ནང་ཆེན་སྐུ་འབུམ་དགོན་གྱི་བྱུང་བ།

ཡོང་ཁུངས་Wikipedia

ཁམས་སྒོམ་སྡེ་ནང་ཆེན་སྐུ་འབུམ་དགོན་གྱི་ བྱུང་བ་མདོར་བསྡུས་འདས་པའི་བཞིན་

  རས་ལྟ་བའི་མེ་ལོང་ཞེས་
 བྱ་བ་བཞུགས་སོ།།
                                 

སྟོབས་བཅུ་ཡོན་ཏན་ཀུན་རྫོགས་འབའ་རོམ་པ།། བདེན་གཉིས་ལུང་རྟོགས་དམ་ཆོས་ཕྱག་རྒྱ་ཆེ།། ཚོགས་མཆོག་རི་དགོན་བཅོ་བརྒྱད་འདུས་སྡེ་སྟེ།། རིན་ཆེན་གསུམ་གྱིས་དེང་འདིར་ཤིས་པ་བསྩོལ།། བཀའ་ཕྱག་སྙན་རྒྱུད་བདུད་རྩིའི་རབ་མྱོས་ནས།། ལུང་དང་རིག་པའི་གཡུ་རལ་རབ་རྒྱས་པའི།། དྭགས་བརྒྱུད་གྲུབ་པའི་གདོང་ལྔ་ཏི་ཤྲཱི་རས།། བརྒྱུད་པར་བཅས་པ་ཛ་ལནྡྷ་རར་མཆོད།། ཅེས་མཆོད་པར་བརྗོད་པའི་དངོས་པོ་སྔོན་དུ་བཏང་ནས། འདིར་ འབྲི་ཟླ་ཟལ་མོ་སྒང་རྒྱུད་དུ་ཆགས་པའི་ཁམས་སྒོམ་སྡེ་ནང་ཆེན་རྒྱལ་ཁམས་ཞེས་གྲགས་པ་འདིར། ཆོས་སྲིད་ཀྱི་ཉིན་བྱེད་ཐོག་ མར་སྣང་བའི་གོ་འབྱེད་པ་པོ་ཆོས་རྗེ་རས་པ་དཀར་པོ་དེ་ཉིད་ཀྱིས། རབ་བྱུང་བཞི་པའི་རབ་བདུད་ཞེས་པ་མེ་ཕོ་སྤྲེལ་གྱི་ལོ་སྟེ་སྤྱི་ལོ་ ༡༢༣༦ལོའི་ཟླ་༦པའི་ཚེས་༩ལ་ཕྱག་བཏབ་པར་མཛད་པའི་ཁམས་ སྒོམ་སྡེ་ནང་ཆེན་སྐུ་འབུམ་དགོན་གྱི་བྱུང་བ་མདོར་བསྡུས་ཞིག་ ཁུངས་ལྡན་གྱི་ལོ་རྒྱུས་ཁག་ལ་གཞི་བྱས་ཏེ་འབྲི་བར་བྱ་བ་ལ། དང་པོ། ལུང་བསྟན་བྱུང་ཚུལ། དེ་ཡང་ཆོས་རྗེ་འབའ་རོམ་པ་ཆེན་པོའི་སློབ་མའི་གཙོ་བོ་འགྲོ་་་་ མགོན་ཏི་ཤྲཱི1རས་པ་དེ་ཉིད་རྒྱ་ནག་ཤོ་ཧོ་རྒྱལ་རྒོད་赵遵顼གྱི་ དབུ་བླར་བྱོན་ཅིང་། མདོ་སྨད་རྒྱུད་ཡར་བོད་ལ་ཕེབས་པའི་དུས་ བྱང་སྐྱོ་ལྟག་ན་མོ་ཆེར་སྒར་པ་བཞུགས་པའི་སྐབས་སུ། ཉིན་ ཅིག་སློབ་དཔོན་ཅུང་པོ། མཁན་པོ་རྭ་སྒྲེང་བ། རོང་ཀ་མཁན་པོ་ _________________ 1 ཏི་ཤྲཱི་ནི་གོོ་གནས་ཀྱི་མིང་ཏེ་རྒྱ་སྐད་ལ་帝师ཟེར། སོགས་དགེ་འདུན་མང་བར་བཞུགས་པ་ལ་གཟིམ་གུར་གཤམ་ཁྱོག་གསུངས། ཁོང་གིས་འདིར་ལྕགས་རི་ཆེན་པོ་ཞིག་གིས་བསྐོར་ནས་འདུག་ པ་ཨེ་མཐོང་གསུངས། གཟིམ་གཡོག་པ་ཤེས་རབ་རྡོ་རྗེ་ལ་འདིར་ གཙུག་ལག་ཁང་དང་སྒྲུབ་པ་པོ་སེམས་ཅན་ལ་ཕན་ཐོག་པ་མང་པོ་འབྱུང་བར་འདུག་གསུངས། དྲུང་དུ་འཁོད་པ་རྣམས་ལ། འདིར་དགོན་པ་ཆེན་པོ་འབྱུང་བར་འགྱུར་སོགས་སྐུ་འབུམ་དགོན་ གྱི་ཆགས་གནས་འཇིག་པའི་ལུང་བསྟན་རྒྱས་པར་གསུངས་སོ།། གཉིས་པ། སྐུ་འབུམ་གྱི་གདན་ས་ཇི་ལྟར་ཆགས་ཚུལ། འགྲོ་མགོན་ཏི་ཤྲཱི་སངས་རྒྱས་རས་ཆེན་གྱི་ཐུགས་སྲས་ཅིག་པུ་སྤྱན་ སྔ་རས་པ་དཀར་པོ་དེ་ཉིད། རབ་བྱུང་གསུམ་པའི་ས་རྟ་སྤྱི་ལོ་༡༡༩༨ ལོར་ཤར་མི་ཉག་འགའ་ཡི་ཡུལ་དུ་སྐུ་འཁྲུངས་ཤིང་། ཏི་ཤྲཱི་རིན་ པོ་ཆེ་འཇལ། བླ་མ་རིན་པོ་ཆེའི་སྣོད་ལྡན་གྱི་སློབ་མར་དགོངས་ ཏེ་རྗེས་སུ་བཟུང་། མཁན་སློབ་དགེ་འདུན་དང་བཅས་པའི་དབུས་ སུ་བསྙེན་པར་རྫོགས་པས་མཚན་ཤེས་རབ་བྱང་ཆུབ་ཏུ་གསོལ། ཕྱི་ནང་གི་ཆོས་ཐམས་ཅད་ལ་གསན་སྦྱང་དཔག་ཏུ་མེད་པར་མཛད། ཁྱད་པར་དུ་ནཱ་ར་ཆོས་དྲུག་དང་ཕྱག་ཆེན་གྱི་ཁྲིད་མཛད་པ་ཙམ་ གྱིས་རྟོགས་པ་ཅིག་ཅར་དུ་སྐྱེས། རྩེ་ཅིག་ཏུ་བསྒོམས་པས་རྩ་རླུང་ ལ་རང་དབང་ཐོབ་ཅིང་གནད་དུ་བསྣུན་ཤིང་། བྱང་སེམས་སྐུ་ ལུས་ལ་བྲིམས་པས་ཞལ་རས་བཅོ་ལྔའི་དུང་ཟླ་བཞིན་གསལ་བས་ དེའི་དོན་གྱིས་མཚན་རས་པ་དཀར་པོ་ཞེས་ཡོངས་སུ་གྲགས། བྲག་ ལ་ཞབས་རྗེས་དང་མཁའ་ལ་འཕུར་བ་སོགས་རྫུ་འཕྲུལ་གྱི་བཀོད་ པ་བསམ་ལས་འདས། སྐུ་འབུམ་གྱི་ས་དེ་ཉིད་དུ་སྒར་པ་ བཞུགས་ཅིང་། བླ་མ་ཏི་ཤྲཱི་རས་པའི་གཤེགས་རྫོགས་ཀྱི་གདུང་ འབུམ་ཆེན་མོ་ཞག་ལྔ་བཅུ་ནས་གྲུབ། བཞུགས་ཁང་ཐོག་གཉྫི་ ར་དང་བཅས་པ་བླ་ན་མེད་པ་མཛད་བཞིན་པའི་རིང་ལའང་མི་མ་ ཡིན་མང་པོའི་མཆོད་རྫས་ཐོགས་ཏེ་མངོན་སུམ་དུ་མཆོད། རབ་གནས་ཀྱི་དུས་སུ་རིན་པོ་ཆེ་དབུ་ཞྭ་རྩེ་ལྔ་བཞེས་ནས་ནམ་མཁའ་ ལ་བཞུགས་པའི་མཐོང་སྣང་སོགས་ངོ་མཚར་བའི་ལྟས་དཔག་ཏུ་2_________ 2རྒྱས་པར་ཤེས་འདོན་ན་འབའ་རོམ་གསེར་ཕྲེང་ལ་ལྟ་བར་བྱ། མེད་པ་བྱུང་ཤིང་འགྲོ་རྣམས་ཚོགས་གཉིས་རྫོགས་པའི་རྟེན་དུ་གྱུར། ཕྱི་ལོ་༡༢༣༦རབ་བདུན་མེ་སྤྲེལ་ལ་བཞུགས་ཡུལ་གྱི་གཟིམས་ཁང་ དང་དགོན་པ་འདེབས་པར་མཛད་པ་ལ་སྐུ་འབུམ་རྩ་བ་ཟེར། དེ་ ནས་སྤྱན་སྔ་རས་དཀར་ཤེས་རབ་བྱང་ཆུབ་ཀྱིས་བྱང་སྐྱོ་ལྟག་ན་བ་ གསེར་གྱི་གོང་བ་ཆགས་ཀྱིས་བཅག་ནས་བཞུགས་པའི་སྐབས། སེ་ ཆེན་ཧོར་དང་མཆོད་ཡོན་འབྲེལ། ཧོར་ཁྲིམས་བོད་ལ་འཇགས་ པའི་དུས་སུ། ཧོར་སེ་ཆེན་རྒྱལ་པོའམ་རྒྱལ་བུ་གོ་བེ་ལ་忽必烈ཞེས་པས་མདོ་ སྨད་དུ་དམག་དྲངས་ནས་བྱོན་པ་ལ། ཆོས་རྗེ་རས་པ་དཀར་པོ་ དང་གུང་སྒོམ་ཨའུ་དཔོན་སློབ་མཇལ། སྤྱན་གཟིགས་རྒྱ་ཆེར་ཕུལ། འགྲོ་མགོན་ཏི་ཤྲཱི་སངས་རྒྱས་རས་ཆེན་གྱི་སྐུ་འབུམ་ཆེན་མོའི་རྩར་ གཙུག་ལག་ཁང་བཞེངས་པའི་བཀའ་ལུང་གནང་བར་ཞུས་པས། ཆོས་རྗེ་རས་པ་དཀར་པོ་ལ་ཤིན་ཏུ་དད་པར་གྱུར་ཏེ་རྒྱལ་པོའི་སྤྱི་ བོར་བཀུར་ནས་ལྷ་ཆོས་ཀྱི་བླ་མ་དང་། གུ་ཡི་གུང་སྒོམ་ཨའུ་མི་ ཆོས་ཀྱི་དཔོན་དུ་བསྐོས། དེའི་དུས་སུ་གནས་དྲུག་ཁྲི་སྐོར་དུ་གྲགས་ པ་ཆབ་འབངས་ཀྱི་ལྷ་སྡེར་ཕུལ། དེར་གནས་དྲུག་ལ་རེ་རེར་ཁྲི་སྡེ་ གཉིས་རེ་བསྡོམས་ཁྲི་སྐོར་བཅུ་གཉིས་ཡོད་པར་གྲགས། གཙུག་ལག་ཁང་བཞེངས་པའི་བཀའ་ལུང་དང་ཁྲོ་ཐམ་ཆེན་མོ་གོས་ དར་གསེར་དངུལ་སོགས་ཀྱི་མཐོང་གཟིགས་བླ་ན་མེད་པར་མཛད། དེ་ནས་ཡར་ཕེབས་ཏེ་གནས་དྲུག་ཁྲི་སྐོར་མངའ་ཞབས་སུ་བསྡུས། གནས་དྲུག་ནི་༡རྟམ་མཁར་སྐྱ།༢ ཆམ་མཁར་དམར། ༣ རྫ་གྱིང་ཐང་། ༤ལྕི་དབེ་ཁུ།༥ལྷོ་རྟ་ཤོད།༦འདན་རག་ཐག་ཡིན་ཟེར་ཞིང་། གང་ ལྟར་ནའང་དུད་ཁྲི་སྐོར་བཅུ་གཉིས་ཡིན་ལ་ས་ཧོར་གྱིས་གཏན་ལ་ ཕབས་པའི་གཞིས་ཁ་དྲུག་ནས་དེའི་དཔྱ་ཁྲལ་སྡུད་ཅིང་། སྐུ་འབུམ་ དགོན་དུ་འབུལ། མི་ཉག་ཡུལ་ནས་ཤིང་བཟོ་བ་དང་རྡོ་བཟོ་བ་ བོས་ཏེ་ལྷ་ཁང་ནང་སོ་ཆེན་མོ་ཞེས་པ་ཀ་བ་བརྒྱ་དང་ཉི་ཤུའི་མལ་ ཐོག་གསུམ་བྱ་འདབ་གསེར་གྱི་གཉྫི་ར་ཁྱམས་སྐོར་ལམ་དང་བཅས་ པ་འགྲན་ཟླ་དང་བྲལ་བ་རྒྱ་ཕིབས་སུ་བཞེངས། ཐོག་བར་མར་ བཀའ་བརྒྱུད་དང་རྒྱུད་སྡེའི་ལྷ་རིས། འོག་མར་ཟང་གསེར་གྱི་ཐུབ་ ཆེན་སོགས་རྟེན་མཆོད་ཀྱི་རིམ་པ་བསམ་ལས་འདས། ཕྱི་ཐམས་ ཅད་རྒྱུད་སྡེའི་སྔགས་ཀྱིས་མཚན་པའོ།། ལྷ་མཁར་ཐད་ཀྱི་བྲག་མགོར་རྡོ་མཁར་གྱི་ཕོ་བྲང་སོགས་མཛད། དགེ་འདུན་སྟོང་ཕྲག་ཕྱེད་གཉིས་ཙམ་འཚོགས། དེ་དག་ཐམས་ ཅད་ཀྱང་ཕྱི་དགེ་སློང་ཞི་དུལ་གྱིས་སེམས་ཅན་གྱི་དྭངས་བ་འདྲེན་པ། ནང་གསང་སྔགས་ཀྱི་བསྐྱེད་རིམ་དང་ལྡན་པ། གསང་བ་བྱང་སེམས་ ཀྱིས་འགྲོ་བ་ཐར་ལམ་ལ་བཀོད་པ། དེ་ཁོ་ན་ཉིད་ཕྱག་ཆེན་གྱི་ དངོས་གྲུབ་ཐོབ་པ་ཤ་སྟག་གོ། མེར་ཆེན་རྩེར་སྒྲུབ་གྲྭའི་རི་དགོན་མཛད། གཟིམས་ཁང་དང་ཆོས་ ཁྲི་ཕྱིས་ཀྱི་བར་དུ་ཡོད། དེར་ཆུ་ཤིན་ཏུ་དཀོན་པས་རི་རྩེ་དེ་ཉིད་ ནས་ཆུ་འདོན་པར་མཛད། ལུགས་གཉིས་ཀྱི་སྒོ་ནས་སངས་རྒྱས་ ཀྱི་བསྟན་པའི་ཞབས་འདེགས་རླབས་པོ་ཆེ་དང་གདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད་དོ།། ཆོས་རྗེ་རས་པ་དཀར་པོ་དགུང་ལོ་དྲུག་ཅུ་རེ་ལྔ་བཞེས་པ་རབ་བདུད་ མེ་ཁྱི་སྤྱི་ལོ་༡༢༦༢ས་ཟླའི་ཚེས་བཅོ་བརྒྱད་ལ་ངོ་མཚར་བའི་ལྟས་ དུ་མ་དང་བཅས་ཏེ་སྐུ་གཤེགས། སྐུ་གདུང་སྦྱངས་པས་རིང་བསྲེལ་ གྱི་ཕུང་པོར་གྱུར། སློབ་མ་དཔག་ཏུ་མེད་པ་ཡོད་ཀྱང་མཆོག་ཏུ་ གྱུར་པ་ནི། སྤྱན་སྔ་ལུས་མེད་རྡོ་རྗེ་དང་། སྤྱན་སྔ་བྱང་ཆུབ་མགོན་ པོ། བྱང་ཆུབ་རྡོ་རྗེ། དཔལ་རྡོར་ཤེས་རབ་ཡེ་ཤེས། གུང་སྒོམ་ཨའུ། ཚུལ་པ་ཤེས་རབ་དཀོན་མཆོག།ལྷ་ཤཱཀྱ་རྒྱལ་བ། ཞང་སྒོམ་རས་པ། གཟི་དུ་རས་པ་སོགས་དཔག་ཏུ་མེད་པ་བྱུང་། དེ་དག་གི་ནང་ ནས་མཆོག་ཏུ་གྱུར་པ་ནི་ལུས་མེད་རྡོ་རྗེ་ཡིན་ནོ།།

གསུམ་པ། བླ་རབས་དང་གདན་རབས་བྱོན་ཚུལ། ཁྲི་འཛིན་གཉིས་པ་སྤྱན་སྔ་ལུས་མེད་རྡོ་རྗེ། འགྲོ་མགོན་རས་པ་དཀར་ པོ་དང་གུང་སྒོམ་ཨའུ་འདས་རྗེས་སུ་སྐུ་འབུམ་དགོན་གྱི་ཕོ་བྲང་ནང་སོ་ཆེན་མོའི་ཁྲི་འཛིན་གཉིས་པ་སྤྱན་སྔ་ལུས་མེད་རྡོ་རྗེ་ཡིན་ཏེ། དེ་ཡང་རྒ་རྗེའི་གདུང་ལས་བྱོན་པའི་གསང་བ་ལུས་མེད་རྡོ་རྗེ་ དེ་ཉིད་རབ་བྱུང་བཞི་པའི་རབ་བདུད་ཞེས་པ་མེ་ཕག་སྤྱི་ལོ་༡༢༢༧ལོར་རྡོ་ཐི་གངས་བརྒྱུད་མཚོ་རྐེ་མདོའི་ཀྱེ་ལ་ཐང་ཁར་སྐུ་འཁྲུངས། འགྲོ་མགོན་རས་པ་དཀར་པོའི་མདུན་ནས་རབ་ཏུ་བྱུང་ཞིང་མཚན་བྱང་ཆུབ་དཔལ་བྱ་བར་བཏགས། ཐབས་ལམ་ནཱ་རོ་ཆོས་དྲུག་དང་གྲོལ་ལམ་ཕྱག་རྒྱ་ཆེན་པོའི་ཁྲིད་་གསན་ཅིང་བསྒོམས་པས་ཉམས་མྱོང་གི་འཆར་སྒོ་དཔག་ཏུ་མེད་པ་བྱུང་ངོ་།། རས་དཀར་ཉིད་ཀྱི་དབུ་མཛད་མཁན་སློབ་དགེ་འདུན་མང་པོ་ཚོགས་ པའི་དྲུང་ནས་དགེ་སློང་གི་སྡོམས་པ་རྣམ་པར་དག་པ་བླངས། དེ་ ནས་ཁྲིད་ཀྱི་རིམས་པ་ལ་སོགས་གདམས་པ་ཐམས་ཅད་རྫོགས་པར་ གསན་ཞིང་། ཁྱད་པར་དུ་ཡང་ཕྱག་རྒྱ་ཆེན་པོ་ལ་རྩེ་གཅིག་ཏུ་ ཡེངས་མེད་བརྩོན་འགྲུས་བསྐྱེད་ནས་བསྒོམས་པས། སྣང་སེམས་ གཉིས་མེད་དུ་འདྲེས། མངོན་པར་ཤེས་པ་མངའ་བ་ལ་སོགས་པའི་ ས་ལམ་གྱི་ཡོན་ཏན་དཔག་ཏུ་མེད་དེ་ལུས་མེད་རྡོ་རྗེ་ཞེས་ཡོངས་ སུ་གྲགས་སོ།། 3___3རྣམ་ཐར་རྒྱས་པར་གསན་འདོད་ན་འབའ་རོམ་ཆོས་འབྱུང་ལ་ལྟ་བར་བྱ། བླ་མ་རིན་པོ་ཆེ་གཤེགས་པའི་འདས་མཆོད་དང་། གཟིམ་མལ་ གྱི་འདྲ་འབག ཏི་ཤྲཱིའི་གསེར་སྡོང་ཆེན་མོའི་གཡས་ངོས་སུ་ གདུང་འབུམ་ལྷ་ཁང་ཇོ་ཐོག་དང་བཅས་པ་བཞེངས། དེ་ནས་དབུས་སུ་ཕེབས་ཤིང་རྔོག་གཟི་བརྗིད་གྲགས་པ་ལས་དགྱེས་རྡོར་དང་། ལྷ་མོ་དུད་སོལ་མའི་སྐོར་དང་། ཚུལ་ཁྲིམས་ཤཱཀྱ་ ལས་གཅོད་ཀྱི་སྐོར་གསན། མཚལ་ལྷ་ཕུག་པ་ཉི་མ་འོད་ཟེར་ལས་གཟེར་ལྔ་སོགས་ཞང་རིན་པོ་་ཆེའི་ཆོས་སྐོར་མ་ལུས་པ་གསན་ཞིང་མཚལ་གུང་ཐང་ན་བཞུགས་པའི་སྐབས་སུ། བོད་སེར་ཆགས་ཡོངས་ཀྱི་བདག་པོ་ས་སྐྱ་ཆོས་རྒྱལ་ འཕགས་པ་ཧོར་ཡུལ་ནས་ཡར་བོད་ལ་ཕེབས་ཤིང་། མདོ་སྟོད་རྒྱུད་ ནས་བྱོན་པའི་དུས། སྐུ་འབུམ་དགོན་གྱི་འདུས་གྲྭ་ཆེ་བགྲེས་རྣམས་མཇལ་དུ་བྱོན་ནས་ འབུལ་ཞབས་བཟང་པོ་བྱས་ཏེ། ངེད་ཀྱི་བླ་མ་སྤྲུལ་པའི་སྐུ་དེ་ཞིང་

ཁམས་གཞན་དུ་གཤེགས་ཏེ་མི་བཞུགས། ད་ཁྱེད་བོད་སེར་ཆགས་ ཡོངས་ཀྱི་བདག་པོར་གྱུར་པས་གདན་ས་འདིར་བླ་མ་གཅིག་བསྐོ་ བར་ཞུ་ཞུས་པས། བླ་མ་རིན་པོ་ཆེ་རས་པ་དཀར་པོའི་ཐུགས་སྲས་

 འགྲན་ཟླ་དང་བྲལ་བ་ལུས་མེད་རྡོ་རྗེ་ལ་ས་སྐྱ་ཆོས་རྒྱལ་འཕགས་པས་གོང་མའི་གདན་ས་སྐུ་འབུམ་དགོན་དུ་ཕོ་བྲང་ནང་སོ་ཆེན་མོའི་ཁྲི་ལ་བཞུགས་དགོས་པའི་བཀའ་ལུང་གསེར་གྱི་ཅོད་པན་སྤྱི་

བོར་ཕེབས་ཤིང་། གོ་གནས། ལས་ཐམ། འཇའ་ས་དང་། ལུགས་ གཉིས་ཀྱི་རྫོང་དར་བཅས་མེ་ཏོག་ར་བའི་ཁྲི་ལ་བསྐོ་བཞག་མཛད། ཁམས་སྟོད་སྐུ་འབུམ་དགོན་དུ་ཕྱིར་ཕེབས་དུས། སྐུ་འབུམ་རྩ་བའི་ དགོན་སྡེ་རྣམས་དང་གནས་དྲུག་ལྷ་སྡེ་མི་སྡེའི་ཚོགས་ཀྱིས་བསུ་བ་ སེར་སྦྲེང་དང་བཅས་བོད་རབ་བྱུང་བཞི་པའི་ཤིང་གླང་དགུང་ལོ་ སུམ་བཅུ་སོ་དགུ་བཞེས་པ་སྤྱི་ལོ་༡༢༦༥ལོར་ཕོ་བྲང་ནང་སོ་ཆེན་ མོའི་སེངྒེའི་ཁྲི་ལ་ཞབས་ཀྱི་པད་མོ་བཀོད་དོ།། དཔལ་ལྡན་བླ་མ་དམ་པ་རས་པ་དཀར་པོ་ལ་སངས་རྒྱས་དངོས་ ཀྱི་འདུ་ཤེས་སྐྱེས་ནས་ཅི་གསུང་གི་བཀའ་སྒྲུབ་ཅིང་། གདམས་པ་ ཟབ་མོ་རྣམས་ཐུགས་སུ་ཆུད་པར་མཛད་དེ་ཉམས་སུ་བླངས་ཤིང་ སོ་སོ་རང་རང་གི་དབང་པོ་དང་འཚམས་པའི་ཆོས་བསྟན་ནས་གདུལ་ བྱ་དཔག་ཏུ་མེད་པ་སྨིན་གྲོལ་ལ་བཀོད། ལྷ་ཁང་གསར་མ་བྱ་བ་ ལོག་བྲིས་རྟེན་མཆོད་དང་བཅས་པ་སོགས་དགོན་པ་དར་རྒྱས་ཆེར་ མཛད། ལྷ་མོ་བསྒྲུབས་པས་ཞལ་བསྟན་ཏེ་མི་རབས་བཅུ་གསུམ་ ལ་བསྟན་པ་བསྲུང་བར་ཞལ་གྱིས་བཞེས། ཚོགས་བདག་བསྒྲུབས་ པས་དངོས་གྲུབ་རྣམ་གཉིས་འབད་མེད་དུ་ཕུལ། གདན་ས་རིན་ པོ་ཆེའི་བདག་རྐྱེན་མཛད་ནས་ལོ་ཉི་ཤུ་རྩ་བརྒྱད་རིང་ལ་བླ་མ་དམ་ པའི་ཐུགས་དགོངས་རྫོགས་པའི་ཆེད་དུ་སྐུ་འབུམ་དགོན་གནས་དྲུག་ཁྲི་བསྐོར་བཅུ་གཉིས་བསྐྱངས་ཤིང་བསྟན་པ་དར་བར་མཛད་ པ་ཡིན་ནོ།། དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ མཛད་པ་དང་སྒོ་བསྟུན་ཞིང་དགོངས་ལོ་དྲུག་ཅུ་རེ་དྲུག་བཞེས་པ་ ཆུ་འབྲུག་སྤྱི་ལོ་༡༢༩༢རོག་ཉ་ཟླ་བའི་ཚེས་བཅོ་བརྒྱད་ཀྱི་ཉིན་ཕྱེད་ ལ་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན། གདུང་སྦྱངས་པས་ ནམ་མཁའ་ཐམས་ཅད་འཇའ་ཚོན་འཁྲིགས་ཤིང་མེ་ཏོག་གི་ཆར་ བབས། དུང་དཀར་གཡས་སུ་འཁྱིལ་བ་བཅུ་གསུམ་དང་རིང་ བསྲེལ་དཔག་ཏུ་མེད་པ་བྱོན་ཞིང་ཞག་བདུན་ཕྲག་བདུན་ལ་རིང་ བསྲེལ་གྱི་ཆར་བབས། ཡབ་སྲས་འདི་གཉིས་ཀྱི་མཆོད་པའི་དུས་ ལ་བཅོ་བརྒྱད་གོང་འོག་ཟེར། ཁྱད་པར་ལུས་མེད་རྡོ་རྗེའི་དུས་ མཆོད་བྱེད་པའི་དུས་སུ་སྒོམ་སྡེའི་རོག་མཆོད་ཆེན་མོ་ཟེར་བའི་མིང་ ཡང་ཕྱིས་ཀྱི་བར་དུ་བྱུང་ངོ་།། སློབ་མའི་གཙོ་བོ་བཀའ་བབ་ཀྱི་སློབ་མ་བཞི་ནི། བརྒྱུད་འཛིན་ བཀའ་བབ་རིག་དབོན་བྱང་ཆུབ་གཞོན་ནུ། རྟེན་འབྲེལ་གྱི་བཀའ་ བབ་བྱང་ཆུབ་མགོན་པོ།དབང་གི་བཀའ་བབ་རྒྱལ་སྲས་ཚུལ་ཁྲིམས་ སེངྒཻ། ཕྱག་ཆེན་བཀའ་བབ་ཤཱཀྱ་རྡོ་རྗེ་བཞི་ཡིན་ལ་རི་དགོན་བཅོ་ བརྒྱད་སོགས་གྲུབ་བརྙེས་གསེར་རིའི་ཕྲེང་བ་ཟླ་འབྲི་ལྕི་གསུམ་གྱི་ བར་ན། མཁས་མང་ནམ་མཁའི་སྐར་ཚོགས་ལྟར་བཀྲ་ཞིང་། གྲུབ་ཐོབ་སེང་ཁྱུ་འདྲོགས་པ་བཞིན་སྒོམ་སྡེའི་རི་དགོན་ཐམས་ཅད་ འདི་བཞིའི་སྐུ་རིང་ལ་གྱེས་ཤིང་བརྒྱུད་པ་ཡིན་ནོ།། ཁྲི་འཛིན་གསུམ་པ་རིགས་དབོན་བྱང་ཆུབ་གཞོན་ནུ། ནང་སོ་ ཆེན་མོའི་ཁྲི་འཛིན་གསུམ་པ་རིགས་དབོན་བྱང་ཆུབ་གཞོན་ནུ་ཡིན་ཏེ། དེ་ཡང་མདོ་སྟོད་ཀྱེ་ལ་ཐང་ཁར་ཀྱེ་ལ་སངས་རྒྱས་མགོན་པོའི་སྲས་ སུ་རབ་བྱུང་བཞི་པའི་ཤིང་སྟག་སྤྱི་ལོ༡༢༥༤ལོར་སྐུ་འཁྲུངས། ལུས་ མེད་རྡོ་རྗེའི་མདུན་ནས་རབ་ཏུ་བྱུང་ཞིང་མཚན་བྱང་ཆུབ་གཞོན་ ནུར་གསོལ།འབའ་རོམ་ནས་བརྒྱུད་པའི་ཆོས་ཡོད་དགུ་ཅོག་གསན། ཁྱད་པར་ཟབ་ལམ་ནཱ་རོ་ཆོས་དྲུག བསྲེ་འཕོ་གནད་ཀྱི་མཚམས་སྦྱོར། ལ་ལམ་ཕྱག་རྒྱ་ཆེན་པོ་སོགས་ལ་ཉམས་ལེན་རྩེ་གཅིག་ཏུ་མཛད་པས་ཉམས་རྟོགས་མཐའ་ཡས་སོ།། གསེར་གདུང་ཆེན་མོའི་གཡོན་ངོས་སུ་གདུང་འབུམ་དང་། ལྷ་ཁང་ འབུམ་ཆུང་བྱ་བ་སུམ་བརྩེགས་ཅན། ཐུབ་པའི་གསེར་སྐུ་ཆེན་མོ་ སོགས་སྐུ་གསུང་ཐུགས་ཀྱི་བརྟེན་མཆོད་བསམ་ལས་འདས་པ་བཞེངས། དེ་ནས་མགོ་རུས་ཡིབ་ཏི་ཕུག་ཏུ་སྙིང་པོའི་རྣལ་འབྱོར་ལ་རྩེ་གཅིག་ ཏུ་སྒྲུབ་པ་ལ་གཞོལ་བའི་སྐབས་སུ། ལུས་མེད་རྡོ་རྗེ་གཤེགས་པས། རྒྱལ་སྲས་ཚུལ་ཁྲིམས་སེང་གེ་གཙོར་མཛད་རས་ཚང་སྒོམ་སྡེའི་མི་སྣ་ཆེ་བ་རྣམས་དང་སྐུ་འཁོར་ཚང་མ་དེར་ཕེབས་ནས་བླ་མ་རིན་པོ་ཆེ་ཉིད་ནང་སོ་ཆེན་མོའི་ཁྲིར་ཕེབས་ནས་བསྟན་དགོན་གྱི་འཛིན་ སྐྱོང་སྤེལ་གསུམ་གྱི་ཕྱག་བཞེས་མ་ཉམས་པའི་མཛད་བཟང་རྒྱུན་སྐྱོངས་གི་ཞུ་བ་ནན་ཆེར་ཕུལ་བས། དེར་ལྷ་ཆེན་རྒྱལ་སྲས་ཚུལ་ ཁྲིམས་སེང་གེ་ཉིད་ཀྱི་བཀའ་མི་གཅོགས་པའི་ཕྱིར་དུ་གདན་སར་ ཕེབས་ཤིང་གནས་དྲུག་ལྷ་མིའི་བསུ་བ་དཔེ་མེད་དང་བསྙེན་བཀུར་ གྱིས་ནང་སོ་ཆེན་མོའི་གཙུག་རྒྱན་དུ་མངའ་གསོལ་བ་བཞིན། རབ་ བྱུང་ལྔ་པའི་ཆུ་སྦྲུལ་སྤྱི་ལོ་༡༢༩༣དགོངས་གྲངས་བཞི་བཅུའི་ཐོག་ ཕོ་བྲང་ནང་ཆེན་མོའི་གདོང་ལྔའི་ཁྲིར་ཕེབས། དེ་ནས་གདན་ས་ མཛད་ཅིང་སློབ་མ་བསྐྱངས་ནས་སྨིན་གྲོལ་གྱི་ཆོས་འཁོར་བསྐོར། འདི་ནས་ཏི་ཤྲཱི་རས་པའི་ལུང་བསྟན་ལས་མཐར་གདན་ས་གཉིས་ སུ་གྱེས་ཞེས་གསུང་པ་བཞིན་རྐྱེན་དབང་འགའ་ཞིག་གིས། རབ་ བྱུང་ལྔ་པའི་ཆུ་སྟག་སྤྱི་ལོ་༡༣༠༢ལོར་ཕོ་བྲང་ནང་སོ་ཆེན་མོའི་མདུན་ དུ་ཚང་མང་གསར་པ་ཞིག་བྱ་དགོས་གསུང་ནས། ལྷ་ཁང་དང་ བྲང་ཁང་སོགས་བཀོད་པ་བསམ་ལས་འདས་པ་བསྐྲུན་ཞིང་དེར་བཞུགས་པས་རྩ་བའི་གདན་ས་གཉིས་སུ་གྱེས་པའི་རྐྱེན་དུ་གྱུར། གོང་ གི་ནང་སོ་ཆེན་མོ་ལྷ་ཁང་གི་ཚུལ་དུ་བཞུགས་སུ་གསོལ། རྟེན་མཆོད་ ཕལ་ཆེ་བ་ཕྱིར་སྤོས་ཤིང་། དེ་ཡང་ནང་ཆེན་ནང་གི་ཚོགས་བདག་ ཁང་ཟེར་བ་དེ་ལུས་མེད་རྡོ་རྗེའི་གཟིམ་ཁང་ཡིན་ཞིང་དེའི་ནང་དུ་ཚོགས་བདག་གི་སྐུ་གཅིག སྤྱན་གཟིགས་སྣ་ཚོགས་དང་། དེར་གཟིགས་སྦྱངས་དང་ལུས་མེད་རྡོ་རྗེའི་གཟིམ་ཁྲི། ཕྱག་རྔ་ གསང་བ་ལྷ་འབོད་རྣམས་བདག་ཏུ་བཟུང་ཞིང་། གཞན་ཡང་ ཟང་བཀྲ་ཤིས་ཁ་དྲོན། དུང་དཀར་མོ་རྒྱང་གྲགས་སོགས་ཡང་ ཚོགས་བདག་གིས་བདག་ཏུ་བཟུང་ནས་སྤོར་མ་བཏུབ། དེ་འཕྲོས་ རྟེན་གསུམ་མཆོད་རྫས་རྣམས་ལས་ཉུང་ཤོས་ཚང་མང་གསར་པར་ སྤོས་ནས་བཞུགས་པར་འདུག ཁྱད་པར་ཚོགས་བདག་འདི་ལུས་ མེད་རྡོ་རྗེའི་གཟིམས་ཁྲི་དེ་ལ་འཁོར་ནས་ཡོད་པའི་དོན་གྱིས་གཟིམ་ ཁྲི་ལ་སྤོ་བ་སོགས་བྱེད་མ་ཕོད་པར་ཕྱིས་ཀྱི་བར་དུ་ཡོད། ཚོགས་ བདག་ནི་ཇོ་བོ་རྗེ་བོད་དུ་འོང་བའི་ཕྱི་མ་ལ་འོང་ཞིང་། ལུས་མེད་ རྡོ་རྗེའི་བཀའ་ལུང་བྱ་ཡུལ་དུ་ཞུས་ནས་བསྒྲུབས་པས་བསྟན་པ་བསྲུང་ བར་ཁས་བླངས་པ་ཡིན་ནོ།། དེ་ལྟར་བྱང་ཆུབ་གཞོན་ནུ་དེ་ཉིད་འགྲོ་དོན་བསམ་གྱིས་མི་ཁྱབ་པར་མཛད་ཅིང་། མཐར་དགུང་ལོ་བདུན་བཅུ་ཆུ་ཕག་ས་ཟླའི་ ཚེས་བཞི་ལ་གཤེགས། འཇའ་འོད་མེ་ཏོག་གི་ཆར་ཀུན་གྱི་མཐོང་ སྣང་དུ་གྱུར་ཏོ།། ཁྲི་འཛིན་བཞི་པ་བྱང་ཆུབ་མགོན་པོ། ནང་སོ་ཆེན་མོའི་ཁྲི་འཛིན་ བཞི་པ་བྱང་ཆུབ་མགོན་པོ་ནི། གསང་བ་ལུས་མེད་རྡོ་རྗེ་ལས་ གདམས་པ་ཕྱི་ནང་གསང་གསུམ་ཐམས་ཅད་རྫོགས་པར་ཞུས་ཤིང་། ཁྱད་པར་ཚོགས་བདག་གི་སྐོར་མ་ལུས་པ་གསན་ནས་ཤར་གླིང་ཆེན་མོར་བཞུགས། ཕྱིས་བྱང་ཆུབ་གཞོན་ནུ་ཚངས་མང་གསར་པར་སྤོས་ནས་བཞུགས་ པའི་སྐབས་སུ་བྱང་ཆུབ་མགོན་པོ་ཉིད་ནང་སོ་ཆེན་མོའི་ཁྲིར་བཞུགས། འདི་ཡན་ལ་རས་ཚངས་སྒོམ་སྡེ་ཞེས་ཕྱོགས་གཅིག་ཏུ་གྲགས་ཀྱང་འདི་ནས་བཟུང་ནང་ཡ་གཉིས་སུ་གྱེས། རྐྱེན་དབང་གིས་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁྲི་འཛིན་ལྔ་པ་ཡོན་ཏན་དཔལ། ནང་སོ་ཆེན་མོའི་ཁྲི་འཛིན་ལྔ་པ་ ཡོན་ཏན་དཔལ་ནི། བྱང་ཆུབ་མགོན་པོའི་རུས་དབོན་ཡིན་ལ་བླ་ མ་རིན་པོ་ཆེ་བྱང་ཆུབ་མགོན་པོ་གཤེགས་པའི་རྗེས་སུ་ས་སྐྱར་བྱོན་ཏེ། ནང་སོ་ཆེན་མོའི་བསྟན་བདག་ཆོག་པའི་བཀའ་ལུང་ཞུས་པས། སྔོན་ནས་དགེ་བའི་བཤེས་གཉེན་བྱང་ཆུབ་མགོན་པོ་ཉིད་བཞུགས་པར་མཛད་པའི་དབོན་གྱི་ཕྱིར། ད་ཡང་ཁྱེད་རང་བཞུགས་འཚལ་ གསུངས་པའི་བཀའ་ལུང་གནང་ནས་ཁྲི་འཛིན་པ་ལ་དེ་ཕྱིན་སྒོམ་སྡེ་ནང་སོ་པ་དང་ཚངས་གསར་པ་གཉིས་གདན་ས་སོ་སོར་བསྐྱངས་ནས་ད་ལྟའི་བར་བྱུང་བ་ཡིན། ཁྲི་འཛིན་དྲུག་པར་ནང་ཆེན་རྒྱལ་སྲས་ཏྲེ་བོ་ཆོས་ཀྱི་རྒྱལ་མཚན་མཆོག་ཕེབས་ཤིང་། དེ་ནས་བཟུང་རྩ་བའི་གདན་ས་སྐུ་འབུམ་ནང་ཆེན་ པའི་གདུང་རྒྱུད་རྣམས་ཀྱིས་བཟུང་བའོ། ། གུང་སྒོམ་ཨའུ། གུང་སྒོམ་ཨའུ་ནི་རས་པ་དཀར་པོ་ལས་གདམས་པ་ཐམས་ཅད་གསན། ཧོར་གྱི་རྒྱལ་བུ་གོ་པེ་ལ་ཡིས་རས་པ་དཀར་པོ་ལྷ་ཆོས་ཀྱི་ བླ་མ་དང་གུང་སྒོམ་ཨའུ་མི་ཆོས་ཀྱི་དཔོན་དུ་བསྐོས་པ་བཞིན་གནས་དྲུག་ཁྲི་སྐོར་གྱི་ལས་ཀ་བཟུང་། ཆོས་སྲིད་ཀྱི་མཛད་པ་རྒྱས། དྲུག་ཅུ་ ཐམས་པ་ལ་སྐུ་གཤེགས། འགའ་ཞིག་གིས་གུང་སྒོམ་ཨའུ་ནི་ཏྲེ་བོ་ཨ་ལུ་ཡིན་ཟེར་བ་ནི་ཅི་བཤད་འདི་བཤད་མེད་པའི་འཆལ་གཏམ་མོ།། ལྷ་ནང་ཚུལ་གསུམ། གཞན་ཡང་དེ་དག་གི་སྐབས་སུ་ལྷ་ནང་ཚུལ་གསུམ་བྱ་བར་གྲགས་པ་བྱུང་བ་ལས། ནང་སོ་པ་ནི། ཆོས་རྗེ་རས་དཀར་བ་དང་ལུས་ མེད་རྡོ་རྗེ་ནས་བརྒྱུད་པའི་ནང་སོ་ཆེན་མོའི་ཁྲི་རབས་རྣམས་ཡིན་ལ། ལྷ་པ་ནི། ཤཱཀྱ་རྒྱལ་བ་ཡིན་ཏེ་རུས་སུམ་པ་མགྲོན་རྡོག རས་པ་དཀར་པོའི་མདུན་ནས་རབ་ཏུ་བྱུང་། གདམས་པ་ཐམས་ཅད་གསན། ལྷ་ཁང་ཆེན་མོའི་ལྟག་ཏུ་ལྷ་ཁང་ནང་སར་བ་བྱ་བ་བྱས་ཤིང་། ལྷ་ཁང་གི་བདག་རྐྱེན་མཛད་པས་མིང་ནང་སོ་གསར་པ་ཟེར་ཞིང་ནང་གསར་བར་གྲགས། ཚུལ་པ་ནི། ཤེས་རབ་དཀོན་མཆོག་སྟེ། རུས་མང་རྗེ། སྐུ་ན་ཆུང་ ངུ་དུས་ནས་རས་དཀར་བའི་མདུན་ནས་རབ་ཏུ་བྱུང་ཞིང་མཚན་ ཤེས་རབ་དཀོན་མཆོག མེ་རག་སྒང་གི་མལ་དུ་ཚུལ་ཁང་ནང་ཆུང་ བར་གྲགས་ལ། མི་རྒྱུད་ཕྱིས་སུ་ཡང་ཡོད་པར་གྲགས། དེར་གུང་སྒོམ་ཨའུ་འདས་རྗེས་སུ་ས་སྐྱ་གོང་དུ་བྱོན་ནས་ཤེས་རབ་དཀོན་མཆོག་ལ་གསེར་ཡིག་ཤལ་མོའི་ལས་ཀ་དང་། ཤཱཀྱ་རྒྱལ་ བ་ལ་དངུལ་ཡིག་སྒོར་མོའི་ལས་ཀ་བླང་ནས་རྒྱལ་ཁྲིམས་ཞབས་ཏོག་མཛད། ཤེས་རབ་དཀོན་མཆོག་གིས་གསེར་འབུམ་དང་། མཆོད་རྟེན་བཞེངས། ཤཱཀྱ་རྒྱལ་བས་ཇོ་བོ་གཡུ་མདོང་དང་། དངུལ་འབུམ་སོགས་བཞེངས། ཚུལ་པའི་དབོན་རྒྱུད་ལ་ནང་ཆུང་བའི་གསེར་ཡིག་པ་རྣམས་བྱུང་ཞིང་། ལྷ་པའི་དབོན་བརྒྱུད་ལ་ནང་གསར་བའི་དངུལ་ཡིག་པ་རྣམས་བྱུང་བ་ཡིན། དེའི་རྒྱུད་པ་ཕྱིས་ཀྱི་བར་དུ་བྱུང་བར་གྲགས། དཔལ་རྡོར་ཤེས་རབ་ཡེ་ཤེས། དཔལ་རྡོར་ཤེས་རབ་ཡེ་ཤེས་ནི་རས་དཀར་མདུན་ནས་རབ་ཏུ་བྱུང་། གདམས་པ་ཀུན་ཐུགས་སུ་ཆུད་པར་མཛད། རྫུ་འཕྲུལ་ ཡོན་ཏན་ལ་མངའ་བརྙེས། ཙོང་ཀའི་མི་ཉག་ཡུལ་དང་ཧོར་གྱི་ ཡུལ་དུ་བྱོན། རྒྱལ་པོའི་བླ་མཆོད་མཛད་ཅིང་འགྲོ་དོན་རྒྱ་ཆེར་ འཕེལ། རས་པ་དཀར་པོའི་གདུང་འབུམ་ལ་གསེར་གསོལ་བ་ དང་། དེའི་མདུན་དུ་མཆོད་རྫས་ཀྱི་བྱེ་བྲག་ཁྱད་མཚར་མང་དུ་ ཕུལ་ཞིང་། གསང་བ་ལུས་མེད་རྡོ་རྗེའི་མདུན་དང་། སྐུ་འབུམ་ དགོན་དུ་འབུལ་སྐྱེལ་ཆེན་པོ་མཛད། སྒོམ་སྡེའི་དར་མོ་ཆེ་ཞེས་ པའི་རྣམ་བཞག་ཡང་འདི་ཡི་དུས་སུ་བྱུང་བར་གྲགས། རྟགས་ངོ་ མཚར་བཅས་སྐུ་གཤེགས་སོ།། ཞང་སྒོམ་རས་པ། ཞང་སྒོམ་རས་པ་ནི་སྨར་པ་ཤེས་རབ་ཡེ་ཤེས་ཀྱི་སློབ་མ་ཡིན་ཞིང་། སྨར་ཤོད་དགོན་ནས་རྫུ་འཕྲུལ་གྱིས་བྱོན་ཏེ་སྐུ་འབུམ་དུ་ཉི་མ་མ་ཤར་གོང་ཕེབས་པར་མཛད། རས་པ་དཀར་པོའི་མདུན་ནས་ཆོས་དྲུག་ཕྱག་ཆེན་ལ་སོགས་ཁྲིད་རྣམས་གསན་ཞིང་། ཏི་ཤྲཱི་ནས་བརྒྱུད་པའི་ཆོས་སྐོར་རྣམས་རྫོགས་པར་ ཞུས་ཏེ་རྩ་བའི་བླ་མར་འཛིན་པ་བྱུང་ངོ་།། འདི་དག་གི་སྐབས་སུ་གདན་ས་སྐུ་འབུམ་དུ་བླ་མ་དགེ་བའི་བཤེས་ གཉེན་དགེ་འདུན་པ་ཁྲི་ཕྲག་ལས་མི་ཉུང་ཞིང་ཕྱོགས་ཀྱི་མི་སྣ་སྐྱེ་ བོ་ཕོ་མོའི་འདུ་བ་བསམ་གྱིས་མི་ཁྱབ་པའི་ཆོས་དང་ཆབ་སྲིད་ཆེར་ རྒྱལ་པའང་མདོ་ཁམས་སྒང་འདིར་འདི་ལ་ལྷག་པ་མ་བྱུང་ཞིང་། དཔལ་ལྡན་འབའ་རོམ་པའི་བསྟན་པའི་རྩ་ལག་ཆེན་པོ་རྨད་དུ་ བྱུང་བ་ཞིག་སྟེ། འདིའི་སྐབས་ཀྱི་མཚན་ལ་རས་ཚང་སྒོམ་སྡེ་ཞེས་ ཡོངས་སུ་གྲགས་ཤིང་གྲུབ་པ་ཉིད་དོ།།

བཞི་པ། གདན་སར་ཉམས་རྒུད་བྱུང་ཚུལ། གོང་གི་རྩ་བའི་གདན་སའི་ཁྲི་འཛིན་ལྔ་པ་ཡོན་ཏན་དཔལ་ནས་རྩ་བའི་གདན་ས་ནང་ཆེན་པའི་རྒྱལ་རྒྱུད་དག་གིས་བཟུང་ཞིང་ཕྱིས་སྐུ་འབུམ་གྱི་རྒྱལ་ས་ཉམས་རྒུད་དུ་མ་གྱུར་བར་བྱུང་འཕེལ་དར་རྒྱུད་ཀྱི་ལོ་རྒྱུས་ཡོད་པ་སྨོས་མི་དགོས་ཀྱང་། དེ་དག་ཇི་བཞིན་བརྗོད་པའི་ལོ་རྒྱུས་ དེབ་ཐེར་ཁག གདུག་རྩུབ་ཀྱི་དུས་རླུང་ནག་པོའི་ཁྲོད་ནས། རྩ་བའི་ རིག་གནས་དང་ལོ་རྒྱུས་ཁག་ཕལ་ཆེ་བ་རྩ་མེད་དུ་སོང་བས་རྣ་ཐོས་ ཙམ་ལས། མཁྱོགས་བརྗོད་མིན་པའི་དོན་དངོས་ཀྱི་ལོ་རྒྱུས་ཀྱི་ དཔྱད་གཞི་མ་མཐོང་བས། འདིར་དེ་ཙམ་ལས་བརྗོད་པའི་སྤོབས་ པ་བག་ལ་ཉལ་བར་གྱུར། རྩ་བའི་གདན་ས་པ་ནང་ཆེན་པའི་དབོན་རྒྱུད་ཁྲི་འཛིན་པ་དག་གིས་ ཆོས་སྲིད་བསྐྱངས་ཚུལ་སོགས་ལ་མཚོན་ན་བེ་རུའི་མཐའ་དམག་གིས་སྐུ་འབུམ་གྱི་གདན་སར་གཏོར་བཅོམ་མ་བྱས་ཀྱི་བར། ཟུར་དུ་ ཡོད་པའི་ཚངས་མང་གསར་པའི་དབོན་རྒྱུད་ཁྲི་འཛིན་པ་རྣམས་དང་ལྷན་ དུ་ཡོད་པ་ལ། ཆོས་དང་ཆབ་སྲིད་ཆེས་ཆེར་རྒྱས་པའི་སྐབས་སུ། བེ་རུ་ཕྱི་ནང་གི་ལྐོག་གཡོ་ངན་འཕྲུལ་གྱིས་སྐུ་འབུམ་དགོན་དུ་བེ་ རུའི་དམག་སླེབ། སྔོན་གྱི་དུས་སུ་བླ་མ་རིན་པོ་ཆེ་འབའ་རོམ་པའི་ ཡོན་བདག་ཙི་ཀླུང་མཁར་བ་ལ་བེ་རུའི་མི་ལོག་བྱུང་སྐབས་ཏི་ཤྲཱི་ རས་པས་འཁྲུགས་པ་བཟླུམས། དེར་མ་འོངས་པའི་སྐོར་ཞིག་ན་བེ་ རུའི་དམག་སླེབ་ཡོང་བས་ད་ལྟ་བཞིན་འཐབས་པས་མི་ཐུབ་པས་ ཆུ་གསུམ་འདུས་པའི་མདོ་རུ་བྲོས་ཞེས་ལུང་བསྟན་པ་དང་། གཏེར་ སྟོན་འཇའ་ཚོན་སྙིང་པོའི་ལུང་བསྟན་ཨ་མའི་སྐོག་ཡིག་ལས། སྣང་ ཞིག་ཞེས་པའི་སྟག་འཕྲུ་ཅན་དང་ནི῞ ཞང་བློན་ཁྲ་མོའི་སྤྲུལ་པ་ བེ་ཞིས་དོན་ཡོད་གཉིས῞ ཡོན་མཆོད་བསྡེབས་ནས་སངས་རྒྱས་ བསྟན་པ་བཤིགས῞ཅེས་བདུད་ལུང་ནག་པོ་ཐེམ་མེད་ནས་བསྟན་ པའི་སྨར་ཁམས་ནས། བེ་རུ་སྨད་མའི་བུ་དོན་ཡོད་དང་བོན་སྙིང་ མའི་བླ་མ་སྣང་ཞིག་ཅེས་པ་གཉིས་ཟུང་དུ་སྦྲེལ་ཏེ། མདོ་ཁམས་ཀྱི་ ཡུལ་ལྗོངས་ཕལ་ཆེ་བ་མངའ་ཞབས་སུ་བསྡུས་ཤིང་། སངས་རྒྱས་ བསྟན་པ་དང་བོད་ཁམས་ཡོངས་རྫོགས་བོན་རྙིང་མར་སྒྱུར་རྒྱུའི་རེ་བ་བྱས་རྐྱེན། རེ་ཞིག་ཁམས་ཕྱོགས་ཀྱི་ཁྲིམས་སྲིད་ཉམས་ཏེ། རབ་ བྱུང་བཅུ་གཅིག་པའི་ཤིང་ཁྱི་སྤྱི་ལོ་༡༦༣༤ལ་སྐུ་འབུམ་དགོན་དུ་ བེ་རིའི་དམག་སླེབ་ཅིང་། ཡུན་རིང་འཁྲུགས་ཀྱང་མཐའ་མ་འཁྱོལ་ བར་སིལ་བུར་མཐོར་ཞིང་རྩ་བའི་གདན་ས་འཐོར་ཞིག་ཏུ་གྱུར། དེ་ནས་བཟུང་ཚངས་གསར་བ་དང་། ནང་ཆེན་པའི་དབོན་རྒྱུན་ ཁྲི་འཛིན་པ་རྣམས་ཀྱིས་སླར་ཡང་ལྕི་ལ་གོང་དང་ལྕི་གསང་རྫོང་སོགས་སུ་ཆགས་ཤིང་། ད་ལྟའི་བར་ཀྱག་ཀྱོག་གི་ལམ་ཕྲན་རྒྱུད་ ནས་འོང་བ་ཡིན་ལ། རྩ་བའི་གདན་ས་སྐུ་འབུམ་རྩ་བ་ཕྱིས་ཀྱི་བར་ སླར་གསོ་བྱེད་མཁན་མ་བྱུང་ངོ་།། 4_____4སྐུ་འབུམ་སྤྱི་ལོ་༡༢༣༦ལོར་ཆགས་ནས་ད་ལྟའི་མེ་ཕག་ལོའི་བར་མི་ལོ་༧༧༡འདས་སོ།། ལྔ་པ། གདན་ས་སླར་གསོ། ཕྱིས་འབའ་རོམ་བསྟན་པའི་མངའ་བདག་ཚངས་གསར་འཇམ་དབྱངས་བློ་གྲོས་རིན་ཆེན་མཆོག་གིས་གདན་ས་སྐུ་འབུམ་འདི་ཉིད་ འབའ་རོམ་གྱི་རྩ་བའི་གདན་ས་མཆོག་ཏུ་བསྔགས་ཤིང་། འདི་ ཉིད་བསྐྱར་བཞེངས་བྱེད་དགོས་པའི་བཀའ་གསུངས་གནང་བ་ཇི་ བཞིན། ཕྱིས་སུ་དུས་རབས་ཉེར་གཅིག་པའི་སྟོད་དུ་འབའ་རོམ་ བཀའ་བརྒྱུད་ཚངས་གསར་དགོན་ཐུབ་བསྟན་རྣམ་དག་གླིང་གི་གཙོ་ བོའི་བསྟན་བདག་རྣམ་ཀྱིས་སླར་གསོའི་བསྐྱར་བཞེངས་ཅུང་ཟད་ གྲུབ་པའོ། ། སླར་སྨྲས་པ། ལུགས་ཟུང་ཉི་ཟླའི་འོད་སྟོང་འཕྲོ་བའི་ཞིང་། ། མདོ་སྟོད་དབྱིག་འཛིན་སྒེག་མོའི་ཕང་བ་རུ། ། ནང་ཆེན་སྐུ་འབུམ་ཆོས་ཀྱི་ཞིང་ཁམས་ཞེས། ། ཆེར་སྙིགས་དུས་འདིར་སྒྲ་འཛིན་གསུས་སུ་ཆེ། ། འོན་ཀྱང་མི་འདོད་དུས་ཀྱི་སྨག་ཁྲོད་ནས། ། ལྟ་ངན་འཇིགས་པའི་རྡུལ་རླུང་འཚུབས་པའི་འོག། མགོན་མེད་ལུས་ཅན་མ་ལུས་སྐྱོང་བའི་གཉེན། ། ཆོས་སྲིད་སྒྲོན་མེ་སྤུར་བའི་ཚུལ་འདིས་སྐྱོ། ། དེང་འདིར་མེས་པོའི་མཛད་བཟང་དབྱར་སྐྱེས་རྔ། ། རྗེས་འཇུག་མདོང་མཐའ་དགའ་བའི་དཔྱིད་དུ་སྤེལ། ། ནོངས་པའི་དྲི་མའི་སྐྱོན་གྱིས་དཀྲུགས་གྱུར་ན། ། དཔྱོད་ལྡན་མཁྱེན་ཅན་དག་གི་སྤྱན་སྔར་འཆགས།། འདི་བརྩམས་ལེགས་བྱས་དགེ་བ་གང་མཆིས་པ། ། རྣམ་དཀར་བྱང་ཆེན་རྗེས་སུ་སྤྱོད་པ་དང་། ། སྒྲུབ་བརྒྱུད་སྙིང་པོའི་ལུང་དང་རྟོགས་པའི་བསྟན། ། མི་ནུབ་སྲིད་པའི་མཐར་ཡང་གནས་གྱུར་ཅིག ། ཁམས་སྒོམ་སྡེ་ནང་ཆེན་སྐུ་འབུམ་དགོན་གྱི་བྱུང་བ་མདོར་བསྡུས་འདི་ཉིད་དྷརྨའི་མིང་ཅན་གྱིས་ སྐུལ་ངོར། འབའ་རོམ་ཆོས་འབྱུང་དང་། གསེར་ཕྲེང་། ནང་ཆེན་རྒྱལ་རབས། ཁམས་སྟོད་ལོ་རྒྱུས་ སོགས་ཁུང་ལྡན་ཡིག་ཚང་ཁག་ལས་བཏུས་ཏེ། བོད་རབ་བྱུང་བཅུ་བདུན་ པའི་མེ་ཕག་སྤྱི་ལོ་༢༠༠༦ལོའི་ཟླ་༩པའི་ཁྲུམས་ཟླའི་ཡར་ཚེས་དགེ་བར་ཟླ་བ་བཟང་པོས་དེང་ རབས་རྩིས་འཕྲུལ་གྱི་ངོས་སུ་སོར་བཅུའི་འདབ་མ་གར་དུ་སྒྱུར་ཏེ་ཉེ་བར་འདུ་བྱས་པ་དགེའོ།།