དྲི་གུམ་བཙན་པོའི་མཚན་ཐོགས་ཚུལ

ཡོང་ཁུངས་Wikipedia

དེ་ཡང་ཐོག་མར་ཀུན་གྱིས་ཤེས་གསལ་ལམ་རྒྱུན་ཤེས་སུ་གོམས་པའི་དྲི་གུམ་བཙན་ པོའི་མཚན་ཐོགས་ཚུལ་གྱི་གཏམ་རྒྱུད་ཤིག་གིས་མགོ་བསླངས་ན། བོད་ཀྱི་ལོ་རྒྱུས་དཔེ་ཆ་མང་བར་གཅིག་ལ་གཅིག་བཤུས་ཀྱི་ཚུལ་དུ་གནས་པའི་གཏམ་རྒྱུད་དེ། མ་མ་བགྲོ་ཞ་མ་སྐྱེ་བརླངས་མ་འམ་ཨ་ཕྱི་བདག་ལྷ་དཀར་མོ་ལ་མཚན་ཅི་གསོལ་ཞེས་པའི་ གཏམ་རྒྱུད་དེ་ཡིན་ལ། དེ་ཡང་ཐོག་མའི་གཏམ་རྒྱུད་ཀྱི་མགོ་ཁུངས་ནི་བོན་གྱི་དཔེ་རྙིང་ངམ་ངག་རྒྱུན་ལྟ་བུ་ཞིག་ལས་ཆད་ལ། དེ་རྗེས་སུ་བན་བོན་གྱི་རྒྱབས་རབས་རྙིང་བ་རྣམས་སུ་གཅིག་ལ་གཅིག་བཤུས་ཀྱི་ཚུལ་དུ་གྲི་ཡིས་འགུམ་པའི་བཙན་པོ་གྲི་གུམ་བཙན་པོ། ཞེས་སྒྲ་ལ་དོན་འགྲེལ་གྱི་ཚུལ་དུ་ཡིན་ཡིན་ཅོག་ཅོག་གིས་སྒོ་ནས་མ་བརྟག་གང་སྣང་གིས་བྲིས་པ་ལྟ་བུ་ཞིག་ཏུ་མངོན་ནོ། ལར་སྔོན་གྱི་བཙན་པོའི་མཚན་ཐོགས་ཚུལ་ལ་བཤད་ཙུལ་འདྲ་མིན་འདུག་ཀྱང་ཞང་བོད་ཏི་སེ་འོད་ལྟ་བུའི་འདོད་ཚུལ་ལ། སྐབས་དེར་བཙན་པོའི་མཚན་ཐོགས་ཚུལ་ནི་ཞང་ཞུང་གི་སྐད་ཡིན་ལ་དཔེར་ན་གཉའ་ཁྲི་བཙན་པོ་ནི་ཞང་ཞུང་གི་སྐད་དུ་ལྷ་སྲས་བཙན་པོ་གསོལ་བ་ཡིན་ནོ། ཞེས་པ་ལྟ་བུ་ལ་མཚོན་ན་གཉའ་བར་ཁྲི་བྱས་ཏེ་ཡར་ཀླུང་གི་རྒྱལ་བོར་བཀུར་ཚུལ་གྱི་ གཏམ་རྒྱུད་དེ་ཡང་བྱེ་མའི་རི་བཞིན་ཟོལ་རྫུའི་གནའ་གཏམ་གྱི་ཚུལ་ཏུ་ལྷུང་བས། དྲི་གུམ་བཙན་པོའི་མཚན་ཡང་དེ་བཞིན་དུ་མ་སོང་བའི་ངེས་བ་མེད་ལ། སྐབས་དེའི་བོད་ཀྱི་སྤྱི་ཚོགས་ཀྱི་གནས་བབས་ནི་འདི་འདྲ་ཞིག་ཡིན་ཏེ། བོན་གྱི་ཆོས་བྱེད་པའི་སྐུ་གཤེན་དག་ནི་ཞང་ཞུང་ནས་ཕེབས་པ་ཤ་སྟག་ཏུ་ངེས་ལ་བོན་གྱི་མགོ་ཁུངས་ནི་ཞང་ཞུང་དུ་གཏད་ཅིང་བོད་ཀྱི་སྤྱི་ཚོགས་ནི་བོན་པོའི་ཆོས་ ལུགས་ཀྱིས་ཁ་ལོ་བསྒྱུར་བའི་སྐབས་སུ་འཁེལ་བར་མ་ཟད། མུ་ཁྲི་བཙན་པོ་གཙོའི་བཙན་པོ་དག་གི་ཡང་བོན་ཆོས་དར་རྒྱས་གོང་འཕེལ་དུ་གཏོང་བའི་སྐབས་ཡིན་ནོ། གནམ་གྱི་ཁྲི་བདུན་དག་གི་མཚན་ཡང་བོད་རང་གི་སྐད་བརྡ་ལྟར་ན་འགྲེལ་ཁག་པས། ཞང་ཞུང་གི་སྐད་དག་བཙན་པོའི་མཚན་ལ་ཆེ་བའི་ཚུལ་དུ་བཏགས་པ་ཡང་ཡིན་ཤས་ཆེ་སྙམ་མོད། འོན་ཀྱང་གོང་གི་གཏམ་རྒྱུད་དེ། མ་མ་བགྲོ་ཞ་མས་མིང་དེ་ལྟར་བཏགས་པའི་དབང་དུ་བཏང་ཡང་། དེའི་ཕུག་གི་རྫུན་གྱི་སང་རེས་ཕུད་པར་བསྒྲུབ་བྱ་རེ་གཉིས་བཀོད་རྒྱུ་ལགས་ཏེ། གཅིག ཐོག་མར་ང་ཚོས་གཏམ་རྒྱུད་དེ་ལ་གཞི་བྱས་ནས་མིག་རྒྱང་གཞན་ཞིག་གིས་ངོས་ནས་སྤྲོས་ན། མ་མ་བགྲོ་ཞ་མ་མ་སྐྱེ་བརླངས་མས་བཙན་པོར་མཚན་གསོལ་སྐབས་དྲི་བ་འདི་འདྲ་ཞིག་ སྔོན་ལ་བཏོན་པ་རེད། དེ་ནི་ངེད་བཙན་པོ་ཚང་གི་བླ་བྲག་དཀར་བོ་ཉིལ་ལམ་མ་ཉིལ། བླ་སྤང་སྔོན་མོ་མེས་འཚིག་གམ་མ་འཚིག བླ་མཚོ་སྔོན་མོ་སྐམ་མམ་མ་སྐམ་ཞེས་པ་དེ་རེད། དེ་ལྟ་བའི་དྲི་བ་ཞིག་ཅི་ཕྱིར་དུ་དྲིས་པ་རེད། སྤྱིར་བཏང་མིང་འདྲི་ས་ཞིག་ལ་དྲི་བ་དེ་ལྟ་བུ་ཞིག་དྲིས་ཡོང་དགོས་པའི་རྒྱུ་མཚན་ག་རེ་ཡོད་དམ། རྒྱུ་མཚན་དེ་དོན་གྱི་ངོ་བོ་སྟེང་ནས་གོ་བ་ག་འདྲ་ལེན་དགོས་སམ། ཞེས་པའི་དྲི་བ་དག་ནི་ངེས་པར་དུ་སྔོན་ལ་བགྲོ་དགོས་པ་ཞིག་རེད། གཏམ་རྒྱུད་ཀྱི་དགོས་པ་ལ་གཞིག་ནས་ང་ཚོས་སྔོན་ལ་དྲི་བ་དེ་ནི་དོན་དང་ལྡན་པ་ཞིག་གམ་ཕུགས་བསྟན་ཡོད་པ་ཞིག་ལ་ངོས་བཟུང་ན། བྲན་གཡོག་ལམ་ལུགས་ཀྱི་སྤྱི་ཚོགས་སུ་རི་ར་བ་ཁང་ཁྱུམ་ཚང་མ་རྒྱལ་བོ་ཚང་གིས་བདག་གར་དབང་བ་ཞིག་ཡིན་པའི་ངོས་ནས། མ་མ་བགྲོ་ཞ་མའི་དྲི་བ་དེ་ཡང་རྒྱལ་བོ་ཚང་གིས་བདག་དབང་དང་འབྲེལ་བ་ཡོད་པ་ཞིག་ ཡིན་པ་གཞིར་བཟུང་ན། ང་ཚོས་དྲི་བ་དེའི་གོ་དོན་ལ་འདི་ལྟར་གོ་བ་ལེན་ཆོག་སྟེ། རྒྱལ་བོ་ཚང་གི་ཁ་རྗེ་དབང་ཐང་ངམ་སྲིད་ཀྱི་མགོ་འཕངས་དར་གྱིན་ཡོད་དམ་མེད། ཅེས་པའི་དྲི་བ་དྲིས་པ་ཞིག་ཡིན་པའི་དབང་དུ་བཏང་ན་སྐད་ཆ་ངོ་འཕྲོད་འགྲོ་བ་རེད། མ་མ་བགྲོ་ཞ་མའི་དྲི་བའི་མཚོན་དོན་ཡང་དཔེ་འཇོག་གི་ལམ་ནས་དྲི་བ་དྲིས་པ་ཡིན་པ་ གཏོགས་བྲག་ཉིལ་མ་ཉིལ་དང་མཚོ་སྐམ་མ་སྐམ་སྤང་མེས་འཚིག་མ་འཚིག་ཞིག་གི་ངོས་ནས་གོ་བ་བླངས་ན་འཆུག་པའི་འཆུག་རྟགས་འདོམ་གང་གི་སར་སོང་བ་རེད། ལར་སྔོན་ཆད་བཙན་པོ་དག་གི་སྐད་ཆ་དང་གཞས་འཐེན་པ། མགུར་བཞེངས་བ་སོགས་མང་བོ་ཞིག་དོན་གྱི་གཉགས་བྱ་གབ་སྟེ། དཔེ་འཇོག་དང་མཚོན་དོན་ཅན་གྱི་ལམ་ནས་གོ་བ་ལེན་པ་ཡང་མང་བོ་མཆིས་ཏེ། སྲོང་བཙན་གྱི་སྲིང་མོ་སད་མ་དཀར། ཞང་ཞུང་གི་རྒྱལ་བོ་ལིག་མི་རྐྱའི་བཙུན་མོ་བྱ་པའི་སྐབས་སུ་བོད་ཀྱི་ཕོ་ཉ་དག་ལ་བླངས་པའི་མགུར་དང་བཙན་པོ་ཁྲི་འདུས་སྲོང་གིས་མགར་ཚང་ལ་བཀྱོན་ཕབ་པའི་གཞས་སོགས་ཀྱང་དཔེ་འཇོག་མང་བའི་ལམ་ནས་དྲངས་པ་ཡིན། མ་མ་བགྲོ་ཞ་མ་ཧོན་ལོག་ནས་ཁ་ནས་སྐད་ཆ་བྱུང་རྒྱལ་དུ་སྨྲས་པ་ཡིན་ན་མ་གཏོགས་དོན་མེད་ཀྱི་སྐད་ཆ་དེ་འདྲ་ལབ་མི་སྲིད་དོ། དེར་མ་ཟད་སྤྱིར་བཏང་དུ་བླ་ཞེས་པ་ཡང་བོན་ཆོས་སུ་སྲོག་གི་སྙིང་བོའམ་སེམས་ཉིད་ཅེས་པའི་གོ་བ་ལྡན་ལ། ཡང་ན་བླ་ནི་ཡིད་ཀྱི་ཆོ་འཕྲུལ་ཡིན། ཡིད་ནི་སེམས་ཀྱི་འཕྲོ་འདུ་ཡིན། སེམས་ནི་ཀུན་གཞི་བདལ་ཁྱབ་ཡིན་ཞེས་པ་སོགས་ལས་བླ་ནི་གཙིགས་སུ་འཛིན་ལ་བན་བོན་གྱི་ཡིག་ཆ་མང་བོར་རྣམ་ཤེས་ལ་གོ་བ་ལེན་གྱིན་ཡོད་པའི་བླ་བྲག་དང་བླ་སྤང་བླ་མཚོ་སོགས་ཀྱི་མཚོན་དོན་ཡང་དེ་བཞིན་དུ་ངེས་སོ། མ་མ་བགྲོ་ཞ་མ་སྐྱེ་བརླངས་མས་ཀྱང་དེ་ལྟར་འདྲི་བའི་དགོས་པ་ཞིག་ཡོད་དེ། ཀུན་གྱིས་ཤེས་གསལ་ལྟར། དྲི་གུམ་བཙན་པོའི་སྐབས་ཀྱི་སྤྱི་ཚོགས་ནི། བོན་ཆོས་བྱེད་སྣེ་བ་སྐུ་གཤེན་དག་གི་དབང་ཤུགས་ཆེས་ཆེར་རྒྱས་ཏེ། རྒྱལ་བོའི་སྲིད་ལ་ཐེ་གཏོགས་དང་། སྐུ་གཤེན་བོན་གྱི་མགོ་འཕངས་རྒྱལ་བོའི་སྲིད་ཀྱི་མགོ་འཕངས་ལས་མཐོ་བར་གཉགས་པས། བཙན་པོ་ཚང་གི་ཁ་ལས་རླུང་རྟ་ཉམས་དམས་སུ་གྱུར་བ་བོན་གྱི་ལོ་རྒྱུས་སུ་གསལ་བ་འདི་ལྟར། གཤེན་བག་ཚིག་གསུམ་མ་སྨྲས་པར། གོང་གི་རྒྱལ་བོའི་བཀའ་མི་གསོལ།འོག་གི་བློན་པོས་གྲོས་མི་འཆའ། ཞེས་པ་སོགས་ལས་རྒྱལ་བོ་ཚང་གི་རུས་རྒྱུད་དུ་གཏོགས་པའི་མ་མ་བགྲོ་ཞ་མས་ཀྱང་། རྒྱལ་སྲིད་བརླག་ཉེན་བྱུང་བར་ཐུགས་ཁུར་དང་དེའི་གནས་ཚུལ་དྲི་བའི་མཚོན་དོན་གྱིས་ལམ་ནས་དྲིས་པ་ཤེས་བར་བྱའོ། འོ་ན་མཚན་ལ་ཅི་ཕྱིར་གྲི་གུམ་དུ་བཏགས་པ་ཡིན་ཞེས་ན། དེ་ནི་གྲི་གུམ། གྲི་རུམ། དྲི་གུམ། དྲི་རུམ། ཁྲི་རྒུམ་སོགས་ཀྱི་མཚན་དེ་དག་སྒྲ་འགྱུར་ཡིན་ངེས་ལ་དོན་དམ་མཚན་གང་དེ་ངོ་མ་ཡིན་པ་ཁ་ཚོད་གཅོད་དཀའ་མོད། དྲི་གུམ་ལོ་ངམ་གྱིས་གྲི་ཁ་ནས་བཀྲོངས་པའི་རྗེས་རབས་པའི་མིང་དེ་ལྟར་དུ་བཏགས་པ་ཡང་སྲིད་དེ། ཡོངས་རྩེའི་འགྲེལ་ལྡེབ་ཏུ་འབངས་ལོ་ངམ་གྱིས་བཀྲོངས་པའི་གྲི་གུམ་བཙན་པོར་གྲགས་སོ་ཞེས་པ་གསལ་ལ། ལི་ཡུལ་གྱི་ཡིག་རྙིང་ལས་བྱུང་བའི་བོད་རྒྱལ་གྲི་གུམ་བཙན་པོའི་སྐོར་ལ། གཏམ་རྒྱུད་དེ་མ་མ་བགྲོ་ཞ་མས་ཅི་བཤད་པ་བཞིན་གྱིས་མཇུག་ཏུ། མཚན་ལ་དྲི་གུམ་བཙན་པོོར་ཐོགས་ཤིག་ཅེས་པ་ལས་ཀྱང་གྲི་གུམ་ཞེས་བཏགས་མེད་པ་དེས་ཀྱང་ཤེས་ངེས་སོ། དེ་མིན་གོང་ནས་བཤད་ཟིན་པ་བཞིན་དུ་གྲི་གུམ་གྱི་གྲི་དེ་ཡང་དེང་གི་ཆར་ང་ཚོའི་གོ་བ་ལེན་བཞིན་པའི་གྲི་དེ་ཤ་སྟག་ཡིན་པའི་ངེས་པ་མེད་ལ། ལོ་ངོ་སྟོང་ཕྲག་གི་སྐད་ཆའི་གོ་དོན་མཐའ་གཅིག་ཏུ་མི་འགྱུར་བའི་ངེས་པ་ཡང་མེད་པས། གཉའ་ཁྲི་བཙན་པོ་ལ་ཞང་ཞུང་སྐད་དུ་ལྷ་སྲས་བཙན་པོ་གསོལ་བ་བཞིན་དུ་ཞང་ཞུང་གི་སྐད་ལྟར་གོ་དོན་གཞན་པ་ཡང་ཡོད་སྲིད་དོ། གཉིས། གཏམ་རྒྱུད་དེ་ཁུངས་མེད་རྫིན་བཟོ་བྱས་པ་ཞིག་ཡིན་པས་ཆ་ནས་སྤྲོས་ན། དེ་ནི་བོན་ཆོས་གཉེར་བའི་སྐབས་དེའི་སྤྱི་ཚོགས་ཀྱི་ཆོས་བྱེད་མི་སྣའམ་རིག་གནས་པའི་སྡེ་ཡིས་རྒྱལ་བོ་དྲི་གུམ་བཙན་པོ་ལ་སྐུར་བ་བཏང་བའམ་བསྙད་འདོགས་བྱས་པ་ཁོ་ན་ཞིག་གོ རང་རེའི་ལོ་རྒྱུས་ཀྱི་ངོས་ནས་བལྟས་ན་འདི་དང་རིགས་འདྲའི་གཏམ་རྒྱུད་ཀྱང་ང་ ཚོ་བོད་ལ་བྱུང་མྱོང་བ་ཞིག་རེད། དཔེར་ན་བཙན་པོ་འུ་དམ་བཙན་གྱིས་བོད་བསྟན་ནུབ་པའི་རྗེས་སུ་སངས་རྒྱས་ཆོས་ལུགས་ པ་དག་གིས། རྒྱལ་བོ་གླང་དར་གྱི་མགོ་ན་རྭ་ཡོད་པ་དང་དེ་ནི་མ་རུངས་བདུད་ཀྱི་སྤྲུལ་བ་ཞིག་ ཡིན་ཚུལ་གྱི་གཏན་རྒྱུད་བསྒྲིགས་ནས་ཀུན་ལ་རླུང་ལྟར་གྲགས་པ་མཁྱེན་གསལ་རེད། དེ་བཞིན་དུ་དྲི་གུམ་བཙན་པོའི་བོན་བསྟན་ནུབ་པས་ལས་དེར་མ་རངས་པའི་བོན་གྱི་ ཆོས་བྱེད་མི་སྣ་དག་གིས་ཡང་གཏམ་རྒྱུད་དེ་འདྲ་སྤེལ་བ་ཡིན་ངེས་སོ། ལ་ལ་ཞིག་གིས་ཁུངས་མེད་ཀྱི་གཏམ་དེ་འདྲ་ལ་ཡིད་སྟོན་འཕེལ་བར་མི་རིག་གོ་སྙམ་ན། འོག་ནས་གཏམ་རྒྱུད་དེ་རྫུན་བཟོས་སྐུར་བ་བཏབ་བ་ཡིན་པའི་ངོས་ནས་བསྒྲིབ་བྱ་འདྲེན་པར་བྱ་སྟེ། དེ་ཡང་ཐོག་མར་མི་སྣ་སུ་ཞིག་གིས་སྐུར་བ་བཏབ་པའི་གཏམ་ག་འདྲ་གླེང་ཡོད་ཅེས་ན། དེ་ནི་ཞང་ཞུང་པ་བླ་ཆེན་དྲན་པ་ནམ་མཁའ་ཡིན་ལ། ཁོང་གི་གསུང་མཛོད་སྒྲ་འགྲེལ་ཞེས་བྱ་བ་རུ་དེ་ཡང་ཟླ་ལས་ལོ་གྲངས་སུ་བསྐྱེད་ཙམ་ ན། སྐྲ་རྩ་དམར་ལ་མིག་ཟླུམ་པ། ལག་མཐིལ་གཡས་པ་ན་སྨེ་བ་ནག་པོ་ཡོད་པ། ཁ་ནས་གསད་བཅད་དུ་སྨྲ་བ། སྡིག་པ་ལ་དགའ་ཞིང་གོ་མཚོན་ལ་མོས་པ་ཞིག་བྱུང་སྟེ་དེ་མ་ལུས་གྲི་རྟགས་ལུས་ལ་ཚང་བ་ཞིག་འདུག་ནས་སྐུ་གཤེན་ཕ་བ། མཚེ་བཅོ་ཡིས་མཚན་ཡང་གྲི་རུམ་བཙན་པོར་བཏགས་སོ། ཞེས་པའི་གཏམ་དེ་འདྲ་ནི་ལུགས་མེད་བྱུང་རྒྱལ་དུ་སྨྲས་པ་ཉག་ཅིག་ཏེ། བཙན་པོས་བོན་ཆོས་ནུབ་པ་ལ་མ་རངས་པའི་ཚིག་མཚོན་བཏབ་པ་རུ་མངོན་ནོ། བླ་ཆེན་དྲན་པ་ནམ་མཁའ་ནི་དྲི་གུམ་བཙན་པོའི་སྐབས་ཀྱི་མི་སྣ་ཡིན་ལ་ཁོང་གི་ སྐུར་འདེབ་བྱས་པ་ཡང་ཁོ་དང་ཁོ་འདྲ་བའི་བོན་ཆོས་གཉེས་པའི་ཆོས་བྱེད་མི་སྣ་དག་ ལ་ཕོག་ཐུག་དང་རང་གི་ཟ་ཕོར་བཅག་པར་ཡིད་མ་རངས་པས་གཏམ་རྒྱུད་རྫུན་བཟོ་དེ་འདྲ་ གནང་ནས་རང་གི་འདོད་ཚུལ་མཚོན་པ་ཞིག་ཡིན། རྗེས་ཀྱི་བོན་པོ་ཚོ་ཡང་དེའི་རྫེས་སུ་འབྲངས་ནས་ལོག་སྨྲ་བྱས་པ་དང་བན་དེ་མང་ བོ་ཞིག་གིས་ནི་གཏམ་དེ་ཅི་བཞིན་བཤུས་པར་སྣང་ངོ་། དེ་བཞིན་གྱི་བོན་ཆོས་སྨྲ་བའི་སྐབས་དེའི་མཁས་པ་དང་རྗེས་རབས་པའི་བོན་པོ་ཚོས་ཀྱང་། དེ་ལུངས་སུ་དྲངས་ནས་གྲི་གུམ་བཙན་པོར་བཙན་བཏགས་ཅིང་ཅི་ཐུབ་ཀྱི་སྐུར་བ་བཏབ་ ཡོད་སྲིད་དོ། དེ་ཡང་ངེས་ཤེས་བྱུང་སླ་བ་ཞིག་ལ། རང་གི་བརྟེན་བྱའི་ཆོས་དེར་སྨས་པའམ་གང་དེ་སྤྱོད་པའི་དབང་དེ་འཕྲོག་ན། སུ་ཡིན་ཡང་སྡང་བའི་རྣམ་འགྱུར་འཛིན་ངེས་ལ། དེ་ལ་དམད་པ་བྱེད་ཅིང་བསྙད་འདོགས་ཅི་ཐུབ་ཡང་བྱེད་ངེས་པ་ཡིན། འོན་ཀྱང་དྲི་གུམ་བཙན་པོ་ནི་དེ་འདྲའི་བདུད་རྒྱལ་འཇིགས་གཡེར་བ་ཞིག་ལ་ངོས་བཟུང་ནས། ཚིག་གི་ངོ་བོ་ཙམ་ལ་འཁྲུལ་ཏེ་དོན་གྱི་གོ་བ་ཐད་ཀར་བླངས་བ་ནི་སྐབས་དེའི་ལོ་ རྒྱུས་ལ་བློ་རྨོངས་པ་ཞིག་གོ དེ་མིན་གོང་གི་གཏམ་རྒྱུད་ཀྱི་མཇུག་ཏུ། མཚན་དེ་འདྲ་བཏགས་པར་ཐུགས་ལ་གདོན་ཞུགས་ནས་དྲོད་དང་དྲེགས་ཀྱིས་མ་ཐུབ་པར་སུ་ དང་གང་ལ་ཡང་དགྲ་ཚད་བཟུང་ནས། བདག་གི་དོ་ཟླར་ཡོང་དགོས་ཞེས་བཀའ་ཕབ་པ་དང་། མཐར་ལོ་ངམ་གྱིས་ཁྲབ་གང་བཟང་དང་གྲི་གང་དགའ་ལ་སོགས་ང་ལ་དགོས། ཝ་རོ་ཁྱི་རོ་ལ་སོགས་ཁྱེད་ཀྱིས་རྒྱབ་ལ་ཁུར། བ་གླང་དམར་བོ་སྔོན་ལ་དེད། གྲི་མགོ་ལ་སྐོར་བཞིན་ཤོག་དང་འཐབ་ཟླར་འོངས། ཞེས་པ་ལྟ་བའི་བཤད་ཡམས་འདུག་པ་སོགས་ལ་བལྟས་ན། དྲི་གུམ་བཙན་པོ་ནི་གླེན་པ་གླེན་ནག་ཅིག་ལ་ངོས་བཟུང་བ་མ་ཟད་ཕལ་ཆེལ་རང་སྲོག་ གཅོད་པར་བྲེལ་བ་ཞིག་ཏུ་བདོག་འདུག་པས། རང་གི་སྲིད་དབང་བརྟན་ཆེད་དུ་བོན་གཤེན་མཐའ་ལ་བསྐྲད་ཅིང། མཐའ་བཞིའི་ཁ་ཆེ་སོགས་ལ་གཡུལ་འགྱེད་ནས་རྒྱལ་ཁ་བླངས་པའི་བཙན་པོ་ཞིག་གིས་ནི་དེ་འདྲའི་སྦྱོར་བ་རྩོམ་མི་སྲིད་དོ། དེ་ཡང་བོན་ཚོས་སྒྲོ་འདོགས་བྱས་པ་ཤ་སྟག་ཏུ་སྣང་། སྐུ་གཤེན་གྱི་དབང་ཆ་ཆེ་སོང་བ་མིན་ན་རྒྱལ་བོ་ཞིག་ལ་བློན་དག་གིས་གང་འདོད་ཀྱི་མཚན་འདོག་མི་སྲིད་ཅིང་མཚན་ངན་པ་དེ་འདྲ་ལྷག་ཏུ་འདོག་མི་སྲིད་དོ། ད་དུང་བླ་ཆེན་དྲན་པའི་གསུང་ཞིག་ལ་གྲི་གུམ་བཙན་པོ་བདུད་ཀྱི་བུ། འདི་བསྒྲལ་ཐབས་མ་བགྱིས་ན། བོན་ལ་སྤྱོད་དབང་དཀའ་བར་མཆིས། ཞེས་པ་ལས་གསལ་བར་བསྟན་ཡོད་པ་ནི་བཙན་པོ་ལ་སྒྲོ་འདོགས་སྐུར་བ་ལ་སོགས་ཅི་ བགྱིས་ཚང་མ་བོན་པོའི་ཆོས་ནུབ་པས་རྐྱེན་ལ་རག་ལུས་པ་ཤེས་ནུས་སོ། དྲི་གུམ་བཙན་པོའི་མཚན་ཐོགས་ཚུལ་གྱི་གཏམ་རྒྱུད་ལས་གཅིག་ནི། གཏམ་རྒྱུད་དེ་འདྲ་མ་མ་བགྲོ་ཞག་མར་མཚན་དྲིས་པའི་ངོས་བཤུས་གཏམ་རྒྱུད་དེ་ཡིན་ པའི་དབང་དུ་བཏང་ནས། དེའི་ཕུག་གི་རྫུན་གྱི་ངོ་གདོང་སེལ་བར་བྱས་པ་ཡིན་ལ། གཅིག་ཤོས་ནི་མཚན་དེ་འདྲ་བཏགས་པའི་གཏམ་རྒྱུད་དེ་མ་གཞི་ནས་ཁུངས་མེད་རྫུན་བཟོ་ ཡིན་པའི་ངོས་ནས་དཔྱད་པ་ཡིན་ནོ། ༼དེ་གཉིས་བར་ལ་འགལ་ཟླ་སོང་བའི་ཚིག་རེ་ཉིས་ནི་ཡོད་དུ་ངེས་མོད། དོན་གྱི་ཆ་ནས་བླངས་བྱ་རེ་རེ་ཡིན་པའི་ཤེས་པར་གཅེས།༽ད་རི་གུམ་བཙན་པོ་ལས་ས་ བཅད་དང་བོ་རྫོགས་སོ།