ནང་སངས་རྒྱས་པའི་དར་ཆ་

ཡོང་ཁུངས་Wikipedia

དར་ཆ་ནི་དཔལ་ཡོན་དར་ཁྱབ་འགོ་བཙུགས་ཙམ་ནས་བེད་སྤྱོད་བྱེད་ཅིང་། གཙོ་བོ་སོ་སོའི་ངོ་བོ་མཚོན་པའམ། གཞན་ལས་ལྷག་པའམ། རྒྱལ་ཁའི་རྣམ་པ་སྟོན་རྒྱུའི་ཆེད་དུ་བེད་སྤྱོད་བྱེད་པ་ཡིན། དེ་བཞིན་ནང་པའི་མཚོན་དོན་དུའང་ནང་པའི་དར་ཆ་ཞིག་གཏན་ལ་ཕབ་པ་རེད། དེ་ཡང་ཕྱི་ལོ་༡༨༨༠ལོར་ནང་པའི་དར་ཆ་དེ་ཐོག་མར་ཀོ་ལོམ་བོ་ནང་པའི་ལྷན་ཚོགས་ཀྱིས་གསར་བཟོ་གནང་ཞིང་། རྗེས་སུ་(Colonel Henry Steele Olcott)གྱིས་ནང་པའི་དར་ཆའི་ཆ་ཚད་ཀྱང་ཀོ་ལོམ་བོའི་རྒྱལ་ཁབ་ཀྱི་རྒྱལ་དར་ཆ་ཚད་དང་མཉམ་པ་དགོས་པའི་བསམ་ཚུལ་གཏོན་པ་བཞིན་དེ་ལ་དགེ་སློང་རྒན་པ་རྣམས་དང་ཀོ་ལོམ་བོ་ནང་པའི་ལྷན་ཚོགས་ཀྱིས་སྤྱི་མོས་རྒྱབ་སྐྱོར་ཐོབ། དར་ཆ་དེ་ཉིད་ཐོག་མར་ས་ག་ཟླ་བའི་ཡོངས་གྲགས་རྟགས་གསལ་པ་དགེ་སློང་(Migettuwatte Gunananda)གྱིས་ཀོ་ལོམ་བོའི་(Dipadut-tamaramaya)གཙུག་ལག་ཁང་དུ་ཕྱི་ལོ་༡༨༨༥ཟླ་༤་ཚེས་༢༨ཉིན་རྟེན་འབྲེལ་མཛད་སྒོའི་ཐོག་ནས་སྒྲེང་འཛུགས་གནང་། ཕྱིས་སུ་ད་ལྟ་ང་ཚོའི་མིག་སྔར་མཇལ་རྒྱུ་ཡོད་པའི་ཚོན་དྲུག་ལྡན་གྱི་ནང་པའི་དར་ཆ་འདི་ཕྱི་ལོ་༡༩༥༢ལོར་ཤྲཱི་ལངྐའི་ཀོ་ལོམ་བོ་ས་གནས་སུ་འཚོགས་པའི་འཛམ་གླིང་ནང་པའི་མཐུན་ཚོགས་(the world fellowship of Buddhists WFB) སྐབས་སུ་ནང་པའི་དར་ཆར་གཞུང་འབྲེལ་གྱིས་གཏན་ལ་ཕབ་པ་ཞིག་ཡིན།

རྒྱལ་སྤྱིའི་ནང་པའི་དར་ཆའི་འགྲེལ་བཤད། ཐོག་མར་ཤྲཱི་ལངྐ་རུ་སྒྲེང་འཛུགས་གནང་ཞིང་། ཕྱིས་སུ་འཛམ་གླིང་རྒྱ་ཁབ་ཀྱི་ནང་པའི་མཚོན་དོན་དུ་བེད་སྤྱོད་བྱེད་བཞིན་པའི་དར་ཆ་ལ་ཚོས་གཞི་དྲུག་ཡོད་པ་རིམ་བ་ལྟར། སྔོན་པོ་དང་སེར་པོ། དམར་པོ། དཀར་པོ། ལི་ཝང་། གོང་གི་ཚོན་གཞི་ལྔ་རིམ་བརྩེགས་ཀྱི་ཚོས་གཞི་གཅིག་བཅས་དྲུག་ཡོད། ཚོས་གཞི་དེ་དག་གིས་སངས་རྒྱས་བཅོམ་ལྡན་འདས་ཐོག་མར་བྱང་ཆུབ་ཤིང་དྲུང་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་སྐབས་སུ་སྐུ་ལས་འོད་ཟེར་མི་འདྲ་བ་དྲུག་འཕྲོས་པའི་གཟི་མདངས་རྣམས་མཚོན་གྱི་ཡོད། ༡ སངས་རྒྱས་ཀྱི་དབུ་སྐྲ་ནས་འཕྲོས་པའི་འོད་ཟེར་སྔོན་པོ་དེས་འགྲོ་བ་སེམས་ཅན་ཡོངས་ལ་འཇིག་རྟེན་ཀུན་ཁྱབ་ཀྱི་བྱམས་པ་དང་སྙིང་རྗེས་ཁྱབ་པ་མཚོན་པ་བཞིན། ནང་པའི་དར་ཆའི་ཚོས་གཞི་སྔོན་པོས་འཇིག་རྟེན་ཀུན་ཁྱབ་ཀྱི་བྱམས་སྙིང་རྗེ་དང་ཞི་བདེ་མཚོན། ༢ སངས་རྒྱས་ཀྱི་སྐུའི་པགས་པ་ནས་འཕྲོས་པའི་འོད་ཟེར་སེར་པོ་དེས་མཐའ་གཉིས་སྤངས་པའི་དབུ་མའི་ལམ་ལ་བརྟེན་ནས་མཐར་ཐར་པ་དང་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་མཚོན་པ་བཞིན། ཚོས་བཞི་སེར་པོས་རྟག་མཐའ་དང་ཆད་མཐའ་སྤངས་པའི་ལམ་དབུ་མ་མཚོན། ༣ སངས་རྒྱས་ཀྱི་སྐུ་ཤ་ནས་འཕྲོས་པའི་འོད་ཟེར་དམར་པོ་དེས་སངས་རྒྱས་ཀྱིས་ཆོས་ཀྱི་ཉམས་ལེན་ལ་བརྟེན་ནས་བྱིན་རླབས་འཇུག་པ་བཞིན། ཚོས་གཞི་དམར་པོས་ཉམས་སུ་བླངས་པའི་རྟོགས་པ་ཕུན་ཚོགས་དང་། ཤེས་རབ། དགེ་བ། བསོད་ནམས། གཟི་བརྗིད་བཅས་མཚོན། ༤ སངས་རྒྱས་ཀྱི་སྐུ་རུས་དང་ཚེམས་ནས་འཕྲོས་པའི་འོད་ཟེར་དཀར་པོ་དེས་སངས་རྒྱས་ཀྱི་བསྟན་པ་དེ་ཡང་དག་པ་དང་། དེ་ལ་བརྟེན་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་རྒྱུ་ཡོད་པ་མཚོན་པ་བཞིན། ཚོས་གཞི་དཀར་པོས་སྐྱོན་གྱི་དྲི་མས་མ་གོས་པའི་ཡང་དག་པ་དང་། ཐར་པའི་རང་བཞིན་ཅན་གྱི་ནང་པའི་བསྟན་པ་དེ་དུས་དང་སྟོང་ཆ་ཡོད་མེད་ལ་མ་ལྟོས་པར་རྟག་ཏུ་གནས་ཐུབ་པར་མཚོན། ༥ སངས་རྒྱས་ཀྱི་ཕྱག་མཐིལ་དང་། ཞབས་ཀྱི་རྟིང་པ། ཞལ་མཆུ་བཅས་ནས་འཕྲོས་པའི་འོད་ཟེར་ལི་ཝང་དེས་གཡོ་བ་མེད་པའི་སངས་རྒྱས་ཀྱི་ཆོས་མཚོན་པ་བཞིན། ཚོས་གཞི་ལི་ཝང་གིས་ཤེས་རབ་དང་སྟོབས། གཟི་བརྗིད་བཅས་ཀྱིས་ཕྱུག་པའི་ནང་ཆོས་ཀྱི་སྙིང་པོ་མཚོན། ༦ རིམ་བརྩེགས་ཚོས་གཞི་དེས་སངས་རྒྱས་ཀྱི་བསྟན་པ་དེ་འཇིག་རྟེན་ཀུན་ཁྱབ་ཀྱི་བདེན་པ་ཡིན་པ་བཅས་མཚོན། ཡང་འཕྲེད་ཀྱི་ཐིག་རིས་ནར་མོ་དེ་དག་གིས་འཛམ་གླིང་མི་རིགས་རྣམས་འཆམ་མཐུན་དང་ཞི་བདེའི་ངང་གནས་པར་མཚོན་ཞིང་། གྱེན་དུ་ཕྱོགས་པའི་ཐིག་རིས་ནར་མོ་དེ་དག་གིས་འཛམ་གླིང་ནང་ཞི་བདེ་རྒྱུན་གནས་འོང་བར་མཚོན། དེར་བརྟེན་དར་ཆ་སྤྱི་ཡོངས་ཀྱིས་ཡིད་ཆེས་དང་ཞི་བདེ་མཚོན་ཞིང་། མི་རིགས་དང་། རྒྱལ་ཁབ། སྡེ་ཚན། ཁ་དོག་སོགས་ཀྱི་དབྱེ་བ་མེད་པར་འགྲོ་བ་སེམས་ཅན་ཀུན་ལ་ཐམས་ཅད་མཁྱེན་པའི་ས་བོན་ཡོད་ཅིང་། ཚང་མ་ལ་འཚང་རྒྱ་རྒྱུའི་ནུས་པ་ཡོད་པ་དང་འཚང་རྒྱ་རུང་ཡིན་པར་མཚོན།