Jump to content

པཎ་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་

ཡོང་ཁུངས་Wikipedia

རབ་ཆུང་བཅུ་གཅིག་པའི་ཆུ་ཡོས་(༡༦༦༣)ལོའི་བོད་ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན་ཡབ་ཞབས་དྲུང་བསོད་ནམས་གྲགས་པ་དང་ཡུམ་ཚེ་བརྟན་བུ་ཁྲིད་གཉིས་ཀྱི་སྲས་སུ་གཙང་ཐུབ་རྒྱལ་བྲུལ་ཚང་དུ་སྐྭ་གཏམས། ལདུང་རྒྱུད་བོན་ཡིན་པར་གྲགས། ཤིང་འབྲུག(༡༦༦༤)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ཆེན་པོས་པན་ཆེན་སྐུ་ཕྲེང་བཞི་པའི་ཡང་སྲིད་དུ་ངོས་འཛིན་མཛད། མེ་ལུག(༡༦༦༧)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ཆེན་པོའི་བཀའ་དགོངས་བཞིན་བཀྲས་ལྷུན་དུ་གདན་དྲངས་ཏེ་གསེར་ཁྲིར་མངའ་གསོལ། དགུང་ལོ་བརྒྱད་ལ་ཕེབས་པ་ལྕགས་ཁྱི(༡༦༧༠)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ཆེན་པོས་དགེ་ཚུལ་གྱི་སྡོམ་པ་བསྩལ། དགུང་ལོ་ཉི་ཤུ་རྩ་གཉིས་ལ་སྔགས་ཆེན་རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན་གྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། གོང་མ་ཁང་ཤིས་ཕོ་ཉ་མངགས་ཏེ་གདན་ཞུ་ལན་དུ་མ་བྱུང་རུང་ཡང་ཕེབས་མ་ཐུབ། རབ་ཆུང་བཅུ་གཉིས་པ་མེ་གླང(༡༦༩༢)ལོར་རྒྱལ་དབང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་ལ་དགེ་བསྙེན་དང་། རབ་ཆུང་། དགེ་ཚུལ་བཅས་ཀྱི་སྡོམ་པ་འབོགས་པར་མཛད། དགུང་ལོ་ང་གཅིམ་པ་རབ་ཆུང་བཅུ་གཉི་ས་པའི་ཆུ་སྤྲུལ(༡༧༡༣)ལོར་གོང་མས་པཎ་ཆེན་ཨིར་ཏི་ནི(པཎ་ཞེས་པ་ལེགས་སྦྱར་གྱི་སྐད་པཎྜི་ཏའི་དསྡུས་མིང་། བོད་སྐད་དུ་མཁས་པའི་དོན་དང་། ཨེར་ཏེ་ནི་ཞེས་པ་སོག་སྐད། བོད་སྐད་དུ་རིན་པོ་ཆེ་ཞེས་པའི་དོན)ཞེས་པའི་མཚན་འཕར་དང་འཇའ་ས་ཐམ་ག་ཕུལ། དེ་ནས་བཟུང་སྐུ་ཕྲེང་རིམ་བྱོན་ལ་ཐ་སྙད་དེ་ལྟར་གྲགས། མེ་བྱ(༡༧༢༠)ལོར་སོག་པོ་ཇུན་གར་ཚེ་དབང་རབ་བརྟན་གྱིས་དམག་ཁྲིད་དེ་ཤིན་ཅང་ནས་བོད་དུ་འཛུལ་དུས་པན་ཆེན་རིན་པོ་ཆེ་ལྷ་སར་བར་འདུམ་བྱེད་དུ་ཕེབས་ཀྱང་དོན་འབྲས་མ་བྱུང་བས་བཀྲས་ལྷུན་དུ་ཕྱིར་ཕེབས། ལྕགས་བྱི(༡༧༢༠)ལོར་རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་ལ་དགེ་ཚུལ་གྱི་སྡོམ་པ་འབོགས་པར་འཛད། རབ་ཆུང་བཅུ་གཅིག་པའི་ལྕགས་ཁྱི(༡༦༧༠)ལོ་བར་བཀྲས་ལྷུན་གདན་ས་ལོ་དྲུག་ཅུ་རེ་བརྒྱད་བསྐྱངས། ལམ་རིམ་མྱུར་ལམ་དམར་ཁྲིད་དང་རང་རྣམ་སོགས་བཀའ་རྩོམ་པོད་བཞི་བཞུགས། དགུང་ལོ་དོན་ལྔ་ལ་ཕེབས་པ་མི་སྦྲུལ(༡༧༣༢)ལོར་བླ་བྲང་ཡིད་དགའ་ཆོས་འཛིན་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ། སྐུ་གདུང་རིལ་པོ་བཞུགས་པའི་མཆོད་སྡོང་ཆེན་པོ་བཀྲ་ཤིས་ལྷུན་པོར་རབ་ཆུང་བཅུ་དྲུག་པའི་མེ་རྟ་ལོ་བར་བཞུགས།