པུཎྜ་རི་ཀ

ཡོང་ཁུངས་Wikipedia

པུཎྜ་རི་ཀCosmos bipinnata

ལོ་མང་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་པ་དང་། རྩ་བ་སེར་སྐྱ་ཡིན་ལ་རྩ་ཕྲན་མང་བ་དང་སྡོང་པོ་ཕྲ་ཞིང་རིང་བ། ལོ་མ་ཕྲ་སྲིབ་ཉག་ཆེན་ཅན་ཡིན། མེ་ཏོག་དཀར་དམར་སྣ་ཚོགས་ཡོད་དེ་འདབ་མ་བརྒྱད་ལྡན་པ། ཟེའུ་འབྲུ་སེར་པོ་དང་ལྡན་པ་ཞིག་ཡིན།

སྡེ[རྩོམ་སྒྲིག]

སོ་ལོ་སྡེ།

འདི་ནི་ལོ་གཅིག་ཐེངས་གཅིག་ཡང་ན་ལོ་མང་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་པ་དང་། མཐོ་ཚད་ལ་རྨིད1-2བར་ཡོད། རྩ་བ་འཕང་དབྱིབས་ཡིན་ལ་ཨག་ཚོམ་འདྲ་བའི་རྩ་བ་མང་པོ་ཡོད། གཞུང་རྟའི་ཐོག་སྤུ་མེད་པའམ་སྤུ་འཇམ་པོ་རེ་གཉིས་ཡོད་པ་ཡིན། ལོ་མ་ཐེངས་གཉིས་སྐྱེས་པ་དང་གཤོག་སྒྲོའི་དབྱིབས་ཡིན། མགོའི་དབྱིབས་མེ་ཏོག་ཁེར་རྐྱང་དུ་སྐྱེས་པ་དང་། ཚངས་ཐིག་ལ་ལི་རྨིད3-6བར་ཡོད། མེ་ཏོག་གི་ཡལ་གའི་རིང་ཚད་ལ་ལི་རྨིད6-18ཡོད། ཟེའུ་འབྲུའི་སྔོ་ཐུམ་གྱི་ཕྱི་ཤུན་དུ་ཀོ་རྒྱུ་ཅན་མདོག་ལྗང་སྐྱ་ཁབ་དབྱིབས་ལྟ་བུའི་གཡོགས་ཡོད་པ་དང་། ཐོག་དུ་མདོག་སྨུག་པོ་ཅན་གྱི་ཁྲ་ཐིག་ཡོད། ལྕེ་དབྱིབས་ཅན་གྱི་མེ་ཏོག་གི་མདོག་དམར་སྨུག་གམ་ཟིང་དཀར་ཡང་ན་དཀར་པོ་ཡིན། མེ་ཏོག་གི་འདབ་མ་འཇོང་དབྱིབས་སམ་སྒོང་དབྱིབས་ལྡོག་པ་ཡིན་ལ། རིང་ཚད་ལ་ལི་རྨིད2-3ཡོད་པ་དང་། ཞེང་ལ་ལི་རྨིད1.2-1.8བར་ཡོད། སྦུག་དབྱིབས་ཅན་གྱི་མེ་ཏོག་གི་མདོག་སེར་པོ་ཡིན་ལ། རིང་ཚད་ལ་ཧའོ་རྨིད6-8བར་ཡོད། འབྲས་བུའི་མདོག་ནག་སྨུག་ཡིན་པ་དང་རིང་ཚད་ལ་ཧའོ་རྨིད8-12བར་ཡོད། སྤུ་མེད་པ་ཡིན། མེ་ཏོག་འཆར་ཡུན་ནི་ཟླ་དྲུག་པ་ནས་ཟླ་བརྒྱད་པའི་བར་ཡིན་པ་དང་། འབྲས་བུ་སྨིན་པའི་དུས་ནི་ཟླ་དགུ་བ་ནས་བཅུ་བའི་བར་ཡིན། 《རྒྱུན་སྤྱོད་བོད་སྨན་ངོས་འཛིན་གསལ་བའི་མེ་ལོང》ནང་དུ་པཎྜ་རིཀའི་སྐྱེ་དབྱིབས་ལ། རྩ་བ་སེར་སྐྱ་རྩ་ཕྲན་མང་བ། སྡོང་པོ་ཕྲ་ཞིང་རིང་བ། ལོ་མ་ཕྲ་སྲིབ་ཉག་ཆེན་ཅན། མེ་ཏོག་དཀར་དམར་གཉིས་ཡོད་དེ་འདབ་མ་བརྒྱད་ལྡན་པ། ཟེའུ་འབྲུ་སེར་པོ་དང་ལྡན་པ་ཞིག་ཡིན་ཅེས་བྲིས་ཡོད།

རིགས་དབྱེ།[རྩོམ་སྒྲིག]

མེ་ཏོག་འདི་ལ་རིགས་གང་མང་ཞིག་ཡོད་པ་དང་། རྒྱུན་མཐོང་རིགས་ལ་མེ་ཏོག་ཆེན་པོ་ཅན་གྱི་པཎྜ་རི་ཀ་དང་། མེ་ཏོག་དཀར་པོ་ཅན་གྱི་པཎྜ་རི་ཀ མེ་ཏོག་དམར་སྨུག་ཅན་གྱི་པཎྜ་རི་ཀ་བཅས་ཡོད། གཞན་མེ་ཏོག་འཆར་ཡུན་གྱི་དུས་ཚིགས་ལྟར་དབྱེ་བའང་ཡོད།

སྐྱེ་གནས།[རྩོམ་སྒྲིག]

མེ་ཏོག་འདི་མོ་ཞི་ཁོའམ་མེ་གླིང་ལྷོ་མའི་ས་ཆ་འགའ་ཤས་ནས་ཐོན་པ་དང་། རང་རྒྱལ་དུ་འདེབས་གསོ་བྱེད་པ་ཧ་ཅང་རྒྱ་ཆེ། རྒྱུན་དུ་ལམ་འགྲམ་དང་ཞིང་ཁ། ཆུ་འགྲམ་དུ་སྐྱེ་བ་ཡིན།

འཐུ་བསྡུ་ལས་སྣོན།[རྩོམ་སྒྲིག]

སྨན་དུ་རྩ་བ་དང་དགོས་ལ་སྟོན་རྒྱབ་བརྐོས་ནས་ས་དྲེག་གཙང་མར་བཀྲུས་ལ་བསིལ་སྐམ་ལེགས་ཚགས་བྱའོ།།

རོ་ནུས།[རྩོམ་སྒྲིག]

རོ་མངར་བསྐ་བ་དང་ངོ་བོ་བསིལ་བ་ཡིན།

ཕན་ཡོན།[རྩོམ་སྒྲིག]

ལུས་ཀྱི་ཟུངས་གསོ་བ་དང་། མདངས་སྐྱེད། ཁྲག་གཅོད། ཁྲག་ཚད་སེལ་བ་ལ་ཕན་པ་ཡིན།