ཕྲེང་བ།
གཟུངས་སྔགས་བགྲང་བྱེད་ཀྱི་ཡོ་བྱད་ཅིག ཕྲེང་བའམ་ཡང་ན་བགྲང་ཕྲེང་ལ་དག་ཡིག་གསར་བསྒྲིགས་ལས། རྡོག་པོ་མང་བོ་སྐུད་པ་དང་ཐག་པ་སོགས་ལ་བརྒྱུས་པའམ་གཅིག་རྗེས་གཅིག་བསྒྲིགས་པའི་དངོས་པོའི་མིང་། ཞེས་གྲངས་ཀ་འདྲེན་བྱེད་ཀྱི་ཕྲེང་བ་ལ་བཤད་པ་དང་། སྔགས་ཆས་རྣམ་བཤད་ལས་ཕྲེང་བའི་ངོ་བོ་ལ་དངོས་པོ་གང་ཞིག་ཟླུམ་པོ་ལ་སོགས་པར་བཅོས་ནས་དུ་མ་སྐུད་པ་ལ་བརྒྱུས་ཏེ་རྒྱན་དང་བསྙེན་པའི་གྲངས་ཚད་འཛིན་སླད་གྲངས་ངེས་ཅན་ཞིག་ཏུ་བྱས་པ་དེ་ཕྲེང་བའི་ངོ་བོར་འཇོག་ཆོག
ཕྲེང་བའི་གོ་དོན་དང་ངེས་ཚིག
[རྩོམ་སྒྲིག]དེ་ཡང་ཕྲེང་བའི་ངོ་བོའམ་གོ་དོན་ནི༼སློབ་དཔོན་པདྨའི་དགོངས་འདུས་ཕྲེང་བཤད་སྔགས་འཆང་རྒྱན་གྱི་མེ་ཏོག༽ ལས“དད་དང་ལྡན་པའི་སྐྱེས་མཆོག་རྣམས། །བླ་མ་ལ་ནི་སེམས་ཕྲེང་བས། ། གསོལ་བ་ཕུར་ཚུགས་གདབ་པ་དང་། ། སྒྲུབ་ལ་ནན་ཏན་བྱེད་འདོད་པས། ། ཡི་དམ་ལྷ་ལ་སེམས་ཕྲེང་ཞིང་། །བསྙེན་པ་ཚུལ་བཞིན་བརྩོན་པ་དང་། ། འཕྲིན་ལས་མྱུར་དུ་བསྒྱུར་འདོད་པས།། མཁའ་འགྲོ་ལ་ནི་སེམས་ཕྲེང་ཞིང་། ། ལས་རྣམས་མཐའ་རུ་དབྱུང་བ་སྟེ།། བླ་མ་ལ་ནི་སེམས་ཕྲེང་བས། ། གདུང་བ་དྲག་པོ་བསྐྱེད་པ་ཡིས། །བླ་མས་བདག་ལ་ཐུགས་ཕྲེང་ནས། ། བརྩེ་བ་ཆེན་པོས་བྱིན་གྱིས་བརླབས། ། ཡི་དམ་ལྷ་ལ་སེམས་འཕྲེང་ནས། ། སྒྲུབ་པ་ནན་ཏན་བསྐྱེད་པ་ཡིས། །ལྷ་ཡིས་བདག་ལ་ཐུགས་ཕྲེང་ནས། ། མཆོག་དང་ཐུན་མོང་དངོས་གྲུབ་སྦྱིན། ། ཌཱཀྐྐཱིའི་ཚོགས་ལ་སེམས་ཕྲེང་ཞིང་། །འཕྲིན་ལས་དྲག་ཏུ་བསྐུལ་བ་ཡིས། ། ཌཱ་ཀྐྐཱི་བདག་ལ་ཐུགས་ཕྲེང་ནས། ། ཅི་འདོད་འཕྲིན་ལས་བསྒྲུབ་པར་བྱེད། ། དེ་བཞིན་མཆེད་དང་ལྕམ་དྲལ་དང་། ། རྡོ་རྗེ་སྤུན་གྲོགས་ལ་སོགས་པར། ། ཕན་ཚུན་གཅིག་ལ་གཅིག་ཕྲེང་བས། ། དམ་ཚིག་རྣམས་ལས་མི་འདའ་ཞིང་། ། དཀྱིལ་འཁོར་གཅིག་ཏུ་འགྲུབ་པ་དང་། ། རྡོ་རྗེ་སྲད་བུས་སྦྲེལ་བ་ཡིས། ། དགོངས་པ་གཅིག་ཏུ་གྱུར་པ་རྣམས།། གཅིག་སེམས་གཅིག་ལ་ཕྲེང་བའོ། ། ”ཞེས་གསུངས་པ་ལྟར། བགྲང་ཕྲེང་གི་ངེས་ཚིག་ལ་སྔགས་ཆས་རྣམ་བཤད་ལས། གཉིས་པ་ངེས་ཚིག་ནི། དད་ལྡན་གྱི་སློབ་མ་དང་སྐྱེས་མཆོག་དེ་བླ་མ་ལ་སེམས་ཕྲེང་ནས་གསོལ་བ་ཕུར་ཚུགས་སུ་འདེབས་པ་དང་། ཡི་དམ་ལ་སེམས་ཕྲེང་ནས་བསྙེན་སྒྲུབ་ལ་ནན་ཏན་དུ་བརྩོན་པ་དང་། མཁའ་འགྲོའི་ཚོགས་ལ་སེམས་ཕྲེང་ནས་ལས་ཚོགས་རྣམས་མཐར་བསྐྱེལ་བ་དང་། བླ་མ་སློབ་མ་ལ་ཐུགས་ཕྲེང་ནས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་ཞིང་བྱིན་གྱིས་རློབས་པ་དང་། ཡི་དམ་སྒྲུབ་པ་པོ་ལ་ཐུགས་ཕྲེང་ནས་མཆོག་མཐུན་གྱི་དངོས་གྲུབ་སྩོལ་བ་དང་། མཁའ་འགྲོ་རྣལ་འབྱོར་པ་ལ་ཐུགས་ཕྲེང་ནས་འཕྲིན་ལས་བསྒྲུབ་པ་དང་། རྡོ་རྗེའི་མཆེད་ལྕམ་རྣམས་ཕན་ཚུན་ལ་སེམས་ཕྲེང་ནས་དམ་ཚིག་བསྲུང་བར་བྱེད་པའི་དམ་ཚིག་གི་རྫས་ཡིན་པས་ན་ཕྲེང་བ་ཞེས་བྱ་སྟེ། སྔ་མ་དེ་ཉིད་ལས་གཉིས་པ་ཕྲེང་བའི་ངེས་ཚིག་ནི། དད་དང་ལྡན་པའི་སྐྱེས་མཆོག་རྣམས། བླ་མ་ལ་ནི་སེམས་ཕྲེང་བས། གསོལ་བ་ཕུར་ཚུགས་གདབ་པ་དང་། སྒྲུབ་པ་ནན་ཏན་བྱེད་འདོད་པས། ཡི་དམ་ལ་ནི་སེམས་ཕྲེང་ཞིང་། བསྙེན་པ་ཚུལ་བཞིན་བརྩོན་པ་དང་། འཕྲིན་ལས་དམིགས་སུ་བསྒྱུར་འདོད་པས། མཁའ་འགྲོ་ལ་ནི་སེམས་ཕྲེང་ཞིང་། ལས་རྣམས་མཐར་རུ་དབྱུང་བ་སྟེ། བླ་མ་ལ་ནི་སེམས་ཕྲེང་བས། གདུང་བ་དྲག་པོ་བསྐྱེད་པ་ཡིས། བླ་མས་བདག་ལ་ཐུགས་ཕྲེང་ནས། བརྩེ་བ་ཆེན་པོས་བྱིན་གྱིས་རླབས། ཡི་དམ་ལྷ་ལ་སེམས་ཕྲེང་ནས། སྒྲུབ་པ་ནན་ཏན་བསྐྱེད་པ་ཡིས། ལྷ་ཡིས་བདག་ལ་ཐུགས་ཕྲེང་ནས། མཆོག་དང་ཐུན་མོང་དངོས་གྲུབ་སྦྱིན། ཌཱ་ཀྐཱའི་ཚོགས་ལ་སེམས་ཕྲེང་ཞིང་། འཕྲིན་ལས་དྲག་ཏུ་བསྐུལ་བ་ཡིས། ཌཱ་ཀྐཱས་བདག་ལ་ཐུགས་ཕྲེང་ནས། ཅི་འདོད་འཕྲིན་ལས་བསྒྲུབ་པར་བྱེད། དེ་བཞིན་མཆེད་དང་ལྕམ་དྲལ་དང་། རྡོ་རྗེ་སྤུན་གྲོགས་ལ་སོགས་བར། ཕན་ཚུན་གཅིག་ལ་གཅིག་ཕྲེང་བས། དམ་ཚིག་རྣམས་ལས་མི་འདའ་ཞིང་། དཀྱིལ་འཁོར་གཅིག་ཏུ་འགྲུབ་པ་དང་། རྡོ་རྗེ་སྲད་བུས་སྦྲེལ་བ་ཡིས། དགོངས་པ་གཅིག་ཏུ་གྱུར་བ་རྣམས།གཅིག་སེམས་གཅིག་ལ་ཕྲེང་བའོ། །ཞེས་གསུངས་པའི་ཕྱིར།
ཕྲེང་བའི་རྒྱུ།
[རྩོམ་སྒྲིག]བགྲེང་ཕྲེང་གི་རྒྱུ་ལ་སྔགས་ཆས་རྣམ་བཤད་ལས། གསུམ་པ་རྒྱུ་ལ་ནི་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་ནི། ཕྲེང་བའི་རྒྱུ་སྤྱི་ལ་ནི་ཤེལ་དང་། ཉ་ཕྱིས། མུ་ཏིག མུ་མེན། བྱི་རུ། ལུང་ཏང་། དུང་། གསེར། དངུལ། ཟངས་མ། ཞ་ཉེ། འཁར་བ། པདྨའི་སྙིང་པོ། བ་སོ། ཙནྡན། རུ་ཀྵ། མིའི་ཐོད་རུས། རྔ་མོང་དང་བོང་བུ་མ་ཧེ་རྣམས་ཀྱི་རུས་པ། འབྲས་བུའི་རིགས་དང་། རིན་པོ་ཆེའི་རིགས་སོགས་ཕལ་ཆེར་གང་འདོད་དམ་གང་འཛོམ་ལ་བྱ་རུང་སྟེ། དུས་འཁོར་བསྡུས་རྒྱུད་ལས། ཤེལ་དང་མུ་ཏིག་དང་ནི་མི་དང་བོང་བུའི་སོའམ་རུས་པ་དག་དང་བོ་དེ་ཙེ་དང་ནི། པདྨ་ཞེས་བྱ་དབང་མིག་ལུང་ཏང་བདེ་གཤེགས་རིགས་ཀྱི་དབང་གིས་སྔགས་བཟླས་པ་ལ་ཕྲེང་བར་འགྱུར། ཞེས་དང་། རྡོ་རྗེ་མཁའ་འགྲོ་ལས། ཤེལ་དང་ཉ་ཕྱིས་མུ་ཏིག་དང་། ཁམས་ཀུན་ལ་སོགས་གཞན་ཡང་རུང་། དུང་དང་ལུང་ཏང་མུ་མེན་ནི། ཚེ་རིང་ནད་མེད་འཕེལ་བར་བྱེད། གསེར་དང་དེ་བཞིན་དངུལ་དང་ནི། ཁྱད་པར་པདྨའི་ས་བོན་དང་། རིན་ཆེན་ཕྲེང་བ་མཛེས་པ་ནི། མཁས་པ་ཡིས་ནི་བགྲང་ནས་སུ། རྒྱལ་སྲིད་ཕྱིར་ནི་སྔགས་བཟླས་ན། དཔལ་ཆེན་མྱུར་དུ་འཐོབ་པར་འགྱུར། ཞེས་བདེ་མཆོག་སྡོམ་འབྱུང་གི་རྒྱུད་དང་། སཾ་པུ་ཊ། ཁྲག་འཐུང་མངོན་པར་འབྱུང་བའི་རྒྱུད། རྡོ་རྗེ་གདན་བཞི། གཤིན་རྗེ་གཤེད་དམར་གྱི་རྒྱུད། བྱ་རྒྱུད་དཔུང་བཟང་། ལེགས་གྲུབ་སོགས་ལས་གསུངས་པའི་ཕྱིར།
གཉིས་པ་བྱེ་བྲག་ལ་ཞི་རྒྱས་དབང་དྲག་གི་ཕྲེང་རྒྱུ་སོ་སོ་དང་རིགས་ཀྱི་ཁྱད་པར་གྱི་ཕྲེང་རྒྱུ་ཡང་སོ་སོ་དང་། རབ་འབྲིང་ཐ་གསུམ་གྱི་ཕྲེང་རྒྱུ་སོ་སོར་ཡོད་པས་དེ་དག་ཞིབ་པར་བཤད་ན་འདི་ལྟ་སྟེ། དང་པོ་ལ་ཞི་རྒྱས་དབང་དྲག་བཞི་ལས། དང་པོ་ཞི་བའི་ལས་སྒྲུབ་པའི་སྔགས་བཟླ་བྱེད་ཀྱི་ཕྲེང་པ་ལ་ནི་རྒྱུ་དུང་དང་། ཤེལ། ཉ་ཕྱིས། མུ་ཏིག་དཀར་པོ། བེེཌྰུར་དཀར་པོ། བྱང་ཆུབ་ཤིང་གི་ཐོག་གུ། རིན་པོ་ཆེའི་རིགས་མདོག་དཀར་ལ་འཇམ་པའི་རིགས་དག་བསྔགས་པ་ཡིན་ཏེ། སཾ་པུ་ཊ་ལས། ཤེལ་དང་ཉ་ཕྱིས་མུ་ཏིག་དང་། །ཁམས་ནི་དཀར་པོ་ལ་སོགས་གཞན། །ཞི་བའི་ལས་ལ་ཁྱད་པར་དུ། །ཕྲེང་བ་ཡི་ནི་མཚན་ཉིད་དོ། །ཞེས་རྡོ་རྗེ་གདན་བཞི། གཤིན་རྗེ་གཤེད་དམར། མགོན་པོ་དངོས་གྲུབ་འབྱུང་རྒྱུད། སློབ་དཔོན་རིན་པོ་ཆེའི་པདྨའི་ཕྲེང་བཤད་སོགས་ལས་གསུངས་པའི་ཕྱིར། གཉིས་པ་རྒྱས་པའི་ལས་ཀྱི་ཕྲེང་བ་ནི་གསེར་དང་། དངུལ། ཟངས་མ། མུ་ཏིག། པདྨའི་སྙིང་པོ། ལུང་ཐང་། ཨ་རུ་ར་སོགས་ཕན་ནུས་དང་ཡོན་ཏན་ཅན་གྱི་ཤིང་འབྲས་དང་། མདོག་སེར་པོ་ཟད་ཁ་སྲ་བའི་རིགས་རྣམས་དགོས་པ་ཡིན་ཏེ། གདན་བཞི་ལས། གསེར་དང་དངུལ་དང་ཟངས་མ་དང་། པདྨའི་ས་བོན་ཁྱད་པར་དུ། རྒྱས་པ་ཡི་ནི་བགྲང་ཕྲེང་སྟེ། མཁས་པ་རྣམས་ཀྱིས་བགྲང་བར་བྱ། ཞེས་སཾ་པུ་ཊ་དང་། ཁྲག་འཐུང་མངོན་འབྱུང་། མགོན་པོ་དངོས་གྲུབ་འབྱུང་རྒྱུད། པདྨའི་ཕྲེང་བཤད་སོགས་ལས་གསུངས་པའི་ཕྱིར། གསུམ་པ་དབང་གི་ལས་བསྒྲུབ་པའི་སྔགས་བཟླ་བྱེད་ཀྱི་བགྲང་ཕྲེང་གི་རྒྱུ་ལ་ནི་བྱི་རུ་དང་། པདྨ་རཱ་ག ཙནྡན་དམར་པོ། ཟངས་མ། སེང་ལྡེང་། མཛོ་མོ་ཤིང་སོགས་ཁ་དོག་དམར་པོའི་རིགས་དང་དྲི་ཞིམ་ཅན་གྱི་ཤིང་ལ་སོགས་པ་དག་ལ་བྱ་དགོས་པ་ཡིན་ཏེ། ཁྲག་འཐུང་མངོན་འབྱུང་ལས། བྱུ་རུ་ཡིས་ནི་འཕེལ་བ་དང་། །རིན་ཆེན་ཕྲེང་བས་མཛེས་པ་ཡིན། །ཞེས་དང་། སཾ་པུ་ཊ་ལས། གུར་གུམ་ལ་སོགས་དྲི་སོགས་ཀྱིས། །དྲི་ནི་ཐམས་ཅད་ཁྱད་པར་དུ། །བསྒྲུབས་ཤིང་རིལ་བུ་བྱས་ནས་ནི། །དབང་ལ་ཡོངས་སུ་རབ་ཏུ་གྲགས། །ཞེས་གདན་བཞི། རྡོ་རྗེ་མཁའ་འགྲོ་རྒྱུད། བདེ་མཆོག་སྡོམ་འབྱུང་། པདྨའི་ཕྲེང་བཤད་སོགས་ལས་གསུངས་པའི་ཕྱིར། བཞི་པ་དྲག་པོ་མངོན་སྤྱོད་ཀྱི་ལས་ཀྱི་སྔགས་བཟླ་བྱེད་ལ་ནི་ལྕགས་དང་གཡུ། རུ་དྲྰ་ཀྵ། ལུང་ཏང་། མི་རུས། ཐོད་རུས། དྲེད་མོང་གི་སོ། རྔ་མོང་དང་བོང་བུ་དང་མ་ཧེའེ་རུས་པ། ཚེར་ནག་གི་ཤིང་དང་ཐོག་གུ་སོགས་ཁ་དོག་ནག་ཅིང་རྩུབ་པའི་རིགས་ཀྱི་ཕྲེང་བ་དགབསྔགས་པ་ཡིན་ཏེ། སཾ་པུ་ཊ་ལས། རུ་དྲྰ་ཀྵ་དང་ལུང་ཏང་དང་། ། དེ་བཞིན་སྐྱེས་པའི་རུས་པ་ཉིད། །དྲག་པོའི་ལས་ལ་སྦྱར་བར་བྱ། །མངོན་སྤྱོད་ལ་ནི་ཡོངས་སུ་གྲགས། །ཞེས་དང་། བྱེ་བྲག་ཏུ་མགོན་པོ་དངོས་གྲུབ་འབྱུང་བ་ལས། དྲེད་པོའི་སོ་ཡིས་བསད་པ་གྲུབ། །དེ་གཉིས་འགྱུར་བ་བོང་བུའི་སོ། །སྡང་དང་སྐྲད་པ་རྔ་མོའི་སོ། །ཞེས་གསུངས་པ་ལྟར་དྲག་ལས་ཀྱི་བྱེ་བྲག་སོ་སོ་ལ་བཤད་པ་མང་ངོ། དེ་འདྲའི་ལས་བཞི་སོ་སོའི་ཕྲེང་བའི་ཁྱད་པར་དེ་གཙོ་ཆེ་བའི་དབང་དུ་བྱས་ཀྱི་ངེས་པར་ཁྱབ་པ་ནི་མིན་པ་རྒྱུད་དེ་དག་ལས་གསལ་ལོ། །པུ་ཏྲ་ཛཱི་བའི་ཕྲེང་བ་དང་། གསེར་སོགས་རིན་པོ་ཆེའི་ཕྲེང་བ་དང་། བ་སོ་ལ་སོགས་པ་ནི་ལས་ཐམས་ཅད་ལ་བསྔགས་ཤིང་། གཟི་མཆོང་གི་ཕྲེང་བ་ལས་སྣ་ཚོགས་བསྒྲུབ་པའི་སྔགས་ཕྲེང་དུ་བཟང་བར་བཤད་དེ། རྡོ་རྗེ་མཁའ་འགྲོ་ལས། པུ་ཏྲ་ཛཱི་བ་ལས་ཀུན་བྱེད། །ཅེས་དང་། སཾ་པུ་ཊ་ལས། ཞི་རྒྱས་དབང་དང་མངོན་སྤྱོད་ལ། །པུ་ཏྲ་ཛི་ཝ་ལས་ཀུན་བྱེད། །ཅེས་ཁྲག་འཐུང་མངོན་འབྱུང་དང་། གདན་བཞི། པདྨའི་ཕྲེང་བཤད་སོགས་ལས་ཀྱང་གསུངས་ལ། ཡོ་ག་རྡོ་རྗེ་རྩེ་མོ་ལས་ཀྱང་། ང་ན་ཀུན་ལས་མཆོག་གྱུར་བ། །བོ་དེ་ཙེ་དེ་སྲོག་འཛིན་ལ། །ཞེས་བོ་དེ་ཙེ་སྟེ་ཡུལ་འདིར་བོ་དེ་ཙེ་ཏ་ཞེས་འབོད་པ་དེ་ཡིན་ཞིང་ཕྲེང་བ་ཀུན་ལ་མཆོག་གྱུར་ཡིན་པར་གསུངས་སོ། །
གཉིས་པ་རིགས་ཀྱི་དབྱེ་བའི་ཕྲེང་རྒྱུའི་ཁྱད་པར་ནི། རྒྱུ་རིགས་བསྡུས་ཀྱི་དབྱེ་བ་དང་། ཁ་དོག་རིགས་བསྡུས་ཀྱི་དབྱེ་བ་དང་། ལྷ་རིགས་སོ་སོའི་ཁྱད་པར་གྱི་དབྱེ་བ་དང་གསུམ་ལས། དང་པོ་ནི། ཕྲེང་བའི་རྒྱུ་རིགས་བསྡུས་ཀྱི་དབང་དུ་བྱས་ན་ས་རིལ་རིགས་ཀྱི་ཕྲེང་བ་ཞི་བའི་ལས་ཀྱི་ཕྲེང་བ་དང་། རྡོ་ཡི་རིགས་ཀྱི་ཕྲེང་བ་རྒྱས་པའི་ལས་དང་། སྨན་གྱི་རིགས་ཀྱི་ཕྲེང་བ་དབང་གི་རིགས་ལས་དང་། ཐོད་པ་སོགས་རུས་ཆེན་དང་རུས་པ་སྣ་ཚོགས་ཀྱི་རིགས་ཀྱི་ཕྲེང་བ་དྲག་པོའི་ལས་ལ་བསྔགས་པ་ཡིན་ཏེ། པདྨའི་ཕྲེང་བཤད་ལས། ས་རིལ་ཞི་བའི་ཕྲེང་བ་ལ། རྡོ་ཡི་ཕྲེང་བ་རྒྱས་པར་ཤེས། སྨན་གྱི་ཕྲེང་བ་དབང་ལ་ཤེས། ཐོད་པ་ལ་སོགས་རུས་ཆེན་རྣམས། དྲག་པོའི་ལས་ལ་ཤེས་པར་བྱ། ཞེས་གསུངས་པའི་ཕྱིར་རོ། གཉིས་པ་ནི། ཁ་དོག་རིགས་བསྡུས་ཀྱི་དབང་དུ་བྱས་ན་གོང་དུ་བརྗོད་ཟིན་པ་ལྟར་ཁ་དོག་དཀར་པོའི་རིགས་ཞི་བའི་ལས་དང་། སེར་པོ་རྒྱས་པ་དང་། དམར་པོ་དབང་དང་། ནག་པོ་དྲག་པོའི་ལས་དང་། ཁྲ་བོ་ལས་སྣ་ཚོགས་ལ་བསྔགས་པ་ཡིན་ཏེ། གཤིན་རྗེ་གཤེད་དམར་ལས། ཞི་ལ་ཁ་དོག་དཀར་པོ་དང་། །ཁ་དོག་སེར་པོ་རྒྱས་པ་ལ། །དམར་པོ་དབང་ལ་རྟག་ཏུ་བསྒོམ། །ནག་པོ་ཤིན་ཏུ་གསད་ལ་འདོད། །ཅེས་དང་། དགོས་འདུས་པདྨའི་ཕྲེང་བཤད་ལས། ཁ་དོག་དག་ཀྱང་འདི་ལྟ་སྟེ། །དཀར་པོ་ཞི་བའི་ལས་ལ་བསྔགས། །ཁ་དོག་སེར་པོ་རྒྱས་པའི་ཕྲེང་། །དབང་ལ་ཁ་དོག་དམར་པོའི་ཕྲེང་། །ནག་པོ་དྲག་པོའི་ཕྲེང་བར་བསྔགས། །ལས་རྣམས་ཀུན་ལ་ཁྲ་བོར་བཤད། ཅེས་གསུངས་པས་སོ། །
གསུམ་པ་བྱ་རྒྱུད་ལས་རིགས་གསུམ་གྱི་ཕྲེང་བ་བཤད་དེ། དེ་བཞིན་གཤེགས་པའི་རིགས་ལ་བོ་དེ་ཙེའི་ཕྲེང་བ་དང་། པདྨའི་རིགས་ལ་པདྨའི་སྙིང་པོ་དང་། རྡོ་རྗེ་རིགས་ལ་རུ་དྲཱ་ཀྵའི་ཕྲེང་བ་དགོས་པར་གསུངས་པའི་ཕྱིར་ཏེ། ལེགས་གྲུབ་ལས། རྒྱལ་བའི་རིགས་ལ་བོ་དེ་ཙེ། །སྔགས་ཀྱི་ནོར་བུར་རབ་ཏུ་བསྒྲགས། །པདྨའི་རིགས་ལ་པདྨའི་སྙིང་། །རྡོ་རྗེ་རིགས་ལ་རུ་དྲཱ་ཀྵ། །རིགས་གསུམ་དག་ནི་ཐམས་ཅད་ལ། །ནོར་བུ་དེ་དག་རབ་ཏུ་བསྒྲགས། ། བཟླས་བརྗོད་བྱེད་པའི་ལས་ཀུན་ལ། །དེ་དག་དགེ་ཞིང་མཆོག་ཏུ་བཤད། །ཅེས་གསུངས་པའི་ཕྱིར་རོ། །རྣལ་འབྱོར་རྒྱུད་ལས་ནི་དེ་བཞིན་གཤེགས་པའི་རིགས་དང་། རྡོ་རྗེའི་རིགས་དང་། རིན་ཆེན་ནམ་ནོར་བུའི་རིགས་དང་། པདྨའི་རིགས་དང་རིགས་བཞི་བྱས་ཏེ་དང་པོ་ལ་བོ་དེ་ཙེ་དང་། གཉིས་པ་ལ་རུ་དྲཱ་ཀྵ་དང་། གསུམ་པ་ལ་མུ་ཏིག་དང་། བཞི་པ་ལ་པདྨའི་སྙིང་པོའི་ཕྲེང་བ་བསྔགས་པ་ཡིན་ཏེ། རྒྱུད་རྡོ་རྗེ་རྩེ་མོ་ལས། སངས་རྒྱས་རྣལ་འབྱོར་བོ་དེ་ཙེ། །རྡོ་རྗེ་ཅན་ལ་རུ་དྲཱ་ཀྵ། །ཕྱི་རོལ་ནོར་རིགས་དབང་པོ་སྟེ། །མུ་ཏིག་ནོར་བུའི་རྣལ་འབྱོར་ཅན། ། པདྨའི་སྙིང་པོའི་ཕྲེང་བ་ནི། །པདྨའི་རིགས་རྣམས་ཀུན་ལ་བསྔགས། །ཞེས་གསུངས་པས་སོ། །
བཞི་བ་རྒྱུ་རབ་འབྲིང་ཐ་གསུམ་གྱི་ཕྲེང་རྒྱུའི་དབྱེ་བ་ནི། ཕྲེང་བའི་རྒྱུ་རབ་ནི་རིན་པོ་ཆེའི་རིགས་དང་། འབྲིང་ནི་ཤིང་གི་འབྲས་བུའི་རིགས་དང་། ཐ་མ་ནི་ཤིང་དང་ས་རྡོ་དང་སྨན་གྱི་ལྡེ་གུའི་རིགས་ཀྱིས་བཟོས་པ་རྣམས་ཡིན་ཏེ། པདྨའི་ཕྲེང་བཤད་ལས། རྒྱུ་ནི་རབ་ལ་རིན་པོ་ཆེ། །འབྲིང་ནི་ཤིང་གི་འབྲས་བུ་སྟེ། །ཐ་མ་ཤིང་དང་ས་རྡོ་དང་། །སྨན་གྱི་ལྡེ་གུ་ཕྲེང་བའོ། །ཞེས་གསུངས་པའི་ཕྱིར་རོ། །
ཕྲེང་བའི་དབྱེ་བ།
[རྩོམ་སྒྲིག]ཕྲེང་བའི་དབྱེ་བ་ལ་ངོ་བོའི་སྒོ་ནས་དབྱེ་བ་དང་། སྒྲུབ་པ་པོས་ཐོག་མཐའ་བར་གསུམ་གྱི་བྱ་བ་ལ་ཕྲེང་བ་གསུམ་གྱི་ཐ་སྙད་བཏགས་ནས་དབྱེ་བ། རྒྱུའི་སྒོ་ནས་དབྱེ་བ། ཁ་དོག་གི་སྒོ་ནས་དབྱེ་བ། ཆེ་ཆུང་གི་སྒོ་ནས་དབྱེ་བ། གྲངས་ཀྱི་སྒོ་ནས་དབྱེ་བ། ལྷའི་རིགས་ཀྱི་སྒོ་ནས་དབྱེ་བ། སྤང་བླང་གི་སྒོ་ནས་དབྱེ་བ་སོགས་བྱེ་བྲག་ཁྱད་པར་གྱི་དབྱེ་བ་ནི་བསམ་མི་ཁྱབ་པ་ཞིག་ཡོད་ཀྱང་འདིར་གོང་གསལ་གྱི་དབྱེ་སྟངས་དེ་དག་ངོ་སྤྲོད་རགས་ཙམ་བྱས་ན།
༡. ངོ་བོའི་སྒོ་ནས་དབྱེ་བ། ཕྱི་ནང་གསང་གསུམ་དང་དེ་ཁོ་ན་ཉིད་ཀྱི་ཕྲེང་བ་དང་རིགས་བཞི་སྟེ། ཕྱི་ཡི་ཕྲེང་ནི། རང་བཞིན་གྱི་གྲངས་ཚད་འཛིན་པ་དང་བསྙེན་པ་བྱེད་པའི་རྫས་ཀྱི་ཕྲེང་བ་སྤྱིའི་མིང་དུ་གོ་དགོས་ཤིང་། ནང་གི་ཕྲེང་བ་ནི། སྔགས་བཟླ་བའི་དུས་སུ་ཡས་མཆུ་མས་མཆུ་སྦྱོར་བའི་ཚུལ་ལ་གོ་དགོས་པ་དང། གསང་བའི་ཕྲེང་བ་ནི་གནད་ལ་དབབ་ཅིང་མཐར་དབྱུང་བ་སྟེ། སྔགས་བཟླ་བའི་དུས་སུ་དབུགས་འབྱིན་རྔུབ་བྱེད་ཚུལ་གྱི་ཆ་ནས་བཞག་པ་ཡིན། དེ་ཁོ་ན་ཉིད་ཀྱི་ཕྲེང་བ་ནི། ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་བ་ཉིད་སྤྲོས་པའི་མཚན་མ་ཉེ་བར་ཞི་བའི་རང་བཞིན་ཅན་ལ་བྱེད་པ་ཡིན་ཏེ“ཕྱི་ཕྲེང་རྫས་ལ་བརྟེན་རྣམས་སོ། ། ནང་གི་ཕྲེང་བ་མཆུ་སྦྱོར་རོ། ། གསང་བ་རླུང་གི་རྒྱུ་རྔུབས་ཏེ། ། སྟོང་ཉིད་སྤྲོས་པའི་ཕྲེང་བ་ཡིས། ། ཕྱི་ནང་གཞན་སོགས་གང་དང་གང་། གནས་ལུགས་ཀ་དག་དབྱིངས་སུ་བསྐྱལ། ། ཀུན་བཟང་དགོངས་པའི་ངང་ལ་བཞག”ཅེས་གསུང་པ་ལྟར་རོ། །
༢. སྒྲུབ་པ་པོས་ཐོག་མཐའ་བར་གསུམ་གྱི་བྱ་བ་ལ་ཕྲེང་བ་གསུམ་གྱི་ཐ་སྙད་བཏགས་ནས་དབྱེ་བ་ནི། ཐོག་མར་བརྩོན་འགྲུས་ཕྲེང་བ། བར་དུ་ཡེངས་མེད་ཕྲེང་བ། ཐ་མར་གཏན་བཞག་གི་ཕྲེང་བ་བཅས་སོ། །
༣. རྒྱུའི་སྒོ་ནས་དབྱེ་བ་ནི། རྒྱུ་ལ་སྤྱི་དང་བྲེ་བྲག་གཉིས་ལས། དང་པོ་ཕྲེང་བའི་རྒྱུ་སྤྱི་ལ་ནི། རྒྱུ་སྡེ་མང་པོ་ཞིག་ན། ཤེལ་དང་། ཉ་ཕྱིས། མུ་ཏིག མུ་མེན། བྱུ་རུ། ལུང་ཐང་། དུང་། གསེར། དངུལ། ཟངས། ཞ་ཉེ། འཁར་བ། པདྨའི་སྙིང་པོ། བ་སོ། ཙན་དན། རུ་དྲཱ་ཀྵ། ནཱག་ཕ་ཎཱི། པུ་ཏྲ་ཙི། རཀྴ། ཝུ་མ། མིའི་ཐོད་རུས། རྔ་མོང་དང་བོང་བུ་མ་ཧེ་སོགས་ཀྱི་རུས་པ། ཤིང་གི་འབྲས་བུའི་རིགས། རིན་པོ་ཆེའི་རིགས་སོགས་ཕལ་ཆེར་གང་འདོད་གང་འཛོམས་ལ་བྱ་རུང་བར་གསུངས་སོ། །
གཉིས་པ་བྱེ་བྲག་གི་རྒྱུ་ལ་ཞི་རྒྱས་དབང་དྲག་གི་ཕྲེང་རྒྱུ་སོ་སོ་དང་རིགས་ཀྱི་ཁྱད་པར་གྱི་ཕྲེང་རྒྱུ་སོ་སོ། རབ་འབྲིང་ཐག་གསུམ་གྱི་ཕྲེང་རྒྱུ་སོ་སོར་ཡོད་པ་ལས།ཞི་རྒྱས་དབང་དྲག་བཞི་ཡི་ཞི་བའི་སྔགས་བཟླ་བྱེད་ཀྱི་ཕྲེང་བའི་རྒྱུ་ནི། དུང་དང་ཤེལ། ཉ་ཕྱིས། མུ་ཏིག་དཀར་པོ། བེཌཱུརྱ་དཀར་པོ། བྱང་ཆུང་ཤིང་གི་འབྲས་བུ། རིན་པོ་ཆེའི་རིགས་མདོག་དཀར་ལ་འཇམ་པ་རྣམས་སོ། །
རྒྱས་པའི་ལས་སྒྲུབ་པའི་སྔགས་བཟླ་བྱེད་ཀྱི་ཕྲེང་བའི་རྒྱུ་ནི། གསེར་དང་། དངུལ། ཟངས། མུ་ཏིག པདྨའི་སྙིང་པོ། ལུང་ཐང་། ཨ་རུ་ར། ནི་བར་ཏ། འོ་སེ་ལ་སོགས་ཕན་ནུས་དང་ཡོན་ཏན་ཅན་གྱི་ཤིང་འབྲས་དང་། མདོག་སེར་པོ་ཟད་དཀའ་བའི་རིགས་རྣམས་དགོས་པར་གསུངས་སོ། ། དབང་གི་ལས་སྒྲུབ་པའི་སྔགས་བཟླ་བྱེད་ཀྱི་ཕྲེང་བའི་རྒྱུ་ནི། བྱུ་རུ་དང་། པདྨ་རཱ་ག ཙནྡན་དམར་པོ། ཟངས་མ། སེང་ལྡེང་། མཛོ་མོ་ཤིང་སོགས་ཁ་དོག་དམར་པོའི་རིགས་དང་དྲི་ཞིམ་ཅན་གྱི་ཤིང་ལ་སོགས་པ་དག་བྱ་དགོས་པར་གསུངས།།
དྲག་པོ་མངོན་སྤྱོད་ཀྱི་ལས་ཀྱི་སྔགས་བཟླ་བྱེད་ཀྱི་ཕྲེང་བའི་རྒྱུ་ནི། ལྕགས་དང་། གཡུ། རུ་དྲཱ་ཀྵ། ལུང་ཐང་། མིའི་ཐོད་རུས། དྲེད་མོང་གི་སོ། རྔ་མོང་དང་བོང་བུ་དང་མ་ཧེའི་རུས་པ། ཚེར་ནག་གི་ཤིང་དང་ཐོག་གུ་སོགས་ཁ་དོག་ནག་ཅིང་རྩུབ་པའི་རིགས་ཀྱི་ཕྲེང་བ་དག་བསྔགས་སོ། །
རིགས་ཀྱི་དབྱེ་བའི་ཕྲེང་བའི་རྒྱུའི་ཁྱད་པར་ལ། རྒྱུ་རིགས་བསྡུས་ཀྱིས་དབྱེ་བ་དང་། ཁ་དོག་རིགས་བསྡུས་ཀྱི་དབྱེ་བ། ལྷ་རིགས་སོ་སོའི་ཁྱད་པར་གྱི་དབྱེ་བ་དང་གསུམ་ལས། རྒྱུ་རིགས་བསྡུས་ཀྱི་དབང་དུ་བྱས་ན་ས་རིལ་གྱི་རིགས་ཞི་བའི་ལས། རྡོ་ཡི་རིགས་རྒྱས་པའི་ལས། སྨན་གྱི་རིགས་དབང་གི་ལས། ཐོད་པ་སོགས་རུས་པའི་རིགས་དྲག་པོའི་ལས་ལ་བསྔགས་པར་གསུངས་པ་དང་། ཁ་དོག་རིགས་བསྡུས་ཀྱི་དབང་དུ་བྱས་ན། ཁ་དོག་དཀར་པོ་ཞི་བ། སེར་པོ་རྒྱས་པ། དམར་པོ་དབང་། ནག་པོ་དྲག་པོའི་ལས། ཁྲ་བོ་སྣ་ཚོགས་ལ་བསྔགས་པར་གསུངས།
ལྷ་རིགས་སོ་སོའི་རིགས་བསྡུས་ཀྱི་ཁྱད་པར་ལ། བྱ་རྒྱུད་ལས་རིགས་གསུམ་གྱི་དབྱེ་བ་བཤད་དེ། དེ་བཞིན་གཤེགས་པའི་རིགས་ལ་བོ་དེ་ཙེའི་ཕྲེང་བ། པདྨའི་རིགས་ལ་པདྨའི་སྙིང་བོ། རྡོ་རྗེའི་རིགས་ལ་རུ་དྲཱ་ཀྵའི་ཕྲེང་བ་དགོས་པར་གསུངས་པ་དང་། རྣལ་འབྱོར་རྒྱུད་ལས། དེ་བཞིན་གཤེགས་པའི་རིགས་ལ་བོ་དེ་ཙེ། རྡོ་རྗེའི་རིགས་ལ་རུ་དྲཱ་ཀྵ། རིན་ཆེན་ནམ་ནོར་བུའི་རིགས་ལ་མུ་ཏིག པདྨའི་རིགས་ལ་པདྨའི་སྙིང་པོའི་ཕྲེང་བ་དགོས་པར་གསུངས་སོ། །
རྒྱུ་རབ་འབྲིང་ཐ་གསུམ་གྱི་ཕྲེང་བའི་རྒྱུའི་དབྱེ་བ་ནི། རབ་ནི་རིན་པོ་ཆེའི་རིགས། འབྲིང་ཤིང་གི་འབྲས་བུའི་རིགས། ཐ་མ་ཤིང་དང་ས་རྡོ་དང་སྨན་གྱི་ལྡེ་གུའི་རིགས་ཀྱིས་བཟོ་དགོས་པར་གསུངས་ཏེ། “རྒྱུ་ནི་རབ་ལ་རིན་པོ་ཆེ། ། འབྲིང་ནི་ཤིང་གི་འབྲས་བུ་སྟེ། ། ཐ་མ་ཤིང་དང་ས་རྡོ་དང་། ། སྨན་གྱི་ལྡེ་གུའི་ཕྲེང་བའོ། ། ”ཞེས་གསུངས་པ་ལྟར་རོ། །
༤. ཁ་དོག་གི་སྒོ་ནས་དབྱེ་བ་ནི། གོང་གི་རིགས་ཀྱི་རྒྱུའི་དབྱེ་བའི་སྐབས་སུ་བཤད་ཟིན་ཡང་ད་དུང་ཇེ་གསལ་དུ་བཏང་ན། དུང་དང་བྱུར་དཀར། ཤེལ་སོགས་ཁ་དོག་དཀར་པོའི་རིགས་རྒྱུ་བྱས་པའི་ཕྲེང་བ་ནི་ཞི་བ་དང་། གསེར་དང་སྦུར་ལེན་ནམ་སྤོས་ཤེལ། ཨ་རུའི་སྙིང་པོ་སོགས་ཁ་དོག་སེར་པོའི་རིགས་རྒྱུ་བྱས་པའི་ཕྲེང་བ་ན་རྒྱས་པའི་ལས། བྱུ་རུ་དང་ཟངས། ཙནྡན་སོགས་ཁ་དོག་དམར་པོའི་རིགས་དང་། སྨན་གྱི་ལྡེ་གུ་རྒྱུ་བྱས་པའི་ཕྲེང་བ་ནི་དབང་གི་ལས། ལྕགས་དང་ཚེར་ནག། ལུང་ཐང་སོགས་མདོག་ནག་རྩུབ་པས་རྒྱུ་བྱས་པའི་ཕྲེང་བ་ནི་དྲག་པོའི་ལས། གཟི་དང་མཆོང་། མདོག་སྣ་ཚོགས་ཅན་གྱི་རིན་པོ་ཆེའི་རིགས། བྷོ་ཏི་ཙིཏྟ། བ་སོ་སོགས་རྒྱུ་བྱས་པའི་རིགས་ནི་ལས་སྣ་ཚོགས་སྒྲུབ་པའི་ཕྲེང་ཡིན་པར་གསུངས་སོ། །
༥. ཆེ་ཆུང་གི་སྒོ་ནས་དབྱེ་བ་ནི། “ཆེ་ཆུང་ཚད་ནི་འདི་ལྟ་སྟེ། ། ཞི་བ་རང་གི་འགྲམ་སོའི་ཚད། ། རྒྱས་པ་ལ་ནི་མཐེའུ་ཆུང་ཙམ།། དབང་ཕྲེང་ནོར་བུའི་ཏོག་དང་མཉམ། ། དྲག་པོའི་ཕྲེང་བ་རྐང་བ་ཡི། ། མཐེབ་ཆེན་ཚད་དང་མཉམ་པ་སྟེ། ། འོན་ཀྱང་ནོར་བུའི་ཕྲེང་བ་དང་། ། ཤིང་འབྲས་རང་རང་ཚད་ཀྱིས་བཟུང་། ། ” ཞེས་གསུངས་པ་ལྟར། ཆེད་དུ་བཟོ་འདོད་པ་ཞིག་ཡིན་ན། ཞི་བའི་ཕྲེང་བའི་ཚད་ནི་མི་རང་རང་གི་གཡས་ཀྱི་འགྲམ་སོའི་སྟེང་འོག་གང་རུང་གི་རྒྱབ་ནས་བརྩིས་པའི་གཉིས་པ་དང་། རྒྱས་པ་ལ་སྐྱེས་པ་ཡིན་ན་མཐེའུ་ཆུང་གཡས་དང་། བུད་མེད་ཡིན་ན་གཡོན་གྱི་མཐེའུ་ཆུང་གི་སོར་རྩེའི་ཚད་དང་མཉམ་པ། དབང་ལ་སྐྱེས་པ་རང་གི་ནོར་བུ་འགྲེང་བའི་སྐབས་ཀྱི་ཏོག་གི་ཚད། བུད་མེད་ཡིན་ན་རང་གི་ལག་པ་གཡོན་གྱི་མཐེ་བོང་གི་སེན་རྩེ་ནས་གོང་མཛུབ་ཀྱི་སོར་ཚིགས་དང་པོའི་རི་མོ་དང་ཐུག་པའི་ནང་ངོས་ཀྱི་ཚད། དྲག་པོ་ལ་སྐྱེས་པར་རྐང་པ་གཡས་པའི་མཐེ་བོང་དང་། བུད་མེད་ལ་གཡོན་གྱི་མཐེ་བོང་གི་ཚད་དགོས་པར་གསུངས་ཤིང་། གཞན་གྱི་བཟོས་ཟིན་པའི་རིན་པོ་ཆེའི་ཕྲེང་བ་དང་། རང་བྱུང་གི་ཤིང་འབྲས་བཅས་ནི་རང་རང་གི་ཚད་ཀྱིས་བཟུང་ཆོག་པས་ཆེ་ཆུང་གི་ཚད་དེ་དག་དང་མ་མཐུན་ནའང་འགལ་བ་མེད་པར་ཨོ་རྒྱན་པདྨའི་དགོངས་འདུས་ཕྲེང་བཤད་ལས་བཤད་དོ། །
༦. གྲངས་ཀྱི་སྒོ་ནས་དབྱེ་བ་ནི། འདི་ལའང་སྤྱི་དང་བྱེ་བྲག་གཉིས་ལས། ཕྲེང་བ་སྤྱིའི་གྲངས་ཚད་ལ་སློབ་དཔོན་པདྨའི་དགོངས་འདུས་ཕྲེང་བཤད་ལས། སྤྱི་ལ་བརྒྱ་དང་བརྒྱད་སྔགས་ཀྱང་། ། ཞེས་པ་ལྟར། བརྒྱ་དང་བརྒྱད་ཀྱིས་འཐུས་པར་གསུངས་ཤིང་། བྱེ་བྲག་ཏུ་སྔགས་སྒྲུབ་པ་ལ་གྲངས་ལྔ་བཅུ། དབང་གི་ལས་ཀྱི་གྲངས་ཚད་ལ་དེའི་ཕྱེད་དེ་ཉེར་ལྔ། ཞི་བའི་ལས་ཀྱི་གྲངས་ཚད་ལ་བརྒྱ་ཐམ་པ། རྒྱས་པའི་ལས་ཀྱི་ཕྲེང་བ་ལ་བརྒྱ་རྩ་བརྒྱད། དྲག་པོ་མངོན་སྤྱོད་ཀྱི་ཕྲེང་བ་ལ་དྲུག་ཅུ་དགོས་པར་གསུངས་ཏེ། ༼ རྡོ་རྗེ་མཁའ་འགྲོ༽ ལས“སྔགས་མཉེས་པ་ལ་ལྔ་བཅུ་སྟེ། རྗེས་སུ་ཆགས་པར་དེ་ཡི་ཕྱེད། །ཞི་བ་ལ་ནི་བརྒྱ་ཡིན་ཏེ། །རྒྱས་ལ་བརྒྱད་ནི་ལྷག་པར་བྱ། །མངོན་སྤྱོད་ལ་ནི་དྲུག་ཅུ་སྟེ། ། ལས་ཀྱི་བྱེ་བྲག་དག་གིས་སྦྱར།།”ཞེས་དྲག་པོ་མངོན་སྤྱོད་ལ་དྲུག་ཅུ་རྐྱང་དགོས་པར་གསུངས་མོད། ༼གཤིན་རྗེ་གཤེད་དམར་ལས ༽ “ ཞི་ལ་ནི་བརྒྱ་ཕྲག་གཅིག རྒྱས་པ་བརྒྱད་ཀྱིས་ལྷག་དེ་བཞིན། ། དབང་དགུག་ཉི་ཤུ་རྩ་ལྔའོ།། མངོན་སྤྱོད་དྲུག་ཅུ་རྩ་བཞིའོ།། རྡོག་པོ་རྣམས་ནི་སྔགས་ཀྱི་སྐུ། ། བརྒྱ་ཕྱེད་སྔགས་ཀྱིས་བསྒྲུབ་པར་བྱ། ། ”ཞེས་དྲག་པོ་མངོན་སྤྱོད་ཀྱི་ཕྲེང་བའི་གྲངས་ཚད་ལ་དྲུག་ཅུ་རེ་བཞི་གསུངས་པ་དང༼བདེ་མཆོག་སྡོམ་འབྱུང་༽ ལས “དབང་ལ་གོང་དུ་དྲངས་ཟིན་ལྟར། །རྟག་ཏུ་རིལ་བུ་ལྔ་བཅུའོ། ། ” ཞེས་དབང་གི་ལས་སྒྲུབ་པའི་ཕྲེང་བའི་ཚད་ལ་ལྔ་བཅུ་དང་། དྲག་པོའི་ཕྲེང་གྲངས་ཀྱི་ཚད་མ་གསུངས་སོ། །
“ཕྲེང་བའི་གྲངས་ཀྱི་ཚད་བསྟན་པ།། སྤྱི་ལ་བརྒྱ་དང་བརྒྱད་བསྔགས་ཀྱང་།། ཡང་ན་དེ་ཕྲེད་ལྔ་བཅུ་བཞི། ། ཉེར་གཅིག་དང་ནི་བཅུ་བཞི་སྟེ། ། ཞེ་རྒྱས་ལས་སྔགས་གང་བསྟེན་ཡང་། ། བཅུ་གཅིག་གྲངས་ཀྱི་ཚད་ཀྱང་བསྐྱལ། ། བརྒྱ་སྟོང་ཁྲི་འབུམ་ལ་སོགས་པར། ། བསྙེན་གྲངས་གཞུང་དང་བསྟུན་པར་བྱ། ། དེ་བཞིན་རྒྱས་པ་བརྒྱ་རྩ་བརྒྱད། ། དབང་ལ་ལྔ་བཅུ་རྩ་བཞིའི་གྲངས། ། དྲག་པོ་ལ་ནི་ཉེར་གཅིག་གོ། ཀུན་ཀྱང་རང་རང་གཞུང་ལུགས་ལྟར། ། གྲངས་ཀྱི་བསྙེན་པ་ཚད་དུ་བསྐྱལ། ། དེ་ལྟར་རྣམ་པ་བཞི་དག་ལ། ། མང་བ་མི་བྱ་ཉུང་མི་བྱ། ། ”ཞེས་གོང་དང་མི་མཐུན་པར་གསུངས་ཀྱང་། གཙོ་བོ་རྒྱུད་སྡེ་གང་ཉམས་སུ་ལེན་པའི་སྐབས་དེའི་དགོངས་པ་དང་བསྟུན་དགོས་ལ། ཟབ་མོ་དག་སྣང་གི་རྒྱུད་ལྟ་བུ་ལ་དམིགས་བསལ་རེ་ཡོད་པ་ནི་བླ་མའི་མན་ངག་ལྟར་བྱ་དགོས་པར་གསུངས་སོ། །
༧.ལྷ་རིགས་ཀྱི་སྒོ་ནས་དབྱེ་བ་ནི། འདི་ཡང་རིགས་ཀྱི་རྒྱུའི་དབྱེ་བའི་སྐབས་སུ་ཅུང་ཟད་བཤད་ཟིན་ཡང་། རྒྱུད་སྡེ་སོ་སོའི་ནང་གསུང་ཚུལ་མི་འདྲ་སྟེ། ༼རྒྱུད་རྡོ་རྗེ་རྩེ་མོ༽ ལས “སངས་རྒྱས་རྣལ་འབྱོར་བོ་དེ་ཙེ། ། རྡོ་རྗེ་ཅན་ལ་རུ་ཀྵ། ། ཕྱི་རོལ་ནོར་རིགས་དབང་པོ་སྟེ། ། མུ་ཏིག་ནོར་བུའི་རྣལ་འབྱོར་ཅན། ། པདྨའི་སྙིང་བོའི་ཕྲེང་བ་ནི། །པདྨའི་རིགས་རྣམས་ཀུན་ལ་བསྔགས། ། ”ཞེས་དང་། དགེ་སློང་དབང་ཕྱུག་རིན་ཆེན་གྱིས་མཛད་པའི༼ མཁའ་འགྲོ་མ་རྡོ་རྗེ་གུར་གྱི་ཊཱིཀྐ་རིན་པོ་ཆེའི་ཟླ་བའི་སྒྲོན་མེའི་ལེའུ་དྲུག་པ༽ ལས “བཟླས་པའི་གྲོགས་ཕྲེང་བ་ནི། བསེ་རུ་ནི་རིན་འབྱུང་གི་སྒོམ་ཆེན་པས་བཟུང་། དུང་ནི་རྣམ་སྣང་གི་སྒོམ་ཆེན་པས། རུ་རག་ཤ་ནི་མི་བསྐྱོད་པས། པདྨའི་འབྲུ་ནི་སྣང་མཐས། མུ་ཏིག་ལ་སོགས་ནི་དོན་གྲུབ་ཀྱིས་སོ། །བྱུ་རུ་སོགས་ནི་སྣང་མཐའི་སྒོམ་ཆེན་པས་བཟུང་ངོ། ། ”ཞེས་གསུངས་ཤིང་། རྒྱུད་སྡེ་དག་གི་དགོངས་པ་མི་འདྲ་ཡང་གཙོ་བོ་རྒྱུད་སྡེ་གང་ཉམས་སུ་ལེན་པའི་སྐབས་དེའི་དགོངས་པ་དང་ཆོས་རྒྱུད་རང་རང་གི་བླ་མའི་མན་ངག་དང་བསྟུན་དགོས་པར་གསུངས་སོ། །
༨. སྤང་བླང་གི་སྒོ་ནས་དབྱེ་བ་ནི། བླང་བྱའི་ཕྲེང་བ་དག་ནི་གོང་ཕྲེང་བའི་རྒྱུ་བྱེད་པའི་སྐབས་ཀྱི་ཕྲེང་བ་དེ་དག་སྤང་བྱའི་སྐྱོན་གྱིས་མ་གོས་ན་བླང་བྱ་ཡིན་པས། བསྐྱར་དུ་གླེང་དགོས་མི་འདུག་ལ། སྤང་བྱའི་ཕྲེང་ན༼ཨོ་རྒྱན་རིན་པོ་ཆེའི་དགོངས་འདུས་ཕྲེང་བཤད༽ ལས “རྭ་ཕྲེང་མི་བཅིང་བགྲང་མི་བྱ། ། མཚམས་མེད་ལས་བགྱིས་འགྲོ་བ་ཡིས། ། བགྲང་དང་བཅིང་བའི་ཕྲེང་བ་དང་། ། དེ་བཞིན་གཞན་གྱིས་དོར་ཞིང་སྟོར་བ་ཡི། ། རྙེད་པའི་ཕྲེང་བ་མི་བསྟེན་སྤང་། ། ལྷ་ལ་ཕུལ་དང་རྒྱན་བྱས་ལ། ། དབང་མེད་འཕྲོག་པའི་ཕྲེང་བ་སྤང་།། ཐག་པ་ཆད་དང་གྲངས་མ་ཚང་། ། དུད་འགྲོས་འགོམས་དང་བྱ་བྱིས་ཟོས། ། མེས་འཚིགས་ལ་སོགས་ཉམས་པ་རྣམས། ། སྔགས་ལ་དམ་སེལ་ཞུགས་པས་སྤང་། ། ལུང་མ་བསྟན་གྱི་ཕྲེང་བ་དང་། ། རྣལ་འབྱོར་ཡིད་དང་མི་མཐུན་པའི། ། ཕྲེང་བ་གང་ཡིན་མི་བཅང་སྤང་། ། ”ཞེས་གསུངས་པ་བཞིན། རྭ་ཅོའི་ཕྲེང་བ་དང་། རྐང་རུས་ཀྱི་ཕྲེང་བ་དང་། མཚམས་མེད་པའི་ལས་བྱའི་ཕྲེང་བ་དང་། དམ་ཉམས་དང་བཤན་པ་དང་། གདོལ་བ་དང་། གཡུང་པོ་དང་། དམེ་བོ་དང་། ཆོས་བརྒྱུད་དང་བླ་སློབ་ལ་དམ་སེལ་ཞུགས་པ་དང་། ཡུགས་ས་དང་། སྡིག་སྒྲིབ་ཆེན་པོ་ཅན་དང་། རྐུན་མ་ཐག་པ་རྣམས་ཀྱིས་འཆང་བགྲང་མྱོང་བའི་ཕྲེང་བ་དང་། གཞན་གྱིས་དོར་བ་དང་སྟོར་བ་ཐང་ནས་རྙེད་པ་དང་། ལྷ་ལ་ཕུལ་ཟིན་པ་དང་། གཞན་གྱི་རྒྱན་ཆ་བྱས་པ་འཕྲོག་པ་དང་། ཐག་པ་ཆད་པ་དང་། གྲངས་ཀ་མི་ཚང་བ་དང་། ཁ་དོག་མི་ལེགས་པ་དང་། ཆེ་ཆུང་མི་སྙོམས་པ་དང་། རུས་པ་དང་ཤིང་ཕྲེང་མཉམ་དུ་བརྒྱུས་པ་ལྟ་བུ་རིགས་མི་མཐུན་པ་བསྡེབས་པ་དང་། དུད་འགྲོ་ཁྱི་རྟ་སོགས་ཀྱིས་འགོམ་པ་དང་། བྱ་བྱི་སོགས་ཀྱིས་ཟོས་པ་དང་། མེས་འཚིགས་པ་དང་། གས་ཆག་ཉམས་རལ་དུ་གྱུར་བ་དང་། མཚན་ཉིད་མི་ཚང་བའི་ལུང་མ་བསྟན་གྱི་ཕྲེང་བ་དང་། རྣལ་འབྱོར་བའི་ཡིད་དང་མི་མཐུན་པའི་ཕྲེང་བ་རྣམས་ནི་དམ་ཚིག་གི་རྟེན་དུ་འཆང་མི་རུང་ལ་བགྲང་ཡང་མི་རུང་བས་སྤང་བྱའི་ཕྲེང་བ་ཡིན་ལ།། གལ་ཏེ་རང་གི་ཕྲེང་བ་ཉམས་གས་སུ་གྱུར་ན། ། “རང་གིས་བཅིང་པའི་ཕྲེང་བ་དེ། ། ཉམས་པ་ལ་སོགས་སྐྱོན་ཞུགས་ན། ། མེ་ཐབ་ཡེ་ཤེས་ལྷ་ལ་འབུལ། ། ཡང་བ་འབྱུང་ཆུ་ལ་འབུལ། ། ཡང་ན་དམ་ཙིག་གཅིག་ངེས་པའི། ། མཆེད་དང་ལྕམ་ལ་སྦྱིན་ནའང་རུང་། ། རང་གིས་བཅིངས་པར་མི་བྱའོ། ། ”ཞེས་གསུངས་པ་ལྟར། སྦྱིན་བསྲེག་བྱེད་པའམ་ཆུ་ལ་དོར་བ་དང་། ཡང་ན་དམ་ཚིག་གཅིག་པའི་མཆེད་གྲོགས་ལ་སྦྱིན་རུང་བ་ཡིན་ནོ། །
ཕྲེང་བའི་གྲངས་ཚད།
[རྩོམ་སྒྲིག]ཕྲེང་བའི་གྲངས་ཚད་ལ་མཁས་གྲུབ་རྗེའི་རྣལ་འབྱོར་རོལ་བའི་དགའ་སྟོན་ལས། གཉིས་པ་གྲངས་ནི། ཁ་སྦྱོར་ལས། སྔགས་ཀྱི་སྒྲུབ་པ་ལྔ་བཅུ་སྟེ། །དབང་ལ་དེ་ཡི་ཕྱེད་ཉིད་དོ། །བརྒྱ་ཕྲག་གཅིག་ནི་ཞི་བ་ལ། །དེ་བཞིན་རྒྱས་ལ་ལྷག་པར་བརྒྱད། །མངོན་སྤྱོད་ལ་ནི་དྲུག་བཅུ་ཉིད། །ཁྱད་པར་དུ་ནི་ལས་ལ་སྦྱར། །ཞེས་གསུངས་པ་ལྟར་གཞན་རྣམས་ལས་ཀྱང་མཐུན་པར་གསུངས་སོ། །ཞེས་གསུངས་པ་དང་། རྗེས་དཀར་ཨོ་རྒྱན་བརྩོན་འགྲུས་ཀྱིས་སྔགས་ཆས་རྣམ་བཤད་ལས། ལྔ་པ་ཕྲེང་བའི་གྲངས་ཚད་ལ་ནི། གྲངས་ཀྱི་ཚད་དང་། ཆེ་ཆུང་གི་ཚད་གཉིས་ལས། དང་པོ་ནི། སྔགས་སྒྲུབ་པས་ཕྲེང་བའི་གྲངས་ཀ་ལྔ་བཅུ་དང་། དབང་གི་ལས་ཀྱི་ཕྲེང་གྲངས་ལ་དེའི་ཕྱེད་དེ་ཉེར་ལྔ་དང་། ཞི་བའི་ལས་ཀྱི་ཕྲེང་གྲངས་ལ་བརྒྱ་ཐམ་པ་དང་། རྒྱས་པའི་ལས་ཀྱི་ཕྲེང་བ་ལ་བརྒྱ་རྩ་བརྒྱད་དང་། དྲག་པོ་མངོན་སྤྱོད་ཀྱི་ཕྲེང་བ་ལ་དྲུག་ཅུ་ཐམ་པ་དགོས་པ་ཡིན་ཏེ། རྡོ་རྗེ་མཁའ་འགྲོ་ལས། སྔགས་མཉེས་པ་ལ་ལྔ་བཅུ་སྟེ། །རྗེས་སུ་ཆགས་པར་དེ་ཡི་ཕྱེད། །ཞི་བ་ལ་ནི་བརྒྱ་ཡིན་ཏེ། །རྒྱས་ལ་བརྒྱད་ནི་ལྷག་པར་བྱ། །མངོན་སྤྱོད་ལ་ནི་དྲུག་ཅུ་སྟེ། །ལས་ཀྱི་བྱེ་བྲག་གིས་ནི་སྦྱར། །ཞེས་དང་། སཾ་པུ་ཊ་དང་། གདན་བཞི་ལས་ཀྱང་གསུངས་པ་དང་། གཤིན་རྗེ་གཤེད་དམར་ལས། ཞི་བ་ལ་ནི་བརྒྱ་ཕྲག་གཅིག །རྒྱས་པ་བརྒྱད་ཀྱིས་ལྷག་དེ་བཞིན། །དབང་དགུག་ཉི་ཤུ་རྩ་ལྔའོ། །མངོན་སྤྱོད་དྲུག་ཅུ་རྩ་བཞིའོ། །རྡོག་པོ་རྣམས་ནི་སྔགས་ཀྱིས་སྐུ། །བརྒྱ་ཕྱེད་སྔགས་ཀྱིས་བསྒྲུབ་པར་བྱ། ཞེས་གསུངས་པའི་ཕྱིར་རོ། །བདེ་མཆོག་སྡོམ་འབྱུང་ལས་ནི། ཞི་ལ་རིལ་བུ་བརྒྱ་བ་སྟེ། །རིལ་བུ་བརྒྱ་རྩ་བརྒྱད་པ་ནི། །རྒྱས་པའི་ལས་ལ་རབ་བསྔགས་ཏེ། །ཞེས་ཞི་རྒྱས་གཉིས་ལ་གོང་དུ་དྲངས་མ་ཐག་པའི་རྒྱུད་དག་དང་མཐུན་པར་གསུངས་ཤིང་། དབང་ལ་གོང་དུ་དྲངས་ཟིན་ལྟར། རྟག་ཏུ་རིལ་བུ་ལྔ་བཅུའོ། །ཞེས་དང་། དྲག་པོའི་ཕྲེང་གྲངས་མ་གསུངས་སོ། །གཤེད་དམར་ལས་དྲངས་མ་ཐག་པ་ལྟར་དྲག་པོ་ལ་རེ་བཞི་དགོས་པར་བཤད་པ་དག་ནི་མི་འདྲ་བའི་ཁྱད་པར་རོ། ཕྲེང་བ་སྤྱིའི་གྲངས་ཚད་ལ་གོང་དུ་དཔུང་བཟང་གི་རྒྱུད་དུ་གསུངས་པ་ལྟར་བརྒྱ་རྩ་བརྒྱད་པ་བྱ་བ་ཡིན་ཏེ། པདྨའི་ཕྲེང་བཤད་ལས། སྤྱི་ལ་བརྒྱ་དང་བརྒྱད་བསྔགས་ཀྱང་། ཞེས་གསུངས་པས་སོ། །
གཉིས་པ་ཆེ་ཆུང་གི་ཚད་ལ་ཞི་བ་ལ་རང་གི་འགྲམ་སོ་ཙམ་དང་། རྒྱས་པ་ལ་མཐེའུ་ཆུང་གི་རྩེ་མོ་ཙམ་དང་། དབང་ལ་ནོར་བུའི་ཏོག་ཙམ་དང་། དྲག་པོ་ལ་རྐང་པའི་མཐེབ་ཆེན་གྱི་ཚད་ཙམ་དགོས་པར་བཤད་དེ། པདྨའི་ཕྲེང་བཤད་ལས། ཆེ་ཆུང་ཚད་ནི་འདི་ལྟ་སྟེ། །ཞི་བ་རང་གི་འགྲམ་སོའི་ཚད། །རྒྱས་པ་ལ་ནི་མཐེའུ་ཆུང་ཙམ། །དབང་ཕྲེང་ནོར་བུའི་ཏོག་དང་མཉམ། །དྲག་པོའི་ཕྲེང་བ་རྐང་བ་ཡི། །མཐེབ་ཆེན་ཚད་དང་མཉམ་པ་སྟེ། ། ཞེས་གསུངས་པའི་ཕྱིར། འོན་ཀྱང་བཟོས་པའི་ཕྲེང་བ་ལ་དེ་ལྟར་བཤད་ཀྱི་ངེས་པ་ནི་མ་ཡིན་ཏེ། ནོར་བུའི་རིགས་ཁ་ཅིག་དང་ཤིང་འབྲས་ཀྱི་རིགས་ལ་སོགས་པ་ལ་ཚད་དེ་ལྟར་འོང་པའི་ངེས་པ་མེད་པས་ཆེ་ཆུང་གི་ཚད་དེ་བཟོས་པའི་ཕྲེང་བའི་དབང་དུ་བྱས་པའི་ཚད་ཡིན་པར་པདྨའི་ཕྲེང་བཤད་ལས་གསུངས་སོ། །
ཕྲེང་བའི་མདོ་འཛིན།
[རྩོམ་སྒྲིག]ཕྲེང་བའི་མདོ་འཛིན་ལ་སྔགས་ཆས་རྣམ་བཤད་ལས། དྲུག་པ་མདོ་འཛིན་ནི། ཞི་ཕྲེང་ལ་ཟླུམ་པོ་ཁ་དོག་དཀར་པོ་ཅན་དང་། རྒྱས་ཕྲེང་ལ་རྒྱ་མདུད་ཅན་ནམ་མཆོད་རྟེན་གྱི་རིས་ཅན་སེར་པོ་དང་། དབང་ལ་ཟླ་གམ་དང་། ལེབ་ལེབ་དང་ནར་མོ་གང་རུང་ཁ་དོག་དམར་པོ་ཅན་དང་། དྲག་པོ་ལ་ཟུར་གསུམ་སེན་རིས་ཅན་དང་། བུག་པ་ཚག་ཚག་ཅན་དང་།ཟུར་མང་པོ་ཅན་རྩུབ་ཅིང་ཁ་དོག་ནག་པོ་ཅན་གྱི་རིགས་དང་། ལས་སྣ་ཚོགས་ཀྱི་ཕྲེང་བ་ལ་མདོ་འཛིན་སྐུ་གསུང་ཐུགས་ཀྱི་མཚོན་བྱེད་རི་མོ་དཀར་དམར་སྔོན་པོས་སྤྲས་པ་ཅན་བྱ་དགོས་པ་ཡིན་ཏེ། པདྨའི་ཕྲེང་བཤད་ལས། ཕྲེང་བའི་མདོ་འཛིན་འདི་ལྟ་སྟེ། །ཞི་བ་དཀར་ཞིང་ཟླུམ་ལ་འགྲིལ། །རྒྱས་པ་སེར་པོ་རྒྱ་མདུད་ཅན། །ཡང་ན་ལྕམ་གཞོག་མཆོད་རྟེན་རིས། །དབང་ལ་ཁ་དོག་དམར་པོ་དང་། །དབྱིབས་ནི་ལེབ་ལ་ཟླ་གམ་དང་། །ནར་མོ་ཉིད་ཀྱང་ཤེས་པར་བྱ། །དྲག་པོ་ཁ་དོག་ནག་པོའི་ཆ། །དབྱིབས་ནི་ཟུར་གསུམ་སེན་ཐག་རིས། །ཟུར་ཅན་བུག་པ་ཚག་ཚག་རིས། །མདོར་ན་རྩུབ་ལ་རྣོ་བའོ། །སྣ་ཚོགས་ལས་ཀྱི་ཕྲེང་བ་ལ། །མདོ་འཛིན་སྐུ་གསུང་ཐུགས་ཀྱི་རྒྱ། །དཀར་དམར་སྔོན་པོའི་རིགས་ཀྱིས་སྤྲས། །དེ་སོགས་ཚུལ་མཐུན་རིགས་པས་དཔྱད། །ཅེས་གསུངས་པའི་ཕྱིར།
སྲད་བུའམ་རྒྱུན་སྐུད།
[རྩོམ་སྒྲིག]ཕྲེང་བའི་རྒྱུན་སྐུད་ལ་སྔགས་ཆས་རྣམ་བཤད་ལས། བཞི་བ་ཕྲེང་བའི་རྒྱུན་སྐུད་ནི། གསེར་གྱི་སྐུད་པའམ་བུ་མོ་གཞོན་ནུ་མ་མཛེས་ཤིང་ལྟ་ན་སྡུག་པ་དབང་པོ་དང་ཡན་ལག་ཤིན་ཏུ་རྫོགས་པ་དད་པ་དང་བློ་གྲོས་ལྡན་ཞིང་ངག་འཇམ་པས་བཀལ་བའི་རས་བལ་ཀྱི་སྐུད་པ་ལ་བྱ་དགོས་པ་ཡིན་ཏེ། རྡོ་རྗེ་མཁའ་འགྲོ་ལས། གསེར་གྱི་སྐུད་པས་བརྒྱུ་བར་བྱ། །ལས་རྣམས་ཀུན་ལ་དགེ་བ་ཡིན། །ཡང་ན་རས་བལ་སྐུད་པ་ནི། །བུ་མོ་གཞོན་ནུ་གཟུགས་མཛེས་ཤིང་། །ཡན་ལག་ཤིན་ཏུ་རྫོགས་པ་དང་། །བློ་གྲོས་ལྡན་ཞིང་ངག་འཇམ་སྨྲ། །དེ་ཡིས་བཀལ་བའི་སྐུད་པས་བརྒྱུ། །སྔགས་ཀྱི་དངོས་གྲུབ་གྲོལ་བར་འགྱུར། །ཞེས་དང་། གདན་བཞི་ལས། གཟུགས་རྫོགས་ཤིན་ཏུ་མཛེས་པ་དང་། །གཙང་ཞིང་དད་ལྡན་སྙན་པར་སྨྲ། །དེ་ཡིས་བཀལ་བའི་བགྲང་ཕྲེང་གིས། །གྲོལ་བའི་དངོས་གྲུབ་སྐྱེ་བར་འགྱུར། །ཞེས་དང་། བདེ་མཆོག་སྡོམ་འབྱུང་ལས། དགེ་བའི་ལས་ལ་གཞོན་ནུ་མས། །བཀལ་བའི་སྲད་བུས་བརྒྱུ་བར་བྱ། །ཞེས་གསུངས་པའི་ཕྱིར། དེ་ཡང་ཞི་བའི་ཕྲེང་བ་ལ་བལ་སྐུད་དཀར་པོ་དང་། རྒྱས་པ་ལ་རས་སྐུད་སེར་པོ་དང་། དབང་ལ་དར་སྐུད་དམར་པོ་དང་། དྲག་པོ་ལ་མི་གྲིར་ཤི་བའི་རྒྱུས་པའམ་རྒྱུས་ཆེན་དང་། རྒྱུ་མ་དང་། པགས་རིགས་ཀྱི་རྒྱུན་བུ་དགུ་སྒྲིལ་དང་། ལས་སྣ་ཚོགས་ཀྱི་ཕྲེང་བ་ལ་ཚོན་སྐུད་སྣ་ལྔ་བསྒྲིལ་བའི་སྲད་བུ་དགོས་པ་ཡིན་ཏེ། པདྨའི་ཕྲེང་བཤད་ལས། ཞི་བ་བལ་སྐུད་དཀར་པོ་ལ། །རྒྱས་པར་རས་སྐུད་སེར་པོ་བསྒྲིལ། །དབང་ཕྲེང་དར་སྐུད་དམར་པོ་བསྒྲིལ། །དྲག་པོའི་ཕྲེང་ཐག་གྲི་རྒྱུས་སམ། །ཡང་ན་རྒྱུས་ཆེན་སྒྲིལ་བར་བྱ། །དེ་བཞིན་རྒྱུ་མ་པགས་པའི་རིགས། །རྒྱུན་བུ་དྲས་པའི་རིགས་ཀྱིས་བསྒྲིལ། །སྣ་ཚོགས་ལས་ཀྱི་ཕྲེང་ཐག་ནི། །ཚོན་སྐུད་ལྔ་བསྒྲིལ་སྲད་བུ་སྟེ། །ཞེས་གསུངས་པ་དང་། ཕུར་པ་གསང་རྒྱུད་ལས། བ་སུ་ཏའམ་རྒྱུས་ཆེན་ལ། །དགུ་སྒྲིལ་དག་ཏུ་བྱས་ནས་ནི། །བརྒྱུས་པའི་མདོ་ལ་བསྙེན་ཕུར་གདགས། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་མནན་པ་དང་བསྐྲད་པའི་ལས་སྔགས་བཟླ་བྱེད་ཀྱི་ཕྲེང་ཐག་དེ་བོང་བུ་དང་རྔ་མོང་གི་སྤུ་ལ་བྱ་རོག་གམ་ཁྭ་ཏའི་སྒྲོ་བསྲེས་པའི་སྲད་བུ་དང་། ཕན་ཚུན་རྣམ་པར་སྡང་བའི་ལས་ལ་རྟ་དང་མ་ཧེའི་སྤུའི་སྲད་བུ་དང་། གསོད་པ་དང་གནོན་པ་དང་དབྱེ་བའི་ལས་སོགས་དྲག་ལས་སྤྱི་ལ་དུར་ཁྲོད་ཀྱི་སྐྲ་ལ་ཁྱི་སྤུ་བསྲེས་པའི་སྐུད་པ་ལ་བྱ་བ་ཡིན་ཏེ། བདེ་མཆོག་སྡོམ་འབྱུང་ལས། བོང་བུ་རྔ་མོའི་སྤུ་དང་ནི། །ཁྭ་ཡི་སྒྲོ་ནི་བསྲེས་བྱས་ལ། །མནན་དང་བསྐྲད་པའི་ལས་ལ་ནི། །དེ་ཡི་སྲད་བུས་བརྒྱུ་བར་བྱ། །རྟ་དང་མ་ཧེའི་སྤུ་ཡིས་ནི། རྣམ་པར་སྡང་ལ་སྲད་བུ་བྱ། དུར་ཁྲོད་སྐྲ་ཡིས་སྲད་བུ་དང་། ཁྱི་ཡི་སྤུ་ནི་བསྲེ་བྱ་སྟེ། དེ་ཡི་སྲད་བུ་དྲག་པོ་ཡི། ལས་ལ་བསྔགས་ཕྱིར་སྦྱང་བར་བྱ། ཞེས་དང་། རྡོ་རྗེ་མཁའ་འགྲོ་ལས། བསྐྲད་ལ་བྱ་རོག་སྤུ་དང་ནི། །བོང་བུ་རྔ་མོའི་སྤུ་ལས་བྱ། །རྟ་དང་མ་ཧེའི་སྤུ་ཡིས་ནི། །ཕན་ཚུན་སྡང་བའི་སྐུད་པ་བྱ། །དུར་ཁྲོད་སྐྲ་ཡིས་སྐུད་པ་དང་། །ཁྱི་ཡི་སྤུ་དང་བསྲེས་ཏེ་བཀལ། །དྲག་པོའི་ལས་ལ་ཁྱད་པར་དུ། ། མདོར་བསྡུས་ནས་ནི་བསྟན་པ་ཡིན། །ཞེས་དང་། ཁྲག་འཐུང་མངོན་འབྱུང་ལས། བྱ་རོག་སྒྲོ་ཡིས་བསྐྲད་པ་ཉིད། ། བོང་བུ་ཡིས་ནི་སྡང་པའོ། །ཁྱི་དང་རྟ་ཡི་ཕྲེང་བ་ལ། །སྒྲུབ་པོས་མེ་ཏོག་གིས་ནི་མཆོད། །རོ་ཡི་སྐྲ་ཡི་སྐུད་པ་དང་། །བོང་བུའི་སྤུད་དང་ཡང་དག་ལྡན། །སྐུད་པ་འདི་ཡིས་སྡང་བ་དང་། །ཁྱི་ཡི་སྤུ་ནི་བསྲེས་པས་ནི། །དངོས་གྲུབ་ཐམས་ཅད་བྱེད་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །
རྒྱུད་ཕྱི་མ་འདི་ལས་བསྐྲད་པ་སོགས་ལ་གོང་མ་དག་དང་མི་མཐུན་པར་ནང་ཕན་ཚུན་དཀྲུགས་པར་བྱས་མོད་དགོངས་པ་གཅིག་སྙམ། འགྱུར་མ་ལེགས་པ་ཡིན་ནམ་དཔྱད། ཕྲེང་ཐག་དེ་དག་ཧ་ཅང་སྦོམ་ཆེས་པ་དང་ཕྲ་ཆེས་པས་རིམ་བཞིན་བགྲང་དཀའ་བ་དང་ཚད་མི་ཟིན། ཡངས་ཆེས་པས་ལས་ལ་བར་ཆད་འཇུག་ཅིང་དོག་ཆེས་པས་ལས་མི་འགྲུབ། ཕྲེང་ཐག་ཧ་ཅང་རིང་ན་ལྷ་འགྱངས་ཤིང་སྒྲུབ་པ་གཡེལ། ཧ་ཅང་ཐུང་ན་སྒྲུབ་པ་པོའི་ཚེ་ལ་གནོད། ཕྲེང་ཐག་ཆད་དེ་མདུད་པ་བརྒྱབས་པའམ་མ་ཆད་པར་མདུད་པ་ཆགས་པ་དང་ཕྲ་སྦོམ་མི་སྙོམས་པ་ལས་གོད་ཁ་འབྱུང་བས་དེ་དག་གི་སྐྱོན་མཐའ་དག་དང་བྲལ་བ་ཞིག་དགོས་ལ་དེའི་ཤེས་བྱེད་ནི་སློབ་དཔོན་པདྨའི་དགོངས་འདུས་ཕྲེང་བཤད་ལས། དེ་དག་ཀུན་ཀྱང་ཕྲེང་བ་ཡི། །མིག་དང་བསྟུན་ལ་རན་པར་བྱ། ། ཡངས་པ་མ་ཡིན་དོག་པ་མིན། །རིང་བ་མ་ཡིན་ཐུང་བ་མིན། །ཧ་ཅང་དོག་པ་ལས་མི་འགྲུབ། །ཡངས་ན་གསེབ་འཚང་བར་ཆད་འཇུག །རིང་ན་ལྷ་འགྱང་སྒྲུབ་པ་གཡེལ། །ཧ་ཅང་ཐུང་ན་ཚེ་ལ་གཟན། །མདུད་པ་ཅན་དང་མདུད་པ་ཆགས། །ཕྲ་སྦོམ་མ་སྙོམས་གོད་ཁ་འབྱུང་། །དེ་སོགས་རྣམ་དབྱེ་ཤེས་པར་བྱ། །ཞེས་བྱུང་བ་སོགས་ཏེ། དེར་བལྟ་བར་བྱའོ་ཞེས་གསུངས་པའི་ཕྱིར།
ཕྲེང་བ་འཆང་ཚུལ།
[རྩོམ་སྒྲིག]ཕྲེང་བ་འཆང་ཚུལ་ལ་མཁས་གྲུབ་རྗེས་རྣལ་འབྱོར་རོལ་བའི་དགའ་སྟོན་དུ། དྲུག་པ་ཇི་ལྟར་འདྲེན་པའི་ཚུལ་ནི། རྡོ་རྗེ་མཁའ་འགྲོ་ལས། ཞི་བ་ལ་ནི་མཛུབ་མོར་བཞག །རྒྱས་ལ་གུང་མོར་དགལ་བར་བྱ། །དབང་དུ་བྱ་བ་སྲིན་ལག་གསུངས། །ཐ་མ་ལ་ནི་མངོན་སྤྱོད་བྱ། །མཐེ་བོང་ལྕགས་ཀྱུ་བྱས་ནས་ནི། །ལྷ་རྣམས་ཐམས་ཅད་འགུག་པར་བསམས། །ཤིན་ཏུ་མཉམ་གཞག་སྔགས་བཟླས་ན། །འགྲུབ་འགྱུར་འདིར་ནི་ཐེ་ཚོམ་མེད། །ཅེས་གསུངས་ཏེ། ཁ་སྦྱོར་ལས། དེ་ཉིད་ལས་ནི་འགྲུབ་པར་འགྱུར། །ཀུན་ཏུ་གསལ་བ་མེད་ན་རིང་། །ཞེས་གསུངས་ཏེ། འགྲེལ་པར། ལག་པ་རྡོ་རྗེ་པདྨར་བསྒོམས་པ་སྟོང་པ་དང་སྙིང་རྗེ་དབྱེར་མེད་པར་བསྒོམས་ནས། ལག་པ་གཡས་པ་བགྲེང་བ་དང་ལྷའི་སྐུ་རང་བཞིན་མེད་པར་ཤེས་པའི་དེ་ཉིད་ཡོད་ན་འགྲུབ་ཀྱི། གཞན་གྱིས་མི་འགྲུབ་པར་གསུངས་སོ། ། མཐེ་བོང་ལྕགས་ཀྱུ་དང་དེས་ལྷ་འགུགས་པའི་དམིགས་པས་ཕྲེང་བ་དབབ་པ་ནི་ཁ་སྦྱོར་དང་གདན་བཞི་ལས་ཀྱང་གསུངས་སོ། །ཞེས་གསུངས་པ་དང་། ཨོ་རྒྱན་བརྩོན་འགྲུས་ཀྱི་སྔགས་ཆས་རྣམ་བཤད་ལས། འཆང་ཚུལ་ལ་ནི། འཆང་ཚུལ་དང་བགྲང་ཚུལ་གཉིས་ལས།
དང་པོ་ནི། ཕྲེང་བ་དེ་འཆང་བའི་ཚུལ་ལམ་ཕྲེང་བ་འཆང་བའི་དམ་ཚིག་ནི་ཕྲེང་བ་གཞན་ལ་མི་སྟོན་པར་གསང་དགོས། དེ་བཞིན་དུ་ལུས་དྲོད་དང་མི་འབྲལ་བར་བྱ། གཞན་ལག་ཏུ་མི་འཇོག །ཁྱད་པར་དུ་རང་དང་དམ་ཚིག་མི་གཅིག་པ་དང་། དམ་ཉམས་དང་གྲིབ་ཅན་སྡིག་ཅན་གྱི་ལག་ཏུ་མི་འཇོག །དུས་མིན་ལག་སྟོང་དུ་མི་འདྲེན། མོ་རྩིས་ཀྱི་ཆེད་དུ་མི་བཀོལ། རབ་གནས་མེད་པར་མི་འཆང་། ཕྲེང་བ་དེ་ས་སྒྲེ་བོར་མི་འཇོག །ཁྱི་སོགས་ལ་རྡེག་བྱེད་མི་བྱ། གཞན་ལ་མི་སྦྱིན། གོང་བཤད་སྤང་བྱའི་ཕྲེང་བ་དག་མི་འཆང་། ཕྲེང་ཐག་ཆད་ན་ཞག་མ་ལོན་པར་བྱས་ཏེ་བརྗེ། ཕྲེང་བ་རླན་དང་གྲིབ་ལ་འཛེམ། གསང་བའི་ཕྲེང་བ་སྒྲུབ་པ་དང་ལས་སྦྱོར་གྱི་དུས་མ་གཏོགས་གོས་དང་ལུས་ཀྱི་བར་རམ་གོང་ཁུག་སོགས་སུ་སྦ། རིན་ཐང་ཅན་གྱི་ཕྲེང་བ་གཞན་གྱིས་མཐོང་ན་རློམ་སེམས་སྐྱེ་བ་དང་ཤིན་ཏུ་དམན་པའི་ཕྲེང་བ་མཐོང་ན་བརྙས་བཅོས་བྱེད་པས་མི་འཆང་བའམ་ཀུན་ལ་མི་སྟོན་པར་སྦ་དགོས་པ་དང་། བླ་མས་གནང་བའི་ཕྲེང་བ་མི་བགྲང་པར་རྟེན་དུ་འཆང་དགོས་པ་ཡིན་ཏེ། པདྨའི་ཕྲེང་བཤད་ལས། གཡར་དམ་ཉིད་དུ་འཆང་བ་ཡི། །ཕྲེང་བ་གཞན་ལ་མི་བསྟན་ཅིང་། །ལུས་ཀྱི་དྲོད་དང་མ་བྲལ་ན། །གང་བསྒྲུབ་མྱུར་དུ་འགྲུབ་པར་གྱུར། །དེ་བཞིན་གཞན་གྱི་ལག་མི་འགྲིམ། །ཁྱད་པར་དམ་ཉམས་གྲིབ་ཅན་དང་། །རང་དང་དམ་ཚིག་མི་གཅིག་པའི། །མི་ཡི་ལག་ཏུ་མི་འགྲིམ་གཅེས། །བཟླས་པ་བྱེད་དུས་འདྲེན་པ་ལས། །དུས་མིན་ལག་ལ་སྟོང་འདྲེན་མིན། །མོ་རྩིས་སླད་དུ་བཤར་མི་བྱ། ། རབ་གནས་མི་ལྡན་ཕྲེང་བ་དེ། །ནམ་ཡང་འཆང་བར་མི་བྱ་ཞིང་། །རབ་གནས་ལྡན་པའི་ཕྲེང་བ་དེ། །ལས་གཞན་མི་བྱ་གསང་བར་བྱ། །ས་ལ་མི་བཞག་ཡལ་མི་དོར། །ཞེས་སོགས་གསུངས་པས་སོ། །གལ་ཏེ་རང་གི་ཕྲེང་བ་མཚན་ཉིད་དང་མཐུན་པར་ཉམས་གས་སུ་གྱུར་ན་སྦྱིན་བསྲེག་བྱེད་པའམ་ཆུ་ལ་དོར། ཡང་ན་དམ་ཚིག་གཅིག་པའི་མཆེད་གྲོགས་ལ་སྦྱིན་རུང་པ་ཡིན་ཏེ། དེ་ཉིད་ལས། རང་གིས་བཅངས་པའི་ཕྲེང་བ་དེ། །ཉམས་པ་ལ་སོགས་སྐྱོན་ཞུགས་ན། །མེ་ཐབ་ཡེ་ཤེས་ལྷ་ལ་འབུལ། །ཡང་ན་འབྱུང་བ་ཆུ་ལ་འབུལ། །ཡང་ན་དམ་ཚིག་གཅིག་ངེས་པའི། མཆེད་དང་ལྕམ་ལ་སྦྱིནའང་རུང་། །རང་གིས་བཅང་བར་མི་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །
གཉིས་པ་ཕྲེང་བ་འདྲེན་ཚུལ་ནི། རབ་གནས་བྱས་པའི་ཕྲེང་བ་དེ་ཞི་བའི་སྔགས་ལ་མཛུབ་མོའི་སྟེང་དུ་བཞག་སྟེ་སྙིང་གའི་ཐད་དུ་གཟུང་ནས་འདྲེན་པར་བྱ་བ་དང་། རྒྱས་པའི་ལས་སྔགས་ལ་གུང་མོའི་སྟེང་དུ་བཞག་སྟེ་ལྟེ་བའི་ཐད་དུ་གཟུང་ནས་འདྲེན་པ་དང་། དབང་ལ་སྲིན་ལག་གི་སྟེང་དུ་བཞག་སྟེ་གསང་བའི་ཐད་དུ་གཟུང་ནས་འདྲེན་པ་དང་། དྲག་པོའི་ལས་སྔགས་ལ་མཐེའུ་ཆུང་གི་སྟེང་དུ་བཞག་ནས་རྐང་པ་སྐྱིལ་དྲུང་བསྣོལ་བའི་པུས་མོའི་ཐད་དུ་བཟུང་ནས་འདྲེན་པ་དང་། སྣ་ཚོགས་ཀྱི་ལས་ལ་གང་བདེར་བྱ་བ་དང་། མཐེ་བོང་རྡོ་རྗེའི་ལྕགས་ཀྱུས་ལྷ་རྣམས་དབང་དུ་འགུགས་པའི་བསམ་པས་ཕྲེང་རྡོག་རེ་རེ་ནང་འདྲེན་གྱིས་ལྕགས་ཀྱུས་འགུག་པའི་ཚུལ་ཏུ་བགྲང་བའམ་འདྲེན་དགོས་པ་ཡིན་ཏེ། རྒྱུད་ཆེན་རྡོ་རྗེ་མཁའ་འགྲོ་ལས། ཞི་བ་ལ་ནི་མཛུབ་མོར་བཞག །རྒྱས་ལ་གུང་མོར་དགལ་བར་བྱ། །དབང་དུ་བྱ་བ་སྲིན་ལག་གསུངས། །མཐའ་མ་ལ་ནི་མངོན་སྤྱོད་དང་། ། མཐེ་བོང་ལྕགས་ཀྱུར་བྱས་ནས་ནི། །ལྷ་རྣམས་ཐམས་ཅད་འགུགས་པར་བསམ། །ཤིན་ཏུ་མཉམ་བཞག་སྔགས་བཟླས་ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་དང་། བདེ་མཆོག་སྡོམ་འབྱུང་དང་སཾ་པུ་ཊ། རྡོ་རྗེ་གདན་བཞི་སོགས་ལས་གསུངས་པ་དང་། གཤེད་དམར་ལས་ཀྱང་། མཛུབ་མོའི་སྟེང་ནས་ཞི་བ་ལ། །གུང་མོ་ལ་ནི་རྒྱས་པའོ། །དབང་དགུག་དག་ལ་མིང་མེད་ལས། །ཆད་པས་བཅད་ལ་མཐེའུ་ཆུང་ལས། །ཞེས་གསུངས་པའི་ཕྱིར་རོ། །དེ་ཡང་སྙིང་ག་སོགས་ཀྱི་ཐད་དུ་བགྲང་བའི་ཁུངས་ནི། པདྨའི་ཕྲེང་བཤད་ལས། ཞི་བ་ལ་ནི་སྙིང་ཁར་བགྲང་། །རྒྱས་པ་ལྟེ་བའི་ཐད་དུ་སྟེ། །དབང་ལ་ཕྲེང་བ་གསང་གནས་ཐད། །འགུག་པའི་འདུན་པས་བགྲང་བར་བྱ། །དྲག་པོ་སྐྱིལ་དྲུང་བསྣོལ་མཚམས་སུ། །པུས་མོའི་སྟེང་དུ་བགྲང་བར་བྱ། །སྣ་ཚོགས་ལས་ལ་གང་བདེར་བྱ། །ཞེས་གསུངས་པ་དག་གོ །ཡོ་གའི་ལུགས་ལ་རིགས་ལྔའི་སྒྲུབ་པ་སོ་སོར་ཕྲེང་བ་འདྲེན་ཚུལ་སོ་སོར་བཤད་དེ། དེ་ཡང་དེ་བཞིན་གཤེགས་པའི་རིགས་བསྒྲུབ་པའི་བཟླས་པ་མཛུབ་མོའི་བགྲང་བ་དང་། རྡོ་རྗེ་རིགས་ལ་གུང་མོས་དང་། རིན་ཆེན་རིགས་ལ་སྲིན་ལག་དང་། པདྨའི་རིགས་ལ་མཐེའུ་ཆུང་དང་། ལས་ཀྱི་རིགས་ལ་སོར་མོ་ཀུན་གྱིས་བགྲང་དགོས་པར་གསུངས་ཏེ། ཡོ་ག་རྡོ་རྗེ་རྩེ་མོའི་རྒྱུད་ལས། ཕྲེང་བ་སངས་རྒྱས་ལ་མཛུབ་བཅས། །གུང་མོས་རྡོ་རྗེའི་རྣལ་འབྱོར་སྐྱེས། །སྲིན་ལག་སྟེང་དུ་རིན་ཆེན་སྐྱེས། །མཐེའུ་ཆུང་གིས་ནི་པད་ཁ་ཕྱེ། །ལས་ཀྱི་ཕྲེང་བས་ལས་བྱེད་པ། ། སོར་མོ་ཀུན་གྱིས་བྱ་བར་བཤད། །ཅེས་གསུངས་པས་སོ། །བགྲང་ཚུལ་སྤྱི་ནི་ལག་པ་གཡས་པ་ཡ་གཅིག་གིས་མི་འདྲེན་པར་ལག་པ་གཡོན་པས་འདྲེན་པའམ་ཡང་ན་ལག་པ་གཉིས་ཀས་འདྲེན་དགོས་པ་ཡིན་ཏེ། དཔུང་བཟང་ལས། དེ་དག་ལས་ནི་བགྲང་ཕྲེང་གཅིག་བླངས་ཏེ། །དེ་ནི་ལག་པ་གཡས་པས་བཟུང་བའམ། །ལག་པ་གཡོན་པས་བསྒྲིམ་ཏེ་མི་འཁྲུལ་བཟུང་། །ཚར་རེ་ཕྱིན་ཅིང་ནོར་བུ་རེ་རེ་ནས། །སྔགས་པ་ཡིས་ནི་རིམ་བཞིན་དྲང་བར་བྱ། ། ཞེས་གསུངས་པས་སོ། །
ཕྲེང་བར་རབ་གནས་བྱ་ཚུལ།
[རྩོམ་སྒྲིག]དེ་ཡང་ཕྲེང་བ་ལ་རབ་གནས་བྱ་དགོས་ཤིང་། རབ་གནས་མ་བྱས་པའི་ཕྲེང་བ་ལ་རབ་གནས་ཇི་ལྟར་བྱ་ཚུལ་ནི། ཕྲེང་བ་དེ་ལག་པ་གཡོན་པའི་མཐིལ་དུ་འཁྱིལ་ལེར་བཞག་ནས་མདོ་འཛིན་སྟེང་དུ་འོང་བར་བྱ། རང་ཉིད་ལྷའི་ང་རྒྱལ་གྱི་ངང་ནས་བསང་སྦྱང་བྱ་ཞིང་། ཕྲེང་བའི་རྒྱུན་ཐག་གམ་ཕྲེང་ཐག་གི་སྐུད་པ་སངས་རྒྱས་དང་། ཕྲེང་རྡོག་རྣམས་དགྲ་བཅོམ། མདོ་འཛིན་གྱི་སྟེང་མ་ཏོག་དེ་ཉིད་མཆོད་རྟེན་གྱི་རྣམ་པ་ལ་ངོ་བོ་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་རང་བཞིན་ངོ་བོ་ཉིད་སྐུ་རུ་མོས་པའི་དག་པ་དང་། འོག་མ་མདོ་འཛིན་ནི་འབྲས་བུ་ཆོས་སྐུར་བརྙེས་པ་ཆོས་ཀྱི་དབང་པོ་སངས་རྒྱས་བཅོམ་ལྡན་འདས་སམ་ཡེ་ཤེས་ཆོས་སྐུའི་དག་པ་དྲན་པར་བྱ་བའམ། ཡང་ན། མདོ་འཛིན་རང་རང་གི་བསྒྲུབ་བྱའི་ཡི་དམ་གྱི་ལྷའི་གཙོ་བོ་དང་ཕྲེང་རྡོག་རྣམས་འཁོར་དུ་མོས་ནས་ལག་པ་གཡས་པའི་ཨ་ལས་ཉི་མའི་དཀྱིལ་འཁོར་དང་། ལག་པ་གཡོན་པའི་ཧཱཾ་དཀར་པོ་འོད་ཟེར་འཕྲོས་པ་ལས་ཟླ་བའི་དཀྱིལ་འཁོར་དུ་བསྒོམ། ལག་པ་གཡས་པའི་སོར་མོ་ལྔ་རྡོ་རྗེ་དང་། གཡོན་པའི་སོར་མོ་ལྔ་པདྨའི་འདབ་མ་རུ་མོས་ཤིང་པདྨ་དང་རྡོ་རྗེ་ཁ་སྦྱར་བའི་བར་དུ་ཕྲེང་བ་བཞག་སྟེ་ཐབས་སྙིང་རྗེ་ཆེན་པོ་དང་ཤེས་རབ་སྟོང་བ་གཉིས་ཡ་མ་བྲལ་བར་དྲན་པར་བྱས་ནས་ཕྲེང་བ་བྱིན་གྱིས་བརླབས་པ་དང་། ཡང་ན། བསྙེན་པ་གང་ཡིན་གྱི་བསྒོམ་བྱའི་ལྷ་དག་ཡིད་ལ་དྲན་པར་བྱས་ཏེ་ཡེ་ཤེས་འགུག་གཞུག་དང་། ལྷ་སྔགས་དང་རྟེན་སྙིང་། ཨཱ་ལི་ཀཱ་ལི་སོགས་བཟླས་ཏེ་ལག་གཡས་ཀྱིས་མེ་ཏོག་འཐོར། ༀ་རུ་ཙི་པྲ་མརྟའི་སྔགས་ལ་ཨབྷི་ཥིཉྩ་ཧཱུཾ་སྭཱ་ཧཱ་སྦྱར་ནས་ཕྲེང་བ་བརྒྱ་རྩ་བརྒྱད་ལ་ཡིག་འབྲུ་རྣམས་ཁ་དོག་དཀར་སེར་དམར་ལྗང་ཅན་འཆར་བཞིན་དུ་བབས་ནས་ཕྲེང་བའི་ལྷ་རྣམས་ལ་འཐིམས་ཏེ་གཉིས་མེད་དུ་གྱུར། དེ་ཡང་འོད་དུ་ཞུ་ནས་ཕྲེང་བའི་རྣམ་པར་གྱུར་བར་བསྒོམ། བཀྲ་ཤིས་པའི་ཚིགས་བཅད་བརྗོད། དེ་ནས་འབྲུ་གསུམ་སྟེ་ༀ་ཨཿ་ཧཱུཾ་གསུམ་བརྒྱ་རྩ་དང་ཕྲེང་སྔགས་དང་། ཨཱ་ལི་ཀཱ་ལི་དང་རྟེན་སྙིང་རྣམས་ཚར་ཉེར་གཅིག་གམ་ཅི་ནུས་བཟླས་མཐར་ལས་སྒྲུབ་ཀྱི་བསྙེན་པ་ལ་འཇུག་པར་བྱའོ། །
ཡང་ན། འཁོར་བའི་ཕྱོགས་སུ་སེམས་འཕྲེང་བའི་ཞེན་པ་བཅད་ནས་ཐར་བ་མྱང་འདས་ཀྱི་ཕྱོགས་སུ་ཡིད་དངོས་སུ་འཕྲེང་བར་བྱེད་པའི་བསམ་པས་ཕྲེང་བ་ཆབ་སྤོས་ཁྲུས་གཙང་གིས་དག་ཅིང་གཙང་བར་མཛད། གནས་གཙང་དུ་གདན་ཕྱིང་བ་དཀར་པོའམ་རས་དཀར་པོའི་སྟེང་དུ་འབྲུ་རིགས་སྤུངས་ནས་དྲི་བཟང་བྱུགས་ཏེ་བཞག་དེའི་མདུན་དུ་མཆོད་པའི་རྫས་སྣ་ཚོགས་གཡོ་མེད་པར་བཤམས་ཏེ། རང་རང་གི་ཡི་དམ་གྱི་མཚམས་བཅད་དང་བགེགས་བསྐྲད་བྱ་བ། དབྱིངས་ནས་བཞུགས་པའི་ཡི་དམ་གྱི་ལྷ་ཚོགས་སྤྱན་དྲངས་ནས་མཆོད་པའི་ཚོགས་རྣམས་འབུལ་བ་དགྱེས་བཞེས་མཛད་པར་བསམ་སྟེ། རབ་གནས་ཀྱི་སྙིང་པོ་ༀ་རུ་ཙི་པྲ་མར་ཏ་ན་ཡེ་རཏྞམ་ཎི་དྷ་ར་ཛྙཱན་དེ་ཝ་བྷི་ཥིཉྩ་ཧཱུཾ་སྭཱ་ཧཱ་ཞེས་བརྒྱ་རྩ་བརྒྱད་བཟླས་བ་དང་། རྟེན་འབྲེལ་གྱི་སྙིང་བོ་ཨཱ་ལི་ཀཱ་ལི་དང་ཞི་ཁྲོའི་ལྷ་ཚོགས་ཀྱི་སྙིང་པོ་ཅི་ནུས་བགྲང་། བསྔོ་སྨོན་རྒྱས་གདབ་བྱས་མཐར་ད་གཟོད་བགྲང་རུང་བ་ཡིན་ནོ། །
ཕྲེང་བའི་དགོས་ཆེད།
[རྩོམ་སྒྲིག]ཕྲེང་བའི་དགོས་ཆེད་ལ་རྗེས་དཀར་ཨོ་རྒྱན་བརྩོན་འགྲུས་ཀྱི་སྔགས་ཆས་རྣམ་བཤད་ལས། དགོས་ཆེད་ནི། ཡི་དམ་གྱི་ལྷའི་ཕྱག་རྟགས་མི་བརྗེད་པ་དང་། གཉེན་པོའི་ཡེ་ཤེས་སེམས་ལ་འཕྲེང་བ་དང་། ནུས་མཐུ་སྐྱེ་བ་དང་། ཤེས་རབ་ཡུམ་གྱི་རྟེན་དུ་རུང་བ་དང་། བསྐྱེད་རྫོགས་སྐྱེ་བའི་ཐབས་ཀྱི་རྟེན་འབྲེལ་དུ་འགྱུར་བ་དང་། ལུས་ངག་ཡིད་གསུམ་བདེ་སྡུག་རོ་སྙོམས་གཉིས་མེད་དུ་བསྲེ་བའི་གནད་གྲངས་ཟིན་པ་དང་། སྔགས་ཀྱི་དམ་ཚིག་གི་རྫས་སུ་འགྱུར་བ་དང་། ལོངས་སྤྱོད་ཀྱི་རྫས་ལྡན་དུ་འགྱུར་བ་དང་། ཞི་སོགས་ཀྱི་ལས་འགྲུབ་པ་དང་། སྔགས་ཀྱི་གྲངས་ཚད་ཟིན་པ་ལ་སོགས་པ་ནི་ཕྲེང་བའི་དགོས་ཆེད་ཡིན་ཏེ། པདྨའི་ཕྲེང་བཤད་ལས། སྤྱིར་ནི་སྔགས་ཀྱི་དམ་ཚིག་དང་། །ཡེ་ཤེས་ལྷ་ཡི་ཕྱག་རྟགས་དང་། །མི་བརྗེད་གཟུངས་ཀྱིས་འཛིན་ཕྱིར་དང་། །གཉེན་པོ་ཕྲེང་ལ་བཤར་སླད་དང་། །ཤེས་རབ་ཡུམ་གྱི་རྟེན་འབྲེལ་དང་། །ལོངས་སྤྱོད་རྫས་ཀྱི་རྟེན་འབྲེལ་དང་། །རྒྱུ་རྐྱེན་ནུས་མཐུ་སྐྱེ་ཕྱིར་དང་། །དམ་ཚིག་ཡི་དམ་བསྔོ་ཕྱིར་དང་། །བདག་ལ་ལྷ་ཡི་སྡང་འཛིན་དང་། །བསྒྲུབ་བྱ་སྒྲུབ་བྱེད་བསྒྲུབས་པ་ཡིས། །འབྲས་བུ་མི་ཟད་སྤེལ་ཕྱིར་དང་། །མཛའ་གཉེན་དགོངས་པ་གསོ་ཕྱིར་དང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་རྣམས་མ་ལུས་སྒྲུབ་ཕྱིར་དང་། །འཁོར་ལོ་རྣམ་གསུམ་བསྐོར་ཕྱིར་སོགས། །སྤྱི་ཡི་དགོས་ཆེད་བསམ་མི་ཁྱབ། །བྱེ་བྲག་སྔགས་ཀྱི་གྲངས་ཚད་འཛིན། །ཞེས་སོགས་གསུངས་པས་སོ། །
ཕྲེང་བའི་ཕན་ཡོན།
[རྩོམ་སྒྲིག]རྒྱ་གར་བགྲང་ཕྲེང་གི་ཕན་ཡོན་ལ་སྔགས་ཆས་རྣམ་བཤད་ལས། ཕན་ཡོན་ནི་གོང་དུ་ཕན་ཡོན་ཅི་རིགས་ལུང་འདྲེན་དག་གི་ཞར་ལ་སོང་མོད་འདིར་ཕྲེང་བ་འཆང་པ་པོ་ལ་སྤྲོ་བ་སྐྱེ་ཕྱིར་ལོགས་སུ་ཅུང་ཟད་ཅིག་འཆད་པར་བྱ་སྟེ། ཕྲེང་བ་མཚན་ཉིད་དང་ལྡན་པ་ཇི་སྐད་བཤད་པའི་ཆོ་ག་དང་དམ་ཚིག་ལྡན་པར་བྱས་ཏེ་འཆང་ན་ནི་ཞི་རྒྱས་དབང་དྲག་གི་ལས་རབ་འབྱམས་སྤྱི་དང་བསྐྱེད་རྫོགས་དང་། གང་བསྒྲུབ་ཀྱི་ལྷ་འགྲུབ་པ་ལ་ཐེ་ཚོམ་མེད་དེ།
དཔལ་ཡང་དག་སྦྱོར་བ་སཾ་པུ་ཊའི་རྒྱུད་ལས། ཕྲེང་བ་ལ་སོགས་མཚན་ཉིད་ནི། །ཡང་དག་ཇི་ལྟར་རྡོ་རྗེ་ཉོན། ། གང་གི་ཡང་དག་ཆོ་ག་ཡིས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་དང་། རྡོ་རྗེ་མཁའ་འགྲོ་ལས། བགྲང་ཕྲེང་ཆོ་ག་ཇི་བཞིན་དུ། །རབ་ཏུ་བཤད་ཀྱི་ལྷ་མོ་ཉོན། །ཡང་དག་ཆོ་ག་གང་གིས་ནི། །འདི་ནི་འགྲུབ་འགྱུར་ཐེ་ཚོམ་མེད། །ཅེས་དང་། བདེ་མཆོག་སྡོམ་འབྱུང་ལས། ཡང་དག་ཆོ་ག་གང་གིས་འདིར། །འགྲུབ་པར་ཐེ་ཚོམ་མེད་པ་ཡི། ། བཟླས་པའི་ཕྲེང་བའི་མཚན་ཉིད་ནི། །ཞེས་དང་། གདན་བཞི་ལས། ཡང་དག་ཆོ་ག་གང་གིས་ནི། །འགྲུབ་འགྱུར་འདི་ནི་ཐེ་ཚོམ་མེད། །ཅེས་གསུངས་པའི་ཕྱིར། དེ་བཞིན་དུ་མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད་ཐོབ་པ་དང་། འཁོར་ལོས་བསྒྱུར་བའི་རྒྱལ་བོ་སོགས་ས་དབང་ཆེན་པོའི་གོ་འཕང་ཐོབ་པ་དང་། འབྱུང་པོ་གདུག་པ་ཐམས་ཅད་དབང་དུ་བྱེད་པ་དང་། གསེར་དངུལ་སོགས་ཟང་ཟིང་གི་སྒྱུ་མའི་ནོར་ལོངས་སྤྱོད་གྱིས་ཕྱུག་པར་འགྱུར་བ་དང་། ཚེ་རིང་བ་དང་། ནད་མེད་པ་དང་། གཟུགས་མཛེས་ཤིང་རྒ་བ་མེད་པ་དང་། གདོན་དང་གནོད་པ་ཐམས་ཅད་ཞི་བར་འགྱུར་བ་དང་། མཁའ་འགྲོ་འདུ་ཞིང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱིན་གྱིས་བརླབས་པ་སོགས་ཕན་ཡོན་མཐའ་ཡས་པ་འབྱུང་བ་ཡིན་ཏེ། ཁྲག་འཐུང་མངོན་འབྱུང་གི་རྒྱུད་ལས། དངོས་གྲུབ་ཐམས་ཅད་ཡོད་པ་དང་། །ས་ཡི་དབང་པོར་ཐེ་ཚོམ་མེད། །འབྱུང་པོའི་མཚན་ཉིད་དབང་དུ་བྱེད། །ནོར་རྣམས་འགུགས་པར་བྱེད་པའོ། །ཞེས་དང་། ཚེ་རིང་ནད་མེད་འཕེལ་བ་ཡིན། །དབང་དུ་བྱེད་དང་ཞི་འདོད་དང་། །ནོར་འཕེལ་བ་ནི་བྱེད་པ་ཡིན། །ཞེས་གསུངས་པའི་ཕྱིར། གཞན་ཡང་དེ་ཉིད་ལས། བྱི་རུ་ཡིས་ནི་འཕེལ་བ་དང་། །རིན་ཆེན་ཕྲེང་བས་མཛེས་པ་ཡིན། །ཞེས་དང་། གཤེད་དམར་ལས། དུང་གིས་བུ་ནི་འཚོ་བ་ལ། །ནད་མེད་པ་ལ་མུ་མེན་ཏོ། །ཞེས་གསུངས་པ་ལྟར་ཕྲེང་བ་རིགས་སོ་སོའི་ཕན་ཡོན་མི་འདྲ་བ་མཐའ་ཡས་པ་ཡོད་དོ། །བཟླ་བྱའི་སྔགས་བྱེ་བ་ཉིས་འགྱུར་ལ་སོགས་པ་འགྱུར་ཁྱད་ཀྱི་ཕན་ཡོན་ལ་ནི་ཡོ་ག་རྡོ་རྗེ་རྩེ་མོ་ལས། ལྕགས་ཀྱི་བཟླས་པ་ཉིས་འགྱུར་ཏེ། །ཟངས་ཀྱི་ཡང་ནི་བཞི་འགྱུར་རོ། །རུ་དྲྰཀྵ་ཡི་བྱེ་བ་གཉིས། །མུ་ཏིག་གི་ནི་བརྒྱར་འགྱུར་རོ། །དབང་པོའི་སྟོང་འགྱུར་རྣལ་འབྱོར་ཏེ། །དངུལ་གྱི་འབུམ་དུ་འགྱུར་པ་ཡིན། །པདྨའི་བྱེ་བ་བརྒྱ་འགྱུར་བརྗོད། །བོ་དེ་ཙེ་ཡི་གྲངས་མེད་དོ། །ཞེས་གསུངས་པ་ལྟར་གྱི་གྲངས་འཕེལ་འགྱུར་གྱི་ཕན་ཡོན་བགྲང་ཕྲེང་སོ་སོར་ཡོད་པ་ཡིན་ནོ། །རྒྱུད་དུ་མ་ལས་བསྟན་པའི་ཨོཾ་པ་དེ་མ་ཧཱ་པ་དེ་ཛྙཱ་ན་སརྦ་བུདྔྷ་མ་ཧཱ་བྷཱ་བེ། ཧཱུཾ་ཧཱུཾ་ཧཱུཾ། ཧོ་ཧོ་ཧོ། ཨཱཿ་སྭཱ་ཧཱ། ཞེས་པའི་དེ་ཉིད་གསལ་བའི་སྔགས་འདིས་ཕྲེང་བ་སྦྱངས་ཤིང་བྱིན་གྱིས་བརླབས་ན་ཕྲེང་བ་དེས་བསྒྲུབ་བྱའི་ལྷ་ཐམས་ཅད་འགྲུབ་པ་དང་། ཞི་རྒྱས་ལ་སོགས་པའི་ལས་རབ་འབྱམས་ཐམས་ཅད་འགྲུབ་པར་འགྱུར་བ་དང་། ཏིང་འཛིན་མི་གསལ་བ་གསལ་བར་བྱེད་པ་དང་། བསྒོམ་བྱའི་བསྐྱེད་རྫོགས་ཀྱི་ཡེ་ཤེས་དག་མ་འདྲེས་པར་སོ་སོར་འཆར་བ་ཡིན་ཏེ། གདན་བཞི་ལས། སྔགས་འདི་ཡིས་ནི་སྦྱང་བྱས་ན། །བགྲང་ཕྲེང་གི་ནི་ལྷ་རྣམས་འགྲུབ། །ལས་རྣམས་ཐམས་ཅད་འགྲུབ་འགྱུར་ཏེ། །ཞེས་དང་། སཾ་པུ་ཊ་ལས། སྔགས་ཀྱིས་ཕྲེང་བ་སྦྱངས་ནས་ནི། །གང་འདོད་དེ་ཉིད་བསྒྲུབ་པར་བྱ། །དེ་ཉིད་ལས་ནི་འགྲུབ་པར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །རྒྱུད་ཕྱི་མ་འདི་ལས་སྔགས་དེ་ལ། ཨོཾ་པ་དེ་པ་དེ། མ་ཧཱ་ཛྙཱ་ནཾ། སརྦ་བུདྔྷ་མ་ཧཾ་བྷཱ་བེ་ཏ་ཧཱུཾ་ཧཱུཾ་ཧཱུཾ། ཧོ་ཧོ་ཧོ་ཨ་ཁཾ་སྭཱ་ཧཱ། ཞེས་གོང་དང་ཅུང་མི་མཐུན་པར་བྱུང་བས་ཕན་ཚུན་བསྡུར་ཏེ་དཔྱད་པར་བྱ་ལ། བདག་ལ་སྔགས་དོན་ལ་ཞིབ་བསྡུར་བྱེད་ལོང་མ་བྱུང་ངོ་། ། ཕྲེང་བའི་དེ་ཉིད་གསལ་བ་མེད་ན་ལྷ་དང་ལས་མི་འགྲུབ་ཅིང་དངོས་གྲུབ་ཐམས་ཅད་རིང་བར་འགྱུར་བའི་ཉེས་དམིགས་འབྱུང་སྟེ། རྡོ་རྗེ་གདན་བཞི་ལས། དེ་ཉིད་མེད་པའི་རྣལ་འབྱོར་པ། །དེ་ཉིད་མེད་པའི་སྔགས་བཟླས་དང་། །དེ་ཉིད་མེད་པའི་རྡོ་རྗེ་དྲིལ། །ཕྱག་རྒྱ་དེ་ཉིད་མེད་འབྱུང་བ། །རྣལ་འབྱོར་པ་ཡིས་གྲུབ་པ་མེད། ། ཅེས་དང་། མི་གསལ་བ་ནི་རིང་བར་འགྱུར། །ཞེས་དང་། སཾ་པུ་ཊ་ལས། ཀུན་ཏུ་གསལ་བ་མེད་ན་རིང་། །ཞེས་དང་། དེ་ཉིད་མེད་པའི་རྣལ་འབྱོར་བ། །དེ་ཉིད་མེད་པའི་སྔགས་ཟློས་དང་། །ཞེས་གོང་དུ་དྲངས་ཟིན་པ་ལྟར་གྱི་ཕྱིར་རོ། ཞེས་གསུངས་པའི་ཕྱིར།།
དཔྱད་གཞིའི་ཡིག་ཆ།
1 སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་བསྒྲིགས་པའི 《མཁས་གྲུབ་དགེ་ལེགས་དཔལ་བཟང་གི་གསུང་འབུམ༼ ཏ ༽》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2014ལོའི་ཟླ5པར་པར་ཐེངས་དང་པོ། ཤོག་ངོས707-819ན་གསལ།
2 ཨོ་རྒྱན་བརྩོན་འགྲུས་ཀྱིས་བརྩམས་པའི 《གསང་སྔགས་རྡོ་རྗེ་ཐེག་པའི་ཆས་གོས་ཡོ་བྱད་ཀྱི་རྣམ་བཞག》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007ལོའི་པར་ཐེངས་དང་པོ།