པཎྜིཏ་སྨྲྀ་ཏི་ལ་རྒྱ་གར་བས་གདེང་འཇོག་ཇི་ཙམ་གནང་མིན་སྐོར།

ཡོང་ཁུངས་Wikipedia

བེ་རི་འཇིགས་མེད།

ད་ལྟའི་དུས་རབས་འདིར་རྒྱ་གར་བ་ཚོས་ལོ་རྒྱུས་ལ་བསྐྱར་ཞིབ་དང་ལྷག་དོན་སྔོན་བྱོན་གྲགས་ཅན་མི་སྣ་བྱེ་བྲག་རེ་རེ་ཚུན་ལའང་ཞིབ་འཇུག་ནན་པོའི་ལུགས་སུ་བྱས་དང་བྱེད་བཞིན་པའི་སྐབས་ཡིན་པས། ཞིབ་འཇུག་གི་གྲུབ་དོན་ལོ་རྒྱུས་དཔྱད་ཞིབ་དང་། མི་སྣ་དཔྱད་ཞིབ་ཀྱི་དཔེ་དེབ་གཅིག་པོ་ཡང་སྟོང་ཕྲག་དུ་མ་ལྡན། དེ་འབྲེལ་དྲ་རྒྱ་འདྲ་མིན་ཡང་བརྒྱ་ཕྲག་དུ་མ་ལྡན་ནའང་། དེ་དག་གི་ནང་དུ་བོད་ནས་ཆད་པའི་གཏམ་རྒྱུད་ཀྱི་ཆ་ཤས་ལས་གྲུབ་པའི་སྨྲྀ་ཏིའི་ལོ་རྒྱུས་ཟུར་ཆ་རེ་གཉིས་ཐོན་པ་མ་མ་གཏོགས། རྒྱ་གར་རང་གི་ལོ་རྒྱུས་ཡིག་ཚང་ནས་ཐོན་པའི་དཔྱད་གཞི་ཡིག་ཆ་དང་དངོས་པོའི་དཔང་རྟགས་རུང་བ་ཞིག་ད་ཕན་མཐོང་མ་བྱུང་དེ་ནི་ཕལ་ཆེར་མེད་པའམ། ཡང་ན་ཁོ་བོ་མཐོང་རྒྱ་དང་ཐོས་རྒྱ་ཆུང་བས་མིག་ལམ་དུ་མ་སོན་པ་ཡིན་ཡང་སྲིད། གང་ལྟར་ད་ཕན་རྒྱ་གར་རང་ནས་གསར་དུ་ཐོན་པའི་ལོ་རྒྱུས་ནང་སྨྲྀ་ཏིའི་སྐོར་གྱི་མཐོང་ཆོས་གང་ཡང་མ་བྱུང་། བུ་སྟོན་དང་ཇོ་ནང་ཏཱ་ར་ན་ཐའི་ཆོས་འབྱུང་ཁག་གཉིས་ནས་ཇི་ལྟར་བྱུང་བའི་སྐོར་ཉུང་ཤས་རེ་ནི་རྒྱ་གར་བ་སངས་རྒྱས་ཆོས་ལུགས་ཀྱི་ལོ་རྒྱུས་དཔྱད་ཞིབ་པ་ཚོས་ཡང་ཡང་བགྲངས་གི་ཡོད་པའི་ཁྲོད་དུ་སྨྲྀ་ཏིའི་མཚན་ཡང་རེ་གཉིས་གསལ་གྱི་ཡོད་པ་ནི་རྒྱུན་ལྡན་ཞིག་ཡིན་པས་དེ་ལ་ཡ་མཚན་རྒྱུ་གང་ཡང་མེད། མྱང་ཆོས་འབྱུང་ལས་གསུངས་པ་ལྟར་ན། དུས་རབས་བཅུ་པའི་ནང་རྒྱ་གར་དུ་སྒྲ་ཚད་ནང་དོན་གང་ཅིའི་ཐོག་ནས་མཚན་སྙན་ཆེ་བ་ཙམ་མ་ཟད། མུ་སྟེགས་མཁས་པ་འགྲན་ཟླ་མེད་མཁན་ཚོ་ཡང་རིགས་པས་བཅོམ་པས་དེ་དག་གིས་མཐུ་ངན་བརྒྱབས་ཏེ། བོད་དུ་ཕེབས་དགོས་བྱུང་རབས་ཀྱི་རྒྱབ་ལྗོངས་ནས་སྐབས་དེར་ནང་པའི་ཁ་གཏད་ཕྱི་རོལ་པ་ཚོས་སྨྲྀ་ཏི་རྒྱ་གར་མུ་མཐུད་ནས་བཞུགས་ན། ཁོང་ཚོའི་བསྟན་པ་ལ་གད་ཆག་ཡོང་ཉེན་གྱི་དོགས་པ་དགོས་སའི་མི་གཏེ་བོ་ཞིག་ལ་ངོས་འཛིན་བྱས་འདུག་པ་རང་བཞིན་གྱིས་གསལ་བས། སྐབས་དེའི་ཕྱི་རོལ་པ་ཚོས་པཎྜི་ཏ་སྨྲྀ་ཏི་ལ་མཁས་པ་ཡིན་པའི་གདེང་འཇོག་ཆེན་པོ་གནང་ཡོད་པ་ཚོད་དཔག་བྱེད་ཐུབ། དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ཡན་མན་དུ་བྲིས་པའི་འབྲོམ་ཀྱི་རྣམ་ཐར་ལས། ཡང་ཇོ་བོ་ཆེན་པོ་ཨ་ཏི་ཤ་བོད་ཀྱི་བསོད་ནམས་ཀྱི་མཐུས་སྤྱན་དྲངས་སྐབས། ཇོ་བོས་གར་བཞུགས་གསུངས་པས་བོད་སྟོན་རྣམས་ཀྱིས་སྨྲྀ་ཏི་བོད་ཀྱིས་མ་ཤེས་ནས་རྫི་བོ་མཛད་ཚུལ་སོགས་རྒྱུ་མཚན་རྣམས་གསོལ་བས། ཇོ་བོའི་ཞལ་ནས། བོད་བསོད་ནམས་ཆུང་། ངེད་རྒྱ་གར་ཤར་ནུབ་གཉིས་ན་པཎྜི་ཏ་སྨྲྀ་ཏི་ཛྙཱན་ལས་ལྷག་པ་མེད། བོད་བསོད་ནམས་ཆུང་གསུངས་ནས་སྤྱན་ཆབ་བསིལ། ཞེས་འབྱུང་བ་ལ་བལྟས་ན། སྐབས་དེའི་རྒྱ་གར་བའི་ནང་པ་མཁས་པ་ཚོས་སྨྲྀ་ཏི་ལ་གདེང་འཇོག་ཧ་ཅང་ཆེན་པོ་གནང་གི་ཡོད་པ་དེ་ཚད་དཔག་བཟོ་ཐུབ། འཇམ་མགོན་ས་པཎ་གྱིས་པཎ་ཆེན་དཱ་ན་ཤྲཱི་ཡའི་ལྷག་པའི་ལྷ་གང་ཡིན་བརྟག་པའི་ཆེད། པཎ་ཆེན་དཱན་ཤྲཱི་ལ་དྷདུ་རའི་སྨན་གཏང་བས་སྨན་ནད་ལྡང་བར། ས་པཎ་གྱིས་བཅོས་སུ་མི་གཏུབ་གསུངས་པས། དེར་པཎྜི་ཏས་བོད་མ་དག་པའི་ས་ཆར་འཆི་དགོས་གསུངས་ནས་མྱ་ངན་མཛད་པ་ལ། ས་པཎ་གྱིས། རྒྱ་གར་པའི་པཎ་ཆེན་མང་པོ་བོད་དུ་འདས། ཁྱད་པར་མཁན་ཆེན་བོ་དྷི་སཏྭ། དཱིཔཾ་ཀར། ཕ་དམ་པ་རྣམས་བོད་དུ་འདས་པས་སྐྱོན་མེད་ཞུས་པ། བིཀྵུ་སྡོམ་གཙང་། སེམས་བཟང་བ། ཇོ་ཀི་གདམས་ངག་མང་པ་གསུངས། འོ་ན་སྨྲྀ་ཏི་ཛྙཱན་བོད་དུ་འདས་གསུངས་པས། ཕྱག་ཐལ་མོ་སྦྱར། དེའི་ཡོན་ཏན་བརྒྱ་ཆ་ཙམ་ཡང་ང་ལ་མེད་པས་འདས་ཆོག་པར་གདའ་གསུངས་ཐུགས་ངལ་སངས། ཀྱལ་ཀ་དཀྲོལ་ནས་བསྙུན་དྭང་བའི་ལོ་རྒྱུས་འབྱུང་བས། འདི་དག་ལ་བལྟས་ན་དུས་རབས་དེའི་ནང་དུ་གྲགས་ཅན་པཎྜི་ཏ་མཁས་པ་དེ་ཚོས་ཀྱང་པཎྜི་ཏ་སྨྲྀ་ཏི་ལ་གུས་བརྩི་དང་གདེང་འཇོག་ཆེན་པོ་གནང་གི་ཡོད་དེ་ཤེས་ཐུབ་པ་ཞིག་རེད།

ད་ལྟའི་རྒྱ་གར་ལོ་རྒྱུས་ནང་། ཨ་ཤོ་ཀས་རྒྱ་གར་ཡོངས་རྫོགས་གཅིག་འགྱུར་གྱི་རང་བཞིན་ལྡན་པའི་མཽ་རྱ་ཡ་རྒྱལ་ཁབ་གསར་འཛུགས་བྱས་པ་ནས། གུཔྟའི་རྒྱལ་རབས་དང་། པཱ་ལི་རྒྱལ་རབས། ལྷག་པར་དུས་རབས་བཅུ་པ་དང་བཅུ་གཉིས་ནང་རྒྱ་གར་དུ་ཅུང་གྲགས་པའི་རྒྱལ་པོ་དང་རྒྱལ་ཕྲན་ཁག་གི་ལོ་རྒྱུས་ནས་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཞུ་བ་ཞིག་འཁོད་མི་འདུག་པས་གཅིག་བྱས་ན་རྟོགས་བརྗོད་དང་ལྷ་སྒྲུང་ལ་དགའ་བའི་མི་རིགས་འདིའི་དཔག་བསམ་འཁྲི་ཤིང་ལྟ་བུ་དད་པའི་རྗེས་སུ་འབྲངས་པའི་སྐྱེ་བོ་དག་གི་དད་པ་དང་ཡིད་ཆེས་འཕེལ་ཆེད་ངོ་མཚར་ཕུལ་བྱུང་གི་གཏམ་རྒྱུད་དེ་དག་གི་ཤན་ཤུགས་ཐེབས་ཆེད་བྲིས་པའང་ཡིན་སྲིེད་མོད། དཔྱོད་ལྡན་མཁས་པ་ཚོས་ཅིས་ཀྱང་ཁུངས་འཚོལ་བ་མཛོད་རོགས་ཞེས་ཀྱང་བསྐུལ་བ་ལགས་སོ༎