Jump to content

ནམ་མཁའི་སྙིང་པོ།

ཡོང་ཁུངས་Wikipedia
ནམ་མཁའི་སྙིང་པོ།

ནམ་མཁའི་སྙིང་པོ་ཞེས་པ་ནི་བྱང་ཆུབ་སེམས་དཔའ་ཞིག་གི་མཚན་ཡིན་པས། བྱང་ཆུབ་སེམས་དཔའ་ལས་དང་པོ་པ་རྣམས་ལ་བརྩེ་བ་ཆེན་པོ་དང་ལྡན་ཞིང་། ལྟུང་བ་སེལ་བའི་སྨོན་ལམ་ལ་བརྟེན་ནས་སེམས་ཅན་སྡུག་བསྔལ་ལས་སྐྱོབ་པར་མཛད་པའི་ཐུགས་རྗེ་ཆེན་པོ་ལ་སྐྱབས་འཚོལ་བྱ་ཞིག་ཏུ་གསུངས་པ་ཡིན་ནོ། །

ཁྱད་ཆོས།

[རྩོམ་སྒྲིག]

ནམ་མཁའི་སྙིང་པོ་ཞེས་པ་ནི་"བྱང་ཆུབ་སེམས་དཔའོ། །"[]ཞེས་གསལ་བ་ཡིན་ཞིང་། ཁྱད་ཆོས་གཙོ་བོ་ནི་"བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ལྟུང་བ་སེལ་བའི་སྨོན་ལམ་ཅན་"[]ཞེས་གསུངས་ཡོད། འདིས་ནི་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ནི་ཕྱོགས་སུ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱི་ནང་གི་བར་ཆད་འབྱུང་བ་དང་ལྟུང་བ་བྱུང་བ་སོགས་ཀྱི་སྐབས་སུ་སྐྱོབ་པར་མཛད་པའི་ཐུགས་སྨོན་ལ་བརྟེན་ནས་སྐྱབས་སྤྲོད་མཁན་ཞིག་ཡིན་པ་གསལ། "སངས་རྒྱས་བཅོམ་ལྡན་འདས་ཀྱི་འཕགས་པ་ནམ་མཁའི་སྙིང་པོ་ནི་བྱང་སེམས་ལས་དང་པོ་པ་ལྟུང་བ་བྱུང་བ་རྣམས་ཀྱིས་འཁར་བ་ལྟ་བུ་ཡིན་པར་གསུངས་པས་"[]ཞེས་གསུངས་ཡོད།

ཐུགས་རྗེ་ཆེན་པོ་དང་ལྡན་པ།

[རྩོམ་སྒྲིག]

ཐུགས་རྗེ་ཆེན་པོ་ཞེས་པ་ནི་ནམ་མཁའི་སྙིང་པོ་ཞེས་པའི་བྱང་ཆུབ་སེམས་དཔའ་འདིའི་ཁྱད་ཆོས་གཙོ་བོ་ཡིན་ནོ། །"ཐུགས་རྗེ་ཆེ་ལ་ཚད་མེད་པ་མངའ་བའི་མགོན་པོ་ས་བཅུའི་དབང་ཕྱུག་ཆེན་པོ་"[]ཞེས་དང་། "ཐུགས་རྗེ་ཆེན་པོ་དང་ལྡན་པའི་མགོན་པོ་"[] ཞེས་སོགས་ཀྱིས་ཐུགས་རྗེ་ཆེན་པོ་ལ་བརྟེན་ནས་སེམས་ཅན་རྣམས་ལ་སྐྱབས་སྤྲོད་པར་མཛད་པ་གསལ། ད་དུང་ཡང་"ཐུགས་ལྷག་པར་བརྩེ་ཞིང་སྐྱོབ་པར་མཛད་པ་"[]ཞེས་འདི་ཚུད་ལ་ཐུགས་བརྩེ་བ་ཆེན་པོ་ལ་བརྟེན་ནས་སྐྱབས་སྤྲོད་པ་གསལ།

སྐྱབས་སུ་འཚོལ་བྱ།

[རྩོམ་སྒྲིག]

སྐྱབས་སུ་འཚོལ་བྱ ཞེས་པ་ནི་ནམ་མཁའི་སྙིང་པོ་ཞེས་པའི་བྱང་ཆུབ་སེམས་དཔའ་འདིའི་ནང་དོན་གཙོ་བོ་ཡིན་ནོ། །"སྐྱབས་སུ་འགྲོ་ཞིང་"[]ཞེས་དང་། "སྐྱབས་སུ་འཚོལ་ཞིང་"[]ཞེས་སོགས་ཀྱིས་གསལ། འདིའི་དོན་ནི་སེམས་ཅན་རྣམས་ཀྱིས་"སྐྱབས་གཞན་མ་རྙེད་པས་སྡུག་བསྔལ་བ་དང་། སྐྱབས་ལ་ཡིད་ཆེས་པའི་བློ་བཅོས་མིན་གྱིས་ད་ལྟ་ནས་སངས་རྒྱས་དང་ཆོས་དང་། བྱང་ཆུབ་སེམས་དཔའི་ཚོགས་ལ་ཅི་བྱ་མཚང་བརླག་གི་ཚུལ་གྱིས་སྐྱབས་སུ་འགྲོ་ཞིང་།"[] ཞེས་གསུངས་ཡོད།

སྙིང་ནས་འོ་དོད་འབོད་པ།

[རྩོམ་སྒྲིག]

སྙིང་ནས་འོ་དོད་འབོད་པ་ཞེས་པ་ནི་ནམ་མཁའི་སྙིང་པོ་ལ་སྐྱབས་འཚོལ་བའི་ཐབས་ཤེས་ཡིན་ནོ། །"སྙིང་ནས་འོ་དོད་འབོད་ཀྱི་བདག་འཇིགས་པ་ཐམས་ཅད་ལས་བསྐྱབ་ཏུ་གསོལ།"[༡༠] ཞེས་དང་། "སྙིང་ནས་འོ་དོད་འབོད་པས་སྐྱོབས་ཤིག་ཅེས་པའོ། །"[༡༡]ཞེས་སོགས་ཀྱིས་གསལ། "སྙིང་ཐག་པ་ནས་མཚན་ནས་བརྗོད་དེ་འོ་དོད་ཀྱིས་འབོད་པར་བྱའོ། །"[༡༢]ཞེས་པ་ལྟར་སྙིང་ཐག་པ་ནས་ཡིད་ཆེས་ཀྱིས་འབོད་དགོས་པ་གསལ།

བསྡུས་དོན།

[རྩོམ་སྒྲིག]

ནམ་མཁའི་སྙིང་པོ་ཞེས་པ་ནི་བྱང་ཆུབ་སེམས་དཔའ་ཞིག་གི་མཚན་ཡིན་ཞིང་། འདིའི་ཁྱད་ཆོས་ནི་ཐུགས་རྗེ་ཆེན་པོ་དང་ལྡན་ཞིང་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་རྣམས་ཀྱི་ལྟུང་བ་སེལ་བའི་སྨོན་ལམ་ཅན་ཞིག་ཡིན་པ་ལ་བརྟེན་ནས། སེམས་ཅན་སྡུག་བསྔལ་ལ་སྤྱོད་པ་རྣམས་ཀྱིས་སྐྱབས་སུ་འཚོལ་ཞིང་སྙིང་ཐག་པ་ནས་འོ་དོད་ཀྱིས་འབོད་དགོས་པའི་ཐུགས་རྗེ་ཆེན་པོ་ལ་ལྡན་པའི་སྐྱབས་མགོན་ཞིག་ཡིན་ནོ། །

པར་རིས་བར་འཁྱམས།

[རྩོམ་སྒྲིག]

ལུང་ཁུངས།

[རྩོམ་སྒྲིག]
  1. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
  2. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།
  3. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང། ཤིང་དཔར།
  4. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང། ཤིང་དཔར།
  5. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
  6. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང། ཤིང་དཔར།
  7. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།
  8. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
  9. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།
  10. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང།
  11. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
  12. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང། ཤིང་དཔར།