ནོ་བྷེལ་གཟེངས་རྟགས་

ཡོང་ཁུངས་Wikipedia

འཛམ་གླིང་ལོ་རྒྱུས་ནང་ནོ་བྷེལ་གཟེངས་རྟགས་ The Nobel prize. ལས་ལྷག་སྐད་གྲགས་ཆེ་བའི་བྱ་དགའ་ཞིག་བྱུང་མེད་ཚོད་རེད།

རྒྱལ་སྤྱི་རང་བཞིན་ཅན་གྱི་བྱ་དགའ་དེ་ལ་ཞི་བདེ་དང་། གསོ་རིག་སྨན་སྦྱོར། རྫས་འགྱུར། རྩོམ་རིག དཔལ་འབྱོར་རིག་ཚན་རྣམས་ཡོད་པ་ལས་ཞི་བདེའི་གཟེངས་རྟགས་ནི་བརྩི་མཐོང་ཚད་མེད་བྱེད་ཅིང་རིན་ཐང་དང་སྙན་གྲགས་ཆེ་ཤོས་ཡིན་པར་རྩོད་པ་མེད། ནོ་བྷེལ་གཟེངས་རྟགས་ཐོག་མར་ཇི་ལྟར་བྱུང་ཞེ་ན། དུས་རབས་བཅུ་དགུ་བའི་ནང་མིང་དུ་གྲགས་པའི་སྐུ་ཞབས་ཨལ་ཧྥིར་ཌི་ནོ་བྷེལ་Alfred Nobel (1833-1896)ལགས་ཀྱིས་འབར་རྫས་གསར་གཏོད་བྱས་པའི་འགྱོད་བཤགས་ལ། ཕྱི་ལོ་1895 ལོར་ཁོ་རང་གི་རྒྱུ་ནོར་ཐད་བཞག་པའི་ཁ་ཆེམས་ཡི་གེ་གཞིར་བཟུང་ཐོག ལེགས་བྱང་དང་ཚན་རིག་གང་ཅིར་ཆ་འཛིན་འཕེར་བའི་སི་ཌན་དང་ནོར་ཝེའི་ལྷན་ཚོགས་Swedish and Norwegian committees ཞེས་པས་ཕྱི་ལོ་1901 ནས་གནང་འགོ་ཚུགས་ནས་བཟུང་ལོ་ལྟར་ཆག་མེད་དུ་གནང་གི་ཡོད། དཔལ་འབྱོར་རིག་ཚན་གྱི་ནོ་བྷེལ་དྲན་རྟེན་བྱ་དགའ་དེ་ཕྱི་ལོ་1968 ལོར་སི་ཌན་གྱི་དབུས་གཞུང་དངུལ་ཁང་དབར་འབྲེལ་ལམ་ཐོག་བཙུགས་ཡོད་འདུག རྟགས་མ་དེ་དག་གསེར་དང་དངུལ་གཉིས་བསྲེས་སྦྱོར་གྱིས་བཟོས་པ་དང་། རེ་རེ་ལ་སྲང་འབྲུའམ་ཁེ་རེ་ཐྲི་carat,ཉེར་བཞི་ལ་གསེར་ཆུ་ 4,8.g རེ་བྱུགས་ཡོད། ནོ་བྷེལ་གཟེངས་རྟགས་ཐོབ་མཁན་དག་ལ་གསེར་གྱི་རྟགས་མ་དང་ལྷན་དུ་ཕྱག་ཁྱེར་ཡི་གེ་ཞིག་དང་ཤོག་དངུལ་བཅས་ཡོད། དངུལ་གྱི་མང་ཉུང་ནི་ནོ་བྷེལ་ཐེབས་རྩ་ཁང་ནས་དངུལ་གྱི་འཛའ་ཐང་སོགས་ལ་བལྟོས་པས་ཐག་གཅོད་པ་ལས་གྲངས་བཅད་མེད། ཕྱི་ལོ་2012 ལོར་གཟེངས་རྟགས་རེའི་ཆ་ལ་ཨ་སྒོར་ས་ཡ་གཅིག་དང་འབུམ་གཉིས་རེ་ཕུལ་བར་གདའ། ཞི་བདེ་གཟེངས་རྟགས་ཉིད་ནོར་ཝེའི་རྒྱལ་ས་ཨོ་སི་ལོ་Oslo, རུ་གནང་བ་ལས་གཞན་དག་སི་ཌན་གྱི་གྲོང་ཁྱེར་སི་ཊོག་ཁོམ་Stockholm, ནས་གནང་གི་ཡོད། སི་ཌན་གྱི་རྒྱལ་གཞུང་ཚན་རིག་སློབ་གླིང་ལ་ནོ་བྷེལ་གསོ་རིག་དང་། རྫས་འགྱུར། དཔལ་འབྱོར་རིག་ཚན་བཅས་ཀྱི་གཟེངས་རྟགས་ཐོབ་པ་དང་། སི་ཌན་གཙུག་ལག་སློབ་གཉེར་ཁང་ལ་ནོ་བྷེལ་རྩོམ་རིག་བྱ་དགའ་ཐོབ་པ་ལས་སི་ཌན་གྱི་སྒྲིག་འཛུགས་ཤིག་ལ་ད་སྔ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མ་མྱོང་ནའང་ནོར་ཝེའི་ནོ་བྷེལ་ལྷན་ཚོགས་ལ་དེ་ཐོབ་པ་རེད། ཕྱི་ལོ་1901 ནས་2012 ལོའི་བར་ནོ་བྷེལ་གཟེངས་རྟགས་རྣམས་དང་དཔལ་འབྱོར་རིག་ཚན་བྱ་དགའ་བཅས་ཐེངས་555 བསྩལ་བའི་ཁོངས་སུ་མི་སྒེར་དང་ཚོགས་པ་856 ཡོད་པ་ལས་རེ་ཟུང་ལ་ཐེངས་མ་གཅིག་ཐོབ་པས་མི་ཚད། དེ་ལ་སྐྱེས་པ་བདུན་བརྒྱ་གོ་གཅིག་དང་། བུད་མེད་བཞི་བཅུ་ཞེ་བཞི། ཚོགས་པ་ཉེར་གཅིག་བཅས་འདུས་ཡོད། ལར་ནོ་བྷེལ་གཟེངས་རྟགས་རྣམས་སྐུ་འཚོ་བཞུགས་ཀྱི་གང་ཟག་ཁོ་ན་ལ་འབུལ་སྲོལ་ཡོད་མོད། གཡོན་ཕྱོགས་པའི་བཙོན་འོག་ཏུ་ཚུད་པ་ལྟ་བུ་ཡིན་ན་སྐུ་ཚབ་ཀྱིས་བླང་བས་ཆོག དུས་རབས་ཉི་ཤུ་བའི་ནང་ནོ་བྷེལ་བྱ་དགའ་འགའ་རེ་གང་ཟག་རེ་འགའ་ཐུན་མོང་ལ་ཐོབ་ཡོད་ཀྱང་མི་གསུམ་ལྷན་དུ་ཕུལ་བ་མང་མཐའ་ཡིན། དེ་ལ་གོ་ལ་ཧྲིལ་པོའི་དཔལ་ཡོན་ཡར་སྐུལ་ཐད་ནུས་པ་གལ་ཆེན་ལྡན་པ་བསྙོན་དུ་མེད།