རྒྱལ་པོ་དེ་ཡིས་(གླང་དར་མ་འབྱུང་)གཙོ་བྱས་པའི། །བོད་ཀྱིས་སེམས་ཅན་མི་རྣམས་ཀུན། །ཐ་མ་མནར་མེད་དམྱལ་བར་འགྲོ །ལོ་ནི་བརྒྱ་རྩ་ལྷག་ཙམ་ན། །དམ་པའི་ཆོས་ཀྱི་སྒྲ་མི་གྲགས། །བོད་ཡུལ་མུན་པ་གནག་པར་འགྱུར། །གདུང་རབས་ལྔ་ཙམ་དེ་ལྟར་འབྱུང༌། །དེ་ནས་མི་རབས་མང་ཞིག་ན། །ཁ་བ་ཅན་གྱི་རྒྱལ་ཁམས་འདིར། །དམ་ཆོས་མེ་སྟག་ཙམ་ཞིག་འབྱུང༌། །དད་ཅན་རབ་ཏུ་འབྱུང་བར་འགྱུར། །སྐུ་གསུང་ཐུགས་ཀྱི་གཟུགས་བརྙན་ཡང༌། །རབ་བྱུང་ཉིད་དུ་འབྱུང་བར་འགྱུར། །ལྔ་བརྒྱ་ཐ་མའི་དུས་སུ་ནི། །རྒྱལ་པོ་འོད་ཀྱི་མིང་ཅན་འབྱུང་(བྱང་ཆུབ་འོད་དང་ཡེ་ཤེས་འོད)། བློན་པོ་ནོར་གྱི་མཐའ་ཅན་འབྱུང༌། །ལོ་ཙྪ་བ་ཡང་གཉིས་གསུམ་འབྱུང་(ནག་ཚོ་རྒྱ་བརྩོན་སེང་ལེགས་ཤེས)། ད་ལྟའི་རྒྱལ་པོ་ང་ཉིད་ཀྱང༌། །པཎྜི་ཏ་ཡི་མིང་ཅན་ནི། །དི་པཾ་ཀ་རར་(ཇོ་བོ་རྗེ)སྤྲུལ་ནས་སུ། །ཁ་བ་ཅན་འདིར་འོངས་ནས་ནི། །ཁ་བ་ཅན་གྱི་སེམས་ཅན་ལ། །མར་མེ་འཆི་ཁར་གསལ་བ་ལྟར། །རྟགས་ཙམ་འཛིན་གྱི་དུས་སུ་ཡང༌། །བསྟན་པ་ཤིན་ཏུ་གསལ་བ་འབྱུང༌། །ཁ་བ་ཅན་གྱི་རྒྱལ་ཁམས་སུ། །དད་ཅན་མང་པོ་འབྱུང་བར་འགྱུར། །སྟོན་པའི་རིང་བསྲེལ་མཆོད་རྟེན་བྱེད། །དེ་ཡང་མ་འོངས་སངས་རྒྱས་འགྱུར། །ངའི་དམ་ཆོས་ཟླ་བ་སྒྲོན་མ་དང༌། །དཀོན་མཆོག་སྤྲིན་དང༌། སྤང་སྐོང་དང༌། མྱ་ངན་ལས་འདས་པ་དང༌། །ལས་རྣམ་པར་འབྱེད་པ་དང་ལྔ། །ལྔ་པོ་འདི་ཁྱོད་ལ་གཏད་ཀྱིས། །ཁྱོད་ཀྱིས་ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་གཏོད་ཅིག་ཅེས་ཞལ་ཆེམས་བཞག་གོ །དེ་ནས་ཡང་རྒྱལ་པོ་སྲོང་བཙན་སྒམ་པོས་བོད་རྣམས་ལ་ལུང་བསྟན་གདམས་པ། འདི་ལྟར་ཁ་བ་ཅན་གྱི་རྒྱལ་ཁམས་འདི། །སངས་རྒྱས་རྣམས་ཀྱིས་རབ་ཏུ་བསྔགས་པ་ཡིན། །ཁྱད་པར་ཅན་གྱི་གནས་སུ་ལུང་བསྟན་ཏེ། བྱང་ཆུབ་སེམས་དཔའ་མང་པོ་འབྱུང་བར་འགྱུར། དེ་ནས་གདུང་རབས་ལྔ་ནས་རྒྱལ་པོ་ནི། སོ་སོ་སྐྱེ་བོ་བྱང་ཆུབ་སེམས་དཔའ་(ཁྲི་སྲོང་ལྡེའུ་བཙན)འབྱུང༌། །དེ་སྲས་བྱང་ཆུབ་སེམས་དཔའ་ཆེན་པོ་ནི། །འཕགས་པའི་གང་ཟག་རྒྱལ་པོ་ཆེན་པོ་འབྱུང༌། །ཆོས་གཞི་གཙུག་ལག་ཁང་ནི་མང་པོ་བཞེངས། །མཐའ་འཁོབ་རྒྱལ་ཁམས་ཐམས་ཅད་དབང་དུ་བསྡུད། །ཕྱོགས་བཞི་མཚམས་བཞི་དག་ནས་དཔྱ་ཁྲལ་བསྡུད། །རྒྱ་གར་གསང་མཛོད་དམ་ཆོས་མང་པོ་བསྒྱུར། །སྤྲུལ་པ་ལྟ་བུའི་བྱང་ཆུབ་སེམས་དཔའ་དེས། །ལོ་པཎ་མང་པོ་སྤྱན་དྲངས་དམ་ཆོས་རྒྱས་པར་བྱེད། །སྦྱངས་པ་ཅན་གྱི་སྐྱེས་བུ་མང་པོ་ཡིས། །རབ་ཏུ་བྱུང་ནས་དགེ་འདུན་སྡེ་ཡང་འཛུགས། །བརྩོན་འགྲུས་ཅན་གྱི་བསྔགས་པ་མང་པོ་འབྱུང༌། །ཐུན་མོང་དངོས་གྲུབ་ཐོབ་ནས་ཡ་མཚན་མང་པོ་སྟོན། །དེ་ལྟར་ཆོས་སྐྱོང་རྒྱལ་པོ་ཆེན་པོ་དེས། །བོད་འབངས་བདེ་སྐྱིད་དགའ་བདེའི་ལས་ལ་སྦྱོར། །རྒྱལ་པོའི་མཛད་སྤྱོད་ཕུན་སུམ་ཚོགས་པ་ཡིས། །འབངས་རྣམས་བདེ་སྐྱིད་ཕུན་སུམ་ཚོགས་པར་འགྱུར། །དེས་ཀྱང་སྐུ་གཟུགས་འདི་ལ་ཞབས་ཏོག་བྱེད། །དེའི་སྲས་བྱང་ཆུབ་སེམས་དཔའ་གཅིག་(ཁྲི་རལ)གིས་ཀྱང༌། །སངས་རྒྱས་བྱང་ཆུ་སེམས་དཔའི་བསྟོད་བསྔགས་མང་པོ་བརྗོད། །སངས་རྒྱས་བསྟན་པ་མ་ཉམས་བསྲུང་ཞིང་སྐྱོང༌། །སྐུ་གཟུགས་འདི་ལ་ཞབས་ཏོག་བྱེད་པར་འགྱུར། །དེའི་སྲས་(བོད་འབངས་རྩང་མ་སོགས་གཉིས་གླང་དར་དང་)གསུམ་བྱུང་བྱང་ཆུབ་སེམས་དཔའ་གཉིས། །གཅིག་ནི་བདུད་རིགས་རྒྱལ་པོ་ནག་པོར་འགྱུར། །དེ་ལྟར་བདུད་རིགས་རྒྱལ་པོ་དེ་ཡིས་ནི། །བོད་འབངས་ཡོངས་ཀྱི་བསོད་ནམས་ཟད་པ་དང༌། །སངས་རྒྱས་བསྟན་པ་ཉམས་དམས་གྱུར་པ་ཡིས། །ནག་པོའི་རིགས་ཀྱི་ལྷ་འདྲེ་རྒྱས་གྱུར་ནས། །གནམ་ཐེའུ་དཀར་པོའི་སྤྲུལ་པའི་བློན་པོ་(སྦས་སྟག་རྣ་ཅན)འབྱུང༌། །དེ་ཡི་འཁོར་གྱི་འགོང་བོ་སྤུན་དགུ་ཡང༌། །བོད་ལ་གནོད་པ་བྱ་ཕྱིར་འབྱུང་བར་འགྱུར། །དེ་ནས་གནམ་ཐེའུ་དཀར་པོའི་སྤྲུལ་པ་དེ། །འདྲེ་ཡི་སྤྲུལ་པ་སྔགས་པས་(བ་རི་དབང་བ་དཔལ་གྱི་ཡོན་ཏན)གསོད་པར་འགྱུར། །དེ་ཡིས་ནག་པོ་ཕྱོགས་ལྷ་འདྲེ་འཁྲུགས། །ནག་པོའི་ཕྱོགས་ཀྱི་ལྷ་འདྲེ་ཐམས་ཅད་ཀྱིས། །རྒྱལ་པོ་བདུད་ཀྱི་ཕྱོགས་ཀྱི་དཔུང་བྱས་ནས། །དེ་ནས་བྱང་ཆུབ་སེམས་དཔའ་གཉིས་པོ་ཡང༌། །གཅིག་ནི་(ཕྱོགས་མཐར)སྤྱུག་ལ་གཅིག་ནི་གསོད་པར་འགྱུར། །དེ་ཡིས་ནག་པོའི་ཕྱོགས་རྣམས་དར་གྱུར་ནས། །སངས་རྒྱས་བསྟན་པ་ཤིན་ཏུ་ནུབ་པར་འགྱུར། །གཙུག་ལག་ཁང་བཤིག་ཕན་ཚུན་ཆད་པ་གཅོད། །དགེ་བ་སྤྱོད་ལ་ལོག་པའི་བཀའ་བཀྱོན་འབེབས། །སྡིག་པ་སྤྱོད་ལ་ལེགས་པའི་བྱ་དགའ་སྟེར། །དགོན་གནས་ཐམས་ཅད་རི་དྭགས་དགོན་པར་འགྱུར། །གཙུག་ལག་ཁང་རྣམས་ཕྱུགས་ར་དག་ཏུ་འགྱུར། །སྟོན་པ་རྣམས་ནི་ལས་བྱེད་ཁུར་དུ་འཁུར། །བན་དྷེ་རྣམས་ནི་ལས་བྱེད་རྔོན་པ་འཁོལ། །ཀྱི་ཧུད་ནག་པོའི་ཕྱོགས་རྣམས་དར་བར་འགྱུར། །སངས་རྒྱས་བསྟན་པ་ཉམས་དམས་གྱུར་པ་དེས། །ནག་པོའི་ཕྱོགས་རྣམས་མུན་པར་འགྱུར་དུ་ཉེ། །དེ་དུས་སྐུ་གཟུགས་འདི་ཡང་གཏེར་དུ་སྦེད། །རྒྱལ་པོ་དེ་ཡང་མཚོན་གྱིས་བཀུམ་པར་འགྱུར། །དེ་ནི་བཀྲ་མི་ཤིས་པར་ཤེས་ནས་སུ། །སྐུ་གཟུགས་འདི་ཡང་གཏེར་ནས་འདོན་པར་འགྱུར། །དེའི་སྲས་རིང་ནས་བཀའ་ཆད་དབུ་ཡོགས་ཀྱིས། །རྗེ་བོ་རྣམས་ལ་འབངས་ཀྱིས་ཁ་ལོག་བྱེད། །དེ་དུས་དུས་ངན་མགོ་ཡང་དེ་ནས་ཚུགས། །བཅུད་རྣམས་སས་འཐུངས་སྨན་རྣམས་ནུས་པ་ཆུང༌། །རོ་རྣམས་མི་ཞིམ་ལོ་ཐོག་སད་སེར་མང༌། །འབྲུ་རྣམས་སྐྱེ་འཁྲུངས་ཞན་ཅིང་ཕྱུགས་རྣམས་བཞོ་ཤེ་ཆུང༌། །སྒང་དང་གཤོང་དང་ཚེར་མ་རྩུབ་པ་དང༌། །གཡང་ས་གྲོག་རལ་ལ་སོགས་མ་རུང་འབྱུང༌། །ཅོང་རོང་ས་རལ་ཤིན་ཏུ་མི་བདེ་ཞིང༌། །རྩི་ཤིང་སྐམས་ཤིང་ས་རྡོ་རི་རབ་སྙིལ། །གཟའ་སྐར་ལོག་རྒྱུ་ཆར་རྣམས་མི་སྙོམས་འགྱུར། །ནད་མང་ཚེ་ཐུང་མུ་གེ་མང་པོ་འབྱུང༌། །འདྲེ་གདོན་མང་ཞིང་འདྲེ་ཆོས་མང་དུ་འབྱུང༌། །འགོང་བོ་སྤུན་དགུ་མི་ཡུལ་བབས་པ་ཡི། །ཕྱུགས་ཀྱི་གཡང་ཉམས་འབྲུ་བཅུད་བསྲིས་མི་རྨོ། །འཐབ་རྩོད་མང་ཞིང་ཞེ་འགྲས་མང་དུ་འབྱུང༌། །མཚོན་རྣམས་དར་ཞིང་རྒྱན་རྣམས་མཚོན་ལ་བྱེད། །དགྲ་རྐུན་མང་ཞིང་རྐུ་འཕྲོག་སྲོག་གཅོད་མང༌། །དེ་ལྟར་རྒྱལ་ཁྲིམས་ཆོས་ཁྲིམས་ཞིག་པ་ཡིས། །བོད་འབངས་རྣམས་ལ་མི་དགེ་སྣ་ཚོགས་འབྱུང༌། །དེ་ནས་མི་རབས་འགའ་ཞིག་ནས། །དམ་ཆོས་མེ་སྟག་ཙམ་ཞིག་འབྱུང་འགྱུར་ཏེ། །ཆོས་ཀྱི་མེ་རོ་བྱང་ཆུབ་སེམས་དཔས་སློང༌། །སྡེ་བ་དགེ་འདུན་མང་པོ་འབྱུང་བར་འགྱུར། །དེ་ནས་བྱང་ཆུབ་སེམས་དཔའ་མང་པོ་ཡིས། །སྐུ་གཟུགས་འདི་མཆོད་བསྙེན་བཀུར་བྱེད་པར་འགྱུར། །ཕྱོགས་མཚམས་ཀུན་ཏུ་གཙུག་ལག་ཁང་སྐྱོང་ཞིང༌། །དམ་པའི་སྤྱོད་པ་ཚུལ་བཞིན་བྱེད་པར་འགྱུར། །དེ་ནས་བདུད་རིགས་སྤྲུལ་པའི་བན་དྷེ་ཡིས། །སྡེ་རྩོད་བྱས་ནས་སྡེ་བ་ཉམས་དམས་ནས། །གནས་གཞིར་འཐབ་ར་སྐོར་ཞིང་རྩོད་པ་བྱེད། །དགེ་སློང་མདུང་ཁ་བྱེད་ཅིང་ཀླད་སྐོར་འཕེན། །གཙུག་ལག་ཁང་ལ་འཕྲོག་བཅོམ་བྱེད་པ་འབྱུང༌། །མཆོད་ཆ་མཆོད་གནས་རྣམས་ལ་ཐོབ་ཤ་བྱེད། །ཀྱེ་ཧུད་བསྟན་པ་ཐལ་བ་བཞིན་དུ་བརླག་པར་འགྱུར། །དེ་དུས་ནག་པོའི་ཕྱོགས་རྣམས་དར་བ་ཡིས། །གང་ཟག་རྣམས་ཀྱི་ཤེས་པ་བསྒྱུར་བྱས་ནས། །མི་ཆོས་སྤྱོད་པ་སྣ་ཚོགས་བྱེད་པར་འགྱུར། །འཚོ་བ་ལྷ་འདྲེ་རྣམས་དང་ཐུན་མོང་བྱེད། །ས་གཞི་འདི་ཡང་ཤིན་ཏུ་རྩུབ་པར་འགྱུར། །ཆོམ་རྐུན་མི་རྒོད་དགོན་པར་འགྱུར་བ་ཡིན། །འདྲེ་དང་འདྲ་བའི་མི་རྒོད་མང་པོ་འབྱུང༌། །འདི་ལ་མཆོད་བྱེད་གནས་ལ་འཚེ་བར་འབྱུང༌། །དེའི་དུས་ནུབ་ཕྱོགས་དག་ཏུ་སྐུ་འཁྲུངས་པའི། །དགེ་སློང་བྱ་ཡི་གདོང་བ་ཅན་ཞིག་འབྱུང༌། །བྱང་ཆུབ་སེམས་ལྡན་བློ་གྲོས་བསྒྲུབ་པ་ལྡན། །ཤཱཀ་ཐུབ་འདི་ལ་བསྙེན་བཀུར་མཆོད་མང་བྱེད། །བསྐོར་བ་ཕུ་དུད་རིམ་གྲོ་བྱེད་པར་འགྱུར། །དེ་དུས་རྒྱལ་པོ་འོད་ཀྱི་མཐའ་ཅན་ནི། །བྱང་ཆུབ་སེམས་ལྡན་བློ་གྲོས་བརྟན་པ་འབྱུང༌། །(བྱང་འོད་གཉིས)དེ་ཡིས་བྱང་ཆུབ་སེམས་དཔའི་པཎྜི་ཏ། །བསླབ་གསུམ་ལྡན་ཞིང་སྡོམ་གསུམ་དག་པ་ཡི། །མཁས་པ་སྒྲུབ་ལ་མངོན་པར་བརྩོན་པ་ནི། །རིགས་བཙུན་(ཇོ་བོ་རྗེ)ཡོན་ཏན་ལྡན་པ་སྤྱན་དྲངས་ནས། །སྐུ་གཟུགས་འདི་ལ་བསྟོད་ཅིང་ཕྱག་ཀྱང་འཚལ། །བསྙེན་བཀུར་ཕུན་སུམ་ཚོགས་པ་བྱེད་འགྱུར་ཏེ། །དེ་ཡིས་བསྟན་པ་ཤིན་ཏུ་རྒྱས་པར་བྱེད། །དེ་ཡི་སློབ་མ་ཚུལ་བཞིན་བཞུགས་པ་ཡི། །དགེ་བསྙེན་དམ་པ་བསྟན་པའི་མངའ་བདག་(རྟབ་ཁ་བ)ནི། །འདི་ལ་བསྙེན་བཀུར་བྱེད་ཅིང་མཆོད་པར་འགྱུར། །བསྟན་པའི་མངའ་བདག་དགེ་སློང་དམ་པ་ཞིག །བྱང་ཆུབ་སེམས་ལྡན་འཛམ་གླིང་མཚན་གྲགས་(གླང་ཤར་སོགས)པ། །འཁོར་ནི་སྟོང་ཕྲག་ཕྱེད་དང་གསུམ་ལྡན་པ། །བྱོན་ནས་འདི་ལ་བསྙེན་བཀུར་བྱེད་པར་འགྱུར། །དེ་བཞིན་བྱང་ཆུབ་སེམས་ལྡན་སྟོན་པ་མང་པོ་སྐྱོང༌། །རིག་པར་སྨྲ་ཞིང་རྣམ་པར་སྨྲ་བ་ཡི། །སྟོན་པ་རྣམས་ནི་ནམ་མཁའི་སྐར་མ་འདྲ། །དེ་ནས་དཀར་པོའི་ཕྱོགས་རྣམས་མཐུ་ཆུང་ཞིང༌། །བདུད་ཀྱི་རིགས་རྣམས་རྒྱལ་བར་གྱུར་པ་ཡིས། །བདུད་ཀྱིས་བྱིན་གྱིས་བརླབས་པའི་གང་ཟག་མང་པོ་འབྱུང༌། །གཟི་བརྗིད་ཆེ་ཞིང་སྟོབས་ཀྱང་ཆེ་བ་དང༌། །ནུས་པ་ཆེ་ཞིང་མཐུ་ཡང་ཆེ་བ་དང༌། །མངོན་ཤེས་ཕྲ་མོ་ལྡན་ཞིང་བདེན་ཚིག་བག་ཙམ་འགྲུབ། །དེ་ནས་རྟགས་ཆོས་མང་པོ་བྱེད་པར་འགྱུར། །སངས་རྒྱས་བསྟན་པ་འདྲེ་ཆོས་མང་པོས་དཀྲུག །འདྲ་མིན་ཆོས་ལུགས་མང་པོ་སྟོན་བྱེད་ཅིང༌། །བློ་གྲོས་ཕྱིན་ཅི་ལོག་ཏུ་བསྒྱུར་བར་བྱེད། །མེད་པར་ལྟ་བ་སྟོང་པའི་ཕྱོགས་བཟུང་ནས། །ཀུན་རྫུབ་བདེན་པ་ཁྱད་དུ་གསོད་བྱེད་ཅིང༌། །ལུས་ངག་དཀའ་ཐུབ་བྱེད་པ་འགོག་བྱེད་འགྱུར། །ཕྱོགས་མེད་རིས་མེད་བྱར་མེད་ཟེར་བ་དང༌། །རྒྱུ་ཟད་རྐྱེན་ཟད་ལྷུན་གྲུབ་ཟེར་བ་དང༌། །ལུང་མ་བསྟན་པའི་ལྟ་བ་མང་པོ་འབྱུང༌། །སངས་རྒྱས་མ་གསུངས་མཁས་པས་མ་མཛད་ཅིང༌། །དེ་ལྟར་ལྷས་བསྟན་ཟེར་བའི་འདྲེ་ཆོས་མང་པོ་འབྱུང༌། །དེ་རྣམས་འགོང་བོ་འདྲེ་ཡི་ཆས་དགུ་གོན། །ར་གླག་ཁྱི་གླང་རེ་བ་ཁྲེའུ་ཚེ། །མོན་རས་རྩིད་ཟུ་འབེའུ་ལོག་ཁྱི་ཞུ་གྱོན། །བེར་ཀ་དབྱུག་པ་སྣ་ཚོགས་ཚོགས་ནས་ནི། །བསོད་སྙོམས་པ་ཞེས་གྲོང་སྒོ་འགྲིམ་པ་འབྱུང༌། །ཁ་ཅིག་ལྟོ་རྒྱབ་ཆེད་དུ་དཀའ་ཐུབ་དྲག་པོ་ཡིས། །རང་གི་ལུས་ལ་གནོད་པ་བྱེད་པ་འབྱུང༌། །མངོན་མཚན་གྲགས་པ་སྒྲོགས་པར་བྱེད་པ་ཡིས། །གསང་སྔགས་གླུ་རུ་ལེན་ཅིང་སྒྲོག་པ་འབྱུང༌། །དགེ་སྦྱོར་གླུ་དང་བྲོ་ལ་བྱེད་པ་འབྱུང༌། །བསམ་གཏན་དྲན་པ་ཉམས་པ་བྱེད་པ་འབྱུང༌། །མེད་པར་ལྟ་བ་ལྟ་བ་རྟོགས་པར་བྱེད། །སྨྱོ་ཐབས་ཅན་ལ་སྤྱོད་པ་སྤྱོད་པར་བྱེད། །ཐོ་ཅོ་ཅན་ལ་དམ་པར་འཛིན་བྱེད་ཅིང༌། །སྨྲ་བ་མཁས་ལ་གདམས་ངག་ཅན་དུ་བྱེད། །རྨོངས་པ་རྣམས་ལ་ཞིག་པོ་ཟེར་ཞིང་འདུན། །ལོག་སྤྱོད་མཁན་ལ་རྣལ་འབྱོར་བ་ཞེས་ཟེར། །ལུང་མ་བསྟན་ལ་ཆོས་ཀྱི་སྐུ་ཞེས་ཟེར། །གྲགས་པ་རྙེད་ཚོལ་ཆོས་བཤད་མཁན་དུ་བྱེད། །འདྲེ་རྒྱུད་རྣམས་ལ་རྗེ་བཙུན་ཟེར་ཞིང་འཁུར། །ཆོས་ལུགས་ཟེར་ནས་བལ་ཅོལ་མང་པོ་སྨྲ། །འདྲེ་བརླབས་རྣམས་ལ་ཡེ་ཤེས་ཕེབས་ཞེས་ཟེར། །བདུད་ཀྱིས་སྤྲོ་བསྐྱེད་བྱིན་རླབས་ཟེར་བ་འབྱུང༌། །གདམས་ངག་ཟེར་ཞིང་ལོག་ཆོས་མང་དུ་སྨྲ། །གདམས་པ་ཟེར་ནས་མུ་སྟེགས་གསང་ཚིག་སྟོན། །དེ་ལྟར་ལོག་པའི་རྒྱུན་ལ་ཞུགས་པ་ཡིན། །བུད་མེད་ཕོ་སྤྱོད་མཐོ་ཅོ་བྱེད་པ་འབྱུང༌། །རང་ལུགས་ཉམས་ཤིང་འཇིག་རྟེན་ཆོས་ལུགས་སྨོད། །དེ་ཡིས་རང་ཉིད་ངན་འགྲོར་ལྟུང་བར་འགྱུར། །སྐྲོད་དང་སྐྲོད་མིན་མི་ཤེས་ངོ་ཚ་མེད་པར་བྱེད། །རྒྱུ་འབྲས་བདེན་པར་མི་ཤེས་མི་དགེ་སྣ་ཚོགས་སྤྱོད། །དེ་ལྟར་སྤྱོད་ལོག་རྣམས་ལ་མི་རྣམས་དད་པར་འགྱུར། །བྱས་པའི་ཆོས་ཀྱིས་སངས་མི་རྒྱ་ཞེས་ཟེར། །མ་བྱས་ལྷུན་གྲུབ་ཆོས་ཅིག་དགོས་སོ་ཟེར། །བྱེད་པར་མི་ནུས་ཕྱིར་ན་དད་པ་མང༌། །དད་པས་སླུས་ནས་འཕུར་ཞེས་གསད་ནས་སླུ། །དགེ་བའི་བཤེས་ལྟར་སྣང་བ་ཡིད་འགྲོགས་འཁྲིད། །སྔགས་པ་ཁ་ཅིག་སྔགས་ལ་རྩིང་ཆོས་བྱེད། །དམ་ཆོས་ཡོན་ལ་བལྟས་ནས་གསང་བ་སྒྲོག །གསེར་ཆོས་ཟེར་ནས་ཆོས་ལ་རིན་ཐང་གཅོད། །ལ་ལས་མ་ཐོས་རྒྱུད་ཀྱང་འཆར་པར་བྱེད། །ལ་ལས་དབང་མ་ཐོབ་ཀྱང་དབང་བསྐུར་བྱེད། །ལ་ལས་དབང་བསྐུར་ཟེར་ནས་ཡོན་ཡང་བསྡུད། །བསྙེན་བཀུར་འདོད་ལ་ཆགས་ཞིང་ཞེན་པ་ཡིས། །རླུང་བཅུད་མ་འདུས་སེམས་དབང་མ་འདུས་པར། །གསང་བ་ཤེས་རབ་ཡེ་ཤེས་དབང་བསྐུར་བྱེད། །དེ་དག་སྨད་ཚོང་རྟེན་དང་ཁྱད་པར་ཅུང་ཟད་མེད། །ལ་ལས་དགེ་སློང་ཤེས་རབ་ཡེ་ཤེས་དབང༌། །བུད་མེད་དག་ལ་བརྟེན་ནས་བསྐུར་བར་བྱེད། །སྡོམ་བརྩོན་བཤིག་ནས་དམྱལ་བར་འཕེན་པར་འགྱུར། །དེ་ནི་ལོག་པའི་ཆོས་ལ་སྤྱོད་པ་ཡིན། །རྙེད་བཀུར་གྲགས་འདོད་དམ་ཆོས་འཆད་བྱེད་པ། །ཉན་དང་བསམ་དང་སྒོམ་པར་བྱེད་པ་དང༌། །འདུ་ཤེས་ཕྱིན་ཅི་ལོག་ཏུ་གྱུར་པ་ཀུན། །ཆོ་ག་ཉམས་ནས་ངན་འགྲོར་འདྲེན་པར་འགྱུར། །ཚུལ་ཁྲིམས་ཉམས་དང་དམ་ཚིག་ཉམས་པ་ཀུན། །ཆོ་ག་ཉམས་དང་སྤྱོད་པ་ཉམས་པ་ཡིས། །ལོག་པའི་བཤེས་གཉེན་རྣམས་ནི་ངན་འགྲོར་འགྲོ །བཙུན་པ་ལ་ལས་ཆོས་གོས་ཙམ་འཛིན་ཅིང༌། །བསླབ་པ་དྲལ་ནས་ཚུལ་འཆོས་བྱེད་པའི་མི། །དད་རྫས་ལོངས་སྤྱོད་བྱས་ཤིང་སངས་རྒྱས་སླུ། །རང་གིས་རང་ཉིད་ངན་འགྲོར་འདྲེན་པར་འགྱུར། །ལ་ལ་དགེ་འདུན་དཀོར་འབགས་ངན་འགྲོར་འགྲོ །ལ་ལ་སྡེ་བའི་ཆད་ཟེར་རང་ཉིད་ལས་ངན་སྤྱོད། །ལ་ལ་སྔགས་བཙུན་ཟེར་ནས་ཆང་ལ་ངན། །ལ་ལས་ཆ་ལུགས་ཙམ་གོན་ལ་ལ་ལས་ཁེ་དཔོག་(སྤོགས)བྱེད། །ཆ་ལུགས་བཟང་པོས་ཆོས་ཀུན་བརྫུན་སྤྱོད་ཟེར། །ཀྱེ་མ་སངས་རྒྱས་བསྟན་པ་ལ་བརྟེན་ནས་རང་ཉིད་ངན་འགྲོར་འགྲོ །དེ་འདྲའི་བཅོས་མ་བབ་ཅོལ་མང་པོ་འབྱུང༌། །སངས་རྒྱས་བསྟན་པ་རིམ་གྱིས་བཤིག་པར་འགྱུར། །ཡུན་རིང་མི་གནས་བསྟན་པ་རིམ་གྱིས་བཤིག་པར་འགྱུར། །ཡུན་རིང་མི་གནས་རྟག་ཏུ་དེ་དག་བརྟེན། །ཀྱེ་མ་དེ་དུས་དལ་འབྱོར་མི་ལུས་ཐོབ་པ་ཀུན། །སེམས་སྟོབས་མ་ཞན་རྩོལ་བ་མ་ཆུང་བར། །ཡང་དགེ་བའི་བཤེས་གཉེན་དམ་པ་རྟེན། །དེ་ཡི་གསུང་ལ་ཚད་མ་ངེས་པར་བཟུང༌། །ཐུགས་ཀྱི་དགོངས་པ་ལོངས་ལ་སྤྱོད་ཅིང་ངེས་པར་ཞུགས། །མི་རྟག་འཆི་བར་ངེས་ཀྱི་དམ་ཆོས་སྒྲུབ་པ་མཛོད། །ནམ་འཆི་རང་དབང་མེད་པས་བརྩོན་འགྲུས་མྱུར་དུ་རྩོམས། །དངོས་པོ་ཅིས་ཀྱང་མི་སྟོངས་དམ་ཆོས་སྙིང་ལ་ཞོག །རྟེན་འབྲེལ་འཁྲུལ་འཁོར་བདེན་པས་དགེ་བ་སྒྲུབ་པར་མཛོད། །སྡུག་བསྔལ་སྡིག་ལས་འབྱུང་བས་ལས་ངན་སྤོང་བར་མཛོད། །ཀུན་རྫོབ་རྒྱུ་འབྲས་བདེན་པས་ཚུལ་ཁྲིམས་བསྡོམ་ཐག་སྤེལ། །འཁོར་རྒྱུ་ཉོན་མོངས་སྤོངས་ལ་ཉོན་མོངས་སེམས་བརྟེན་བྱ། །ལུས་དང་སྲོག་གི་ཕྱིར་ཡང་ཚུལ་ཁྲིམས་སྤང་མི་བྱ། །འཁོར་བའི་གནས་ལུགས་བསམ་ཤིང་དེ་ལ་སྐྱོ་བ་བསྐྱེད། །འགྲོ་རྣམས་མ་ཡིན་བྱམས་དང་སྙིང་རྗེ་སྐྱེད། །དེ་རྣམས་དོན་དུ་བྱང་ཆུབ་སེམས་བསྐྱེད་ཅིང༌། །བྱང་ཆུབ་སེམས་དཔའི་བསླབ་པ་མ་ཉམས་སྲུངས། །ཆོས་ཀུན་རང་བཞིན་བདག་མེད་སྤྲོས་བྲལ་སྒོམས། །དོན་དམ་ཀུན་རྫོབ་བདེན་གཉིས་ཟུང་འཇུག་གི །བླ་མེད་བྱང་ཆུབ་ལམ་ལ་ཚུད་པར་མཛོད། །ཁྱིམ་པ་རབ་ཏུ་བྱུང་བ་ཆོས་མཛད་ཀུན། །རང་རང་སྤྱོད་པ་ཉམས་ཀྱང་དེ་ནི་རྣལ་མ་ཡིན། །མངོན་ཚན་མུ་སྟེགས་སྤྱོད་པ་མ་མཛད་པར། །རང་གིས་རང་ཚོད་བཟུང་ལ་རང་སེམས་དངོས་སུ་སྤྱོད། །སྟོང་བའི་ཚིག་ལ་མ་ཞེན་བདེན་གཉིས་སྲོལ་དུ་ཚུད། །ཆོས་རྣམས་ཁ་ལ་མ་ཁྱེར་དེ་ཉིད་རྣལ་མར་སྤྱོད། །གཞན་ལ་སྒྲོ་སྐུར་མ་འདེབས་རང་སེམས་དཔང་དུ་ཚུགས། །ཆོས་ལ་བཟང་ངན་མ་ཕྱེ་ཐམས་ཅད་གཅིག་ཏུ་སློབས། །དེ་ལྟར་སྤྱོད་ན་བཀྲ་ཤིས་བདེ་ལེགས་འགྱུར། །གཟུགས་སྐུ་འདི་ལ་བྱང་ཆུབ་སེམས་དཔའ་(བླ་མ་དྭགས་པོ་སྒོམ་ཚུལ་སོགས་ཀྱི)ནི། །ལོ་ནི་ཉིས་བརྒྱར་བསྙེན་བཀུར་བྱེད་པར་འགྱུར། །དེ་ནས་སངས་རྒྱས་བསྟན་པའི་སྒྲོན་མེ་ནི། །སྟོན་པ་རྣམས་ཀྱིས་བསྙེན་བཀུར་བྱེད་པར་འགྱུར། །སངས་རྒྱས་བསྟན་པའི་སྙིང་པོ་སྒོམ་ཆེན་པ། །བྱང་ཆུབ་སེམས་དཔའི་དགེ་སློང་མཆོག་གིས་ནི། །ཡོན་ཏན་དཔག་ཏུ་མེད་པའི་དམ་པ་ལྡན། །གསང་སྔགས་མངོན་པར་སྒྲུབ་པར་དགེ་སློང་ནི། །དམ་པ་མང་པོས་བསྙེན་བཀུར་བྱེད་པར་འགྱུར། །དེ་ནས་ཁྱད་པར་བསྙེན་བཀུར་ཆེར་མཛད་པའི། །དགེ་སློང་བྱང་སེམས་ཤར་ཕྱོགས་སྐུ་འཁྲུངས་པ། །གསང་སྔགས་འཆད་པའི་རྣལ་འབྱོར་ཆེན་པོ་ནི། །སྙིང་པོའི་མཐའ་རྟེན་སྐྱེས་ཆེན་དམ་པ་ནི། །ཞལ་ཡང་(དབུ་རྒྱན་སྒྲོན་པས)བསྒྱུར་ཞིང་བསྙེན་བཀུར་དམ་པ་མཛད། །དེ་ལ་བསྙེན་བཀུར་ཆེར་བྱེད་དེ་དག་ནི། །འཕགས་པའི་གང་ཟག་དགེ་སློང་ཤ་སྟག་གོ །མི་རྣམས་དེ་དག་ཀུན་ལ་གུས་པ་ཆེན་པོ་མཛོད། །ཅི་ཕྱིར་འཕགས་པའི་གང་ཟག་ཡིན་ཅེ་ན། །སངས་རྒྱས་དག་ལ་མཛད་པ་ཆེན་པོ་མཛད། །འཕགས་པ་རྣམས་ལས་གཞན་གྱིས་དེ་མི་མཛད། །དེ་ཕྱིར་དེ་རྣམས་འཕགས་པའི་གང་ཟག་གོ །དེ་ལྟར་འཕགས་པའི་གང་ཟག་རྣམས་འབྱུང་ཞིང༌། །འཁོར་ནི་ལེགས་པར་གནས་ཤིང་སྟོན་པའི་གསུང་རབ་དང༌། །སྟོན་པའི་སྐུ་གཟུགས་དངོས་སུ་བཞུགས་པ་དང༌། །རི་བོ་ཡོན་ཏན་ཅན་ཡང་འདི་ན་ཡོད། །ཙ་རི་ཙ་གོང་བདེ་མཆོག་རང་བྱུུང་དང༌། །རྡོ་ཆུ་རིན་པོ་ཆེ་ཡང་དེ་ན་ཡོད། །ཏི་སེའི་གངས་ལ་དགྲ་བཅོམ་མང་པོ་ཡོད། །བདུད་རྩིའི་ཆུ་ཡང་རི་བོ་དེ་ལ་ཡོད། །གྱེ་རེའི་བྲག་ལ་ཡིག་འབྲུ་རང་བྱུང་དང༌། །མཁའ་འགྲོའི་ཕྱག་རྒྱ་རི་བོ་དེ་ལ་ཡོད། །མ་ཕམ་མཚོ་ལ་ཀླུ་རྒྱལ་བྱང་ཆུབ་སེམས། །ཆུ་བོ་ཡོན་ཏན་ཅན་ཡང་དེ་ན་འབབ། །ཁྲི་ཤོས་རྒྱ་མཚོ་ཀླུ་བློན་བྱང་ཆུབ་སེམས། །ཆུ་བོ་ཆེན་པོས་ཀུན་ལ་ཕན་པར་མཛད། །གནམ་མཚོ་ཕྱུག་མོའི་ནང་ན་བྱང་ཆུབ་སེམས། །ཐང་ལའི་བྲག་ལ་དགྲ་བཅོམ་མང་པོ་ཡོད། །སྣུབས་མཚོའི་གླིང་ན་ཀླུ་རྒྱལ་བྱང་ཆུབ་སེམས། །ཧ་ཧོའི་གངས་ལ་དགྲ་བཅོམ་མང་པོ་ཡོད། །རི་མཐོ་ས་གཙང་གངས་རི་གཉན་གྱིས་བསྐོར། །སྒྲ་དག་སྐད་སྙན་སང་སྐྲྀ་ཏ་དང་མཚུངས། །མི་སྐད་ཆོས་ལ་སྦྱར་བཏུབ་སྒྲ་དང་ལྡན། །ཡངས་ཤིང་ཐ་གྲུ་བདེ་ཆེན་ལོངས་སྤྱོད་ཡོད། །དེ་ལྟར་ཡོན་ཏན་ལྡན་པ་ཁ་བ་ཅན་གྱི་ཡུལ། །དེ་དབུས་སྐྱེས་པའི་མི་ལུས་དལ་འབྱོར་རྣམས། །ཡོན་ཏན་སློབ་ལ་རྩོལ་བ་མ་ཞན་ཅིག །སྔོན་གྱི་སྨོན་ལམ་དག་པས་དེ་འདྲའི་ཡུལ་སྐྱེས་རྣམས། །དད་གུས་མོས་པ་ཡོད་པར་གྱུར་པ་ནི། །གཞན་བྱ་མི་དགོས་སྐུ་གཟུགས་འདི་ལ་མོས་པར་གྱུར་པ་ནི། །གཞན་བྱ་མི་དགོས་སྐུ་གཟུགས་འདི་ལ་མོས་པར་གྱུར་པས་ཆོག །ཕྱག་དང་མཆོད་པ་སྐོར་བ་དག་ལ་འབད་པར་བགྱི། །དེ་ལྟར་མཆོད་ཅིང་གུས་པར་བྱེད་པ་ཐམས་ཅད་ནི། །ཕྱིར་མི་ལྡོག་པར་རྒྱལ་བ་ཉིད་ཀྱིས་ལུང་བསྟན་ཏོ། །འདིལ་གུས་པར་མཛོད་ཅིག་བོད་འབངས་རྣམས། །བདག་ནི་ཁྱེད་ལ་དེ་སྐད་སྡོམ་བྱེད་པ། །རྙེད་ཕྱིར་མ་ཡིན་གྲགས་པའི་ཕྱིར་མ་ཡིན། །སྙིང་རྗེས་ཀུན་ནས་བསླངས་པའི་ཚིག་ཡིན་པས། །གུས་པས་སྤྱི་པོས་བཏུད་དེ་བླང་བར་མཛོད། །ཅེས་གསུངས་ནས། རྒྱལ་པོ་ཞལ་ཕར་ལོག་ནས་ཕྱག་གཡས་ཀྱིས་ཇོ་མོ་ཁྲི་བཙུན་ལ་རེག་པས་བལ་བཟའ་ཁྲི་བཙུན་མེ་ཏོག་པདྨ་དཀར་པོ་འདབ་མ་བརྒྱད་པ་ཡི་གེ་ཏཱཾ་དཀར་པོས་མཚན་མ་ཅིག་ཏུ་གྱུར། ཕྱག་གཡོན་གྱིས་ཇོ་མོ་ཨོང་ཅོང་ལ་རེག་པས། རྒྱ་མོ་བཟའ་ཨོང་ཅོང་མེ་ཏོག་ཨུཏ྄པལ་སྔོན་པོ་འདབ་མ་བཅུ་དྲུག་པ་ཡི་གེ་ཏཱཾ་ལྗང་ཁུས་མཚན་མ་ཅིག་ཏུ་གྱུར། ཇོ་མོ་ཁྲོ་གཉེར་མ་གཡས། ཇོ་མོ་སྒྲོལ་མ་གཡོན། རྒྱལ་པོ་ཞལ་ཕྱི་ངོས་སུ་ལོག་བྱས། སྤྱན་ནམ་མཁའ་ལ་རིག་པ་ཅིག་གཟིགས་ཏེ། ཇོ་བོ་ཐུགས་རྗེ་ཆེན་པོའི་རྩར་གཤེགས་པ་དང༌། དབུའི་ཨ་མི་དེ་བ་དང་གཉིས་མཉམ་སྐད་དེ་གདའ། རྒྱལ་པོ་ཡབ་ཡུམ་གསུམ་ཇོ་བོ་ཐུགས་རྗེ་ཆེན་པོ་ལ་བྱེམ་ལ་མར་ཁུ་ཐིམ་པའམ། རྡོ་ཚན་ལ་ཁ་བ་བཞིན་དུ་ནུབ་པོ། །དེ་ནས་རྒྱལ་པོ་ཡབ་ཡུམ་གསུམ་འོད་ཀྱི་གོང་བུ་གཅིག་ཏུ་བྱས་ནས། དགུང་ལོ་བརྒྱད་ཅུ་རྩ་ལྔ་པ་ཤིང་མོ་གླང་གི་ལོ་དཔྱིད་ཟླ་ར་བའི་ཉའི་ཉིན་པར་སྐར་མ་རྒྱལ་དང་ལྡན་པ་ལྷ་ཐུགས་རྗེ་ཆེན་པོའི་ཐུགས་ཀར་ཐིམ་མོ།། དུས་དེ་ཙ་ན་བློན་པོ་སྣ་ཆེན་པོ་དང༌། ཇོ་མོ་མོང་བཟའ་ཁྲི་ལྕམ་གཉིས་ཀྱིས་རྒྱལ་པོ་ཡབ་ཡུམ་སྟངས་ཞལ་ཁྱེད་རྣམས་དེ་ལྟར་བཞུད་ན། ངེད་ཁ་བ་ཅན་གྱི་སེམས་ཅན་རྣམས་སུ་ལ་རེ། ད་ཇི་ལྟར་བགྱི་ཟེར་ནས་གསོལ་བ་བཏབ་པས། རྒྱལ་པོ་ལྷ་ཐུགས་རྗེ་ཆེན་པོའི་ཐུགས་ཀ་ནས་དབུ་ཉུག་མཛད་ནས། ཨ་ཙ་མ། །མི་བདེན་པ་ལ་བདེན་པར་འཛིན། །མི་རྟག་པ་ལ་རྟག་པར་འཛིན་སྙམ་ནས། བོད་ཁ་བ་ཅན་གྱི་སེམས་ཅན་རྣམས་ལ། སྔར་སྐྱེས་པ་ལ་མ་ཤི་བ་མེད་པ་དང་གཅིག །འདུས་བྱས་ཡིན་པས་འཆི་ངེས་པ་དང་གཉིས། །ཚེ་སྐད་ཅིག་མ་གཅིག་ཀྱང་མི་སྡོད་པར་འཆི་ངེས་པ་དང་གསུམ་མོ། །ད་ལྟའི་སྤྱོད་པ་འདི་རྨི་ལམ་ལྟ་བུར་ཤེས་པར་གྱིས་ཤིག་གསུང་ངོ༌། །ལྷ་ཅིག་ཁྲི་བཙུན་ནུ་མ་གཡས་པ་ནས་ཚུར་དབུ་ཉུག་བྱས་ནས། ཚེ་ལ་ངེས་པ་མེད་པ་ནམ་འཆི་མེད་པ་དང་གཅིག །འཆི་བའི་རྐྱེན་མང་བས་ནམ་འཆི་ཆ་མེད་པ་གཉིས། །ད་ལྟའི་ལུས་འདི་མེ་ལོང་གནང་གི་གཟུགས་བརྙན་ལྟར་ཤེས་པར་གྱིས་ཤིག་གསུང་ངོ༌། །ལྷ་ཅིག་ཨོང་ཅོང་ནུ་མ་གཡོན་པའི་སྟེང་ནས་ཚུར་དབུ་ཉུག་བྱས་ནས། འཆི་བ་ལ་བསགས་པའི་ནོར་གྱིས་མི་སྟོངས་པ་དང་གཅིག །གཉེན་དང་འབྲེལ་བས་མི་སྟོངས་པ་དང་གཉིས། །རང་གི་ལུས་ཀྱིས་མི་སྟོངས་པ་དང་གསུམ་ཡིན། ད་ལྟར་གྱི་ལུས་འདི་སྒྱུ་མ་ལྟར་ཤེས་པར་གྱིས་ཤིག་གསུང་ངོ༌། །དེ་ནས་བློན་པོ་སྣ་ཆེན་པོས། རྒྱལ་པོ་ཡབ་ཡུམ་སྟངས་ཞལ་དེ་ལྟར་བཞུད་ན། ངེད་ཤུལ་ན་ཡོད་པ་རྣམས་སྤྱོད་པ་ཇི་ལྟར་བགྱི། །ཅེས་ཞུས་པས། རྒྱལ་པོའི་ཞལ་ནས། སེར་སྣས་ས་གཞི་དྲལ་ཀྱང༌། སྦྱིན་པའི་རྒྱགས་དང་མ་བྲལ་བར་བགྱིས་ཤིག ཕྲག་དོག་གི་རླུང་དམར་འཚུབ་ཀྱང༌། །ཚུལ་ཁྲིམས་ཀྱི་རྒྱན་དང་མ་བྲལ་བར་བགྱིས་ཤིག དུས་ལྔའི་ཇག་པ་བཀྱེ་ཡང༌། བཟོད་པའི་གོ་ཆ་དང་མ་བྲལ་བར་བགྱིས་ཤིག ལེ་ལོའི་སྒྲོག་ཏུ་ཚུད་ཀྱང༌། བརྩོན་འགྲུས་ཀྱི་རྟ་དང་མ་བྲལ་བར་བགྱིས་ཤིག གཡེང་པའི་དམག་གིས་བསྐོར་ཡང༌། བསམ་གཏན་གྱི་མཁར་དང་མ་བྲལ་བར་བགྱིས་ཤིག མ་རིག་པའི་མུན་པས་འཐིབས་ཀྱང༌། ཤེས་རབ་ཡེ་ཤེས་ཀྱི་སྤྱན་དང་མ་བྲལ་བར་བགྱིས་ཤིག དེ་ལྟར་བྱས་ན། ཐུགས་རྗེ་ཆེན་པོ་དང་གཏན་དུ་འགྲོགས་པ་ཡིན་གྱིས་གསུངས་ནས་སྐུ་ངོ་སྣང་བར་གྱུར་ཏོ། །ཇོ་མོ་མོང་བཟའ་ཁྲི་ལྕམ་ན་རེ། ལྷ་ཅིག་གཉིས་པོ་ང་ལ་ཞལ་ཆེམས་ཅིག་ཞུ་བྱས་པས། ལྷ་ཅིག་ཁྲི་བཙུན་གྱི་ཞལ་ནས་མཁའ་ལ་ཉི་མ་ཤར་ཙམ་ན། མུན་པ་དག་ལ་བསྡད་དབང་མེད། སངས་རྒྱས་ཀྱི་བྱིན་བརླབས་ཞུགས་ཙམ་ན། དུས་ལྔ་དག་ལ་བསྡད་དབང་མེད། སེམས་ལ་རྟོགས་པ་ཤར་ཙམ་ན། མ་རིག་མུན་པ་བསྡད་དབང་མེད། ངེད་སངས་རྒྱས་ཀྱི་ཐུགས་རྗེས་བསྐུལ་ཙ་ན། འཇིག་རྟེན་དག་ན་བསྡད་དབང་མེད། རང་ལུས་དངོས་མེད་དུ་འདོད་ན་ལྷ་ཐུགས་རྗེ་མེད་དུ་དངོས་པོ་ལ་གསོལ་བ་ཐོབ་ཅིག་གསུངས་ནས། སྐུ་མི་སྣང་བར་གྱུར་ཏོ། །ཇོ་མོ་ཨོང་ཅོང་ཞལ་ནས། དེ་ལྟར་གོ་ཙ་ན། འཕགས་པའི་ཐུགས་རྗེ་མི་བདེན། ངན་སོང་གི་སྡུག་བསྔལ་མི་བདེན། སེམས་ཅན་གྱི་ལས་མི་བདེན། རང་ལུས་སངས་རྒྱས་ལ། འཇིག་རྟེན་འདིའི་སྣང་བ་མི་བདེན་པས། རང་ལུས་དངོས་མེད་དུ་འདོད་ན། ལྷ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་ཐོབ་ཅིག་གསུངས་ནས། སྐུ་མི་སྣང་བར་གྱུར་ཏོ། །ཇོ་མོ་མོང་བཟའ་ཁྲི་ལྕམ་ན་རེ། རྒྱལ་པོ་སྤྲུལ་སྐུ་ཡབ་ཡུམ་གསུམ། བདག་ཅག་ཁ་བ་ཅན་དུ་སེམས་ཅན་ཐུགས་རྗེས་མི་སྐྱོང་བར་དེ་ལྟར་གཤེགས་ན། བདག་ཅག་རྒྱལ་སྲས་མཚར་ཡང༌། ཚེའི་དུས་ཁར་དེ་ལྟར་བཞུད་པ་བསྟངས་ཞན། ཞེས་སྨྲེ་སྔགས་བཏོན་པས། རྒྱལ་པོའི་སྐུ་མི་སྣང་བར་འཕགས་པའི་སྐུ་སྟོད་ནས་གསུང་ཕྱུང་སྟེ། ཨགས་བསམ་ཞེས་ནང་དུ་མ་འཛིན། སྣང་ཞེས་ཕྱི་རུ་མ་བོར། སེམས་སྣང་བདག་མེད་ཡིན་གྱིས། །སྣང་སེམས་གཉིས་མེད་དབྱིངས་སུ་ཞོག་ཅིག གཟུང་འཛིན་རོལ་བ་ཡིན་གྱིས། ཆོས་ཉིད་རྩལ་སྦྱོང་གྱིས་ཤིག འཁོར་འདས་སེམས་སུ་འདུག་པས། ང་དང་ཁྱོད་ལ་དབྱེ་བ་མེད། འདི་ཕྱི་གཉིས་སུ་འབྲལ་བ་མེད་འགྲོགས། ཨགས་བསམ་གསུང་ངོ༌། །ལྷ་ཅིག་ཁྲི་བཙུན་གྱིས་ནུ་མ་གཡས་པ་ནས་གསུང་ཕྱུང་སྟེ། ཨགས་བསམ་ཁྱོད་ནང་དུ་མ་འཛིན། ང་ཕྱི་རུ་མ་བཞག རྒྱལ་པོ་དབྱིངས་སུ་མ་བསྒོམ། རང་ཁྱོད་དང་རྒྱལ་པོ་དབྱེར་མེད་ཡིན་གྱིས། ཁྱོད་ནི་ངེད་ཀྱི་དབྱིངས་ན་ཡོད། ཡིད་ནི་སེམས་ཆོས་གཉིས་མེད་དང༌། དུས་གསུམ་གཅིག་པ་མཉམ་ཉིད་ངང་ལ་གནས། ནང་མཐོང་ཕྱི་ཤིག་གཉིས་མེད་ཤེས་པ་ཆོས་སྐུ་ཡིན་ནོ། །ཨགས་བསམ་གསུང་ངོ༌། །ལྷ་ཅིག་ཨོང་ཇོས་ནུ་མ་གཡོན་པ་ནས་གསུང་ཕྱུང་སྟེ། རིག་པ་ནང་དུ་མ་འཛིན། ཚོགས་དྲུག་ཕྱི་མ་སྤྲོ། འཛིན་མེད་མུན་པར་མ་བཞུད། དགག་བསྒྲུབ་བྲལ་བ་ཆོས་སྐུ། གསལ་ལ་འཛིན་མེད་ལོངས་སྐུ། སྣ་ཚོགས་འགག་མེད་སྤྲུལ་སྐུ། སྐུ་གསུམ་ངོ་བོ་གཅིག་སྟེ། མ་ལྟ་མ་སྒོམ་བདག་མེད་ངང་དུ་གནས་མེད་ཞོག ཨགས་སམ་གསུང༌། དེའི་ཚེ་ཇོ་མོ་མོང་བཟས། རྒྱལ་པོ་ཡབ་ཡུམ་དང༌། སངས་རྒྱས་ཐམས་ཅད་ཀྱི་ཞལ་མ་བལྟས་པས་དུས་དེ་ཉིད་དུ་མཐོང་སྟེ། སྐྱེ་བ་ལ་མི་འཇིགས་འཆི་བ་མི་དགོས་པས། ཆོས་ཉིད་ཁྱབ་གདལ་ཆེན་པོ་ལ་མངའ་བརྙེས་པར་གྱུར་ཏོ། །དེ་ནས་དེ་མ་ཐག་ཏུ་རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོའི་ཡི་དམ་གྱི་ལྷ་ཇོ་བོ་ཐུགས་རྗེ་ཆེན་པོ་རང་བྱོན་བཅུ་གཅིག་ཞལ་གྱི་ཐུགས་ཀ་ནས། འོད་ཟེར་དཀར་པོ་ཟླ་བ་ཤར་བ་འདྲ་བ་ཞིག་བྱོན་ནས། ར་སའི་གཙུག་ལག་ཁང་གི་ཕྱི་ནང་ཐམས་ཅད་ཁྱབ་པར་གྱུར་ཏོ། །དེས་བསྐུལ་ནས་བར་ཁང་གི་ཕྱི་ནང་ཐམས་ཅད་ཁྱབ་པར་གྱུར་ཏོ། །དེས་བསྐུལ་ནས་བར་ཁང་གི་རྟ་མགྲིན་དཀར་པོ་ཟླ་བ་འདྲ་བ་ཞིག་བྱོན་ནས། འོད་ཟེར་དཀར་པོ་དུང་གི་ཕྲེང་བ་འདྲ་བ་ཞིག་བྱོན་ནས། ར་སའི་གཙུག་ལག་ཁང་གི་ཕྱི་ནང་ཐམས་ཅད་ཁྱབ་པར་གྱུར་ཏོ། །སྟེང་ཁང་བར་མའི་ལོགས་བྲིས་ཇོ་མོ་སྒྲོལ་མའི་ཐུགས་ཁ་ནས་འོད་ཟེར་ལྗང་ཁུ་རིན་པོ་ཆེའི་ཁ་དོག་ལྟ་བུ་བྱུང་ནས། ར་སའི་གཙུག་ལག་ཁང་གི་ཕྱི་ནང་ཐམས་ཅད་ཁྱབ་པར་གྱུར་ཏོ། །ཡང་འོག་ཁང་གི་ལོགས་བྲིས་རང་བྱོན་བཅོམ་ལྡན་འདས་སྨན་ལྷའི་ཐུགས་ཀ་ནས། འོད་ཟེར་བཻཌཱུརྱའི་མདོག་ལྟ་བུ་བྱུང་ནས། ར་སའི་གཙུག་ལག་ཁང་གི་ཕྱི་ནང་ཐམས་ཅད་ཁྱབ་པར་གྱུར་ཏོ། །ཡང་འོག་ཁང་བང་མིག་དབུས་མའི་གཡོན་ནང་ནས་བྱམས་པ་ཆོས་ཀྱི་འཁོར་ལོའི་ཐུགས་ཀ་ནས། འོད་ཟེར་སེར་བོ་གུར་ཀུམ་མདོག་ལྟ་བུ་བྱུང་ནས། ར་སའི་གཙུག་ལག་ཁང་གི་ཕྱི་ནང་ཐམས་ཅད་ཁྱབ་པར་གྱུར་ཏོ། །ཡང་གཙང་ཁང་ཤར་ནས་སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་ཀ་ནས་འོད་ཟེར་དམར་པོ་བྱུ་རུའི་མདོག་ལྟ་བུ་བྱུང་ནས། ར་སའི་གཙུག་ལག་ཁང་གི་ཕྱི་ནང་ཐམས་ཅད་ཁྱབ་པར་གྱུར་ཏོ། །ཡང་གཙང་ཁང་དབུས་པའི་ནང་ནས་བཅོམ་ལྡན་འདས་འོད་མི་འཁྲུགས་པའི་ཐུགས་ཀ་ནས། འོད་ཟེར་སེར་བོ་གསེར་བཙོ་མའི་མདོག་ལྟ་བུ་བྱུང་ནས། ར་སའི་གཙུག་ལག་ཁང་དབུས་མའི་ནང་ཐམས་ཅད་ཁྱབ་པར་གྱུར་ཏོ། །ཡང་ཁྲོ་བོ་སྨེ་བརྩེགས་ཀྱི་ཐུགས་ཀ་ནས། འོད་ཟེར་ལྕགས་ཀྱི་དྲ་བ་ལྟ་བུ་བྱུང་ནས་འོད་ཟེར་རེ་རེའི་སྣེ་ལ་ཁྲོ་ཆུང་དཔག་ཏུ་མེད་པ་འཕྲོས་ནས། ར་སའི་གཙུག་ལག་ཁང་གི་ཕྱི་ནང་ཐམས་ཅད་ཁྱབ་པར་གྱུར་ཏོ། །དེ་ལྟར་ར་སའི་གཙུག་ལག་ཁང་ཆེན་པོ་འོད་ཟེར་ཁ་དོག་སྣ་ཚོགས་ཀྱིས་ཁྱབ་པར་གྱུར་ཏེ། དུས་དེ་ཉིད་དུ་རབ་ཏུ་གནས་པ་དང་མངའ་གསོལ་ཚར་བར་མཛད་དོ། །དེས་ཁ་བ་ཅན་གྱི་རྒྱལ་ཁམས་འདིར་ཡོན་ཏན་ཐམས་ཅད་འབྱུང་ཞིང་བཀྲ་ཤིས་པར་མཛད་དོ།། དེ་ནས་བློན་པོ་ཆེན་པོ་བཅུ་དྲུག་གིས་ཤ་མར་ཟན་ཆང་སོགས་གཡོས་ནས། གྲོང་ཁྱེར་པའི་མི་དང་བཅས་པས། ར་སའི་གཙུག་ལག་ཁང་དུ་འོངས་པ་དང༌། རྒྱལ་པོ་ཡབ་ཡུམ་མ་མཐོང་བར། དཀྱིལ་འཁོར་གྱི་སྟེང་ན་དབུའི་ལ་ཐོད་ཟ་འོག་གི་འབོལ་གྱི་སྟེང་ན་བེར་ནག་པོ་ཧང་ངེ་བྱས་ནས་རྒྱལ་པོ་མི་བཞུགས་པས། འབྲི་སེ་རུ་གུང་སྟོན་ན་རེ། སྣ་ཆེན་པོ་ལ་རྒྱལ་པོ་གང་ན་བཞུགས་ཟེར་དྲིས་པས། ནང་བློན་སྣ་ཆེན་པོའི་བསམ་པ་ལ། རྒྱལ་པོ་སྟངས་ཞལ་ཡབ་ཡུམ་གསུམ་གྱི་སྐུ་ཡལ་ལུགས་ཡ་མཚན་ཞིང༌། ངོ་མཚར་ཆེ་བ་འདི་འདྲ་སུ་ལ་བཤད་ཀྱང་བདེན་པར་མི་འཛིན་སྙམ་ནས་ཁ་རོག་པར་འདུག་གོ །ལན་གསུམ་དུ་དྲིས་ཀྱང་ལན་མ་བྱུང་བས། དབས་ཀྱི་སྟག་སྣ་རིང་མོ་སྤྲོ་ཐུང་བས་རལ་གྲི་བཏོན་ནས། བློན་པོ་སྣ་ཆེན་པོ་ཁྱོད་ཀྱིས་ངེད་བློན་པོ་གཞན་རྣམས་ཀྱི་བཀའ་ལན་གསུམ་ནི། ཡི་དམ་གྱི་ལྷ་ཇོ་བོ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་ཐུགས་ཀར་ཐིམ། སྲས་གུང་སྲོང་གུང་བཙན་ནི་གྲོངས། དབོན་སྲས་མིང་སྲོང་ནི་ཆུང༌། ནང་བློན་སྣ་ཆེན་པོ་འདི་བསད་ན་ནི་རྒྱལ་ཁྲིམས་འཇིག་སྙམ་ནས། རྒྱལ་པོ་སྟངས་ཞལ་གསུམ་ནི་ལྷ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་ཐུགས་ཀར་ཐིམ་སོང་བྱས་པས། བློན་པོ་སྣ་ཆེ་པོའི་བསམ་པ་ལ། ད་ནི་བདག་གིས་བཤད་པས་ཆོག ཇོ་མོས་ཁ་ཤག་འབྱེད་པར་འདུག་སྙམ་ནས། རྒྱལ་པོའི་ལུང་བསྟན་ཅི་གསུངས་པ་ཐམས་ཅད་དང༌། ལྷ་ཞལ་གསུམ་པོ་ཇི་ལྟར་ཐིམ་པའི་ལོ་རྒྱུས་བཤད་པས། དེའི་དཔང་པོར་སུ་ཡོད་ཟེར། བེར་ནག་དང༌། ཇོ་མོ་གསུམ་གྱི་ཕྱག་རྟེན་དང༌། ལྷ་རྣམས་ཀྱི་འོད་ཟེར་དང༌། ཇོ་མོ་མོང་བཟའ་ཁྲི་ལྕམ་རྣམས་མངོན་གསུམ་ཡིན་ནོ་བྱས་པས། དེར་བློན་པོ་རྣམས་ཡིད་ཆེས་སོ། །ལོ་ཙྪ་པ་ཐོན་མི་སམ་བྷོ་ཊ་ན་རེ། བློན་པོ་སྣ་ཆེན་པོའི་རྒྱལ་པོའི་ཞལ་ནས་འཕྲིན་བཤད་པ་དེ་ཐམས་ཅད་བདེན་ངེས་ཏེ། རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོ་ནི་ཨཱརྱ་པ་ལོའི་སྤྲུལ་པར་གྲགས་སོ། །བལ་མོ་ཁྲི་བཙུན་དང༌། རྒྱ་མོ་ཁྲི་བཙུན་(ཨོང་ཇོ་)གཉིས་ནི་སྒྲོལ་མ་དཀར་སྔོན་གཉིས་ཀྱི་སྐུ་དངོས་ཡིན་པར་གྲགས་སོ། །ཇོ་མོ་བོད་མོ་བཞི་ནི་མཆོད་པའི་ལྷ་མོ་བཞི་ཡིན་པར་གྲགས་སོ་ཟེར་བས། བློན་པོ་འབྲི་སེ་རུ་གུང་སྟོན་ན་རེ། ཐོན་མི་སམ་བྷོ་ཊ་ཁྱོད་ལ་རྒྱལ་པོ་སྲོང་བཙམ་སྒམ་པོ་ཐུགས་རྗེ་ཆེན་པོ་ཨཱརྱ་པ་ལོའི་སྤྲུལ་པ་ཡིན་པའི་རྒྱུ་མཚན་ཅི་ཡོད་ཟེར་བཞིན་འགྱུར་ཞིང་དེ་སྐད་སྨྲ་བ་ཟེར་བ་དང༌། ཐོན་མི་སམ་བྷོ་ཊ་ན་རེ། དེའི་རྒྱུ་མཚན་ང་ལ་ཡོད་པས་ཁྱོད་ལ་བཤད་ཅིག་ཟེར་ཏེ། ཁྲ་འབྲུག་བཞེངས་པའི་དུས་སུ། བལ་བོའི་ལྷ་ཁང་ཐམས་ཅད་རབ་ཏུ་བྱུང་བའི་ཆ་ལུགས་དབུ་རེག་དང་ཞབས་རྗེན། ངུར་སྨྲིག་གི་ཆོས་གོས་གསོལ་བ་ལྷ་ཡི་མཆོད་གནས་སུ་འོང་བ་ཡིན་ཟེར་བས། ཁྲ་འབྲུག་ལྷ་ཁང་ཡང་དེ་ལྟར་དུ་བཞེངས་ནས་ཁྲིམས་བཅས་ཏེ། ངའི་ཁ་བ་ཅན་དུ་ཡང་དེ་འདྲ་བ་བྱུང་ན། ང་ཡང་ཕྱག་འཚལ་བས། གཞན་ཡང་འཚོལ་ཅིག་གསུང་ནས། སུས་རབ་ཏུ་བྱུང་ནས་ཆོས་བྱེད་ནུས་པ་ལ། དབུའི་མཆོད་གནས་བྱེད་པ་ཡིན་ཞེས་ཁྲིམས་ཐ་མ་བཅས་སོ། །ཕོ་བྲང་ཁ་འབྲུག་བཞེངས་པའི་དུས་ན། ཚེ་མི་གནམ་གྲགས་དང༌། འབྱུང་གྲགས། ལྕོག་རོ་འབྲུག་སྣང་དང་གསུམ་མོ། །དེ་ལ་བུ་ཨ་ཡ་བོན་བོ་ཅོ་ཚུག་དང་སྲ་ཚུག་བྱ་བ་གཉིས་ཡོད། མི་གཞན་ཕལ་བ་མང་པོ་ཡོད་པ་ལ། ཀླུ་བདུད་སྦྲུལ་མགོ་ལྔ་པ་དེས་རྒྱལ་པོ་ཆེན་པོའི་ཐུགས་དམ་གྱི་ལྷ་ཁང་བརྩིག་འཕྲོ་དེ་བཤིག་པ་ལ་བྱུང་བས། ཨ་ཡ་བོན་པོ་ཅོ་ཚུག་དང་སྲ་ཚུག་གཉིས་ཁྲ་སྤུ་གྲིའི་གཤོག་པ་ཅན་རེ་རེར་སྤྲུལ་ནས་སྐད་འབྲུག་ཙམ་བཏོན་ཏེ་གཤོག་པ་གཉིས་གཤིབས་ནས་ནམ་མཁའ་འཕུར་ཏེ། ཀླུ་བདུད་གྱི་སྦྲུལ་མགོ་ལྔ་པོའི་སྐེ་དུས་གཅིག་ལ་བཅད་པས། ཀླུ་བདུད་ཤི་ནས་དངུལ་མཚོ་ཁྲག་གིས་དམར་སྡིང་གིས་གང་སོང་བ་དང༌། མཚོ་ནང་དུ་སྐད་འབྲུག་སྒྲ་ལྟར་འུར་བ་ཞིག་བྱུང་བས། ལྷ་ཁང་གི་མིང་ཡང་ཁྲ་འབྲུག་ཟེར་བར་གྲགས་སོ། །དེ་ནས་ཀླུ་བདུད་སྦྲུལ་མགོ་ལྔ་པའི་སྐེ་བཅད་ནས་བསད་པའི་སྡིག་བཤགས་ལ། ཆེར་མི་ཨ་ཡ་བོན་པོ་ཡབ་སྲས་བཞིས་མཚོ་དམར་བོ་དེ་ཐབས་དང་རྫུ་འཕྲུལ་གྱིས་བསུབས་ནས། དེའི་སྟེང་དུ་རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོས་མཆོད་རྟེན་རྩེ་ལྔ་པ་ཅིག་བཞེངས། དེའི་ནང་དུ་རིན་པོ་ཆེ་སྣ་ལྔ་ལ་རང་བྱོན་དུ་གྲུབ་པའི་རྒྱལ་བ་རིགས་ལྔ་ཡབ་ཡུམ་བཅུ་བཞུགས། རིན་པོ་ཆེ་སྣ་གསུམ་ལས་གྲུབ་པའི་ཇོ་བོ་རིགས་གསུམ་མགོན་པོ་བཞུགས། སྔོན་གྱི་མེས་ཐོ་ཐོ་རེའི་གཉན་ཤེལ་གྱི་ཕྱག་ཏུ་བྱུང་བའི། གསེར་གྱི་བྱང་བུ་ལ་བཻཌཱུརྱ་སྔོན་པོས་བྲིས་པའི་མདོ་སྡེ་ཟ་མ་ཏོག་བཀོད་པ་དང༌། འབི་མ་ལའི་སྤང་སྐོང་ཕྱག་བརྒྱ་བ་དང༌། ཀླུའི་སྤང་སྐོང་ཕྱག་བརྒྱ་བ་དང༌། ཤེལ་གྱི་མཆོད་སྡོང་བང་རིམ་བཞི་བ་དང༌། དེ་རྣམས་བཞུགས་ནས་རྒྱལ་པོ་ཆེན་པོ་དང༌། ཆེར་མི་ཨ་ཡ་བོན་པོ་ཡབ་སྲས་ཀྱིས་རབ་གནས་མཛད་པས། མཆོད་རྟེན་ལ་འཇའ་ཁ་དོག་སྣ་ལྔ་པ་དང་གསུམ་པ་སྐྱེས་ནསགདུགས་ལྟ་བུར་གྱུར་ཏོ། །དེ་རྒྱ་ཆེ་བར་མཆེད་ནས་དབུས་གཙང་རུ་བཞིའི་ནམ་མཁའ་ལ་ཁྱབ་པར་བྱས་ནས་ངོ་མཚར་ཆེ་བར་གྱུར་ཏོ། །དེ་ནས་ཁྲ་འབྲུག་རྒྱལ་པོའི་ཐུགས་དམ་གྱི་གཙུག་ལག་ཁག་ཡང་རྩིག་ཏུ་བཏུབ་ནས་བཞེངས་ཚར། མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་ཡང་རྩིག་ཏུ་བཏུབ་པར་བྱས། ར་ས་དང་ར་མོ་ཆེ་ཡང་རྩིག་ཏུ་བཏུབ་པར་བྱས་པའི་དུས་ན། རྒྱལ་པོ་སྲོང་བཙན་སྒམ་པོ་དེ་ཁྲ་འབྲུག་གི་གཙུག་ལག་ཁང་ན་བཞུགས་ཡོད་པ་ལ། མཆོད་རྟེན་དབུ་ལྔའི་རྩ་ན་བཙུན་པའི་ཆ་བྱད་ཅིག་ཤིག་འཐུ་ཡིན་འདུག་པ་གཟིགས་པས། རྒྱལ་པོས་ནི་བཙུན་པའི་གཟུགས་ཅིག་བྱུང་ཡང་ཕྱག་འཚལ། བཙུན་པའི་གཟུགས་རེ་འདུག་པ་ལ་ཡང་དད་པ་མོས་པར་བྱེད་པར་དམ་བཅས་པ་ཡིན་པས་ན། རྒྱལ་པོས་བློན་པོ་ལ་ཆིབས་སྣ་གཏད་ནས་ཕོ་བྲང་གི་སྒོ་རྩར་བྱོན་ནས། རྒྱལ་པོས་བཙུན་པའི་ཆ་བྱད་དེ་ལ་ཕྱག་མཛད་དེ། ཁྱོད་རབ་ཏུ་བྱུང་བའི་རྟགས་ཙམ་ལས་མེད་པ་ལ། ང་རྗེ་ས་བདག་རྒྱལ་པོ་ཙམ་གྱིས་ཕྱག་བཙལ་བ་འདི་ངོ་མཚར་མི་ཆེ་འམ་གསུངས་པས། བཙུན་པ་དེས་ཕྱག་གཡོན་པའི་སོར་མོ་ལྔས་མཆོད་རྟེན་རྩེ་ལྔ་པ་དེ་བླངསནས་ནམ་མཁའ་ལ་འཕྱར་བྱས་ཏེ། འདི་ཡང་ངོ་མཚར་མི་ཆེའམ། རབ་ཏུ་བྱུང་བའི་རྟགས་ཙམ་ལ་ཡང་ལྷ་དང་མི་ཐམས་ཅད་ཀྱིས་ཕྱག་འཚལ་བའི་འོས་ཡིན། དེ་ལྟ་བུའི་རབ་ཏུ་བྱུང་བ་ནི་མཐོང་བར་དཀའ་བ་ཡིན་ནོ། །ཁྱེད་རང་རྒྱལ་བློན་བཞི་བོ་མིན་པ་སུ་ཐོ་ཏོད་ཀྱིས་ང་མི་མཐོང༌། ང་ལ་ལུས་སྟོབས་དེ་ལྟར་ཡོད་པས་ན་དེ་ཡོད་ངོ་མཚར་མི་ཆེའམ་གསུངས་པས། རྒྱལ་པོ་སྐྱེངས་ནས་དབུའི་དར་ཐོད་བཤིགས་ནས་འོད་དཔག་མེད་བསྟན་ནས། འོ་ན་ངའི་འདི་ངོ་མཚར་མི་ཆེའམ་གསུངས་པས། རབ་བྱུང་བཙུན་པ་དེ་ན་རེ་ཁྱེད་ཀྱིས་བླ་མ་ཡི་དམ་སངས་རྒྱས་ཐམས་ཅད་གཅིག་ཏུ་དྲིལ་ཤེས་ནས་བསྒོམས་པ་ཡིན་པར་འདུག་པས་ངོ་མཚར་ཤིན་ཏུ་ནས་ཆེ་སྟེ། རྒྱལ་པོ་ཁྱེད་ལ་ཡི་དམ་གྱི་ལྷ་ང་གཅིག་བུ་ལས་མི་འདུག་པ་གསུངས་ནས། རབ་བྱུང་བཙུན་པ་དེས་སྐུ་རག་གསེབ་ནས་གྲི་གུག་བཏོན་ནས་ཁོང་རང་གི་བྲང་གཤགས་ཁ་ཕྱེ་ནས། ངའི་འདི་ངོ་མཚར་མི་ཆེའམ་གསུངས་ནས། རབ་བྱུང་བཙུན་པ་དེས་སྐ་གསེབ་པའི་ལྷ་ཚོགས་ཁྲ་ལམ་མེ་པ་ཡོད་པ་དེ་བསྟན་པས། རྒྱལ་པོ་ཆེན་པ་དང༌། ནང་བློན་སྣ་ཆེན་པོ་དང༌། བློན་པོ་ཆེན་པོ་མགར་དང༌། ཐོན་མི་ང་དང་དེ་བཞིས། རབ་བྱུང་བཙུན་པའི་ཐུགས་ཀ་ནས་ལྷ་བཞི་བཅུ་ཞེ་གཉིས་འདུག་པ་མཐོང་ངོ་གསུང་སྐད། ཡང་རྒྱལ་པོས་སྐུ་ལུས་ཕྱག་སྟོང་སྤྱན་སྟོང་ཞལ་བཅུ་གཅིག་པར་སྤྲུལ། ཕྱག་རེ་རེ་ལ་བསྐལ་བ་བཟང་པོའི་སངས་རྒྱས་རེ་རེ་བཀོད་ནས། རབ་བྱུང་བཙུན་པ་དེ་ལ་བསྟན་པས། བཙུན་པ་དེ་ན་རེ་དབུ་རྒྱལ་མཚན་དུ་འགྲུབ་པར་འདུག་ཤིན་ཏུ་ལེགས་སོ་གསུང་སྐད། རྒྱལ་པོ་ཆེན་པོའི་གསུང་ནི་ལྷ་འདི་རྣམས་ནི་ཀུན་བཟང་ཡབ་ཡུམ་དང༌། རིགས་ལྔ་ཡབ་ཡུམ་གྱིས་གཙོ་མཛད་པའི་བདེ་གཤེགས་བཞི་བཅུ་ཞེ་གཉིས་ཀྱི་ཕོ་བྲང་ཡིན། ངའི་གདུང་རྒྱུད་ཁྲི་སྲོང་ལྡེའུ་བཙན་ལ། རྒྱལ་བ་ཞི་ཁྲོ་རབ་འབྱམས་ཆོས་ཀྱི་བཀའ་བབས་ནས། ཁ་བ་ཅན་གྱི་སེམས་ཅན་ལ་འགྲོ་དོན་ཕན་ཐོགས་ཡུན་རིང་དུ་འབྱུང་བའི་རྟགས་ཡིན་གསུང་ངོ༌། །དུས་དེའི་རབ་བྱུང་བཙུན་པས་མཆོད་རྟེན་རྩེ་ལྔ་ཕྱག་གི་སོར་མོས་ནམ་མཁའ་ལ་འཕྱར་ཐུབ་པ་དེ། སྲོང་བཙན་སྒམ་པོ་ང་སྔོན་ལྷོ་ཕྱོགས་རི་པོ་ཏ་ལ་ན་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཏུ་ཡོད་པའི་དུས་ན། ངའི་སྐྱེ་བ་མང་པོ་ནས་ངའི་རྩ་བ་བླ་མ་ཡི་དམ་གྱི་ལྷ་མགོན་པོ་འོད་དཔག་མེད་དེའི་སྤྲུལ་པ་ཡིན། ད་རེས་ངེད་རང་རྒྱལ་བློན་རྣམས་མགོན་པོ་འོད་དཔག་མེད་དང་ཞལ་མངོན་སུམ་དུ་མཇལ་བས་ངོ་མཚར་ཤིན་ཏུ་ཆེའོ་གསུང་བ་སོགས། ཨཱརྱ་པ་ལོའི་སྤྲུལ་པ་ཡིན་ངེས་སོ། །དེ་ལྟར་བོད་ཁ་བ་ཅན་དུ་མཆོད་རྟེན་བཞེངས་པ་ལ་ཁྲ་འབྲུག་གི་མཆོད་རྟེན་རྩེ་ལྔ་པ་འདི་སྔ་བ་ཡིན་ནོ། །ལྷ་ཁང་བཞེངས་པ་ལ་ཁྲ་འབྲུག་གི་གཙུག་ལག་ཁང་སྔ་བ་ཡིན་ནོ། །ཁྲ་འབྲུག་ལྷ་ཁང་ནང་ན་རྟེན་ནི། རྒྱལ་བ་རིགས་ལྔ་རང་བྱོན་བཞུགས་པའི་གསུམ་ནི་ལྡེར་སྐུ། གཉིས་ནི་གྱང་རིས་ཡིན། སེམས་དཔའ་སེམས་མ་བཅུ་གཉིས་དང༌། མཆོད་པའི་ལྷ་མོ་ཞལ་ཟས་མ་ལིའི་ཡུལ་ནས་རང་བྱུང་དུ་བྱོན་པ་བཞུགས། རྒྱལ་པོ་ངོ་མཚར་སྐྱེས་པའི་ལྷ་ཁང་ཡིན་གསུང་སྐད་གདའ། ཡང་ལི་ཡུལ་གྱི་དགེ་ཚུལ་གཉིས་ཀྱིས། འཇམ་དཔལ་ལོ་བཅུ་གཉིས་ཀྱི་བར་དུ་བསྒྲུབས་པས་མ་འགྲུབ་ནས། འཕགས་པ་ཐུགས་རྗེ་རེ་ཆུང་ཞེས་སྨྲེ་སྔགས་བཏོན་པས། འཇམ་དཔལ་ནམ་མཁའ་ལ་བྱོན་ནས་ང་དང་ཁྱེད་གཉིས་ལས་འབྲེལ་མེད། ཁྱོད་གཉིས་དང་ཐུགས་རྗེ་ཆེན་པོ་ལས་འབྲེལ་ཡོད་པས་ཁོང་ད་ལྟ་བོད་ཁ་བ་ཅན་གྱི་རྒྱལ་ཁམས་ན། རྒྱལ་པོ་སྲོང་བཙན་སྒམ་པོར་སྐུའི་སྐྱེ་བ་བཞེས་ནས་ཡོད་ཀྱིས། ཁྱོད་གཉིས་དེར་ཤོག་ཅེས་ལུང་བསྟན་ཏོ། །དེར་དགེ་ཚུལ་གཉིས་ཀྱིས་བོད་ཡུལ་ཕྱོགས་གང་ན་ཡོད་ཆ་མེད་ཀྱང༌། རྒྱལ་པོ་ལ་མོས་པ་བྱས་ནས་ཡོང་བ་དང༌། སྟོད་ལུངས་མདའ་མར་ཡོང་བས། དེར་རྒྱལ་པོས་ཆད་པ་བཅད་པའི་མགོའི་ཕུང་པོ་དང༌། མིག་ཕྱུང་བའི་ཕུང་པོ་དང༌། མི་རོའི་ཐང་མ། ཁྲག་གི་འདོ་བ་ཆུ་བྲན་ཙམ་དུ་འདུག་པ་ལ། འདི་ཅི་ཡིན་བྱས་པས། བོད་ཀྱི་རྒྱལ་པོས་ཁྲིམས་བཅད་པ་ཡིན་ཟེར། དེར་ཁོང་གཉིས་ཀྱི་བསམ་པ་ལ་བོད་ཀྱི་རྒྱལ་པོ། སྤྲུལ་པ་ནི་ཅིའི་སྤྲུལ་པ། སྡིག་སྤྱོད་ཀྱི་རྒྱལ་པོ་འདི་ལྟ་བུ་ཅིག་འདུག་སྙམ་དུ། རྒྱལ་པོ་ད་ལྟ་གང་དུ་བཞུགས་དྲིས་པས། ལྷ་ས་ན་བཞུགས་ཟེར་བས། དན་འབབ་གི་དགུང་སེབ་ཅིག་ན་ཡར་ཕྱིན་པ་དང༌། དེར་ཡང་མགོའི་ར་བ། མིག་གི་ཕུང་པོ། རྐང་ལག་གི་བཅད་གཏུབས། ལ་ལ་མེ་ལ་གཏུག་པ་དང༌། ལ་ལ་ཕྱེད་མ་བྱེད་པ་དང༌། ལ་ལ་གསལ་ཤིང་ལ་སྐྱོན་པ་ལ་སོགས་པའི་རིགས་མི་འདྲ་བ་མང་པོར་སྤྱོད་པ་མཐོང་བས། ལིའི་དགེ་ཚུལ་གཉིས་ཤིན་ཏུ་བྲེད་དེ། འཇམ་དཔལ་ཡང་བདུད་དུ་ཐལ། སྤྲུལ་པ་དེ་ཅིའི་སྤྲུལ་པ། སྡིག་སྤྱོད་ཀྱི་རྒྱལ་པོ་འདི་འདྲ་བ་ཅིག་འདུག་སྙམ་ནས་ཕྱིར་ལོག་ནས་བྱོན་ནོ། །རྒྱལ་པོས་དེ་གཉིས་ཡི་ཆད་པར་མཁྱེན་ནས། བློན་པོ་ཅིག་ལ་རྟ་ནག་པོ་མདོངས་ཅན་བསྐྱོན་ནས། ཁྱོད་ཀྱིས་དན་འབག་ཐང་ན་མར་ལ་འོ་སྐོལ་པ་དང་ཆ་ལུགས་མི་འདྲ་བའི་མི་མགོ་ལ་སྐྲ་མེད་པ། གོས་སེར་པོ་གྲུ་བཞི་གོན་པ་གཉིས་ཡོད་ཀྱིས། དེ་ངའི་དྲུང་ན་ཤོག་བགྱིས་ཤིག་ཅེས་དེར་བཏང་ངོ༌། །བློན་པོས་དེ་གཉིས་འཛིན་དུ་སོང་བ་དང༌། ཁོང་གཉིས་ཀྱི་བསམ་པ་ལ་ད་ནི་ངེད་གཉིས་ལ་ཡང་ཆད་པ་གཅོད་པར་འདུག་སྙམ་ནས་བྲེད་པར་གྱུར་ཏོ། །དེ་ནས་བློན་པས་དེ་གཉིས་ཁྲིད་ནས་ཕྱིན་པ་དང༌། རྒྱལ་པོ་ནུབ་སྒོའི་ནེའུ་ཁ་ན་བཞུགས་པ་དང་མཇལ་ནས། ལིའི་སྐད་དུ་ཁྱེད་གཉིས་འདིར་ཅི་ལ་འོངས་དྲིས་པས། དེ་གཉིས་ཀྱིས་ཇི་ལྟར་ཡིན་པའི་ལོ་རྒྱུས་བརྗོད་པ་དང༌། རྒྱལ་པོའི་ཞལ་ནས་ཁྱོད་གཉིས་ཨཱརྱ་པ་ལོའི་ཞལ་ལྟ་བར་འདོད་དམ་གསུངས་པས། ལྟ་བར་འཚལ་ལགས་ཞུས་པས། རྒྱལ་པོས་དེ་གཉིས་ལྷ་སའི་ནེའུ་ཆུང་བྱེ་མའི་གླིང་དུ་ཁྲིད་ནས། དབུའི་ཐོད་པ་བཤིག་ནས་ཨཱརྱ་པ་ལོའི་ཞལ་བསྟན་ནས། ང་བོད་ཀྱི་རྒྱལ་པོ་ཡིན། འདི་ཨཱ་མི་དེ་བ་ཡིན། ཁྱེད་གཉིས་བྲེད་མིད་དགོས་ཅེས་གསུངས་པ་དང༌། ཁོང་གཉིས་ན་རེ་འོ་ན་ཁྱེད་སེམས་ཅན་དེ་ཙམ་གྱི་སྲོག་བཅད་ནས་ཅི་བྱེད། ཨཱརྱ་པ་ལོ་ནི་ཐུགས་རྗེ་ཆེན་པོ་ཡིན་པ་ལ་ཟེར་བས། རྒྱལ་པོའི་ཞལ་ནས་ངས་རྒྱལ་སྲིད་བཟུང་ནས། སེམས་ཅན་ལ་བ་སྤུའི་རྩེ་མོ་ཙམ་ཞིག་གིའང་གནོད་པ་སྐྱེལ་མ་མྱོང་སྟེ། ངའི་གདུལ་བྱ་འདི་རྣམས་ཞི་བས་མ་ཐུལ་བས། ཐབས་དྲག་པོའི་སྒོ་ནས་སྤྲུལ་པའི་མི་ལ་ཆད་པ་བཅད་ནས། དགེ་བཅུའི་ཁྲིམས་བཅས་པ་ཡིན། ཉིན་པར་བཅད་པ་ཡང༌། ནུབ་མོར་སོང་ཙ་ན་མི་གཅིག་ལ་ཡང་ཆད་པ་བཅད་པ་མེད་གསུང་ངོ༌། །ད་ཁྱེད་གཉིས་དངོས་གྲུབ་ཅི་འདོད་གསུང་བས། ལུས་སེམས་དུབ་པ་དང༌། དེ་གཉིས་སྐྱེངས་ནས་རང་གི་ཡུལ་དུ་མཆི་འཚལ་བར་ཞུ་ཟེར་རོ། །རྒྱལ་པོའི་དེ་གཉིས་ཀྱི་རྒྱགས་ཕྱེའི་སྣོད་བྱེ་མས་འགེངས་སུ་བཅུག་ནས་སྔས་སུ་ཆུག་པ། རང་རང་གི་ཡུལ་ཡིད་ལ་བགྱིས་ལ་ཉོལ་ཅིག་གསུང་ནས་དེ་ལྟར་དུ་བྱས་ཉལ་པས་ནང་བར་རང་གི་ཡུལ་གྱི་སྒོ་རྩ་ལ་འགྲམ་པ་ལ་ཉི་མ་ཕོག་ནས་བྱེ་མ་རྐྱལ་བུ་གང་པོ་གཉིས་ཀྱང་གསེར་དུ་སོང་ནས་འདུག་གོ །དེ་གཉིས་ཀྱིས་ཚེ་དེ་ལ་དངོས་གྲུབ་མ་ཐོབ་ཀྱང༌། རྒྱལ་པོ་དང་ཞལ་མཇལ་བས། སྐྱེ་བ་དེའི་འོག་ཏུ་འཕགས་པ་དགྲ་བཅོམ་པ་བརྒྱན་མེད་རེ་ཐོབ་པོ། ལི་ལུང་བསྟན་ནས་ཀྱང༌། རྒྱལ་པོ་སྲོང་བཙན་སྒམ་པོ་ཐུགས་རྗེ་ཆེན་པོར་ལུང་བསྟན་པར་གྲགས་པ་དང་གསུམ་མོ། །དེ་ནས་རྒྱལ་པོ་ཨཱརྱ་པ་ལོའི་སྤྲུལ་པ་ཡིན་ངེས་སོ། །ཞེས་ཐོན་མི་སཾ་བྷོ་ཊས་དེ་སྐད་བློན་པོ་དབས་དང༌། སེ་རུ་གུང་སྟོན་ལ་བྱས་པས། ཁོང་གཉིས་སེམས་ཀྱི་དབུ་ར་ཞི་ནས་བདེན་པར་འདིན་སྐད་དོ།། ཡང་ཨོང་ཅོང་གིས་ར་མོ་ཆེའི་ལྷ་ཁང་གི་སྔོན་ལ། རྒྱལ་པོ་དང་ཨོང་ཅོང་གཉིས་འབུམ་ཐང་གི་གཙུག་ལག་ཁང་བཞེངས་པར་ཞལ་འཆམ་པའི་དུས་སུ་རྒྱལ་པོས་འཕན་ཡུལ་དུ་བཟོ་བོ་ཚོལ་དུ་བྱོན་པ་ལ། མིང་རུས་འདི་ཡིན་བྱ་བ་མེད་པའི་ཕ་མ་གཉིས་ལ། མིང་སྲིང་ལྷ་འདྲ་བ་གཟུགས་མཛེས་པ་བཞི་ཡོད་པ་ལ། ཁོང་ཚོ་གཅིག་ལ་གཅིག་ཆགས་ནས་བག་མར་འགྲོར་མི་ཉན། ཆུང་མ་འགུས་སུ་མི་ཉན་ཡང་ངོ་ཚ་ལ་གདུགས་ནས་བཟའ་ཚོ་བྱེད་མ་ནུས་པ་དེ་རྣམས་བཟོ་མཁས་པར་འདུག་ནས། རྒྱལ་པོ་ཆེན་པོས་ཁྱེད་རྣམས་ངའི་བཟོ་བོ་ལ་འགྲོ་དགོས་གསུངས་པས། ཁོང་བཟོ་བོ་རྣམས་ན་རེ། ངོ་ཚ་མི་བསྲུང་བ་དང་གཅིག ལས་གཞན་མི་འཚོལ་བ་དང་གཉིས། ཚ་གྲོ་སྔུན་ལ་འདྲེན་པ་དང་གསུམ། གོས་སུ་བེར་གོན་པ་དང་བཞི་པོ་རྒྱལ་པོ་ཁྱེད་ཀྱི་བཀའ་གནང་ན་འགྲོ་ཞུས་པས། རྒྱལ་པོ་ཆེན་པོས་བཀས་གནང་སྟེ་ཁྲིད་ནས་འབུམ་ཐང་དང༌། ར་མོ་ཆེ་དང༌། མཁར་བྲག་དང༌། ཐེམ་བུ་ཀོག་པ་དང༌། མིག་མངས་ཚལ་དང་བཅས་པའི་བཟོ་བྱས་པས་སྐྱིད་པར་བྱུང་ནས། མིང་སྲིང་བཞིས་བཟའ་ཚོ་བྱས་པས་ཕྲུ་གུ་ཀྱི་ལྟར་དུ་འཕེལ་ནས། ཀྱི་མི་གྲོང་བདུན་བྱ་བའི་གྲོང་ཚན་ཆེན་པོ་བདུན་བྱུང་སྐད། ཨོང་ཅོང་ན་རེ་འདི་ཚོ་ངོ་ཚ་མེད་ལ་འཕེལ་དྲག་པས་ཀྱི་འདྲ་གསུངས་ནས་མིང་རུས་ཀྱི་ཞེས་བྱ་བར་གྱུར་ཏོ། །སུམ་པའི་བོན་པོ་ཀ་ཀ་རི་ན་རེ། ཁྱེད་ཀྱི་བཟོ་བོ་རྣམས་ཀྱིས་མིང་སྲིང་མནོལ་བྱས་ནས། རྒྱལ་པོའི་ཕོ་ལྷ་ལ་མནོལ་གྲིབ་ཕོག་ནས། རྒྱལ་པོ་སྐུ་བསྙུང་ནས་དགུང་དུ་སྐུ་གཤེགས་སུ་འོང་བས་མ་བྱེད། མི་ཉན་ངས་ངན་སྔགས་རྒྱག་པོ་ཟེར་ནས་ངན་སྔགས་ཤིག་གི་ལིང་ག་ཕྱར་བ་གང་ཙམ་ཅིག་ཕོ་བཏང་བས། ཤིག་ཕོ་རོན་ཙམ་བྱུང་ནས་ཀྱི་མི་གྲང་བདུན་གྱི་ཕྱི་ནང་མེད་པར་ཁེངས་ནས་ཅི་བྱས་ཀྱང་འགྲོར་མ་ཉན་པར་མང་དུ་རེད་སྐད། དེ་ནས་ཀྱི་མི་གྲོང་བདུན་བྲེད་ནས་སྲིང་མོ་ཨ་ལྕེ་ཚོ་བག་མར་བཏང་མིང་པོ་ཨ་བོ་ཚོ་ལ་ཆུང་མ་བཀུག་པས། ཡང་དེ་བས་ཀྱང་འཕེལ་དྲག་ཏུ་རེད་ནས་དབུ་རུའི་སྟོད་སྨད་ཐམས་ཅད་ཁེངས་པར་གྱུར་ཏོ། །དེ་ཚོ་ན་རེ་ལུང་བའི་དཀྱིལ་ཤོད་འདི་ཉེད་ཀྱི་ཚོའི་ཡིན་ནོ་ཟེར་བས། དབུ་རུ་ཀྱིད་ཤོད་ཟེར་བ་ཡིན། གཡུ་ཆུ་སྔོན་མོ་འདི་ཉེད་ཚོས་འཐུངས་པ་ཡིན་པས་ཀྱི་ཆུ་སྔོན་མོ་ཟེར་བ་ཡིན་ནོ། །དུས་དེ་ཙ་ན་ཀྱིའི་བུ་རབ་ཕོ་བོ་ཅིག་མ་སངས་སུ་བྱུང་སྟེ། ལྟ་བ་མིག་རྣོན་དང༌། ཉན་པ་རྣ་གསང་ཡོད་པ་ཅིག་བྱུང་བ་དེ་ན་རེ། རྒྱལ་པོ་ཆེན་པོ་ནི་ཡི་དམ་གྱི་ལྷའི་ཐུགས་ཀར་ཐིམ། རྒྱལ་པོའི་དབོན་སྲས་ནི་ཆུང༌། ད་ནས་དབོན་སྲས་མ་བརྡོའི་བར་དུ་བོད་ཁམས་ཀྱི་རྗེ་ང་ཡིན་ནོ་ཟེར་བས། ཀྱི་རྗེ་བཙན་པ་བྱ་བ་བྱུང་བ་དེ་གྲིར་གྲོངས་པས་བཙན་དུ་སྐྱེས་ནས་ཀྱིའུ་རླུང་བཙན་བྱ་བ་བྱུང༌། སྲིང་མོ་ལྕམ་མོ་དེ་ཆུའི་ནང་དུ་གུམ་པས་མཚོ་སྨན་རྒྱལ་མོ་བྱ་བ་བྱུང་ངོ༌། །དེ་གཉིས་སྲིད་ཙ་ན་སྤྲུལ་པ་ལ། ཀླུ་བཙན་ཆོ་འཕྲུལ་སྣ་ཚོགས་སྲིད། ནང་བློན་སྣ་ཆེན་པོའི་སྲས་ལྡོང་སྲས་དེ་དང་འཐུག་ནས་སྙུང༌། དེ་ལ་བོན་པོ་གྱུར་སྟོན་ར་ཙས་ཀླུ་བཙན་རུ་བརྡུངས་བྱས་པའི་ནད་ལས་གྲོལ་ལོ། །ཀླུ་བཙན་རུ་བརྡུམས་དེ་ཡང་བསྐལ་བ་ཕྱི་རབས་ཀྱི་དོན་དུ་ཡི་གེར་བྲིས་ནས། མཁོ་མཐོང་ལྷ་ཁང་དུ་གཏེར་དུ་སྦས་སོ། །དེ་ནས་རྒྱལ་པོའི་བཙུན་མོ་བོད་མོ་བཞི་དང༌། ཕྱི་བློན་ནང་བློན་རྣམས་ཀྱིས་ཉེད་ཀྱི་རྒྱལ་པོ་མི་བཞུགས་གཤེགས་སོ་ཟེར་ཀྱིན། རང་བྱོན་བཅུ་གཅིག་ཞལ་གྱི་སྤྱན་སྔར་སྨྲེ་སྔགས་བཏོན་པས། རང་བྱོན་བཅུ་གཅིག་ཞལ་གྱི་ཤངས་གཡས་པའི་ནང་ན་མར། བལ་མོ་ཁྲི་བཙུན་དབུ་རིབ་ཀྱིས་བྱས། ཤངས་གཡོན་པའི་ནང་ན་མར་རྒྱ་མོ་ཨོང་ཅོང་དབུ་རིབ་ཀྱིས་བྱས། སྨིན་མཚམས་ཀྱི་ཡེ་ཤེས་སྤྱན་གྱི་ནང་ན་མར་རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོ་ཞལ་རིབ་བྱས་ནས། ཁོང་རྣམས་ལ་མགྲིན་གཅིག་ཏུ་འདི་སྐད་ཅེས་གསུང་ངོ༌། །བཙུན་མོ་བཞི་དང༌། ཕྱི་བློན་ནང་བློན་རྣམས་ཚོ་མྱ་ངན་དང་སྨྲེ་སྔགས་མ་མཛད་ཅིག རང་བྱུང་ཐུགས་རྗེ་ཆེན་པོ་འདི་དང་ཉེད་རྒྱལ་པོ་སྟངས་ཞལ་གསུམ་ལ་གཉིས་སུ་མེད་པ་ཡིན་པས། མྱ་ངན་དང་སྨྲེ་སྔགས་མ་མཛད་པར་ངའི་ཡི་དམ་གྱི་ལྷ་ཐུགས་རྗེ་ཆེན་པོར་རང་བྱུང་འདི་ལ་གསོལ་བ་ཐོབ། མཆོད་པ་བཟང་པོ་ཕུལ་གྱིས་ཨང་གསུང༌། ཕྱི་རབས་ཀྱི་མི་དད་གུས་མོས་པ་ཆེ་བ་དང་གོ་བ་ཅན་རྣམས། རྒྱལ་པོ་སྟངས་ཞལ་གསུམ་མཐོང་ན་དགའ་བ་ཟེར་མི་བྱུང་ན། ངའི་ཡི་དམ་གྱི་ལྷ་ཐུགས་རྗེ་ཆེན་པོ་རང་བྱུང་འདི་ལ་གསོལ་བ་ཐོབ་མཆོད་པ་ཕུལ་གྱིས་ཨང་གསུང་ནས་སོ་སོ་རང་རང་གི་ཐད་ལ་ཐིམ་མོ། །དེ་ནས་ཁོང་བློན་པོ་རྣམས་ཀྱིས་མཆོད་པ་ཆེན་པོ་བྱས་ནས། བློན་པོ་རྣམས་ཀྱིས་གྲོས་བྱས་པས། བློན་པོ་མགར་ན་རེ། དགོངས་ཤིག་རྒྱལ་པོ་ཡབ་ཡུམ་སྟངས་ཞལ་གསུམ་ལྷའི་ཐུགས་ཀར་ཐིམ་བྱས་ན། རྒྱལ་ཁྲིམས་འཇིག་པས་དེ་སྐད་མ་ཟེར་བར་མི་ལ་གསོངས་ཤིག ཕྱིས་བང་སོ་རྩིག་ཏུ་མི་བཏུབ་བོ་ཟེར། རྒྱལ་པོ་ནི་འཕན་ཡུལ་འབུམ་པ་སྒང་ཟམ་བུའི་ཚལ་དུ་འོད་ཟེར་དམ་པ་སྒྲའི་གཙུག་ལག་ཁང་གི་ཕོ་བྲང་ན་བཞུགས་སོ། །ཁྲི་བཙུན་ནི་གཡས་རུ་གཙང་བྲིང་གི་གཙུག་ལག་ཁང་ན་བཞུགས་སོ། །ཨོང་ཅོང་ནིའབུམ་ཐང་གི་གཙུག་ལག་ཁང་ན་བཞུགས་གྱིས་ལ་གསོངས་ཤིག དེ་ནས་ཟླ་གཅིག་ཙ་ན་རྒྱལ་པོ་ཆེན་པོ་དང་བཙུན་མོ་གཉིས་སྐུ་ཁམས་སྙུན་ཞེས་བསྒྲགས། དེ་ནས་ཡང་སྐུ་ཁམས་ཤིན་ཏུ་སྙུང་ཞེས་བསྒྲགས་སོ། །དེ་ནས་རྒྱལ་པོ་ཡབ་ཡུམ་དགུང་དུ་གཤེགས་སོ་ཞེས་བསྒྲགས་ནས། ཡར་ལོངས་(ཀླུང་)དོན་མཁར་ཐང་དུ་ཨ་ཡ་བོན་པོ་རྣམས་ཀྱིས་བང་སོ་བརྩིགས་ཏེ། བང་སོའི་ཚད་ནི་དཔག་ཚད་གཅིག་ཏུ་མདའ་རྒྱང་གིས་ལོངས་པར་བྱས། ཟུར་བཞི་ལྷ་ཁང་བཞི་བརྩིགས་ནས་དཀྱིལ་དུ་རེ་མིག་བྱས། རེ་མིག་རྣམས་ནོར་སྣ་ཚོགས་ཀྱིས་བཀང་ནས་དབུས་སུ་སྒོ་བྱས་སོ། །ཤོག་འདམ་རྒྱལ་པོའི་འདྲ་འབག་ལྡེར་སྐུ་བྱས། དར་ཟབ་ཀྱི་ན་བཟའ་གསོལ་ནས་ལྟག་སྒོར་ཞུགས་ཤིང་རྟས་སྤྱན་དྲངས་ཏེ་བང་སོའི་ནང་དུ་བཞུགས་སོ། །བཙུན་མོ་དང་སྲས་བློན་པོ་དང་བཅས་པས་འཁོར་གྱི་བསྐོར་ཏེ་བཞུགས་སོ། །རྒྱལ་པོའི་བཀའ་ཆེམས་མཐོ་མཐོང་མ་དང་བཀའ་ཁོལ་མ་འདི་གཉིས་བང་སོའི་ནང་ན་རྒྱུད་རིས་སུ་བྲིས་ནས་ཡོད་དོ། །བལ་མོ་ཁྲི་བཙུན་གྱི་བང་སོ་གཙང་དུ་ས་དཀར་རྡོ་དཀར་ལ་བརྩིགས། རྒྱལ་མོ་ཨོང་ཅོང་གི་བང་སོ་ནི་ས་དམར་ལ་བ་དམར་པོའི་འོ་མས་སྤྲུས་པས། ཕྱིང་པ་སྟག་རྩེའི་རི་ལ་བརྩིགས་སོ། །ལ་ལ་རྨིག་རི་རྨིག་པའི་འཕྲོ་བང་སོ་ཅིག་ཏུ་སོང་ངོ༌། །ལ་ལ་རྒྱལ་པོས་ར་སའི་གཙུག་ལག་ཁང་དུ་མངའ་གསོལ་བྱས་པ་ཡིན་ཟེར་ནས་དགའ་སྟོན་བྱེད་དོ། །དེ་ནས་ཡང་བཅོམ་ལྡན་འདས་དཔལ་རྒྱལ་ཤཱཀྱ་ཐུབ་པའི་ཡབ་རྒྱལ་པོ་ཟས་གཙང་མ་དེ་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཡིན། ཐུགས་རྗེ་ཆེན་པོ་ནི་རྒྱལ་པོ་སྲོང་བཙན་སྒམ་པོ་ཡིན་ནོ། །རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོ་དང༌། ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་སྐུ་གཉིས་ལ་དབྱེལ་མེད་ལ། རྒྱལ་པོ་ཟས་གཙང་གི་གདན་ས་གྲོང་ཁྱེར་སེར་སྐྱ་ཡིན། སྲས་རྒྱལ་བུ་དོན་གྲུབ་གྱི་གདན་ས་རྒྱ་གར་རྡོ་རྗེ་གདན་ཡིན། རྒྱལ་པོ་སྲོང་བཙན་སྒམ་པོའི་གདན་ས་ར་ས་འཕྲུལ་སྣང་ཡིན། ཤཱཀྱ་ཐུབ་པའི་འདྲ་སྐུ་གཉིས་ཀྱི་གདན་ས་ཡང་ར་ས་འཕྲུལ་སྣང་ར་མོ་ཆེ་གཉིས་ཀ་ལ་བྱས་སོ། །དེ་ནས་ཤཱཀྱ་མུ་ནེའི་ཐུགས་ཀ་ནས་འོད་ཟེར་གསེར་གྱི་མདོག་ལྟ་བུ་ཅིག་བྱུང་ནས། ར་མོ་ཆེའི་ཕྱི་ནང་ཐམས་ཅད་ཁྱབ་པར་གྱུར་ནས་རབ་གནས་མཛད་དོ། །བལ་བཟའ་དང་ཨོང་ཅོང་གཉིས་སྲོང་བཙན་སྒམ་པོའི་བཙུན་མོར་ཡོང་བ་ནི། སྔོན་སྲོང་བཙན་སྒམ་པོ་རི་པོ་ཏ་ལ་ན་ཐུགས་རྗེ་ཆེན་པོར་ཡོད་པའི་དུས་ན། འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གྲངས་མེད་པ་ལན་གསུམ་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔས་དྲངས་ཀྱང༌། ད་དུང་སེམས་ཅན་ཉུང་དུ་མ་རེད་པར་འདུག་ནས་སྤྱན་རས་གཟིགས་སྙིང་རྗེ་སྐྱེས་ནས། སྤྱན་གཡས་གཡོན་ནས་སྤྱན་ཆབ་བྱུང་བས། སྒྲོལ་མ་དཀར་སྔོ་གཉིས་བྱུང་བས་འཕགས་པའི་སྤྱན་ཆབ་ལས་ནི་འཁྲུངས་མ་ཟེར་བ་ཡོད་པས། དེ་ལ་གོ་བ་ཆེན་པོ་བྱེད་དགོས་པ་ཡིན་ནོ་ཨང་གསུང༌། དེ་ན་ཡབ་སྲས་ཀྱི་འབྲེལ་ཡོད་པས་བོད་ཁ་བ་ཅན་པའི་སེམས་རྣམས། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཞིང་དུ་འཁྲིད་པའི་ཆེད་དུ། བོད་ཡུལ་དུ་ཡབ་སྲས་སྟངས་ཞལ་ཡབ་ཡུམ་གསུམ་དུ་ཞལ་འཛོམ་པ་ཡིན་གསུང་སྐད། ཤཱཀྱ་ཐུབ་པའི་སྐུ་ཚབ་འདི་གཉིས་བོད་ཡུལ་དུ་བྱོན་ནས་བཞུགས་པ་འདི་ཡང༌། སྔོན་རྒྱལ་པོ་དེར་ཡབ་སྲས་ཀྱི་འབྲེལ་བ་ཡོད་པས། བོད་ཁ་བ་ཅན་པའི་སེམས་ཅན་གྱི་དོན་ལ་ཡབ་སྲས་ཞལ་འཛོམ་པ་ཡིན་གསུང་ངོ༌། །ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་གི་ནང་དུ་ཡང༌། ཕྱི་རབས་ཀྱི་དུས་སུ་མི་སྡིག་སྒྲིབ་མེད་པ། དགེ་བའི་བསམ་པ་ཅན་སེམས་རྣམ་པར་དག་པ་རྣམས་ཀྱིས། རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོས། ར་ས་འཕྲུལ་སྣང་ཅན་གྱི་གཙུག་ལག་ཁང་དུ་རི་མོ་བྲིས་པ་དང༌། ལུགས་སུ་བླུག་པ་དང༌། འབུར་དུ་བཏོད་པ་དང༌། རང་བྱུང་དུ་གྲུབ་པ་རྣམས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་མང་པོས། བོད་ཁ་བ་ཅན་གྱི་འགྲོ་བ་སེམས་ཅན་གྱི་དོན་དཔག་ཏུ་མེད་པ། བརྗོད་དུ་མེད་པ་བྱེད་པར་མཐོང་ངོ༌། །མི་སེམས་རྣམ་པར་མ་དག་པ་རྣམས་ཀྱིས། ལ་ལ་ལུགས་སུ་བླུག་པ། ལ་ལ་ལྡེར་སོ། ལ་ལ་རི་མོ་བྲིས་པར་མཐོང་ངོ༌། །དད་པ་ཆེན་པོ་རྒྱུན་མི་འཆད་པ་དང༌། མོས་གུས་ཆེན་པོ་རྒྱུན་མི་འཆད་པས་ཞག་བདུན་དུ་སྐོར་བ་བྱས་ནས། འདོད་ཁ་པ་ལ་བརྟེན་པའི་སྡིག་པ་གཞན་གྱིས་བར་མ་ཆོད་ན། སྐྱེ་བ་ཕྱི་མ་ལ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔར་འགྱུར་རོ། །དད་པ་དང་མོས་གུས་ཆེན་པོས་གྲགས་འདོད་མེད་པར་སྐོར་བ་ལ་ཕྱིན་ཏེ། ལྷ་ཞལ་མཐོང་བས་བསོད་ནམས་ཀྱིས་ཀྱང༌། དུས་ཕྱིས་སྡིག་པས་བར་མ་ཆོད་ན་དགྲ་བཅོམ་རྒྱན་མེད་པ་རེ་སྐྱེ་བ་ཕྱི་མ་ལ་ཐོབ་པར་འགྱུར་རོ། །མཐོང་བས་ཀྱང་ཕྱི་མ་མི་ལུས་རིན་པོ་ཆེ་ཐོབ་པར་འགྱུར་རོ། །དེ་ནས་སྔར་རྒྱ་མོ་ཨོང་ཅོང་ལྷའི་ཐུགས་ཀར་གཤེགས་པའི་དུས་སུ། ཨོང་ཅོང་ན་རེ། ཕྱིས་ན་རྒྱའི་དམག་བྱུང་ན་ལྷ་ཤཱཀྱ་མུ་ནེ་འདི་རྒྱ་ནག་གི་དམག་ལ་ཤོར་བའི་ཉེན་ཡོད་པས། ཇོ་བོ་མི་བསྐྱོད་རྡོ་རྗེ་དང༌། ཇོ་བོ་ཤཱཀྱ་མུ་ནེ་གཉིས་བཞུགས་ས་རྗེས་ལ། ར་མོ་ཆེ་ནས་ལྷ་ཤཱཀྱ་མུ་ནེ་སྤྱན་དྲོངས་ལ་འཕྲུལ་སྣང་གི་གཙང་ཁང་འོག་མ་བྱང་ལ་སྒོ་གཏད་པའི་ནང་དུ་བཞུགས་ལ། སྒོ་རྩིགས་པ་འཕགས་པ་འཇམ་དཔལ་གྱི་སྐུ་ཅིག་བྲིས་ལ་ཞོག་དང༌། དུས་ཕྱི་རྒྱ་ནག་གི་དམག་བྱུང་ན་མི་རྙེད་པ་ཡིན་གསུང་ངོ༌། །དེ་ནས་དུས་ཕྱི་མོ་ཅིག་ཙ་ན་ནང་བློན་སྣ་ཆེན་པོ་དང༌། ལོ་ཙྪ་བ་ཐོན་མི་སཾ་བྷོ་ཊ་དང༌། བློན་པོ་འགར་སྟོང་བཙན་ཡིད་བཟུང་དང་གསུམ་གྱི་བུ་ཚ་ཡང་ཚའི་རྒྱུད་ཀྱི་བུ་རེ་རེ་དེ་གསུམ་གྱིས་མི་བསྐྱོད་རྡོ་རྗེ་ར་མོ་ཆེར་སྤྱན་དྲངས་ནས་བཞུགས། ཤཱཀྱ་མུ་ནེ་འཕྲུལ་སྣང་ནང་དུ་སྤྱན་དྲངས་ནས་བཞུགས་ས་བརྗེས་སོ། །ར་ས་འཕྲུལ་སྣང་གི་གཙང་ཁང་གི་སྒོ་ལ་འཕགས་པ་འཇམ་དཔལ་བྲིས་ནས་རབ་གནས་ཁྱད་པར་ཅན་ཡང་བྱས་སོ། །ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་ལ་རབ་གནས་མཛད་པ་དང༌། རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོ་དེ་ཐུགས་རྗེ་ཆེན་པོ་སྐུ་དངོས་ཡིན་པའི་ཡིད་ཆེས་སྐྱེད་པ་དང༌། དབུ་རུ་ཀྱི་ཤོད་དང་ཀྱི་ཆུ་སྔོན་མོར་འདོགས་པས་རྒྱུ་མཚན་དང༌། རྒྱལ་པོ་སྟེང་ཞལ་ཡབ་ཡུམ་གསུམ་པོ་ལྷ་ཐུགས་རྗེ་ཆེན་པོ་རང་བྱོན་བཅུ་གཅིག་ཞལ་ལ་སྐུ་ཐིམ་སྟེ་གཤེགས་ནས། བློན་པོ་རྣམས་ཀྱིས་རྒྱལ་པོ་སྟངས་ཞལ་རྣམས་ལ་མཆོད་པ་ཆེན་པོ་མཛད་པ་དང༌། རྒྱལ་པོ་སྟངས་ཞལ་གསུམ་གྱིས་ལྷའི་སྨིན་མཚམས་ཀྱི་ཡེ་ཤེས་ཀྱི་སྤྱན་དང་ཤངས་གཉིས་ལ་ཞལ་རིབ་བྱས་ནས། ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་ནང་གི་ལྷ་རྣམས་ལས་འོད་ཟེར་འཕྲོས་པ་དང༌། ལྷ་རྣམས་ཞལ་མཐོང་བའི་ཡོན་ཏན་གསུམ་པ་དང༌། ཨོང་ཅོང་གིས་ལྷ་ཤཱཀྱ་གཉིས་བཞུགས་ས་རྗེས་ཤིག་གསུང་བའི་ལུང་བསྟན་མཛད་པ་སོགས་ཏེ། བོད་ཀྱི་རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོའི་རྣམ་ཐར་བཀའ་ཆེམས་གསེར་གྱི་ཕྲེང་བ་ཞེས་ཀྱང་བྱ། ཇོ་བོ་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ལོ་རྒྱུས་དང༌། རྣམ་ཐར་ཕྱི་མ་བཀའ་ཆེམས་གསེར་གྱི་ཡང་ཞུན་ཞེས་ཀྱང་བྱ། རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོས་བོད་ཡུལ་དབུས་སུ་དམ་པ་ཆོས་ཀྱི་སྲོལ་གཞུང་བཏོད་ནས། ཆོས་འཁོར་ལྷ་ས་བཞེངས་པའི་ལོ་རྒྱུས་རྒྱལ་པོའི་བཀའ་ཆེམས་བཀའ་ཁོལ་མ་ཞེས་བྱ་བ་སྟེ་ལེའུ་བཅུ་དྲུག་པ་རྫོགས་སོ།། །། བཀའ་ཆེམས་ཀྱི་མཇུག་བསྡུ་བ། རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོའི་བཀའ་ཆེམས་མེ་ཏོག་ཕྲེང་བ་ཞེས་བྱ། རྒྱལ་པོ་ཆེན་པོ་དེས་བོད་ཁ་བ་ཅན་པ་རྣམས་ལ་བཀའ་དྲིན་དང་སྐུས་སྐྱོབས་ཆེ་བ་རྣམས་ཀྱི་སྒོ་གསུམ་བསྟེན་ནས། རྒྱལ་པོ་ཆེན་པོས་ཡུལ་ཁྲིམས་བཟང་པོ་མཛད་པ་དང༌། མཐའི་དགྲ་བཏུལ་པ་དང༌། ཡི་དམ་གྱི་ལྷ་ངོ་མཚར་ཆེ་བའི་ཁྱད་པར་ཅན་རྣམས་སྤྱན་དྲངས་པ་དང༌། དམ་པ་ཆོས་ཀྱི་སྲོལ་གཞུང་བཟང་པོ་བཏོད་པ་དང༌། བཙུན་མོ་རྣམས་ཀྱིས་ལག་རིས་ཀྱང་འགྲན་བཟང་པོ་བྱས་པ་དང༌། བློན་པོ་ཀུན་དང་དབོན་པོ་རྣམས་ཀྱིས་རྒྱལ་པོ་ཞལ་བཞུགས་པའི་ཞབས་ཏོག་སུ་བཟང་པོ་སྟོབ་པ་དང༌། རྒྱལ་པོའི་སྐུ་ཡལ་ནས་བློན་པོ་དང་དབོན་པོ་རྣམས་ཀྱིས་བང་སོ་བརྩིགས་ལུགས་དང༌། དེ་ལ་སོགས་པའི་གཏམ་རྒྱུད་མང་ཞིང་ཞིབ་པ་རྣམས་བློན་པོ་རྣམས་ཀྱིས་མཛད་པའི་ཟླ་བ་འདོད་འཇོ་དང༌། བཙུན་མོ་རྣམས་ཀྱིས་མཛད་པའི་དར་དཀར་གསལ་བའི་ནང་ན་རྒྱས་པར་བྲིས་འདུག་གོ །རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོའི་སྤྲུལ་པ་ཇོ་བོ་ཆེན་པོ་རྗེ་ལྷ་ཅིག་དེའི་ཞལ་ནས། རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོ་དེའི་བཀའ་ཆེམས་ཞེས་བྱ་བ། ལྷ་ས་བཞེངས་པའི་ལོ་རྒྱུས་ཀྱི་ཡི་གེ་འདི་བྲིས་པ་དང༌། ཀློག་པ་དང༌། ཉན་པ་ལ་ཕན་ཡོན་ཆེན་པོ་བསམ་གྱིས་མི་ཁྱབ་པ་བརྗོད་ཀྱིས་མི་ལང་ངོ་གསུང་ངོ༌། །ལོ་རེ་ལ་ལྷ་ས་ལན་རེ་མཇལ་ནས་སྐོར་བ་འབུམ་ཚོ་རེ་བསྐོར་ན། ཞུན་མེ་དང་མཆོད་རྫས་ཁལ་བརྒྱ་ཚོ་རེ་ཕུལ་བ་དང་མཉམ་གསུང་ངོ༌། །དེ་ཅི་སྟེ་ཕན་ཡོན་ཆེ་བའི་ལོ་རྒྱུས་དང་རྒྱུ་མཚན་ནི། སྒྲོལ་མ་སྔོན་མོའི་སྤྲུལ་པ་ལྷ་སའི་སྨྱོན་མ་ཞེས་བྱ་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དེས་ལུང་བསྟན་པ་ཡིན་པས་ཕན་ཡོན་ཆེ་བ་ཡིན་ནོ་གསུང༌། གཉིས་པ་ནི། རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོ་ཞེས་བགྱི་བ་ཇོ་བོ་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེའི་སྐུ་དངོས་ཡིན་པ་ལ་བསྐལ་པ་ནས་བསྐལ་པའི་བར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉི་ཟླ་ལྟ་བུ་དེ། དང་པོ་གནམ་གྱི་ལྷ་འོད་གསལ་ཆེན་པོའི་སྲས། ཤེད་ཅན་དང་ཤེད་ལ་གྲོགས་གཉིས་མི་ཡུལ་དུ་དུ་བབས་ཏེ། དེའི་བུ་ཚ་ཡང་ཚའི་རྒྱུད་མ་བསླད་མ་འཆུགས་པ་རྒྱ་གར་གྱི་རྗེ་མང་པོས་བཀུར་བ་ནས་ཤཱཀྱ་ཐུབ་ཡབ་སྲས་སུ་གདུང་རྒྱུད་པ། དེ་དང་གདུང་རྒྱུད་གཅིག་པ་ཤཱཀྱ་རི་བྲག་པ་ནས་གདུང་རྒྱུད་པ་རྒྱལ་པོ་ཤཱཀྱ་དམག་བརྒྱ་པ། དེ་ནས་གདུང་རྒྱུད་པ་རྗེ་གཉའ་ཁྲི་བཙན་པོ། དེ་ནས་གདུང་རྒྱུད་པ་ལྷ་ཐོ་ཐོ་རེའི་གཉན་ཤལ། དེ་ནས་གདུང་རྒྱུད་པ་རྒྱལ་པོ་གནམ་རི་སྲོང་བཙན་གྱི་སྲས་རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོར་སྐུ་འཁྲུངས་ནས། བོད་ཡུལ་ཁ་བ་ཅན་པའི་མི་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད་ནས། ནུབ་བདེ་བ་ཅན་གྱི་ཞིང་ཁམས་སུ་ཆོས་སྐུ་སྣང་བ་མཐའ་ཡས་ཞེས་བྱ་བ་མགོན་པོ་ཚེ་དཔག་མེད་དེའི་ཞབས་དྲུང་དུ། བོད་ཁ་བ་ཅན་པའི་སེམས་ཅན་རྣམས། ཕྱུགས་རྫི་བཟང་པོས་ཕྱུགས་འབྲོག་བཟང་སར་འདེད་པ་བཞིན་དུ་ཁྱུ་འདེད་བྱེད་པ་དེས་མཛད་པའི་བཀའ་གསུང་གི་ཡི་གེ་ཡིན་པས། ཕན་ཡོན་ཤིན་ཏུ་ནས་ཀྱང་ཆེ་བ་ཡིན་ནོ། །གསུམ་པ་ནི། སངས་རྒྱས་བསྟན་པའི་གཙོ་བོའི་སྐུ་ཚབ་ལྷ་ཤཱཀྱ་མུ་ནེ་དང་མི་བསྐྱོད་རྡོ་རྗེ་གཉིས་ཀྱི་ནང་ན། སྔ་རབས་འདས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་གདུང་རིང་བསྲེལ་མང་པོ་དང༌། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཕུག་རོན་ཙམ་པ་རེ་ཡང་ཡོད་པ་དང༌། རབ་གནས་ཡང་བསྟན་པའི་བདག་པོ་རང་གིས་མཛད་པ་དང༌། བྱམས་སྐུ་ཆོས་ཀྱི་འཁོར་ལོ་སྨོན་ལམ་རྣམ་དག་དང༌། གསེར་དངུལ་བྱམས་པ་མཆེད་བཞི་རང་བྱུང་དང༌། ཇོ་བོ་ཐུགས་རྗེ་ཆེན་པོ་རང་བྱོན་ལྔ་ལྡན་གྱི་ནང་ན། ཙན་དན་སྦྲུལ་གྱི་སྙིང་པོའི་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་རང་བྱུང་དང༌། སངས་རྒྱས་འཁོར་བ་འཇིག་དང༌། འོད་སྲུང་དང༌། ཤཱཀྱ་ཐུབ་པ་དང་གསུམ་གྱི་གདུང་རིང་བསྲེལ་ཁྱོར་བ་གང༌། སྤྲུལ་པའི་དགེ་སློང་གིས་སྤྱན་དྲངས་ནས་བཞུགས་ཡོད་པ་དང༌། འཇམ་དབྱངས་སྤྲུལ་པ་ཐོན་མི་སཾ་བྷོ་ཊས་རྒྱ་ཡིག་བོད་ཡིག་ཏུ་བསྒྱུར་ནས་དམ་པ་ཆོས་ཀྱི་སྲོལ་གཞུང་བཟང་པོ་བཏོད་དུ་བཏུབ་པའི་ངོ་མཚར་གྱིས་ཕན་ཡོན་ཆེ་བ་ཡིན་གསུང་ངོ༌། །དཔེ་ཆའི་ལུགས་ལ་ལ་ནས་བཤད་པ་ལ། བོད་ཁ་བ་ཅན་གྱི་ས་ཆ་འདི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཞབས་ཀྱིས་མ་བཅགས། སངས་རྒྱས་ཀྱི་གདུལ་བྱར་མ་གྱུར་ཟེར་བ་འདུག་སྟེ། ལུགས་ལ་ལ་ནས་བཤད་པ་འཇམ་དཔལ་དགེ་སློང་ཤེས་རབ་འོད་དུ་སྐུ་སྤྲུལ་པ་དང༌། ཐུགས་རྗེ་ཆེན་པོ་སྲོང་བཙན་སྒམ་པོར་སྐུ་སྤྲུལ་པ་དང༌། ཕྱག་རྡོར་སྐན་མོར་སྐུ་སྤྲུལ་པ་དང༌། ཤཱཀྱ་ཐུབ་པ་རྒྱལ་བུ་སྦྱིན་ལ་དགར་སྐུ་སྤྲུལ་པ་དང༌། ཕྱག་རྡོར་ལྷ་ཐོ་ཐོ་རེའི་གཉན་ཤེལ་དུ་སྐུ་སྤྲུལ་པ་དང༌། ཐུགས་རྗེ་ཆེན་པོ་སྲོང་བཙན་སྒམ་པོར་སྐུ་སྤྲུལ་པ་དང༌། འཇམ་དཔལ་ཁྲི་སྲོང་ལྡེའུ་བཙན་དུ་སྐུ་སྤྲུལ་པ་དང༌། ཤཱཀྱ་ཐུབ་པ་པདྨ་འབྱུང་གནས་སུ་སྐུ་སྤྲུལ་པ་དང༌། དེ་རྣམས་ཀྱིས་དབུ་རུའི་ས་གནས་འདིར་བྱོན་ནས་ས་གཞི་བྱིན་གྱིས་བརླབས་པས་དེ་བཞིན་གཤེགས་པའི་ཞབས་ཀྱིས་བཅགས་པས་བྱང་ཆུབ་སེམས་དཔའི་ཞིང་ཁམས་དང༌། དེ་བཞིན་གཤེགས་པའི་གདུལ་བྱར་ཡང་གྱུར་ཏོ། །ཞེས་གསུང་ངོ༌། །དེ་བས་ན་ར་ས་འཕྲུལ་སྣང་དང༌། ར་མོ་ཆེའི་གཙུག་ལག་ཁང་གི་གནས་འདི་བྱིན་ཆགས་ལ། རྟེན་དང་གཙུག་ལག་ཁང་འདི་ཀུན་ཤིན་ཏུ་ནས་བྱིན་བརླབས་ཆེ་བས། འདི་ལ་ཕྱོགས་ཐམས་ཅད་ཀྱི་ལམ་ཐག་ཉེ་རིང་མེད་པའི་མི་རྣམས་ཀྱིས་དད་པ་དང༌། མོས་གུས་ཕུལ་ནས། ལོ་འདོད་དང་ཁེ་འདོད་མེད་པར་སྐོར་བ་བྱས། ཕྱག་བཙལ། མར་མེ་དང་མཆོད་པ་ཕུལ་ཏེ། དེ་ནས་ལོག་ནས་ཕྱིས་སྡིག་པ་མ་བྱས་པར། མོས་གུས་དང༌། དད་པ་རྒྱུན་མ་ཆད་པ་མ་ཤིའི་བར་དུ་བྱས་ན། ལན་གཅིག་མཇལ་གཉིས་མཇལ་ཚོ། ས་གཅིག་ནོན་གཉིས་ནོན་གསུམ་ནོན་ཡིན། ལན་བཅུ་ཕྱིན་ནས་དད་མོས་ཀྱིས། ཕྱག་དང་མཆོད་པ་སྐོར་བ་བྱས་ནས། དེ་ནས་སྡིག་པས་བར་མ་ཆོད་ན། ས་བཅུ་ནོན་ནས་ས་བཅུའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཐོབ་པར་འགྱུར་རོ། །གསུངས་སོ། །གཞན་ཡང་ཇོ་བོ་ཆེན་པོ་རྗེ་ལྷ་ཅིག་གི་ཞལ་ནས། རྒྱལ་པོའི་བཀའ་ཆེམས་ཀྱི་ཡི་གེ་ཤོག་དྲིལ་འདི། དར་ཡུག་སྔོན་པོ་ལ་ཤོག་བུ་བྱས། གསེར་གྱི་ཡི་གེ་བྲིས་ནས་འདུག་པ་མཐོང་ནས་རྒྱས་འབྲིང་བསྡུས་གསུམ་དུ་འདུག་པ་ལྟར་ཡེ་ཤེས་ཀྱི་མཁའ་འགྲོ་མས་ལུང་བསྟན་ཏེ། གཙུག་ལག་ཁང་གི་ནང་ནས་གཏེར་ནས་བྱུང་སྟེ། དུས་ཕྱི་མའི་མི་རྣམས་ཚོགས་ཆེན་པོ་བསོག་པའི་ཆེད་དུ། པོ་ཏི་གླེགས་བམ་གྱི་ནང་དུ་ཡི་གེར་བྲིས་སོ། །བཀའ་ཆེམས་ཀྱི་ཡི་གེ་འདི་ཡང་མཐོང་བར་དཀའ་བ། ཐོས་པར་དཀའ་བ། རྙེད་པར་དཀའ་བ་ཡིན་ཏེ། དེ་ཇི་ལྟར་དཀའ་ཞེ་ན། ཡེ་ཤེས་ཀྱི་མཁའ་འགྲོ་མས་ལུང་བསྟན་པ་ལས། གཞན་གྱིས་རྙེད་པ་དང་བསྟན་པར་ནུས་པར་དཀའ་བས་སོ། །ཕྱི་མོ་ཤོག་དྲིལ་གསུམ་པོ་ནི་གཏེར་བསྲུང་བཀའ་ཉན་གྲགས་ནས་ཤུལ་དུ་སྦས་སོ། །ཇོ་བོ་རྗེས་བང་སྟོན་ལ་གནང༌། བང་སྟོན་གྱིས་སྟོད་ལུངས་པ་ལ་གནང༌། དེས་སྤྱན་སྔ་བ་ལ། དེས་སྣེའུ་ཟུར་བ། དེས་འབྲི་གུང་པ་ལ། དེས་རྒྱ་མ་བ་ལ། དེས་རྭསྒྲེང་བ་ལ། དེས་དཀོན་བཟང་ལ། དེས་རྡོ་རྗེ་ཚུལ་ཁྲིམས། དེས་བདག་ལའོ། །ཡི་གེ་འདིའི་ཕྱི་མོ་ཡང་དག་པ་གསུམ་ལ་བྱས་ནས་བྲིས། རྒྱ་གར་དང་རྒྱ་ནག་ནས། བོད་དུ་དམ་པའི་ཆོས་བསྒྱུར་པའི་ལོ་ཙྪ་པ་བློན་པོ་ཆེན་པོ་གཉིས་ནི། ཐོན་མི་སཾ་བྷོ་ཊ་མི་ཆུང་དང༌། འགར་སྟོང་བཙན་ཡུལ་བཟུང་གཉིས་ཡིན་ཅིང་རྒྱལ་པོ་སྲོང་བཙན་སྒམ་པོའི་སྤྱན་སྔར་བསྒྱུར་བའི་ལོ་ཙྪ་པ་ཆེན་པོར་གྲགས་སོ། །རྒྱལ་པོའི་ཆོས་བློན་ཆེན་པོ་བཅུ་དྲུག་ནི། ཆོས་བློན་སྣ་ཆེན་པོ། ཉང་དཔལ་ལྡེ་ཞང་སྣང༌། མོང་ཁྲི་རྗོ་རེ་གནང་བཙན། ཁྱུང་པོ་ཡུལ་ཟུ་རྩེ། ཅོག་རོ་དར་རྒྱས། མང་པོ་རྗེ་སྲོང་ནམ་ཅོག་རོ་བརྒྱན། མཆིམས་མང་རྗེ་མང་ལོད་ནི་ཤར་ཕྱོགས་རྒྱ་ནག་གི་ཁས་དཔོན་དུ་བསྐོས། གཉགས་དཔལ་སྡེ་བེ་ཀུ་ཅོག་ནི་ལྷོ་ཕྱོགས་མོན་རྒྱ་གར་གྱི་ཁས་དཔོན་སུ་བསྐོས། ཆོས་བློན་པོ་འོད་ལྕང་གཞུགས་རིངས་གཡའ་གོང་བཟའ། མཆིམས་མང་རྗེ་མང་ལོད། འབྲི་སེ་རུ་གུང་སྟོན། གཉགས་ཁྲིའུ་བཟང་ཡང་སྟོན། སྦས་བཙན་བཟང་དཔལ་ལེགས། སྣུབས་གཉའ་སྟོང་རེ། གཙུག་སྣོན་ནི་ནུབ་སྟག་གཟིག་གི་ཁས་བློན་སུ་བསྐོས། ལམ་སྡེ་ཁྲི་བཟང་ལོ་བཙན་ནི་བྱང་ཕྱོགས་དྲུག་གུ་སྤར་གྱི་ཁས་དཔོན་དུ་བསྐོས་པ་ཡིན་ནོ། །ཆོས་བློན་ཆེན་པོ་དང༌། ཁས་བློན་དུ་བསྐོས་པ་རྣམས་རྫོགས་སོ།། དེ་ལྟར་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་ཉིད་ཀྱི་བཀའ་ཆེམས་བཀའ་ཁོལ་མ་ཆེན་མོ་འདི་ཉིད་ལ་ལྷག་ཆད་དང༌། ཡི་གེ་མཁན་པོས་གོ་མ་གོ་སོགས་ཀྱི་ནོར་འཁྲུལ་འདུག་པ་རྣམས་ཕྱི་མོ་བཞི་ལས་འདུས་ཏེ། ལྷག་ཆད་རྣམས་ཁ་བཀང་སྟེ་དག་པར་བྲིས་པ་ལེགས་སོ།། ཕྱི་མོ་ཅིག་ན་བཀང་ཆེམས་བཀའ་ཁོལ་མ་འདི་དགེ་བཤེས་རྣལ་འབྱོར་བས་དཔེ་ཆུང་བཤུས་ནས། དགེ་བཤེས་སྤྱན་སྔ་བ་ལ་གནང༌། དེས་དགེ་བཤེས་བྱ་ཡུལ་བའི་ཕྱག་ན་ཡོད་པ་གདུང་རྟེན་དུ་བཅུག །དཔེ་ཕྱི་མོ་གློ་འབུར་གྱི་ལྡེར་ཚོའི་ནང་ན་ཡོད་བྱ་བར་གྲགས་སོ།། རྒྱལ་པོས་ཇི་ལྟར་བཏུལ་བའི་ལོ་རྒྱུས་ཡོད་པ་གཙང་དུ་ཤོར་སྐད་འདི་ལ་རྒྱས་འབྲིང་བསྡུས་གསུམ་ཡོད། འདི་རྒྱས་ཤོས་ཡིན་ཟེར་བར་འདུག་པ་བཞིན་བཀོད་པའོ།། སརྦ་མངྒ་ལཾ།། །།