པཎ་ཆེན་སྐུ་ཕྲེང་དང་པོ་མཁས་དགེ་ལེགས་དཔལ་བཟང་་
མཁས་གྲུབ་དགེ་ལེགས་དཔལ་བཟང་མཆོག་ནི། (དགའ་ལྡན་ཁྲི་ཐོག་གསུམ་པ)རྗེ་ཙོང་ཁ་པ་ཆེན་པོའི་ཐུགས་སྲས་གཙོ་བོ་ཞིག་ཡིན། ལ་སྟོད་བྱང་གི་ས་ཆའི་ལྡོག་གཞུང་དུ་བྱང་པ་བདག་པོའི་དཔོན་རིགས་ཡབ་བཀྲ་ཤིས་དཔལ་བཟང་དང༌། ཡུམ་བུ་འདྲེན་རྒྱལ་མོ་གཉིས་ལ་སྲས་གསུམ(ཆེ་བ་རྗེ་འདི་དང༌། འབྲིང་བ་བ་སོ་ཆོས་ཀྱི་རྒྱལ་མཚན། ཆུང་བ་བསོད་ནམས་བཀྲ་ཤིས)ཡོད་པའི་ཆེ་བ་ཡིན། རབ་བྱུང་དྲུག་པའི་ཤིང་གླང( ༡༣༨༥ )ལོར་སྐུ་འཁྲུངས། བྱིས་པའི་དུས་ནས་ན་མཉམ་གཞན་དང་མི་འདྲ་བའི་མཁྱེན་རབ་ཀྱི་རྩལ་དང་མཛད་སྤྱོད་ཁྱད་པར་འཕགས་པ་ཞིག་ཡོད་པས་འགའ་ཞིག་གིས་མཁས་གྲུབ་ལྷ་དབང་པའི་སྐྱེ་བ་ཡིན་པར་གླེང་བས་མཁས་གྲུབ་ཅེས་པའི་མཚན་བྱིས་པའི་དུས་ནས་ཐོགས་པ་ཞིག་བྱུང༌། དགུང་ལོ་བདུན་ལ་ཕེབས་པ་ལྕགས་ལུག( ༡༣༩༡ )ལོར་གནས་བརྟན་འདུལ་བ་འཛིན་པ་མཁན་ཆེན་སེང་གེ་རྒྱལ་མཚན་གྱིས་མཁན་པོ་དང་རྒྱ་མ་བ་ཡོན་ཏན་འོད་ཀྱིས་ལས་ཀྱི་སློབ་དཔོན་མཛད་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་ལ་དགེ་ལེགས་དཔལ་བཟང་པོ་ཞེས་གསོལ། མཁན་སློབ་གཉིས་ཀྱི་དྲུང་ནས་འདུལ་བའི་བསླབ་བྱ་རྣམས་གསན་ནས་མིག་གི་འབྲས་བུ་བཞིན་དུ་སྲུང་བར་མཛད། རྗེ་བཙུན་རེད་མདའ་བ་ཆེན་པོ་ལས་ཚད་མ་དང༌། མངོན་པ་གོང་འོག ཕར་ཕྱིན། དབུ་མ། འདུལ་བ་བཅས་གསན་ནས་སྦྱངས་པ་མཐར་ཕྱིན་པ་མཛད། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དང༌། ལམ་འབྲས་པ་ཡེ་ཤེས་དཔལ་བ། པཎ་ཆེན་ན་བཟའ་བ་གསུམ་ལས་གསང་སྔགས་ཀྱི་ཆོས་སྐོར་མཐའ་ཡས་པ་གསན། དགུང་ལོ་བཅུ་དྲུག་པ་རབ་བྱུང་བདུན་པའི་ལྕགས་འབྲུག( ༡༤༠༠ )ལོར་བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གྱིས་ས་སྐྱ་པཎ་ཆེན་གྱིས་མཛད་པའི་<<ཚད་མ་རིགས་གཏེར>>ལ་དགག་པ་མཛད་པའི་ལན་གནང་དགོས་ཞེས་ས་སྐྱའི་མཁས་པ་རྣམས་ཀྱིས་རེ་བསྐུལ་ཞུས་པ་ལྟར་ངམ་རིངས་སུ་ཕེབས་ནས་བོ་དོང་པཎ་ཆེན་ལ་རྩོད་གླེང་མཛད། དེ་དུས་ཕན་ཚུན་རྩོད་པ་མཛད༌པ་རྣམས་མཁས་པ་མང་པོས་ཟིན་བྲིས་མཛད་པའི་རྩོད་ཡིག༌ཡོད། མཁས་གྲུབ་རིན་པོ་ཆེ་ཉིད་ཀྱིས་མཛད་པའི་<<ཚད་མ༌སྡེ་བདུན་གྱི་དཀའ་གནད་གསལ་བར་སྟོན་པ་ཡིད་ཀྱི་མུན་སེལ>>ཞེས་བྱ་བ་འདི་ཡང་སྐབས་དེར་ཕན་ཚུན་རྩོད་གླེང་མཛད་པའི་ཚིག་རྣམས་གཞིར་བཟུང་སྟེ། དགུང་ལོ་ཉེར་དགུ་པ་ཆུ་སྦྲུལ( ༡༤༡༣ )ལོར་ཉང་སྟོད་ལྕང་ར་དཔལ་འབར་གྱི་དགོན་པར་བཞུགས་སྐབས་སུ་མཛད། བོ་དོང་པཎ་ཆེན་རིན་པོ་ཆེས་ཀྱང་རྗེས་སུ་མཁས་གྲུབ་རིན་པོ་ཆེའི་མཁྱེན་དཔྱོད་ཀྱི་རྩལ་ལ་ཐུགས་ལྷག་པར་དགྱེས་ནས་<<མཁས་གྲུབ་ཆོས་ཀྱི་རྗེ་དགེ་ལེགས་དཔལ་བཟང་པོ་ལ་ཆེད་དུ་བརྗོད་པའི་བསྔགས་པ་བུང་བ་རྣམ་པར་རྩེན་པའི་རྒྱུད་མངས>>ཞེས་བྱ་བ་ཚིག་སྦྱོར་ཕུན་སུམ་ཚོགས་པ་ཞིག་མཛད་པ་དམ་པ་དེའི་གསུང་འབུམ་དུ་བཞུགས། དགུང་ལོ་ཉི་ཤུ་པ་ཤིང་སྤྲེལ( ༡༤༠༤ )ལོར་རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱིས་མཁན་པོ། མཁས་དབང་དཔལ་འབྱོར་ཤེས་རབ་ཀྱིས་ལས་ཀྱི་སློབ་དཔོན་མཛད་དེ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དེར་རྗེ་བཙུན་རེད་མདའ་བ་ཆེན་པོས་མཁས་གྲུབ་རིན་པོ་ཆེ་ལ་ཁྱེད་རྗེ་བཙུན་ཙོང་ཁ་པ་དང་མཇལ་ནས་བླ་མར་བསྟེན་ན་གཞན་དང་མི་འདྲ་བ་ཞིག་འོང་ཞེས་བཀའ་གནང་བ་ལྟར་དགུང་ལོ་ཉེར་གསུམ་པ་མེ་ཕག( ༡༤༠༧ )ལོར་རྗེ་ཙོང་ཁ་པ་སེ་ར་ཆོས་སྡིངས་སུ་བཞུགས་པ་དང་མཇལ་ཞིང༌། དེ་མ་ཐག་རྡོ་རྗེ་འཇིགས་བྱེད་ཀྱི་དབང་དང་མན་ངག་མང་དུ་སྩལ་ཞིང༌། དེ་ནས་བཟུང་ཞིང་ཁམས་གཞན་དུ་མ་གཤེགས་བར་ཐུགས་རྩེ་ཆེན་པོས་རྗེས་སུ་བཟུང་སྟེ། མདོ་སྔགས་ཀྱི་ཆོས་རྒྱུན་སྤྱི་དང་ཐུན་མོང་མ་ཡིན་པའི་གདམས་པ་ཡོངས་རྫོགས་ཆ་ཚང་བར་གནང་ཞིང༌། དེ་དག་ཐུགས་དམ་ཉམས་བཞེས་སུ་མཛད་པའི་བོགས་འདོན་གྱི་ཆེད་དུ་དམ་བཅའ་བཅུ་ཞེས་པ་མཛད་( འདི་ཟུར་དུ་བཏོན་ཡོད )ནས་དེ་ལས་ནམ་ཡང་འདའ་བ་མེད་པར་སྐུ་ཚེ་མཐའ་འཁྱོལ་བ་གནང༌། དགུང་ལོ་ཞེ་གསུམ་པ་མེ་ལུག( ༡༤༢༧ )ལོར་རྒྱལ་རྩེ་སྡེ་སྲིད་རབ་བརྟན་ཀུན་བཟང་འཕགས་ཀྱིས་རྗེ་འདི་དང་ཀུན་མཁྱེན་རོང་སྟོན་པ་གཉིས་རྩོད་གླེང་མཛད་དགོས་པར་བསྐུལ་མ་ཞུས་པ་བཞིན་རྒྱལ་རྩེའི་གཙུག་ལག་ཁང་དུ་ཕེབས་ཀྱང་ཀུན་མཁྱེན་རོང་སྟོན་པས་ཐབས་སྣ་ཚོགས་ཀྱི་སྒོ་ནས་རྩོད་གླེང་མཛད་མི་དགོས་པའི་འབད་བརྩོན་གནང་བར་བརྟེན་དེ་ལུགས་ཀྱི་སྦྱར་ཡིག་ཆེན་པོ་ཞིག་དཔལ་འཁོར་ཆོས་སྡེའི་རྒྱལ་སྒོའི་ཐོག་སྦྱོར་བར་མཛད་ཅིང༌། དེ་ནས་དཔལ་འཁོར་ཆོས་སྡེར་མ་བཞུགས་པར་དབེན་གནས་མེ་ཏོག་མདངས་ཅན་དུ་ཕེབས་ཏེ་བསྟན་པའི་བྱ་བ་མཛད། རྗེ་བཙུན་ཙོང་ཁ་པ་ཆེན་པོ་དགོངས་པ་མྱ་ངན་ལས་འདས་པའི་རྗེས་སུ་ཡང་དག་པའི་སྣང་བར་ལན་ལྔ་ཡི་བར་དུ་ཞལ་གཟིགས་ཏེ་ཆོས་གསུངས་པའི་བཀོད་པ་རྗེ་གཟིགས་པ་ལྔ་ལྡན་དུ་གྲགས་པ་ཡང་ཡོད། དགུང་ལོ་ཞེ་བདུན་པ་ལྕགས་ཕག( ༡༤༣༡ )ལོར་རྒྱལ་ཚབ་རིན་པོ་ཆེ་དར་མ་རིན་ཆེན་ཟུར་བཞུགས་མཛད་དེ་བཀའ་ཕེབས་པ་ལྟར་དགའ་ལྡན་གྱི་ཁྲིར་ཕེབས་ནས་མདོ་སྔགས་ཀྱི་བཀའ་ཡང་ཡང་སྩལ་ཞིང༌། རྗེ་བླ་མའི་དངུལ་གདུང་གི་དབུ་ཐོག་ཏུ་གསེར་ཟངས་ཀྱི་རྒྱ་ཕིབས་ཐོག་མར་འབུབ་པར་མཛད་ཅིང༌། དགའ་ལྡན་དུ་གཞུང་ཆེན་པོ་ལྔའི་སློབ་གཉེར་གྱི་བཤད་གྲྭ་འཛུགས་པ་གནང་བས་འཕེལ་རྒྱས་ཆེན་པོ་བྱུང༌། དགོན་སྡེ་ཁག་མང་པོར་གདན་འདྲེན་བྱུང་ཡང་མ་ཕེབས་པར་དགའ་ལྡན་རང་དུ་རྒྱུན་བཞུགས་མཛད་ནས་རང་བསྟན་གྱི་བཞེད་སྲོལ་མ་ཉམས་པར་སྐྱོང་བའི་སྲོག་བཟུང་བས་སློབ་མ་ཡང་གྲགས་པ་ཅན་མང་དུ་བྱུང༌། གསུང་རྩོམ་སྐོར། ཕར་ཕྱིན་དང༌། རྣམ་འགྲེལ། དབུ་མ་བཅས་ཀྱི་རྣམ་བཤད་དང༌། <<གསང་འདུས་བསྐྱེད་རིམ་རྣམ་བཤད་དངོས་གྲུབ་རྒྱ་མཚོ>> <<འཇིགས་བྱེད་བསྐྱེད་རིམ>> <<རྒྱུད་སྡེ་སྤྱིའི་རྣམ་བཤད>> <<སྡོམ་གསུམ་རྣམ་བཤད>> <<ཀྱེ་རྡོར་རྩ་རྒྱུད་བརྟག་གཉིས་ཀྱི་རྣམ་བཤད>>སོགས་པོད་ཆེན་བཅུ་གསུམ་ཙམ་ཡོད། དགའ་ལྡན་གྱི་ཁྲི་ལོ་བརྒྱད་བར་བསྐྱངས་ཏེ་དགུང་ལོ་ང་བཞི་པ་རབ་བྱུང་བདུན་པའི་ས་རྟ( ༡༤༣༨ )ལོར་དགོངས་པ་གཞན་དོན་དུ་གཤེགས། སྐུ་གདུང་ཞུགས་འབུལ་ཞུས་པའི་གདུང་རྟེན་རྗེ་ཙོང་ཁ་པ་ཆེན་པོའི་སྐུ་གདུང་གི་གཡོན་ཕྱོགས་སུ་བཞུགས། རྣམ་ཐར་སྐོར་སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི<<མཁས་གྲུབ་ཐམས་ཅད་མཁྱེན་པའི་རྣམ་ཐར>>དཔར་མ་ལ་ཤོག་གྲངས༣༨ཡོད་པ་དང༌། པཎ་ཆེན་བདེ་ལེགས་ཉི་མས་མཛད་པའི<<མཁས་གྲུབ་ཐམས་ཅད་མཁྱེན་པའི་རྣམ་ཐར་མཁས་པའི་ཡིད་འཕྲོག>>བྲིས་མ་ལ་ཤོག་གྲངས༡༥ཡོད་པ། བྲག་གཡབ་བློ་བཟང་བསྟན་པས་མཛད་པའི<<མཁས་གྲུབ་ཐམས་ཅད་མཁྱེན་པའི་རྣམ་ཐར་རིན་ཆེན་འབྱུང་གནས>>བྲིས་མ་ལ་ཤོག་གྲངས་ ༤༩ ཡོད་པ། དགེ་བཤེས་བློ་བཟང་སྙན་གྲགས་ཀྱིས་མཛད་པའི<<མཁས་གྲུབ་དགེ་ལེགས་དཔལ་བཟང་པོའི་རྣམ་ཐར>>བྲིས་མ་ལ་ཤོག་གྲངས་ ༡༤ ཡོད། རྣམ་ཐར་མདོར་བསྡུས་ཙམ་ཞིག་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི<<ལམ་རིམ༌བླ་བརྒྱུད་རྣམ་ཐར>>ལྕགས་དཔར་མའི་ཤོག་གྲངས་ ༤༡༥ ནས་ ༤༣༦ བར་ཡོད།