ཕྱག་ན་རྡོ་རྗེ།
ཕྱག་ན་རྡོ་རྗེ་ཞེས་པ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་གཅིག་གི་མཚན་ཏེ། རྡོ་རྗེ་ཕྱག་ཏུ་བསྣམས་པས་ན་ཕྱག་ན་རྡོ་རྗེ་ཞེས་བྱ་སྟེ། སེམས་ཅན་གྱི་དོན་དུ་སྡུག་བསྔལ་ཞི་བར་བྱེད་པའི་མཐུ་ནུས་ཀྱི་ལྷ་ཞིག་ཡིན་ནོ། །
པར་རིས་བར་འཁྱམས།
[རྩོམ་སྒྲིག]སྒྲ་བཤད།
[རྩོམ་སྒྲིག]སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དབང་བསྐུར་བའི་སྐབས་སུ་གཅོད་མི་ནུས་ཤིང་འཇོམས་མི་ཐུབ་པའི་ཆོས་ཉིད་ཀྱི་རྟགས་སུ་གྱུར་པའི་ཕྱག་མཚན་རྡོ་རྗེ་ཞིག་ཕྱག་ཏུ་བསྣམས་པས་ན་ཕྱག་ན་རྡོ་རྗེ་ཞེས་བརྗོད་དོ། །
ནང་དོན།
[རྩོམ་སྒྲིག]ཕྱག་ན་རྡོ་རྗེ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཞིག་སྟེ། དམྱལ་བའི་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཞི་བར་བྱེད་པའི་མཐུ་སྟོབས་དང་ལྡན་པ་ཞིག་ཡིན་ཏེ། "ཅིག་གིས་ཕྱག་ན་རྡོ་རྗེའི་མཐུ་དང༌། མེ་ཏོག་སོགས་གཅིག་གིས་སྤྱན་རས་གཟིགས་ཀྱི་མཐུ་དང༌། གྲོགས་དག་སོགས་གཉིས་ཀྱིས་འཇམ་དབྱངས་ཀྱི་མཐུ་དང༌། དེ་ལྟར་སོགས་ཐ་མས་བྱང་ཆུབ་སེམས་དཔའ་གཞན་ཐམས་ཅད་ཀྱི་མཐུས་ཞི་བར་བསྔོས་པའོ། །"[༡]ཞེས་པས་སེམས་ཅན་གྱི་སྡུག་བསྔལ་ཞི་བའི་ཆེད་དུ་ཕྱག་ན་རྡོ་རྗེ་དང་སྤྱན་རས་གཟིགས། འཇམ་དབྱངས་སོགས་བྱང་ཆུབ་སེམས་དཔའ་ཡོངས་ཀྱིས་རང་རང་གི་མཐུ་སྟོབས་བསྔོ་བའི་ཚུལ་བསྟན་པ་ཡིན་ནོ། ། སྐུ་མདོག་དང་ཕྱག་མཚན་གྱི་རྣམ་པར་བརྗོད་ན། "ནམ་མཁའི་དཀྱིལ་ན་ཕྱག་ན་རྡོ་རྗེ་གཟི་བརྗིད་འབར་བར་བཞུགས་པ་མཐོང་ནས་མགོན་པོ་དེ་ལ་སྐྱབས་སུ་སོང་སྟེ།"[༢] ཞེས་པས་དམྱལ་བའི་སེམས་ཅན་རྣམས་ཀྱིས་ནམ་མཁའི་དཀྱིལ་དུ་འོད་དང་གཟི་བརྗིད་འབར་བའི་ཞལ་སྣང་སྤྱན་དྲངས་ནས་ཕྱག་ན་རྡོ་རྗེ་ལ་སྐྱབས་འགྲོའི་ཚུལ་བསྟན་པ་ཡིན། འདིས་ཁོང་གི་སྐུ་མདོག་འོད་ལྡན་ཞིང་གཟི་བརྗིད་འབར་བ་ཡིན་པའང་གསལ་བར་བསྟན་ཏོ། །
གསང་སྔགས་ཀྱི་སྒོ་ནས་འགྲེལ་པ།
[རྩོམ་སྒྲིག]ཕྱག་ན་རྡོ་རྗེ་ལ་གསང་བའི་བདག་པོ་ཞེས་ཀྱང་བྱ་སྟེ། "ནམ་མཁའི་དཀྱིལ་ན་བྱང་ཆུབ་སེམས་དཔའ་དཔལ་གསང་བའི་བདག་པོ་ཕྱག༷་ན་རྒྱལ་བ་ཐམས་ཅད་ཀྱི་དབང་བསྐུར་བའི་དབང་རྟགས་ཀྱི་རྡོ༷་རྗེ༷་བསྣམ་པ་འོད་དང་འོད་ཟེར་གྱི་གཟི་བརྗིད་འབར༷་བ༷་བཞུག༷ས་"[༣]ཞེས་པས་ཁོང་ལ་སྔགས་ཀྱི་ལུགས་སུ་གསང་བའི་བདག་པོ་ཞེས་པའི་མཚན་གཞན་ཞིག་ཡོད་ལ། རྒྱལ་བ་ཐམས་ཅད་ཀྱི་དབང་བསྐུར་བའི་རྟགས་སུ་རྡོ་རྗེ་ཕྱག་ཏུ་བསྣམས་ཏེ། འོད་ཟེར་གྱི་གཟི་བརྗིད་འབར་བའི་སྐུ་གསུང་ཐུགས་ཀྱི་ཞལ་ཞིག་ཡིན་པ་བསྟན་པ་རེད། འདིས་སྔགས་ཀྱི་ལུགས་སུ་ཁོང་གི་གནས་རིམ་མཐོ་ཞིང་མཐུ་རྩལ་ཆེ་བའོ། །
སེམས་ཅན་གྱི་དོན་དུ་མཛད་པ།
[རྩོམ་སྒྲིག]དམྱལ་བའི་སེམས་ཅན་རྣམས་ཀྱིས་སྡུག་བསྔལ་གྱི་ཚེ་ཕྱག་ན་རྡོ་རྗེ་མཐོང་ནས་སྐྱབས་འགྲོ་བའི་ཚུལ་ཏེ། "དམྱལ་བར་གནས་པའི་སེམས་ཅན་རྣམས་གློ་བུར་དུ་སྡུག་བསྔལ་དང་བྲལ་བ་ན་ཅིའི་ཕྱིར་དམྱལ་བའི་གནས་འདིར་ནི་བདག་ལ་གནོད་པ་བྱེད་པའི་གཤིན་རྗེའི་མི་དང༌། ཁྭ་དང་བྱ་རྒོད་མི་བཟད་པ་རྣམས་སྐྲག་པར་བྱེད་ཅིང་ཀུན་ནས་མུན་པ་ཐམས་ཅད་བསལ་ནས་ལུས་བདེ་བ་དང་ཡིད་དགའ་བ་བསྐྱེད་པའི་མཐུ་བཟང་པོ་འདི་ཀོ་སུའི་ཡིན་སྙམ་སྟེ་ནམ་མཁའ་ལ་གྱེན་དུ་བལྟས་པས་"[༤]ཞེས་པས་དམྱལ་བའི་སེམས་ཅན་རྣམས་སྔོན་སྡུག་བསྔལ་ནག་ཉེས་ལ་མྱོང་ཞིང་གཤིན་རྗེའི་མི་དང་བྱ་རྒོད་སོགས་ཀྱིས་འཇིགས་ལ་མུན་པའི་ནང་གནས་ཡོད་པ་ལ། གློ་བུར་དུ་འདི་དག་ཐམས་ཅད་ཞི་ནས་ལུས་བདེ་སེམས་དགའ་བར་གྱུར་བའི་རྒྱུ་མཚན་བཙལ་བའི་དུས། ནམ་མཁའ་ལ་བལྟས་ཏེ་ཕྱག་ན་རྡོ་རྗེའི་ཞལ་སྣང་མཐོང་བའི་ཚུལ་གསུངས། འདིས་ཁོང་གིས་སེམས་ཅན་གྱི་སྡུག་བསྔལ་ཞི་བར་མཛད་པའི་ཐུགས་རྗེ་ཆེན་པོའོ། །
སྡིག་སྦྱོང་གི་མཐུ།
[རྩོམ་སྒྲིག]ཕྱག་ན་རྡོ་རྗེས་སེམས་ཅན་གྱི་སྡིག་པ་སྦྱོང་བའི་མཐུ་སྟོབས་ཡོད་དེ། "རབ་ཏུ་དགའ་བའི་ཤུགས་ཀྱིས་སྔོན་བསགས་པའི་སྡིག་པ་དང་བྲལ་ནས་དེ་དང་ལྷན་ཅིག་འགྲོགས་པར་ཤོག"[༥] ཅེས་པས་དམྱལ་བའི་སེམས་ཅན་རྣམས་ཀྱིས་ཕྱག་ན་རྡོ་རྗེ་ལ་སྐྱབས་འགྲོ་བས་མཐུ་ནུས་ཐོབ་ནས། རབ་ཏུ་དགའ་བའི་མོས་པ་དང་དད་པའི་ཤུགས་ཀྱིས་སྔོན་ཚེ་སྔ་མར་སྡིག་པའི་ལས་བསགས་པའི་བག་ཆགས་ལས་གྲོལ་ནས། ཕྱག་ན་རྡོ་རྗེ་དང་ལྷན་དུ་འགྲོགས་པའམ་ངག་དབང་སྨོན་པའི་སྦྱིན་བདག་གི་སྔོ་བའང་གསུངས། འདིས་ཁོང་གི་སྡིག་སྦྱོང་དང་སངས་རྒྱས་ཞིང་དུ་སྐྱེ་བའི་ནུས་མཐུ་གསལ་ལོ། །
ཞི་བའི་མཐུ་སྟོབས།
[རྩོམ་སྒྲིག]"ཕྱག་ན་རྡོ་རྗེའི་སྟོབས་ཀྱིས་སྡུག་བསྔལ་ཞི་བ་"[༦]ཞེས་པས་སྡུག་བསྔལ་ཞི་བར་མཛད་པའི་མཐུ་སྟོབས་ཆེན་པོ་ཡོད་པ་བསྟན་ཏོ། ། "ཅི༷་ཕྱིར༷་འདིར་ནི༷་གཤི༷ན་རྗེ༷འི་མི༷འམ་ལས་མཁན་སྟག་གཟིག་སོགས་ཀྱི་མགོ་ཅན་རྣམས་དང༷་ཁྭ༷་ཏ་དང༷་བྱ༷་རྒོད༷་ལ་སོགས་པ་མི༷་བཟ༷ད་པའམ་མ་རུངས་པ་རྣ༷མས་ཤིན་ཏུ་རྣམ་པར་སྐྲག༷་ནས་ཕྱོགས་ཕྱོགས་སུ་འབྱོར་བར་བྱེད༷་ཅི༷ང༌། ཤ་ཁྲག་རྐང་མར་ལ་སོགས་པ་བསྲེག་པའི་དུ་བ་ལ་སོགས་པས་ཀུན༷་ན༷ས་དཀྲིགས་པས་རྐང་ལག་བརྐྱང་བསྐུམ་ཙམ་ཡང་མི་མཐོང་བས། མུན༷་པ་ཆེན་པོ་རྣམས་ཐུགས་རྗེའི་འོད་ཟེར་གྱིས་བས༷ལ་ཏེ་ལུས་ལ་བདེ༷་བ་དང་སེམས་ལ་དག༷འ་བ་རྒྱ་ཆེན་པོ་སྐྱེད་པའི༷་མཐུ༷་"[༧]ཞེས་པས་དམྱལ་བའི་སྡུག་བསྔལ་ཀུན་གྱི་རྩ་བ་ཡིན་པའི་གཤིན་རྗེའི་མི་དང་སྟག་གཟིག་གི་མགོ་ཅན། བྱ་རྒོད་ཀྱི་འདྲེ་སོགས་འཇིགས་རུང་གི་བདུད་རྣམས་ཤིན་ཏུ་སྐྲག་ནས་འབྲོས། དམྱལ་བའི་མེ་ཡི་དུ་བས་ཀུན་ནས་དཀྲིགས་ནས་མི་མཐོང་བ་དང་། མུན་པ་ཆེན་པོ་ཡོད་པ་རྣམས་ཐུགས་རྗེའི་འོད་ཟེར་གྱིས་སེལ་ནས། སེམས་ཅན་གྱི་ལུས་ལ་བདེ་བ་དང་སེམས་ལ་དགའ་བ་རྒྱ་ཆེན་པོ་སྐྱེད་མཛད་པའི་མཐུ་རྩལ་གསུངས། འདིས་ཁོང་གིས་འཇིགས་པའི་སྡུག་བསྔལ་ཞི་བར་མཛད་པ་མ་ཟད་སེམས་ཅན་གྱི་ལུས་སེམས་ལ་བདེ་བ་དང་དགའ་བ་སྐྱེད་མཛད་པའི་ཐུགས་རྗེ་ཆེན་པོ་གསལ་ལོ། །
བསྡུས་དོན།
[རྩོམ་སྒྲིག]ཕྱག་ན་རྡོ་རྗེ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཞིག་སྟེ། གསང་བའི་བདག་པོ་ཞེས་ཀྱང་འབོད། རྒྱལ་བ་ཐམས་ཅད་ཀྱི་དབང་རྟགས་ཀྱི་རྡོ་རྗེ་ཕྱག་ཏུ་བསྣམས་པ་དང་། འོད་འབར་བའི་གཟི་བརྗིད་དང་ལྡན་པ་ཞིག་ཡིན། སྔགས་ཀྱི་ལུགས་སུ་ཁོང་ལ་ཡི་དམ་དུ་བཟུང་ནས་བསྒོམ་བཟླས་དང་མཆོད་བསྟོད་བྱེད་དགོས་པའི་ལྷ་ཞིག་ཡིན། ཁོང་གིས་སེམས་ཅན་གྱི་དོན་དུ་སྡུག་བསྔལ་ཞི་བ་དང་། སྡིག་པའི་བག་ཆགས་སྦྱོང་བ། ལུས་སེམས་ལ་བདེ་བ་དང་དགའ་བ་སྐྱེད་པའི་མཐུ་སྟོབས་ཀྱིས་དམྱལ་བའི་སེམས་ཅན་རྣམས་ཀྱིས་སྐྱབས་འགྲོའི་ཡུལ་དུ་གྱུར་པའི་ཞལ་ཞིག་ཡིན་ནོ། །
ལུང་ཁུངས།
[རྩོམ་སྒྲིག]- ↑ དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།