ཕག་གྲུའི་སྲིད་སྐྱོང་དུས་རབས།

ཡོང་ཁུངས་Wikipedia
Jump to navigation Jump to search

ཕག་གྲུའི་བརྒྱུད་པ་ནི། རླངས་ཀྱི་པོ་ཏི་བསེ་རུ་ལས། རུས་ཆེན་བཅོ་བརྒྱད་དང༌། དབྲ་ལ་དཀར་ནག་ཁྲ་གསུམ་སོགས་དང༌། བོད་མིའུ་གདུང་དྲུག་བྱུང་ཚུལ་ཤིན་ཏུ་རྒྱས་པར་གསུངས་ཤིང༌། སེ་ཁྱུང་དབྲ་ཡི་རྒྱུད་པ་ལས་རླངས་ཀྱི་གདུང་རྒྱུད་བྱུང་བ་ཡིན་སྟེ། རྗེ་སི་ཏུའི་གསུང་མགུར་ལས་ “ང་ཕྱི་རུས་རུས་ཆེན་དབྲ་ལས་ཆད། རླངས་ཁམས་པ་གོ་ཆའི་རྒྱུད་པ་ཡིན།” ཞེས་གསུངས་པ་སོགས་ཀྱིས་གསལ། རླངས་ཀྱི་གདུང་རྒྱུད་ལས་གྲུབ་པའི་སྐྱེས་བུ་ཆེན་པོ་ཨ་མྱེས་བྱང་ཆུབ་འདྲེ་འཁོལ་སོགས་རིགས་བརྒྱུད་ཟམ་མི་ཆད་པར་བྱོན་ཞིང་དེ་དག་གི་རྒྱུད་པས་གདན་ས་ཐིལ་དུ་མཛད་པས་ཕག་གྲུ་པ་ཞེས་དང༌། རྒྱལ་ས་སྣེ་གདོང་དུ་བྱས་པས་སྣེ་གདོང་པ་ཞེས་གྲགས་སོ།།

ནང་དོན།

ཕག་གྲུས་བོད་ལ་དབང་བསྒྱུར་ཚུལ་[རྩོམ་སྒྲིག]

ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་ནས་བརྩིས་པའི་ལོ་བརྒྱ་ལྷག་ཙམ་རིང་ཕག་གྲུའི་མི་རྒྱུད་ཀྱིས་སྲིད་དབང་བཟུང་སྟེ་བོད་ཁམས་ཡོངས་ལ་དབང་བསྒྱུར་མཛད་དོ།། སྡེ་སྲིད་ཕག་མོ་གྲུ་པའམ་སྣེ་གདོང་པའི་དབང་ཤུགས་སླེབས་ཚུལ་ནི༑ སྐབས་དེར་ས་སྐྱའི་མངའ་འོག་ཏུ་ཁྲི་དཔོན་བཅུ་གསུམ་ཡོད་པའི་ནང་ནས་འབྲི་གུང་དང༌། ཕག་གྲུ། ཚལ་པ་བཅས་གསུམ་ནི་ས་སྡེ་ཆེ་ཤོས་དང༌། ས་སྐྱ་པའི་ཞབས་འབྲིང་ནང་མའི་གྲས་སུ་གཏོགས། ཁྲི་དཔོན་གཞན་གྱི་རྒྱུད་བསྐུལ་བསླུ་ཐབས་ལ་བརྟེན་ནས་ས་སྐྱའི་དཔོན་ཆེན་འགའ་ཤས་ཀྱིས་ཕག་གྲུར་ཁྲིམས་འཁྱོག་དང༌། སྡང་ཟུག་ཆེན་པོས་སྔ་རྗེས་བཙན་མནོན་མང་པོ་བྱས་རྐྱེན་སྙིང་སྟོབས་ཅན་གྱི་ཕག་གྲུ་བྱང་ཆུབ་རྒྱལ་མཚན་གྱིས་གོ་སྐབས་དང་བསྟུན་ཏེ། ས་སྐྱའི་སྲིད་དབང་ཕྲོགས་པ་ཡིན།

དེ་ནས་གཡའ་བཟང་བ་དང༌། ཚལ་པ། འབྲི་གུང༌། ས་སྐྱ་བཅས་ལ་དམག་དྲངས་ཏེ་ཤིང་རྟ་སྤྱི་ལོ་ ༡༣༥༤ ལོར་བོད་ཁྲི་སྐོར་བཅུ་གསུམ་གྱི་སྲིད་དབང་བདག་གིར་མཛད། ཁྲི་སྐོར་བཅུ་གསུམ་གྱི་སྲིད་འཛིན་པ་བསྒྲིགས་ཏེ་གོང་དཀར་རྫོང་དང༌། བྲག་དཀར་རྫོང༌། སྣེའུ་རྫོང༌། འོལ་ཁ་སྟག་རྩེ་རྫོང་སོགས་རྫོང་ཆེན་བཅུ་གསུམ་དུ་བསྒྱུར་ཏེ་དེ་སྔོན་ས་སྐྱའི་སྐབས་སོག་པོའི་ལུགས་ལྟར་ཁྲི་དཔོན་གྱི་ལམ་ལུགས་ལ་བསྒྱུར་བཅོས་བཏང་ནས་རྫོང་དཔོན་གྱི་སྲོལ་བཏོད། རྫོང་དཔོན་རྣམས་ལོ་གསུམ་རེའི་མཚམས་ནས་བརྗེ་རེས་བྱེད་པའི་ལམ་ལུགས་བཙུགས། ཁྲིམས་ཡིག་ཞལ་ལྕེ་བཅོ་ལྔ་དང་ཁྲལ་འུལ་སོགས་ལམ་ལུགས་གཏན་འབེབས་མཛད་ནས་མངའ་འབངས་ཚུལ་བཞིན་དུ་བསྐྱངས་བས་བོད་ཁམས་ཡོངས་སུ་རྒད་མོ་གསེར་འཁུར་གྱི་དུས་ཞེས་རྐུ་ཇག་བཅོམ་འཕྲོག་སོགས་མེད་པར་ཧ་ཅང་གྲགས་ཆེ། དེ་ལྟར་བོད་ཁམས་ཡོངས་སུ་དུས་བདེ་ཞོད་འཇགས་ཧ་ལས་པ་བྱུང་ཞིང་། ལྷག་པར་དུ་ཁོང་གིས་སློབ་སྦྱོང་ལ་མཐུན་རྐྱེན་སྦྱར་བ་དང་། གུ་ཡངས་ཤིན་ཏུ་ཆེ་བས་སྐབས་དེར་བོད་དུ་མཁས་པའི་དབང་པོ་ཇི་ཉིད་གཅིག་བྱུང་བ་སོགས་ཁོང་ནི་བོད་ལ་བཀའ་དྲིན་ཤིན་ཏུ་ཆེའོ།།

ས་ཕག་གཉིས་དབར་འགལ་བ་བྱུང་ཚུལ་[རྩོམ་སྒྲིག]

ས་སྐྱའི་སྲིད་དབང་ནང་འགལ་བ་སྣ་ཚོགས་ཛ་དྲག་ཏུ་འགྲོ་བཞིན་པའི་སྐབས། ཕག་གྲུ་དང་གཡའ་བཟང་བ་གཉིས་བར་ལ་རྩོད་གཞི་ཡང་ཡང་བྱུང་བའི་ཚེ་ས་སྐྱའི་དཔོན་ཆེན་ལ་གཏུགས་པར་གཡའ་བཟང་པའི་རྒྱབ་སྐྱོར་འོག ཏི་ཤྲི་ཀུན་དགའ་རྒྱལ་མཚན་གྱིས་གོང་དུ་ཞུས་ཏེ་ཕག་གྲུའི་ཁྲི་དཔོན་འཕྲོག་རྩིས་བྱས། དཔོན་ཆེན་དབང་ཕྱུག་བརྩོན་འགྲུས་ཀྱིས་གཡའ་བཟང་བའི་ཕྱོགས་མཛད་དེ་ཕག་གྲུ་བྱང་ཆུབ་རྒྱལ་མཚན་ལ་དོ་དམ་དང་ཚ་འདྲི་སོགས་མནར་གཅོད་བཏང༌། དེ་ནས་ས་སྐྱའི་བླ་མ་ཀུན་སྤངས་དང་དཔོན་ཆེན་རྒྱལ་བ་བཟང་པོས་བྱང་ཆུབ་རྒྱལ་མཚན་བསད་དེ་སྣེའུ་གདོང་ལེན་རྒྱུའི་ཀློག་གཤོམ་འཐེན་ནས་འབྲི་གུང་པ་དང༌། ནང་གྲགས། གཡའ་བཟང་བ་བཅས་དང་མཉམ་འབྲེལ་སྒོས་ཕག་གྲུར་དམག་རྒྱག་རྩིས་བྱས་པ་ན། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་ས་སྐྱ་དང་ཕག་གྲུ་གཉིས་ནང་འདུམ་བྱས་རྐྱེན་དཔོན་ཆེན་རྒྱལ་བ་དང་ཕག་གྲུ་བྱང་ཆུབ་རྒྱལ་མཚན་གཉིས་འགྲིག་མོལ་བྱུང་ནའང་ལྷ་ཁང་བླ་བྲང་གི་ཏི་ཤྲི་ཀུན་དགའ་རྒྱལ་མཚན་གྱི་སྲས་སྐུ་མཆེད་གཉིས་ཀྱིས་དེ་ལས་ལྡོག་སྟེ་དཔོན་ཆེན་རྒྱལ་བཟང་བ་འཛིན་བཟུང་བྱས་པས། ཕག་གྲུ་བྱང་ཆུབ་རྒྱལ་མཚན་དང་ནང་མོལ་གྱིས་དཔོན་ཆེན་རྒྱལ་བཟང་བཙོན་ཁང་ལས་བཏང༌། འོན་ཀྱང་ཕྱིས་སུ་ཀུན་སྤངས་པ་རང་ཉིད་ས་སྐྱ་ནང་ཁུལ་ནས་བཀྲོངས་པ་དང༌། དཔོན་ཆེན་རྒྱལ་བཟང་བ་ཡང་ལྷ་རྩེར་རྐྱེན་འདས་བྱུང་བ་སོགས་ཀྱི་རྐྱེན་གྱིས་བྱང་བ་ཁྲི་དཔོན་གྱིས་ཞུས་བསྐུལ་ལྟར། དཔོན་ཆེན་དབང་ཕྱུག་བརྩོན་འགྲུས་ཀྱིས་གཙང་དམག་བསྡུས་ཏེ་ལྷ་ཁང་ཆེན་མོ་བསྐོར་སྟབས། བོད་ཤིང་རྟ་སྤྱི་ལོ་ ༡༣༥༤ ལོར་ཕག་གྲུའི་དམག་དཔུང་ས་སྐྱར་བསྐྱོད་དེ་གཡུལ་དུ་ཞུགས་ནས་གཙང་དམག་ལ་ཕམ་ཉེས་ཆེན་པོ་བཟོས། ས་སྐྱའི་རྒྱལ་རབས་འཐོར་ཞིག་ཏུ་གྱུར་ཅིང་སྲིད་དབང་ཕག་མོ་གྲུ་པའི་ལག་ཏུ་ཤོར་ཏེ་ཕག་གྲུའི་སྲིད་དབང་དངོས་སུ་བཙུགས་པ་ཡིན།

ཕག་གྲུའི་ཁུ་བོས་ཁྲི་དཔོན་བྱེད་སྐབས་ཁོ་པའི་ས་སྡེའི་ཁོངས་གཏོགས་ཀྱི་ཁྱིམ་ཚང་ ༢༨༠ གཡའ་བཟང་པས་འཕྲོགས་པ་དང༌། རྗེས་སུ་སི་ཏུ་བྱང་ཆུབ་རྒྱལ་མཚན་ཁྲི་དཔོན་དུ་སླེབས་མ་ཐག་གཡའ་བཟང་པས་རང་གི་ཁུ་བོའི་དུས་སུ་འཕྲོག་པའི་ས་ཁང་མི་གསུམ་དཔུང་ཤུགས་ཀྱིས་ཕྱིར་བླངས། དེ་རྗེས་གཡའ་བཟའ་པས་ཕག་གྲུའི་སྟེང་དུ་དམག་གིས་ཚུར་རྒོལ་ལན་འགའ་བྱས། གཡའ་བཟང་པའི་རྒྱབ་ཏུ་ཚལ་པ་ཡོད་པ་མ་ཟད། ས་སྐྱའི་དཔོན་ཆེན་རྣམས་ཀྱིས་ཀྱང་རྒྱབ་རྩ་བྱས་པར་བརྟེན། ཁ་མཆུའི་རྩ་བ་མ་ཆོད་པར་དམག་འཁྲུག་ཀྱང་ཤོར།

ཕྱི་ལོ་ ༡༣༣༧ ལོ་དང་ཕྱི་ལོ་ ༡༣༤༥ ལོ་སོ་སོར་ས་སྐྱའི་དཔོན་ཆེན་འོད་ཟེར་སེངྒེ་སོགས་ཀྱི་དྲུང་དུ། གཡའ་ཕག་གཉིས་གཏུགས་བཤེར་བྱས་ཏེ་ཕག་གྲུར་བདེན་པ་ཆེ་ཙམ་བྱུང་ཡང༌། ས་སྐྱའི་དཔོན་ཆེན་རྣམས་གྲོས་ཚོགས་སྐབས་ནང་ཆེན་དབང་བརྩོན་གྱིས་ཕྱོགས་ལྷུང་བྱས་ཏེ། བྱང་ཆུབ་རྒྱལ་མཚན་གྱི་ཚབ་ཏུ་བསོད་ནམས་རྒྱལ་མཚན་ལ་ཕག་གྲུའི་ཁྲི་དཔོན་དུ་བསྐོས་ཀྱང༌། སྣེ་གདོང་ལ་སླེབས་སྐབས། ཕག་གྲུ་བྱང་ཆུབ་རྒྱལ་མཚན་གྱིས་ཁྲི་དཔོན་གྱི་ལས་འགན་དང༌། སྣེ་གདོང་ཕོ་བྲང་བཅས་རྩིས་མ་སྤྲད་པར་ཕན་ཚུན་འགལ་ཟླར་གྱུར། ཁོང་གཉིས་དབར་ཞི་དྲག་གི་ཐབས་ཤེས་རིམ་པར་བྱས་ཀྱང་ཞི་འགྲིགས་མ་བྱུང་སྟབས། ས་སྐྱའི་དཔོན་ཆེན་བཟང་པོས་སྣེ་གདོང་ལ་དམག་དྲངས་ཏེ། ཕག་གྲུ་བྱང་ཆུབ་རྒྱལ་མཚན་དམག་ཐོག་ཏུ་འཛིན་བཟུང་གིས་སྣེ་གདོང་གི་སྲིད་དབང་སྤྲོད་དགོས་པར་བསྐུལ་ཀྱང༌། བྱང་ཆུབ་རྒྱལ་མཚན་གྱི་ངོས་ལེན་གཏན་ནས་མ་བྱས་སྟབས། མཐར་བཙན་ཐབས་སུ་ཁྲིམས་ཆད་བཏང་བ་དང༌། བཙོན་ཆས་གཡོགས་ཏེ་བཞོན་པ་གླང་དམར་ཞིག་ལ་ཁ་ཕྱིར་ལོག་གི་བསྐྱོན་ཏེ། ས་སྐྱར་ཁྲིད་པ་ལས་གཞན་ཐབས་གཞན་མ་རྙེད། ཟླ་བ་གཅིག་ཙམ་གྱི་རྗེས་སུ་བྱང་ཆུབ་རྒྱལ་མཚན་སྣེ་གདོང་དུ་ཕྱིར་ལོག་ནས་སྔར་བཞིན་སྲིད་དབང་བཟུང༌།

སྐབས་དེར་ས་སྐྱའི་དཔོན་ཆེན་རྒྱལ་བ་བཟང་པོ་དང་ནང་ཆེན་དབང་བརྩོན་གཉིས་ནང་ཁ་མ་འཆམ་པར། དབང་བརྩོན་གྱིས་གཡོ་སྒྱུ་སྣ་ཚོགས་ལ་བརྟེན་ནས་རྒྱལ་བ་བཟང་པོ་བརྩོན་འཇུག་བྱས་མཐར། ཁྲི་སྐོར་བཅུ་གསུམ་གྱི་དམག་ཡར་ཀླུང་ཕྱོགས་སུ་བཏང༌། བྱང་ཆུབ་རྒྱལ་མཚན་གྱིས་གོང་གསལ་གནས་ཚུལ་ཐོས་མ་ཐག་དམག་སྣེ་ཁྲིད་ནས་ས་སྐྱ་བའི་དཔུང་དང་འཐབ་སྟེ་རྒྱལ་ཁ་བླངས། དེ་ནས་དབུས་དཔུང་རྣམས་ས་སྐྱར་ཐད་ཀར་བསྐྱོད་པས་དམག་ཐབས་མ་དགོས་པར་དཔུང་གི་འཇིགས་ཟིལ་ཁོ་ནས་བླངས་ཏེ། ས་སྐྱའི་གདན་རབས་ཏཱ་དབེན་བློ་གྲོས་རྒྱལ་མཚན་ཁྲི་ལས་ཕབ། དཔོན་ཆེན་དབང་བརྩོན་འཛིན་བཟུང་བྱས། ལས་བྱེད་གནད་ཡོད་རྣམས་ཁྲིམས་ཀྱི་ཙ་ར་དང་གནས་འབྱུང་བཏང༌། རྫོང་གཞིས་སོ་སོར་དཔོན་རིགས་གསར་བསྐོ་མཛད། དེ་ལྟར་སྤྱི་ལོ་ ༡༣༥༨ ལོར་ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་ས་སྐྱའི་སྲིད་དབང་འཕྲོག་སྟེ་བོད་ཆོལ་ཁ་གསུམ་ཡོངས་སུ་རྫོགས་པར་དབང་བསྒྱུར་བ་ཡིན།

ཆབ་དཔལ་རིག་གསུམ་འཕེལ་རྒྱས་བྱུང་ཚུལ་[རྩོམ་སྒྲིག]

ཕག་གྲུའི་སྐབས་སྲིད་འཛིན་སྒྲིག་གཞི་གསར་བཟོ་དང༌། སྔར་གཞན་གྱིས་བཙན་འཕྲོག་བྱས་པའི་འབངས་ཀྱི་ས་ཞིང་དང་རྒྱུ་ནོར་རྣམས་ཕྱིར་རང་རང་ལ་སྤྲད་པ་དང༌། འབངས་ཀྱི་ཁྲལ་རིགས་འོས་མཚམ་བསྡུ་བ་ལས་གང་འདོད་ཀྱིས་བསྡུ་མི་ཆོག་པའི་བཀའ་ཕབ། ཁྲིམས་ལུགས་ལ་བསྒྱུར་བཅོས་བྱས་པས་ཁྲིམས་མེད་ལུགས་མེད་ཀྱི་འཕྲོག་ཁྱེར་གྱི་བྱ་སྤྱོད་མེད་པར་ཕྱུགས་ཟོག་གོང་འཕེལ་བྱུང༌། སྡེ་སྲིད་རིམ་བྱུང་གིས་གཞིས་ཀ་ཁག་ནང་མང་ཚོགས་ཀྱི་འཚོ་བར་རྒྱུས་ལོན་བྱས་ཤིང༌། ས་གནས་སོ་སོར་ཤིང་འཛུགས་ནགས་བསྐྲུན་གྱི་བསྐུལ་མ་བཏང༌། ཐང་རྒྱལ་རབས་ནས་བཟུང་བོད་དང་ནང་ལོགས་བར་བྱུང་བའི་ཇ་དང་རྟ་སོགས་ཉོ་ཚོང་བྱེད་པའི་སྲོལ་ཇེ་དར་དུ་སོང་སྟེ། བོད་ཀྱི་བལ་དང༌། སྨན་རྩྭ་གླ་རྩི། ལི་སྐུ། ཐང་ག་སོགས་དང་རྒྱ་ནག་གི་དར་གོས་དང༌། རས་ཁྲ་སོགས་ཕན་ཚུན་བརྗེ་རེས་བྱེད་པའི་བྱེད་སྒོ་མང་དུ་ཕྱིན་པས་དཔལ་འབྱོར་གཽང་དུ་འཕེལ་ནས་མང་ཚོགས་ཀྱི་འཚོ་བ་ཡར་རྒྱས་སུ་སོང་བས་སྐབས་དེར་རྒན་མོ་གསེར་ཁུར་གྱི་དུས་ཞེས་གྲགས།

རིག་གནས་ཐད་སྐབས་དེར་བོད་ཁམས་ཀྱི་སྤྱི་ཚོགས་ཞི་བདེ་དང་དཔལ་འབྱོར་འཕེལ་རྒྱས་བྱུང་སྟབས་རིག་གནས་དར་རྒྱས་འགྲོ་བར་སྐུལ་འདེད་ཆེན་པོ་ཐེབས་ཏེ་རྩོམ་རིག་དང༌། མཚན་ཉིད་རིག་པ། ལོ་རྒྱུས་རིག་པ༑ སྒྱུ་རྩལ་སོགས་ཡར་རྒྱས་ཆེན་པོ་བྱུང༌། དཔེར་ན། ༵༵རྒྱལ་རབས་གསལ་བའི་མེ་ལོང་ཀཀ དང༌། ༵༵དེབ་ཐེར་དམར་པོ་ཀཀ ༵༵བུ་སྟོན་ཆོས་འབྱུང་ཀཀ སོགས་ལོ་རྒྱུས་ཀྱི་དེབ་ཐེར་སྙན་གྲགས་ཅན་དང༌། སྙན་གྲགས་ཆེ་བའི་དམངས་ཁྲོད་རྩོམ་རིག་ ༵༵གླིང་གེ་སར་རྒྱལ་པོའི་སྒྲུང་ཀཀ སོགས་བྱུང་ནས་བོད་མི་རིགས་ཀྱི་བསམ་བློའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་ཡིན།

བུ་སྟོན་དང་ཚལ་པ་ཀུན་དགའ་རྡོ་རྗེའི་རྣམ་གཉིས་ཀྱིས་བཀའ་འགྱུར་དང་བསྟན་འགྱུར་གྱི་དཔེ་འཚོལ་སྡུད་དང་དཀར་ཆག་རྩོམ་སྒྲིག་གནང་བ་བཅས་བོད་ཀྱིས་འཛམ་གླིང་རིག་གནས་བང་མཛོད་ནང་རིན་ཐང་བྲལ་བའི་ནོར་བུ་ཞིག་བསྣན། གཞན་ད་དུང་གསོ་རིག་དང༌། སྐར་རྩིས་སོགས་ཀྱང་འཕེལ་རྒྱས་ཆེན་པོ་བྱུང་སྟེ་རྒྱུད་བཞི་སོགས་སྨན་གཞུང་རྣམས་ཤིང་དཔར་ལ་བཀོད། སྐར་རྩིས་ཀྱིས་བརྩི་སྟངས་ཀྱང་སྐབས་དེར་ཡིག་ཐོག་ལ་བཀོད་པ་སོགས་མདོར་ན་ཕག་གྲུའི་སྐབས་རྩ་ཁྲིམས་གཏན་འབེབས་དང༌། མི་དོན་སྒྲིག་སྲོལ། འགྱེད་དང་ཁྲལ་ཆག བོད་ཁམས་ལ་འཛུགས་བསྐྲུན། ལྷ་ཁང་དང་རྟེན་གསུམ་གསར་བཞེངས། ཁོར་ཡུག་ལ་ལེགས་བཅོས། པར་ཤིང་དར་སྤེལ། ཆོས་ལུགས་དང༌། སྨན་རྩིས། ལྷ་བཟོའི་ལག་རྩལ། རིག་གནས་དར་རྒྱས་ཕྱིན་པ་སོགས་ནི་འབྲེལ་ཡོད་ཀྱི་དེབ་ཐེར་ལས་གསལ་བ་ལྟར་རོ།།

ཕག་གྲུའི་སྲིད་རབས་རིམ་བྱོན་[རྩོམ་སྒྲིག]

ཕག་གྲུའི་སྡེ་སྲིད་དང་པོ། ཏཱའི་སི་ཏུ་བྱང་ཆུབ་རྒྱལ་མཚན། 1349-1365[རྩོམ་སྒྲིག]

རབ་བྱུང་ལྔ་པའི་ཆུ་སྟག་སྤྱི་ལོ་༡༣༠༢ལོར་སྐུ་འཁྲུངས། དགུང་ལོ་གསུམ་པ་ནས་ཡི་གེ་འབྲི་ཀློག་སློབ་འགོ་ཚུགས། དགུང་ལོ་བདུན་པར་སྤྱན་སྔ་ཚེས་བཞི་པའི་མདུན་ནས་དགེ་བསྙེན་གྱི་སྡོམ་པ་ཞུས། དགུང་ལོ་དགུ་པར་མཁན་ཆེན་ཚུལ་དར་པའི་དྲུང་ནས་རབ་ཏུ་བྱུང༌། དགུང་ལོ་བཅུ་བཞི་པར་ས་སྐྱ་ལ་བྱོན་ནས་སློབ་གཉེར་མཛད། དགུང་ལོ་ཉེར་གཅིག་པ་རབ་བྱུང་ལྔ་པའི་ཆུ་ཁྱི་སྤྱི་ལོ་༡༣༢༢ལོའི་ཟླ་བ་དགུ་པའི་ཚེས་བཅུ་བཞིའི་ཉིན་སྣེ ་གདོང་རྩིས་བླངས་ཏེ་ཕག་གྲུའི་ཁྲི་དཔོན་མཛད།

དགུང་ལོ་ཞེ་བརྒྱད་པ་རབ་བྱུང་དྲུག་པའི་ས་གླང་སྤྱི་ལོ་༡༣༤༩ལོར་བོད་ཁམས་ཡོངས་ལ་དབང་སྒྱུར་བྱེད་ཐུབ་པའི་སྟོབས་འབྱོར་དང་དམག་དབང་ཐོབ། དོན་དངོས་ཐོག་བོད་ཡོངས་ཀྱི་བདག་པོར་གྱུར། དགུང་ལོ་ང་གསུམ་པ་རབ་བྱུང་དྲུག་པའི་ཤིང་རྟ་སྤྱི་ལོ༡༣༥༤ལོར་བོད་ཡོངས་ལ་དབང་སྒྱུར་དངོས་སུ་བྱེད་ཐུབ་པར་བྱུང༌། དགུང་ལོ་རེ་བཞི་པ་རབ་བྱུང་དྲུག་པའི་ཤིང་སྦྲུལ་སྤྱི་ལོ་༡༣༦༥ལོར་བསྙུན་བབ་ལྕི་སྟབས་ཤཱཀྱ་རྒྱལ་མཚན་ཕག་གྲུ་སྡེ་སྲིད་ཀྱི་ཁྲི་ལ་བཀོད། རབ་བྱུང་དྲུག་པའི་ལྕགས་ཕག་སྤྱི་ལོ་༡༣༧༡ལོར་དགུང་ལོ་བདུན་ཅུའི་ཐོག་སྐུ་གཤེགས།

ཕག་གྲུའི་སྡེ་སྲིད་གཉིས་པ། གུ་ཤྲི་ཤཱཀྱ་རྒྱལ་མཚན། 1365-1373[རྩོམ་སྒྲིག]

ཡབ་ཕག་གྲུ་བསོད་ནམས་བཟང་པོ་དང༌། ཡུམ་མང་ཉི་མ་གཉིས་ཀྱི་སྲས་སུ་རབ་བྱུང་དྲུག་པའི་ལྕགས་འབྲུག་སྤྱི་ལོ་༡༣༤༠ལོར་འཁྲུངས། གཞོན་ནུའི་དུས་སུ་བླ་མ་ཀླུ་ལུང་གྲགས་པ་ལས་ཀློག་བསླབས། ཚེས་བཞི་གྲགས་པ་རྒྱལ་མཚན་གྱི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་ཞུས་པའི་མཚན་གྲགས་པ་བཟང་པོ་དང༌།
དེ་རྗེས་དགུང་ལོ་དགུ་པའི་སྐབས་མཁན་ཆེན་གཞོན་དབང་དང༌། སློབ་དཔོན་གཞོན་བརྩོན་ལས་རབ་ཏུ་བྱུང་བའི་མཚན་ལ་ཤཱཀྱ་རྒྱལ་མཚན་དུ་གསོལ། དགུང་ལོ་བཅུ་གསུམ་པ་ཆུ་འབྲུག་ལོར་རྩེད་ཐང་གི་གདན་ས་མཛད་ནསཐེལ་གྱི་གདན་ས་ལ་བརྟག་གཉིས་ཀྱི་བཤད་པ་དང༌། བཀའ་པོད་བཞི་སོགས་ལ་བཤད་པ་མཛད་པས་མཁས་པའི་སྙན་གྲགས་ཐོབ། རྗེས་སུ་བུ་སྟོན་རིན་པོ་ཆེའི་དྲུང་དུ་རྒྱུད་སྡེ་བཞིའི་རྒྱུད་བཤད་དབང་ལུང་མན་ངག་བཅས་གསན་པ་རྒྱ་ཆེར་མཛད། དགུང་ལོ་བཅུ་དགུ་པར་ཆོས་རྗེ་བླ་མ་བསོད་ནམས་རྒྱལ་མཚན་པའི་དྲུང་དུ་བསྙེན་པར་རྫོགས་ནས་ལྷ་ས་ལ་ཆོས་བསྐོར་གནང༌། ཏཱ་སི་བྱང་ཆུབ་རྒྱལ་མཚན་གྱི་དགོངས་པ་ལ་ཤཱཀྱ་རྒྱལ་མཚན་འདི་ཆོས་སྒོར་ལེགས་པར་འཇུག་འདོད་ཡོད་པའི་ཚུལ།

ཏཱའི་སི་ཏུའི་ཞལ་ཆེམས་མྱ་ངན་འདས་ཆུང་ལས། སྣེ་གདོང་གི་དཔོན་ས་འདིར། ཤཱཀྱ་རིན་ཆེན་འོས་པར་འདུག་་བསམས་ནས་གོང་དུ་འཇའ་ས་ཞུ་བ་ལ་དཔའ་ཤི་ཤེས་བཀྲས་བཏང༌། འཇའ་ས་བཟང་པོ་གྲུབ། ལུང་དང་འབྲེལ། ལི་ཤང་བྱས། འཇའ་ས་བསྒྲགས་ནས་ཁྲི་དཔོན་ལ་བསྐོས་པ་ཡིན་ནའང༌། བསོད་ནམས་ཀྱིས་མ་ཆུན་པ་ཡིན་ནམ། འཇའ་ས་བསྒྲགས་རྟིང༌། ཟང་ཟིང་བདེ་དོགས་ཁ་མཆུ་ཅི་རིགས་སུ་བྱུང་བ་ཀུན་ལ་གསལ། དེའི་དོན་ལ་རང་རེ་ཁམས་བཟང་རིང་ལ་ཁྲི་དཔོན་གྱི་མིང་གདགས་དགོས་རྒྱུ་ནི་འདུག་པས། ཐེལ་དུ་མཚམས་ཆོད་དགེ་སྦྱོར་ལ་འབུངས། དབོན་པོ་མཚམས་བཅད་པའི་ལུགས་ཀྱི། ད་གཟོད་རིན་པོ་ཆེའི་དམིགས་ཡུལ་བྱེད་བྱས་པ་ཡིན་པས། ཁྱེད་སྤྱན་སྔ་པས་ཁོའི་འགོ་འདོན་སྐྱོང་བྲན་གང་དགོས་ཀྱིས། ཞེས་གསལ་བ་ལྟར་རོ། །

འོན་ཀྱང་རབ་བྱུང་དྲུག་པའི་ཤིང་སྦྲུལ་སྤྱི་ལོ་༡༣༦༥ལོར་ཏཱའི་སི་ཏུ་བསྙུན་གཞིའི་བབ་ལྕི་བས་ཐོག་མའི་དགོངས་གཞི་དེར་འགྱུར་ལྡོག་བྱུང་ནས་ཤཱཀྱ་རྒྱལ་མཚན་དགུང་ལོ་ཉེར་དྲུག་པར་ཕག་གྲུའི་སྡེ་སྲིད་ཀྱི་ཁྲི་ལ་དབང་བསྐུར་པའི་སྐོར། ཏཱའི་སི་ཏུའི་ཞལ་ཆེམས་མྱ་ངན་འདས་ཆུང་ལས། འདིའི་ཁྲི་དཔོན་དེ། བྱང་རྡོར་བུ་ཆུང་འདི་རང་རེའི་ཕྱི་ལ་ཁྲིད་གོ་མཐོང་བསླབས། གོང་དུ་ཞུ་བ་བཏང་ནས། ཁྲི་དཔོན་ལ་བསྐོ་བའི་འདུན་མ་ཡོད་པ་ཡིན་ནའང༌། རང་རེའི་ཁམས་ངན་པར་གྱུར་ནས། འདི་རིགས་ན་སོ་ཕྲ་བའི་དོན་གྱིས་དཔོན་ས་འཕེར་བ་དཀའ་བར་འདུག་པས། ཁྱོད་ཤཱཀྱ་རྒྱལ་མཚན་གཞོན་ནུ་ནས་རབ་ཏུ་བྱུང༌། ལོ་དགུའི་སྟེང་དུ་བརྟག་གཉིས་ལ་བཤད་པ་བྱས་པ་ནས་བཟུང་སྟེ། བཅོ་ལྔ་ལ་འདུལ་བ་ནན་ཏན་བྱས། བཅུ་དྲུག་ལ་བཤད་པ་བྱེད་པ་ལ་ཕྱིན་ལ། བརྟག་གཉིས། རྣམ་འགྲེལ། ཕར་ཕྱིན། མངོན་པ། འདུལ་བ་ལ་སོགས་པོ་ཏི་ལ་ནན་ཏན་བྱེད་དུ་བཅུགརྒྱུད་སྡེ་བཞི་དང་སྡེ་སྣོད་ལ་མཁས་པར་བསླབས། ན་སོར་ཕྱིན་དུས་སྒྲུབ་པའི་རྒྱལ་ས་འཛིན་པ། མཁས་བཙུན་བཟང་གསུམ་འཛོམས་པ། མཁན་ཆེན་བུ་སྟོན་རིན་པོ་ཆེ་ལྟ་བུ་གཅིག་རེ་བ་ཡིན་ཟེར་བ་ལབ་པ་ཡིན་ནའང༌། ཁམས་ཀྱི་གནས་ལུགས་འདིར་སོང༌། བསམས་པ་ཐོག་ཏུ་མ་བྱུང་ཙ་ན། ཚ་ཡུག་འདི་ཚོ་མ་ཚར་བར་དུ། ཁྱོད་ཀྱིས་སྣེ ་གདོང་གི་གོ་ས་འདི་མི་འཛིན་ཁ་མེད་དུ་འདུག་པས།

རྩེ་ཐང་གི་གྲྭ་ས། སྒོས་གཞིས། འབྲོག་དགེ་རུ། དབང་རིགས་རྣམས། གྲགས་པ་རིན་ཆེན་ལ་བྱིན་ལ། རྩེ་ཐང་གི་ཆོས་སྡེ་འདི་མ་ཞིག་པ་དང༌། གྲྭ་ས་མ་ཉམས་པ། བསྟན་པའི་བྱ་བ་ཚུལ་དང་མཐུན་པ། ཁྱོད་གྲགས་པ་རིན་ཆེན་གྱིས་ཁུར་ཁུར་ལ་འབད་པ་ཐོན། ཅེས་གསལ་བ་ལྟར་རབ་བྱུང་དྲུག་པའི་ཤིང་སྦྲུལ་སྤྱི་ལོ་༡༣༦༥ནས་རབ་བྱུང་དྲུག་པའི་ཆུ་གླང་སྤྱི་ལོ་༡༣༧༣ལོའི་བར་ཕག་གྲུའི་སྲིད་ཀྱི་འགན་བཞེས། རབ་བྱུང་དྲུག་པའི་ཆུ་གླང་ཟླ་བ་དགུ་པའི་ཚེས་སུམ་ཅུ་ཉིན་སྐུ་གཤེགས།

ཕག་གྲུའི་སྡེ་སྲིད་གསུམ་པ། སྤྱན་སྔ་གྲགས་པ་བྱང་ཆུབ། 1374-1381[རྩོམ་སྒྲིག]

རབ་བྱུང་དྲུག་པའི་མེ་སྤྲེལ་སྤྱི་ལོ་༡༣༥༦ལོར་སྐུ་འཁྲུངས། དགུང་ལོ་བཞི་པའི་སྐབས་ཡི་གེ་སྦྱོར་ཀློག་ནས་བརྩམས་སློབ་གཉེར་གནང༌། དགུང་ལོ་བཅུ་གཉིས་པར་སྤྱན་སྔ་གྲགས་པ་ཤེས་རབ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་པའི་མཚན་གྲགས་པ་བྱང་ཆུབ་ཏུ་གསོལ་ཅིང་དེའི་མདུན་ནས་ཆོས་དྲུག་གི་ཁྲིད་མཐར་ཕྱིན་པ་གསན། དེའི་རྗེས་སུ་གཅེན་རྒྱལ་སྲས་གྲགས་པ་རིན་ཆེན་མདུན་ནས་རྒྱུད་བརྟག་གཉིས་ལ་གསན་སྦྱོང་གནང་བས་མཁས་པའི་མཚན་སྙན་རྒྱས། རྩེད་ཐང་དུ་བརྟག་གཉིས་ཀྱི་བཤད་པ་རྒྱ་ཆེར་མཛད། འཇམ་དབྱངས་གུ་ཤྲི་ཤཱཀྱ་རྒྱལ་མཚན་གྱིས་གྲགས་པ་བྱང་ཆུབ་ལ་རླངས་ཀྱི་གདུང་རྒྱུད་སྤེལ་དགོས་པའི་ཞལ་ཏ་ཡང་ཡང་གནང་ནའང་ཞལ་གྱིས་མ་བཞེས་པར་དགུང་ལོ་བཅོ་ལྔ་པར་ཆོས་རྗེ་བསོད་ནམས་རྒྱལ་མཚན་གྱིས་མཁན་པོ་དང༌། མཁན་ཆེན་གཞོན་དབང་པས་སློབ་དཔོན། ཆོས་སྒོ་པ་བརྩོན་འགྲུས་བཟང་པོས་དུས་བསྒོ་བ་གནང་སྟེ་རབ་ཏུ་བྱུང་ཞིང༌། དེ་རྗེས་མཁན་སློབ་དེ་དག་ལས་བསྙེན་རྫོགས་ཀྱི་སྡོམ་པའང་བཞེས། སྔར་དགེ་བསྙེན་སྐབས་མཚན་གྲགས་པ་བྱང་ཆུབ་གསོལ་པའི་ཐོག་ཏུ་དཔལ་བཟང་པོ་བྱ་བ་སྣོན་པར་མཛད། དགུང་ལོ་བཅུ་དྲུག་པ་ལ་ཐེལ་གྱི་གདན་སར་ཕེབས།

དགུང་ལོ་བཅུ་དགུ་པའི་སྐབས་གུ་ཤྲི་ཤཱཀྱ་རྒྱལ་མཚན་སྐུ་གཤེགས་པ་དང༌། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་སོགས་ཕག་གྲུའི་གྲོས་ལ་དབང་བ་ནམས་ཀྱིས་ཕག་གྲུའི་སྡེ་སྲིད་དང༌། ཐེལ་གྱི་གདན་ས་གཅིག་ལྕོགས་ཀྱིས་བླ་དཔོན་སྦྲགས་མར་གནང་དགོས་པའི་རེ་བ་ནན་ཆེར་ཞུས་སྟབས། སྤྱན་སྔ་བསོད་ནམས་གྲགས་པ་སྐུ་ནར་མ་སོན་བར་རེ་ཞིག་དེ་བཞིན་གནང་བ་ཞལ་གྱིས་བཞེས་ཏེ། དགུང་ལོ་བཅུ་དགུ་པ་རབ་བྱུང་དྲུག་པའི་ཤིང་སྟག་སྤྱི་ལོ་༡༣༧༤ལོར་ཕག་གྲུའི་སྡེ་སྲིད་མཛད། རྗེ་འདི་ཡིས་སྡེ་སྲིད་ཀྱི་ཐུགས་འགན་བཞེས་སྐབས་རྫོང་གོང་འོག་ཐམས་ཅད་དུ་ཆོ་འཕྲུལ་གྱི་ཟླ་བ་ལ་སྲོག་གཅོད་སྤོང་དུ་འཇུག་པ་སོགས་ཆོས་ལྡན་རྒྱལ་པོའི་མཛད་པ་ལྷུར་བཞེད་དང༌། བཤད་སྒྲུབ་ཀྱི་མཛད་པ་རྒྱ་ཆེར་བསྐྱངས།

དགུང་ལོ་ཉེར་དྲུག་པ་རབ་བྱུང་དྲུག་པའི་ལྕགས་བྱ་སྤྱི་ལོ་༡༣༨༡ལོར་སྤྱན་སྔ་བསོད་ནམས་གྲགས་པ་ཕག་གྲུའི་སྡེ་སྲིད་ཀྱི་ཁྲི་ལ་བསྐོ་བཞག་གནང་སྟེ། རྗེ་ཉིད་མུ་མཐུད་དེ་ཐེལ་གྱི་གདན་ས་བསྐྱངས། རྗེ་ཙོང་ཁ་པ་ཆེན་པོས་བླ་མར་བསྟེན་ནས་དད་གུས་ཚད་མེད་སྐྱེས། དགུང་ལོ་སོ་གཅིག་པ་རབ་བྱུང་དྲུག་པའི་མེ་སྟག་སྤྱི་ལོ་༡༣༨༦ལོར་སྐུ་གཤེགས། འདི་ལ་ཚེས་བཞི་གསར་མ་པའང་ཟེར།

ཕག་གྲུའི་སྡེ་སྲིད་བཞི་པ། སྡེ་སྲིད་བསོད་ནམས་གྲགས་པའམ་བསམ་གདོང་པ། 1382-1385[རྩོམ་སྒྲིག]

རབ་བྱུང་དྲུག་པའི་ས་ཕག་སྤྱི་ལོ་༡༣༥༩ལོར་འཁྲུངས། དགུང་ལོ་དགུ་པར་སྤྱན་སྔ་བཅུ་གཉིས་པའི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་བཞེས་པའི་མཚན་བསོད་ནམས་གྲགས་པར་གསོལ།
དེ་རྗེས་སྣེ་གདོང་དུ་ཆོས་རྗེ་བླ་མ་དམ་པས་མཁན་པོ་དང༌། མཁན་ཆེན་གཞོན་དབང་པས་སློབ་དཔོན་མཛད་དེ་རབ་ཏུ་བྱུང༌། དགུང་ལོ་བཅུ་དགུ་པར་རྩེད་ཐང་གི་གདན་སར་ཕེབས་ནས་འཆད་ཉན་རྒྱ་ཆེར་སྤེལ། དེ་རྗེས་ལོ་ཙཱ་བ་བྱང་ཆུབ་རྩེ་མོ་དང༌། མཁན་ཆེན་གཞོན་དབང་པ་སོགས་ནས་བསྙེན་རྫོགས་བཞེས། རྩེད་ཐང་གི་ཚོགས་པ་ལོ་བཅུ་བཞིར་བསྐྱངས། དགུང་ལོ་ཉེར་གསུམ་པ་རབ་བྱུང་དྲུག་པའི་ལྕགས་བྱ་༡༣༨༡ལོར་ཕག་གྲུ་སྡེ་སྲིད་ཀྱི་ཁྲི་ལ་ཕེབས་ཤིང༌། རྗེ་འདི་ཉིད་ཀྱིས་སྲིད་དབང་སྐྱོང་བའི་དུས་སུ་དུས་འཁྲུག་ཅུང་ཟད་བྱུང་ཚུལ༼ལྷོ་རོང་ཆོས་འབྱུང་༽ལས། གོང་དཀར་གཞིས་སྐོར་གྱི་ས་ནས་ཤིང་མོ་གླང་ལོརཐེལ་གྱི་གཟིམ་ཁང་ཤུགས་རར་བྱོན། དེའི་ལོག་སྒྲུབ་བྱས་པ་རྣམས་ལ་མི་དགེ་བའི་ལྟས་དངོས་སུ་བྱུང་ཞིང༌། དེའི་ཕྱི་མ་དགུང་ལོ་ཉེར་བརྒྱད་མེ་ཕོ་སྟག་གི་ལོར་ཡང་དགོན་དུ་ཆོས་ཀྱི་ཁྲི་ལ་ཕེབས་ནས་སྒྲུབ་བརྒྱུད་ཀྱི་བསྟན་པའི་བདག་པོ་མཛད་ཞེས་གསལ་བ་ལྟར་རོ།། དགུང་ལོ་ཉེར་བདུན་པ་རབ་བྱུང་དྲུག་པའི་ཤིང་གླང་༡༣༨༥ལོར་སྡེ་སྲིད་ཀྱི་ཁྲི་ལས་བཤོལ་ཏེ་ཐེལ་གྱི་གདན་སར་ཕེབས་ནས་ཚོགས་པ་ལོ་ཉི་ཤུར་བསྐྱངས། དགུང་ལོ་ཞེ་བདུན་པ་རབ་བྱུང་བདུན་པའི་ཤིང་བྱ་༡༤༠༥ལོར་ཐེལ་གྱི་གདན་ས་སྤྱན་སྔ་དཔལ་ལ་གཏད་དེ་ཀུན་སྤངས་ཀྱི་མཛད་པས་སྙིང་པོའི་བསྟན་པ་བསྐྱངས། དགུང་ལོ་ལྔ་བཅུ་པ་རབ་བྱུང་བདུན་པའི་ས་བྱི་༡༤༠༨ལོའི་བོད་ཟླ་གཉིས་པའི་ཚེས་བཅུ་དགུ་ཉིན་སྐུ་གཤེགས།

ཕག་གྲུའི་སྡེ་སྲིད་ལྔ་པ། གྲགས་པ་རྒྱལ་མཚན།1385-1432[རྩོམ་སྒྲིག]

ཡབ་ཤཱཀྱ་རིན་ཆེན་དང༌། ཡུམ་ཟི་ན་བཟའ་རིན་ཆེན་འཛོམས་པ་གཉིས་ལ་སྲས་གྲགས་པ་རྒྱལ་མཚན་དང༌། བྱང་ཆུབ་རྡོ་རྗེ། སྒོ་སེལ་བའམ་སྤྱན་སྔ་བསོད་ནམས་བཟང་པོ། སྤྱན་སྔ་པ་དཔལ་ལྡན་བཟང་པོ། སྤྱན་སྔ་བསོད་ནམས་རྒྱལ་མཚན། དྲུང་སངས་རྒྱས་རྒྱལ་མཚན་བཅས་དྲུག་འཁྲུངས་པ་ལས། གྲགས་པ་རྒྱལ་མཚན་ནི། རབ་བྱུང་དྲུག་པའི་ཤིང་སྟག་སྤྱི་ལོ་༡༣༧༤ལོར་འཁྲུངས། དགུང་ལོ་བདུན་པར་མཁན་ཆེན་གཞོན་དབང་པའི་དྲུང་དུ་རབ་ཏུ་བྱུང༌། མཚན་ལ་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ཞེས་གསོལ། དགུང་ལོ་བརྒྱད་པ་རབ་བྱུང་དྲུག་པའི་ལྕགས་བྱ་སྤྱི་ལོ་༡༣༨༡ལོར་རྩེད་ཐང་གི་གདན་སར་ཕེབས་ཤིང༌། ཚད་མ་རྣམ་འགྲེལ་གསུངས་པས་མཁས་པའི་སྙན་གྲགས་འབར་བར་གྱུར།

དགུང་ལོ་བཅུ་གཉིས་པ་རབ་བྱུང་དྲུག་པའི་ཤིང་གླང་སྤྱི་ལོ་༡༣༨༥ལོར་ཕག་གྲུ་སྡེ་སྲིད་ཀྱི་ཁྲི་ལ་བཞུགས། དགུང་ལོ་བཅུ་དྲུག་པ་རབ་བྱུང་བདུན་པའི་ས་འབྲུག་སྤྱི་ལོ་༡༣༨༨ལོར་གྲགས་པ་རྒྱལ་མཚན་ལ་ཏཱ་མིང་གོང་མས་ཡི་གེ་དང་གནང་སྦྱིན་འབྱོར་བའི་ནང་ཝང་གྲགས་པ་རྒྱལ་མཚན་ཞེས་གུས་བཀུར་ཆེན་པོ་གནང༌། སླར་ཡང་རབ་བྱུང་བདུན་པའི་ས་གླང་སྤྱི་ལོ་༡༤༠༩ལོར་ཏཱ་མིང་གོང་མ་ཡུང་ལོས་ཧྲན་ཧྥ་ཝང་ཞེས་པའི་མཚན་རྟགས་དང་གདན་ཞུའི་འཇའ་ས་བཅས་འབྱོར་ཡང་མ་ཕེབས། སྡེ་སྲིད་འདི་ཡིས་ལོ་ངོ་ཞེ་བདུན་རིང་སྲིད་དབང་བཟུང་བ་དང༌། སྐབས་དེར་ཕག་མོ་གྲུ་པའི་མངའ་ཐང་རྩེ་མོར་སོན་པའི་དུས་རབས་ཤིག་ཡིན་སྟབས། ཕག་གྲུའི་སྲིད་འཛིན་སྒྲིག་གཞི་ཐད་ལ་འགྱུར་ལྡོག་ཅུང་ཟད་རེ་བྱུང་ཡོད་པ་དཔེར་ན། ཏཱའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱི་སྐབས་སུ་དབུས་གཙང་རྫོང་ཆེན་ཁག་གི་རྫོང་དཔོན་རྣམས་རེས་བསྐོར་ཏེ་བརྗེ་ལེན་བྱེད་རྒྱུའི་ལམ་ལུགས་དེ་མེད་པར་བཟོས་ནས། རྫོང་གཞིས་སོ་སོའི་རྫོང་དཔོན་སྒེར་བདག་ཏུ་བསྐོས་ཏེ་བློན་པོ་རིན་སྤུངས་ནམ་མཁའ་རྒྱལ་མཚན་ལ་རིན་སྤུངས་རྫོང་དང༌། འཕྱོངས་རྒྱས་པ་ཧོར་དཔལ་འབྱོར་བཟང་པོ་ལ་གཞིས་ཀ་བསམ་འགྲུབ་རྩེ་རྫོང༌། སྣེ་པ་ནམ་མཁའ་བཟང་པོ་ལ་སྣེ་རྫོང༌། བྲག་དཀར་པ་རིན་ཆེན་དཔལ་པ་ལ་བྲག་དཀར་རྫོང་སོགས་བདག་པོ་བྱེད་ཆོག་པའི་ཤེལ་ཐམ་གནང༌།

ཏཱའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་སྐབས་སུ་གཏན་འབེབས་བྱས་པའི་གཙོ་བོའི་དཔོན་རིགས་དང༌། ནང་གཉེར་སོགས་རབ་བྱུང་པ་ནག་ཆང་གི་སྐྱོན་མེད་པ་ཤ་སྟག་དགོས་པའི་ལམ་ལུགས་དེའང་ནན་ཏན་ཆེར་མ་མཛད་པར། ཁྱིམ་རྒྱུད་ཀྱིས་དཔོན་བྱེད་ཆོག་པ་སོགས་སྲིད་འཛིན་གྱི་ལམ་ལུགས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་དེས། སྐབས་དེའི་མིག་སྔར་གྱི་ལས་དོན་ལ་སྟབས་བདེའི་ཕན་འབྲས་ཐོན་ཡོད་པ་སྲིད་ཀྱང༌། ཕྱིས་རྫོང་གཞིས་སྒེར་རྒྱུད་ཀྱིས་དབང་སྒྱུར་བྱས་པ་དེས་རང་འོག་གི་དཔོན་རིགས་རྣམས་སྟོབས་འབྱོར་རྒྱས་པ་དང༌། ལྷག་པར་དུ་ཕག་གྲུ་དང་རིན་སྤུངས་པ་གཉེན་སྒྲིག་བྱས་པ་ལ་བརྟེན། འོག་གི་རྫོང་གཞིས་ཀྱི་དཔོན་པོ་རྣམས་དབང་ཤུགས་ཇེ་ཆེར་ཕྱིན་ཏེ་མཐར་ཕག་གྲུའི་སྲིད་དབང་ཤོར་པའི་བྱུར་རྐྱེན་བྱུང་འདུགསྡེ་སྲིད་འདིའི་སྐབས་སུ་དྲུང་འཁོར་ཤིན་ཏུ་མང་པོ་ཡོད་པ་དེ་དག་རང་རང་སོ་སོའི་ལས་ཚན་གྱི་གོ་རིམ་དང་བསྟུན་པའི་བོད་སྔ་རབས་པའི་རྒྱན་གོས་རིན་པོ་ཆེའི་ཕྲ་ཚོམ་གྱིས་སྤྲད་པའི་རྣ་རྒྱན་སོགས་འདོགས་དགོས་པ་དང༌། ལྷག་པར་གནམ་ལོ་གསར་དུ་ཚེས་པའི་དགའ་སྟོན་གྱི་སྐབས། བཙན་པོའི་སྐུ་དུས་ཀྱི་ཆས་གོས་རིན་ཆེན་རྒྱན་ཆར་གྲགས་པའི་རྒྱན་སྤྲོས་བྱ་དགོས་པ་སོགས་ལ་ཐུགས་སྣང་ཆེན་པོར་མཛད་པ་དང༌། དེ་མིན་ལུང་མ་བསྟན་གྱི་ཞྭ་གོས་གྱོན་པ་དང༌། བཟང་པོའི་སྤྱོད་པ་དང་མི་མཐུན་པའི་བྱ་བ་བྱེད་མི་ཆོག་པའི་བཅད་རྒྱ་གཏན་འབེབས་གནང་བ་སོགས་ཀྱི་སྒྲིག་སྲོལ་གསར་དུ་མཛད།

གཞན་ཡང་གྲུབ་མཐའ་རིས་མེད་པའི་དགེ་འདུན་གྱི་སྡེ་ལ་བསྙེན་བཀུར་དང༌། ཁ་ཆེ་པཎ་ཆེན་གྱི་སྡོམ་རྒྱུན་འཛིན་པ་ཚོགས་པ་སྡེ་བཞིའི་དབྱར་གནས་ཀྱི་སྦྱིན་བདག་ལོ་མང་མཛད་པ་དང༌། བཀྲ་ཤིས་སྒོ་མང་གསུམ་དང༌། གསེར་གྱི་བཀའ་འགྱུར་བཅས་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་རྟེན་མཐའ་ཡས་པ་བཞེངས་པའམ། མཐུན་རྐྱེན་གྱི་དངོས་རྫས་གནང་ནས་བཞེངས་སུ་བཅུག་པ་དང༌། རྗེ་ཙོང་ཁ་པས་ལྷ་ལྡན་སྨོན་ལམ་ཆེན་མོ་འཚོགས་པའི་སྐབས་སུ་དངོས་རྫས་ཀྱི་མཐུན་རྐྱེན་མང་པོ་སྦྱར་པ། གདན་ས་ཆེན་པོ་རི་བོ་དགེ་ལྡན་ཕྱག་འདེབས་གནང་བའི་སྐབས་སུ་སྦྱིན་བདག་མཐར་ཕྱིན་པ་གནང་བ་སོགས་ཆོས་ཕྱོགས་ལ་ཡང་མཛད་པ་ཤིན་ཏུ་རྒྱ་ཆེན་པོ་གནང་ཡོད། དགུང་ལོ་ང་དགུ་པ་རབ་བྱུང་བདུན་པའི་ཆུ་བྱི་སྤྱི་ལོ་༡༤༣༢ལོར་སྐུ་གཤེགས་སོ། །

ཕག་གྲུའི་སྡེ་སྲིད་དྲུག་པ།གྲགས་པ་འབྱུང་གནས། 1432-1445[རྩོམ་སྒྲིག]

ཡབ་ཆེ་ས་སངས་རྒྱས་རྒྱལ་མཚན་དང༌། ཡུམ་རིན་སྤུངས་པའི་ལྕམ་མོ་ཀུན་དགའ་དཔལ་འཛོམས་གཉིས་ཀྱི་སྲས་སུ་རབ་བྱུང་བདུན་པའི་ཤིང་རྟ་སྤྱི་ལོ་༡༤༡༤ལོར་འཁྲུངས། དགུང་ལོ་བཅུ་དགུ་པ་རབ་བྱུང་བདུན་པའི་ཆུ་བྱི་སྤྱི་ལོ་༡༤༣༢ལོར་སྡེ་སྲིད་གྲགས་པ་རྒྱལ་མཚན་སྐུ་གཤེགས་པ་དང༌། ཕག་གྲུ་སྡེ་སྲིད་ཀྱི་ཁྲི་ལ་འདི་ཡབ་སྲས་གཉིས་པོ་སུ་བཞུགས་ཀྱི་སྐོར་ལ་རྩོད་པ་བྱུང་བའི་ཚུལ། ༼དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་༽ལས། དེ་ཡང་ཆོས་རྒྱལ་ཆེན་པོ་གཤེགས་རྗེས། འདི་ཉིད་སྐུ་ན་ཕྲ་བས་ཕོ་བྲང་ཆེན་པོའི་ཁྲིར་ཡབ་སྲས་གཉིས་ཀྱི་སུ་བསྐོ་ལ་བཀའ་བློན་རྣམས་གྲོས་མ་མཐུན་པར་སྤྱན་སྔ་རིན་པོ་ཆེ་བསོད་ནམས་རྒྱལ་མཚན་ལ་ཞུས་པས། ཡབ་ཀྱིས་ཁྲི་ཐོག་ཡོང་བའི་ཆེད་དུ་གནང་སྒོ་མ་ལེགས་པར་བརྟེན། ཡར་ཀླུངས་སུ་སྡེ་གཟར་ལངས་ཏེ་ཡབ་ཆེ་ས་དཔོན་བློན་ཡར་རྒྱབ་ཏུ་འབྱོན་དགོས་བྱུང༌། རྗེས་ལ་སྡེ་དཔོན་རྣམས་ཁྲི་ཐོག་ཏུ་ཁུ་དབོན་སུ་བསྐོ་ལ་མི་མཐུན་པར་བྱུང་མཚམས། རིན་སྤུངས་ནོར་བཟང་པས། ཐེལ་དུ་སྤྱན་སྔ་རིན་པོ་ཆེའི་དགོངས་པ་ཞུས་ནས་ཅི་གསུངས་བྱས་ན། ལེགས་པའི་བཀའ་གྲོས་བཏོན་པ་ལྟར། དགོངས་པ་ཞུས་པ་ན་སྤྱན་སྔའི་ཞལ་ནས་ཁྲི་ཐོག་ཏུ་བུ་ཆུང་ལས་འོས་མེད། ཁྱིམ་པ་རྒད་པོ་ཞིག་གིས་མི་འོང་གསུངས་པ། སུས་ཀྱང་འདའ་བ་མ་ཕོད་པར་ཆུ་བྱིའི་སྤྱི་ལོ་༡༤༣༢མཇུག་དེ་ཀ་ལ། གདན་ས་གྲགས་འབྱུང་པ་དགུང་ལོ་བཅུ་དགུ་པ་ཞིག་རྩེར་ཕེབས་ཏེ། ཆབ་སྲིད་དེ་བས་བསྐྱངས།

དེ་ནས་ཤིང་སྟག་སྤྱི་ལོ་༡༤༣༤གསར་མའི་ཟླ་བ་དང་པོའི་ཚེས་ཉེར་གཉིས་ལ། ཐེལ་དུ་སྤྱན་སྔ་རིན་པོ་ཆེ་སྐུ་གཤེགས་པས་ཡབ་ཆེ་ས་རིན་པོ་ཆེ་དཔོན་བློན་བག་ཡངས་ཏེ་ཁྲི་ཐོག་ཨེ་ཡོང་གི་དགོངས་པས་སྤུན་ཟེད་མང་དུ་མཛད་པ་ལ་དཔགས། ཡར་ཀླུངས་མཐིལ་དུ་དུས་ཟིང་ལངས་ཏེ། ཆེ་ས་དཔོན་བློན་མང་རབ་ཡར་རྒྱབ་དུ་ཐེག་དགོས་པ་བྱུང་ཞིང༌། དུས་མ་བདེ་བ་ཡང་ཇེ་ཆེར་སོང༌། འདི་ལ་སྟག་ལོའི་སྡེ་གཟར་ཆེན་མོ་ཞེས་དང༌། ཕག་མོ་གྲུ་པ་ནང་ཞིག་པའི་ལོ་ཡང་ཟེར། ཞེས་དང༌། ཡང་དེ་ཉིད་ལས། དགུང་ལོ་སུམ་ཅུ་ལོན་པའི་ཆུ་ཕག་སྤྱི་ལོ་༡༤༤༣ལ་ཡར་རྒྱབ་ནས་ཡབ་ཆེན་བཀུར་བསྟི་ཆེན་པོས་སྤྱན་དྲངས་ཏེ་རྩེད་ཐང་ནང་སོར་བཞུགས་སུ་གསོལ། ཅེས་སོགས་གསལ་བ་འདི་ཡིས་སྐབས་དེར་ཡབ་སྲས་གང་ཁྲི་ལ་བསྐོ་བ་ལ་བློན་པོ་རྣམ་ཁ་མ་འཆམས་ཤིང་སྡེ་འཁྲུག་བྱུང་བ་དང༌། དེ་ནས་རིམ་བཞིན་ནང་མཐུན་པ་བྱུང་བའི་ལོ་རྒྱུས་རགས་རིམ་ཙམ་གསལ། དགུང་ལོ་སོ་གཉིས་པ་རབ་བྱུང་བདུན་པའི་ཤིང་གླང་སྤྱི་ལོ་༡༤༤༥ལོར་སྐུ་གཤེགས།

ཕག་གྲུ་སྡེ་སྲིད་བདུན་པ། ཆེ་ས་སངས་རྒྱས་རྒྱལ་མཚན། 1445-1448[རྩོམ་སྒྲིག]

སྡེ་སྲིད་གྲགས་པ་རྒྱལ་མཚན་གྱི་སྤུན་མཆེད་དུ་འཁྲུངས། རིན་སྤུངས་པའི་སྲས་མོ་ཀུན་དགའ་དཔལ་འཛོམས་ཁབ་ཏུ་བསུས། སྤྱི་ལོ་༡༤༣༢ལོར་སྐུ་མཆེད་གྲགས་པ་རྒྱལ་མཚན་སྐུ་གཤེགས་པས་སྲས་ཆེ་བ་གྲགས་པ་འབྱུང་གནས་སྡེ་སྲིད་བསྐོས། སྤྱི་ལོ་༡༤༤༥ལོར་སྲས་གྲགས་པ་འབྱུང་གནས་སྐུ་གཤེགས་པ་དང་སྣེ་གདོང་གི་སྲིད་དབང་བཟུང༌། སྤྱི་ལོ་༡༤༤༨ལོར་སྲས་ཆུང་བ་ཀུན་དགའ་ལེགས་པ་སྡེ་སྲིད་དུ་བསྐོས། རབ་བྱུང་བརྒྱད་པའི་མེ་བྱི་སྤྱི་ལོ་༡༤༥༦ལོར་སྐུ་གཤེགས།

ཕག་གྲུ་སྡེ་སྲིད་བརྒྱད་པ། ཀུན་དགའ་ལེགས་པ་ནི། 1448-1481[རྩོམ་སྒྲིག]

ཡབ་ཆེ་ས་སངས་རྒྱས་རྒྱལ་མཚན་དང༌། ཡུམ་ཀུན་དགའ་དཔལ་འཛོམས་གཉིས་ཀྱི་སྲས་སུ་རབ་བྱུང་བདུན་པའི་ཆུ་གླང་སྤྱི་ལོ་༡༤༣༣ལོར་རྩེད་ཐང་གི་གདན་སར་ཕེབས། དགུང་ལོ་བཅུ་དྲུག་པ་སྤྱི་ལོ་༡༤༤༨ལོར་ཕག་གྲུའི་སྡེ་སྲིད་ཀྱི་ཁྲི་ལ་བསྐོས། དགུང་ལོ་སོ་ལྔ་པ་སྤྱི་ལོ་༡༤༦༧ལོར་གདུང་སྲས་རིན་ཆེན་རྡོ་རྗེ་རྩེད་ཐང་གི་གདན་སར་བསྐོས། སྤྱི་ལོ་༡༤༨༡ལོར་ཀུན་དགའ་ལེགས་པ་སྡེ་སྲིད་ཀྱི་ཁྲི་ལས་བཤོལ་ཏེ་དགོན་གསར་དུ་གདན་དྲངས། སྤྱན་སྔ་ངག་གི་དབང་པོ་ལྷོ་ནས་གདན་དྲངས་ཏེ་ཕག་གྲུའི་སྡེ་སྲིད་ཀྱི་ཁྲི་ལ་བསྐོས། དགུང་ལོ་ང་གཅིག་པ་རབ་བྱུང་བརྒྱད་པའི་ཆུ་ཡོས་སྤྱི་ལོ་༡༤༨༣ལོར་སྐུ་གཤེགས།

ཕག་གྲུ་སྡེ་སྲིད་དགུ་པ། སྤྱན་སྔ་ངག་གི་དབང་པོ།[རྩོམ་སྒྲིག]

རབ་བྱུང་བདུན་པའི་ས་ལུག་སྤྱི་ལོ་༡༤༣༩ལོར་འཁྲུངས། དགུང་ལོ་བཅུ་དྲུག་པར་ཐེལ་གྱི་སྤྱན་སྔར་ཕེབས། དགུང་ལོ་ཞེ་གསུམ་པ་སྤྱི་ལོ་༡༤༨༡ལོར་ཕག་གྲུའི་སྡེ་་ཀྱི་ཁྲི་ལ་བསྐོས། སྐབས་དེར་ལྷ་རིགས་རླངས་ཀྱི་གདུང་རྒྱུད་འཛིན་པ་སྤྱན་སྔ་ཉིད་མ་གཏོགས་མེད་པས་བློན་པོ་རྣམས་ཀྱིས་གདུང་རྒྱུད་སྤེལ་དགོས་པ་ནན་གྱིས་ཞུས་ཏེ་རྫོང་ཁ་བ་བུ་མོ་ཞིག་ཁབ་ཏུ་ཕུལ། སྤྱི་ལོ་༡༤༨༥ལོར་དབུས་གཙང་ཀུན་ཏུ་དམག་འཁྲུག་རྒྱ་ཆེན་བྱུང་ཡང་གོང་མ་འདི་ཉིད་སྤྱི་དཔོན་ཁོ་ནར་བཞུགས་ནས་བར་འདུམ་གནང་བས་སྡེ་ཁྲུག་གི་སྐྱོན་ཆེར་མ་བྱུང༌། རབ་བྱུང་བརྒྱད་པའི་ས་སྤྲེལ་སྤྱི་ལོ་༡༤༨༨ལོར་སྲས་ངག་དབང་བཀྲ་ཤིས་གྲགས་པ་འཁྲུངས། རབ་བྱུང་བརྒྱད་པའི་ལྕགས་ཕག་སྤྱི་ལོ་༡༤༩༠ལོར་དགུང་ལོ་ས་ཐོག་སྐུ་གཤེགས། སྐབས་དེར་ཐེལ་རྩེད་ཐང་གི་ཆེན་པོའི་གྲོས་ལ་དབང་བ་རྣམས་བཀའ་བགྲོས་ནས་གདུང་སྲས་ནར་མ་སོན་གྱི་བར་ཐེལ་ནས་དཔོན་ཚབ་བཏང་ནས་སྲིད་སྐྱོང་རྒྱུ་གྲོས་ཐག་བཅད། སྤྱི་ལོ་༡༤༩༠ལོ་ནས་༡༤༩༩ལོའི་བར་ལོ་ངོ་བཅུའི་རིང་རིན་སྤུངས་པ་མཚོ་སྐྱེས་རྡོ་རྗེས་དཔོན་ཚབ་བྱས། འདི་ལ་དཔོན་ཚབ་ཐེལ་གཏོང་གི་དུས་སྐབས་ཟེར།

ཕག་གྲུ་སྡེ་སྲིད་བཅུ་པ། ངག་དབང་བཀྲ་ཤིས་གྲགས་པ་[རྩོམ་སྒྲིག]

རྒྱལ་བ་ལྔ་པའི་དེབ་ཐེར་དུ་འདི་ལ་གོང་མ་ཆེན་པོ་ཞེས་ལན་མང་དུ་བྲིས་འདུག་པས་ཀློག་པ་པོ་རྣམས་ཀྱིས་རྒྱ་ནག་གོང་མ་དང་མ་ནོར་བར་གྱིས་ཤིགནི་ཡབ་སྤྱན་སྔ་ངག་གི་དབང་པོ་དང༌།
ཡུམ་རྫོང་ཁ་བའི་སྲས་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བརྒྱད་པའི་ས་སྤྲེལ་སྤྱི་ལོ་༡༤༨༨ལོར་འཁྲུངས།
སྤྱི་ལོ་༡༤༩༩ལོར་ཕག་གྲུ་སྡེ་སྲིད་ཀྱི་ཁྲི་ལ་བསྐོས།
དགུང་ལོ་བཅུ་བདུན་པ་སྤྱི་ལོ་༡༥༠༤ལོར་རིན་སྤུངས་པའི་སྲས་མོ་ཞིག་ཁབ་ཏུ་བཞེས།
སྤྱི་ལོ་༡༥༠༨ལོར་སྲས་འགྲོ་བའི་མགོན་པོ་འཁྲུངས། དེའི་རྗེས་སུ་སྲས་སྤྱན་སྔ་གྲགས་འབྱུང་བ་འཁྲུངས། འདིའི་མ་ཡུམ་ཐ་དད་པ་ཞིག་ཡིན་པར་ངེས།
སྤྱི་ལོ་༡༥༡༢པའི་ཆུ་སྤྲེལ་ལོར་རྒྱ་ནག་གོང་མ་ཀྲེན་ཕོ་ཉ་བཏང་སྟེ་ཝང་གི་འཇའ་ས་གནང༌།
སྤྱི་ལོ་༡༥༡༥ལོ་ནས་རིན་སྤུངས་པས་བསླངས་བའི་སྡེ་གཟར་རྒྱུན་མི་ཆད་པ་བྱུང་ཡང་སྡེ་སྲིད་འདིས་ཐབས་སྣ་ཚོགས་ཀྱིས་ཞི་བར་བྱས།
སྤྱི་ལོ་༡༥༢༢ལོ་ནས་སྤྱི་ལོ་༡༥༣༨ལོའི་དབུས་གཙང་སྡེ་འཁྲུག་མི་བྱེད་པའི་ཆིངས་རྒྱ་བཞག སྲས་ཆེ་བ་གོང་མ་འགྲོ་བའི་མགོན་པོ་གོང་དཀར་དུ་བཏང་ནས་གདན་ས་བཟུང་ཡང་ཡུན་མི་རིན་བ་ཞིག་ནས་གྲོངས། དེའི་སྲས་ཞབས་དྲུང་ངག་དབང་གྲགས་པས་གོང་དཀར་གྱི་གདན་ས་འཛིན།
སྤྱི་ལོ་༡༥༦༠ཡས་མས་ཤིག་ནས་སྲས་ཆུང་བ་སྤྱན་སྔ་གྲགས་འབྱུང་བ་སྡེ་སྲིད་ཀྱི་ཁྲི་ལ་བསྐོས།
སྤྱི་ལོ་༡༥༦༥ལོར་རྒྱ་ནག་གོང་མ་ཅ་ཆིང་གིས་ཕོ་ཉ་བཏང་སྟེ་ཝང་གི་འཇའ་ས་གནང༌། ཡུན་རིང་མ་སོང་བར་སྐུ་གཤེགས་པ་འདྲ།

ཕག་གྲུ་སྡེ་སྲིད་བཅུ་གཅིག་པ། སྤྱན་སྔ་གྲགས་འབྱུང་བ།[རྩོམ་སྒྲིག]

ཡབ་གོང་མ་ངག་དབང་བཀྲ་ཤིས་གྲགས་པའི་སྲས་ཆུང་བ་ཡིན། འདིའི་ཡུམ་མིང་དངོས་མ་གསལ། འདི་ཐེལ་གྱི་གདན་སར་ཕེབས། ཞབས་མི་བདེ་བའི་དབང་གིས་ཟབ་བཞེས་ཐུགས་དམ་གྱི་རིམ་པ་གཙོ་བོར་མཛད། ཁྱད་པར་གཤེད་སྐོར་དང་མ་མགོན་བྱ་རོག་གདོང་ཅན་ལ་རྩལ་དུ་ཐོན།

སྤྱི་ལོ་༡༥༦༠ཡས་མས་ཤིག་ནས་སྡེ་སྲིད་ཀྱི་ཁྲི་ལ་བསྐོས། ཞིང་ཤག་པ་ཕ་སྤུན་རྣམས་དང་འབྲེལ་བ་ལེགས་སྟབས་རིན་སྤུངས་པ་མ་རངས་ནས་སྤྱི་ལོ་༡༥༦༤ལོར་སྣེ་གདོང་རྩེར་དམག་དྲངས་ནས་སྤྱན་སྔ་གྲགས་འབྱུང་བ་ཁྲི་ལས་ཕབ། གོང་མ་དང་རིན་སྤུངས་པ་གཉིས་ཀའི་ཚ་བོར་གྱུར་པ་ཞབས་དྲུང་ངག་དབང་གྲགས་པ་སྡེ་སྲིད་ཀྱི་ཁྲི་ལ་བསྐོས་ཀྱང༌། ཡུན་མི་རིང་བར་རིན་སྤུངས་པ་ཕམ་ཞིང་ཞིང་ཤག་པ་གཙང་སྟོད་རྒྱལ་པོར་གྱུར་སྟབས་སླར་ཡང་སྡེ་སྲིད་ཀྱི་ཁྲི་ལ་བཞུགས། སྤྱི་ལོ་༡༥༧༧ལོར་རྒྱལ་བ་བསོད་ནམས་རྒྱ་མཚོ་ཧོར་ཡུལ་དུ་གཤེགས་པའི་ཕྱི་ལོ་ཙམ་ལ་སྐུ་གཤེགས་པར་མངོན།

ཕག་གྲུ་སྡེ་སྲིད་བཅུ་གཉིས་པ། ཞབས་དྲུང་ངག་དབང་གྲགས་པ་ནི།[རྩོམ་སྒྲིག]

ཡབ་གོང་མ་འགྲོ་བའི་མགོན་པོ་དང༌། ཡུམ་དཔོན་ས་འཕྱོངས་རྩེའི་དྲུང་མོ་གཉིས་ཀྱི་སྲས་སུ་འཁྲུངས། འདི་འཁྲུངས་དུས་ཀྱི་ལོ་ཚིགས་མ་རྙེད་ཀྱང་འདིའི་སྲས་ལ་བག་མ་བསུ་སྐབས་རྡོ་བྲག་རིག་འཛིན་ཆེན་པོ་རྒྱལ་སྲས་པ་ཆོས་རྒྱལ་བག་ཆོག་ལ་ཕེབས་ཚུལ་གསལ་བ་ལྟར་ན་ཕལ་ཆེར་སྤྱི་ལོ་༡༥༤༠ཡས་མས་ཤིག་ན་འཁྲུངས་ཡོད་དགོས། ཡབ་འགྲོ་བའི་མགོན་པོ་གོང་དཀར་གྱི་རྫོང་དུ་སྐུ་གཤེགས་པ་དང་གོང་དཀར་གྱི་གདན་ས་བསྐྱངས། སྤྱི་ལོ་༡༥༦༩ལོར་སྣེ་གདོང་རྩེར་ཕེབས་ནས་སྡེ་སྲིད་ཀྱི་ཁྲི་ལ་ཟླ་ཤས་ཙམ་བཞུགས་ཏེ་སླར་་ཀར་དུ་ཕྱིར་ཕེབས།

སྤྱི་ལོ་༡༥༧༨ལོ་ཡས་མས་ཤིག་ནས་སྤྱན་སྔ་གྲགས་འབྱུང་བ་སྐུ་གཤེགས་རྗེས་སྣེ་གདོང་དུ་ཕག་གྲུའི་གདུང་རྒྱུད་འཛིན་པ་དང༌། ཕག་གྲུའི་སྡེ་སྲིད་ཀྱི་མཚན་བཞེས་ནས་སྣེ ་གདོང་རྩེར་བཞུགས། འདི་ལ་སྲས་བཀའ་བརྒྱུད་པ་རྣམ་པ་རྒྱལ་བ་དང༌། རྣམ་རྒྱལ་གྲགས་པ་གཉིས་འཁྲུངས། གཅུང་རྣམ་རྒྱལ་གྲགས་པ་ལ་ཡར་རྒྱབ་པའི་སྲས་མོ་ཁབ་ཏུ་བསུས་རྗེས་མི་རིང་བར་སྐུ་གཤེགས། དེ་ནས་བཀའ་བརྒྱུད་པ་རྣམ་པ་རྒྱལ་བ་དང་འདུས་ཏེ་གདུང་རྒྱུད་སྤེལ་བའི་སྲས་མི་ཕམ་བསོད་ནམས་དབང་ཕྱུག་གྲགས་པ་རྣམ་རྒྱལ་དཔལ་བཟང་འཁྲུངས།

སྤྱི་ལོ་༡༦༤༣པའི་ཆུ་ལུག་ལོར་རྒྱལ་བ་ལྔ་པས་༼དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་༽རྩོམ་སྐབས་དེ་ཉིད་སྣེ་གདོང་རྩེར་བཞུགས་ཡོད་པར་གསུངས། སྤྱི་ལོ་༡༥༦༥ལོར་ཞིང་ཤག་པས་རིན་སྤུངས་པ་བཅོམ་ནས་གཙང་ཕྱོགས་དབང་སྒྱུར་བྱས་པ་ནས། སྤྱི་ལོ་༡༦༡༨ལོའི་བར་ཞིང་ཤག་པ་ཕ་སྤུན་རྣམས་ཀྱི་དབང་ཤུགས་ཀྱིས་དབུས་ཕྱོགས་སུའང་ཕག་གྲུའི་སྡེ་སྲིད་ཀྱི་མིང་ཙམ་ལས་དོན་གྱི་དབང་ཤུགས་ཐམས་ཅད་ཉམས། འོན་ཀྱང་རབ་བྱུང་བཅུ་པའི་ས་རྟ་སྤྱི་ལོ་༡༦༡༨ལོར་གཙང་པ་རྒྱལ་པོས་བོད་ཡོངས་ལ་དབང་བསྒྱུར་མ་བྱས་ཀྱི་བར་སྣེ་གདོང་རྩེ་དེ་བོད་ཀྱི་སྲིད་དབང་མཚོན་བྱེད་ཙམ་དང༌། ཞབས་དྲུང་ངག་དབང་གྲགས་པ་ཡབ་སྲས་ནི་བོད་ཀྱི་སྡེ་སྲིད་མཚོན་བྱེད་ཙམ་དུ་གནས། གཙང་པ་རྒྱལ་པོས་བོད་ཡོངས་ལ་དངོས་སུ་དབང་སྒྱུར་བྱེད་པའི་ལོ་དེར་ཞབས་དྲུང་ངག་དབང་གྲགས་པ་ཞལ་བཞུགས་མིན་མ་ངེས་ཀྱང༌། སྐབས་དེར་གདུང་སྲས་བཀའ་བརྒྱུད་པ་རྣམ་པ་རྒྱལ་བ་བཞུགས་བཞིན་པ་ཡིན་ནོ།

ཕག་གྲུའི་སྲིད་དབང་ཉམས་ཚུལ།[རྩོམ་སྒྲིག]

འདི་ཐད་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་སུ། དེ་ཡང་བོད་ཆུ་བྱི་སྤྱི་ལོ་ ༡༤༣༢ ལོར་མི་དབང་གྲགས་པ་རྒྱལ་མཚན་གཤེགས་པས་གྲགས་པ་འབྱུང་གནས་ཁྲི་བཀོད། འོན་ཀྱང་ཡབ་སངས་རྒྱས་རྒྱལ་མཚན་གྱིས་ཁྲི་ཐོག་གི་གོ་སར་དམིགས་ནས་བྱ་ངན་སྤེལ་བས་ཡར་ལུང་དུ་སྡེ་གཟར་བྱུང་བ་ཡིན། ཤིང་སྟག་སྤྱི་ལོ་ ༡༤༣༤ ལོར་ཕག་གྲུའི་སྲིད་འཛིན་པ་དང་གདན་སའི་ཞལ་ངོ་ནང་ནས་མི་འཐུན་པ་བྱུང་སྟེ། རིན་སྤུངས་པའི་ཤུགས་ཇེ་ཆེ་དང་ཕག་གྲུའི་དབང་ཤུགས་ཇེ་ཞན་དུ་སོང༌། མེ་སྟག་སྤྱི་ལོ་ ༡༤༤༦ ལོར་གྲགས་པ་འབྱུང་གནས་ཀྱི་གཅུང་ཀུན་དགའ་ལེགས་ཁྲིར་བཀོད་པ་དང་ཁོང་གིས་རིན་སྤུངས་པའི་བདག་མོ་ཞིག་བླངས་ཤིང༌། གཞན་གྱི་ཁ་རྗེས་སུ་འབྲངས་པ་དང་རིན་སྤུངས་པ་ནོར་བུ་བཟང་པོ་ཁོང་ལ་དགའ་བས་ཡབ་ཡུམ་དང་མི་མཐུན་པ་བཅས་བྱུང༌། ཕྱིས་སུ་ཀུན་དགའ་ལེགས་གཤེགས་པ་དང་རིན་སྤུངས་པས་རྒྱལ་རྩེར་དམག་དྲངས་ནས་སྡེ་གཟར་མང་པོ་བསླངས། དེ་ནས་ངག་དབང་བཀྲ་ཤིས་ཁྲིར་བཀོད་ཀྱང་དབང་ཆ་རིན་སྤུངས་པས་བཟུང་བས་ཕག་གྲུའི་སྲིད་དབང་རིམ་བཞིན་ཉམས་པར་གྱུར་བ་ཡིན་ནོ།།

དེ་མིན་གཟིགས་རོགས།[རྩོམ་སྒྲིག]

* སྡེ་སྲིད་ཕག་མོ་གྲུ་པ་ནས་དགའ་ལྡན་ཕོ་བྲང་བར་སྔ་ཕྱིར་ཁྲིམས་ཡིག་ཞལ་ལྕེ་རིམ་པར་གཏན་ལ་ཕབ་པ་རྣམས།