དྲག་པོའི་ལས་སྒྲུབ་པའི་དོགས་སེལ་

ཡོང་ཁུངས་Wikipedia

བླ་མ་རྣམས་ལ་ཕྱག་འཚལ་ལོ། སྔགས་པ་ཐ་མལ་པ་ཤེས་རབ་དང་སྙིང་རྗེ་ཡང་ཆུང་ལ། ཏིང་ངེ་འཛིན་གྱི་རྩལ་ཡང་ཞན་པ་ལ་སོགས་པ། ཡོན་ཏན་ཁྱད་པར་ཅན་དང་མི་ལྡན་པ་ལ་སོགས་པ་རྣམས་ཀྱིས་བཀའ་ལ་བརྟེན་ནས་དྲག་པོའི་ལས་སྒྲུབ་པ་རྣམས། སྲོག་གཅོད་པའི་ཉེས་པར་འགྱུར་རམ་མི་འགྱུར་ཞེས་ཐེ་ཚོམ་ཟ་བ་རྣམས་ཀྱི་ཕྱིར། སྲོག་གཅོད་པ་ལ་སོགས་པའི་མི་དགེ་བའི་ལས་གྱི་རྒྱུ་རྐྱེན་ཚོགས་པའི་ཚད་རྩི་བ་དང་། ཇི་ཙམ་གྱིས་དམ་ཚིག་དང་སྡོམ་པ་འཇིག་པའི་ཚད་རྩི་བ་དང་། སྤྱིར་དགེ་སྡིག་གི་ལས་སུ་གྲགས་པ་སྒོ་གསུམ་གྱི་སྤྱོད་པར་གྱུར་པ་རྣམས་ལ། ཚད་ཡོངས་སུ་ཤེས་པ་དང་མི་ཤེས་པའི་དབང་གིས་དགེ་སྡིག་དུ་གྱུར་པ་མ་གཏོགས་པ། སྤྱོད་པའི་དངོས་པོ་ལ་རིས་སུ་ཆད་པ་མེད་སྟེ། རྒྱུ་རྐྱེན་ཚོགས་པ་ལས་གྲུབ་པ་ཙམ་མོ། །དེ་ཡང་འདི་ལྟར་མ་རིག་པས་ནོན་ཏེ། ལོག་པར་ལྟ་བའི་དབང་དུ་གྱུར་ཅིང་། ཐབས་མཁས་པས་མ་ཟིན་ན། སྒོ་གསུམ་གྱི་དགེ་བ་ཡང་རྣམ་པར་སྨིན་པ་མི་འདོད་པ་འབྱིན་པར་འགྱུར་ལ། ཡང་དག་པའི་ལྟ་བ་དང་ལྡན་ཞིང་ཐབས་མཁས་པས་ཟིན་ན་དངོས་གཞི་མི་དགེ་བ་ཡང་མི་འདོད་པའི་འབྲས་བུ་འབྱིན་ཏོ། །ཞེས་བཀའ་ལས་འབྱུང་། དེ་ལ་རྣམ་པར་སྨིན་པ་འབྱིན་པར་ནུས་པའི་ལས་རྫོགས་པའི་ཚད་རྩི་བ་ནི། ཡན་ལག་ལྔ་དང་ལྡན་པའི་ལས་ཀྱིས་རྫོགས་པར་གསུངས་སྟེ། ལྔ་གང་ཞེ་ན། འདི་ལྟར་བསམ་པ་དང་། སྦྱོར་བ་དང་། དངོས་གཞི་དང་། སེམས་པ་དང་། མཇུག་གོ །དེ་ལ་འདི་ལྟར་སྲོག་གཅོད་པ་ལྟ་བུ་གཅིག་ལ། བསམ་པ་ནི་ཉོན་མོངས་པ་གང་གིས་འཕངས་ཀྱང་རུང་སྟེ། འདི་བསད་པར་བྱའོ་ཞེས་པའི་འཕེན་པའི་བསམ་པས་སོ། །སྦྱོར་བ་ནི་དེ་ནས་དུག་དང་མཚོན་ལ་སོགས་པས་གསོད་པའི་སྦྱོར་བ་རྩོམ་པའོ། །དངོས་གཞི་ནི་སྦྱོར་བ་དེས་མ་ནོར་བར་བསད་པའོ། །སེམས་པ་ནི་དེ་དག་གི་སྐབས་སུ་ཡང་བསད་པའི་བསམ་པ་རྒྱུན་ཆགས་པའོ། །མཇུག་ནི་འགྱོད་པ་མེད་ཅིང་རྗེས་སུ་ཡི་རང་པ་བྱེདཔའོ། །ཡན་ལག་དེ་ལས་ནི་རྫོགས་པར་འགྱུར་ལ། ཞེ་སྡང་གིས་ནི་མཐར་འབྱིན་ནོ། །ཞེས་འབྱུང་ངོ་། །དེ་ལས་སོ་སོར་ཐར་པའི་སྡོམ་པའི་སྐབས་སུ། ལས་དེ་ཡང་འདུ་ཤེས་སྤྱི་ཆེད་དུ་བྱས་ན་ཕམ་པར་མི་འགྱུར་གྱི། སྦོམ་པོ་ཙམ་དུ་འགྱུར་རོ། །སྦོམ་པོ་རྣམས་ཀྱང་གཞན་གྱི་ཆེད་དུ་བྱས་ན་ཉེས་བྱས་ཕྲ་མོར་འགྱུར་ཏེ། དེ་བས་ན་དེར་ཐབས་མཁས་པ་མ་གསུངས་ཀྱང་། གཞན་དོན་གྱི་འདུ་ཤེས་ཙམ་གྱིས་སྡིག་པ་རིམ་གྱིས་འགྲིབ་ཅིང་ཆ་ལས་གྲོལ། དེ་ཉིད་ལ་བྱང་ཆུབ་སེམས་དཔའི་སྡོམ་པའི་གཞུང་གིས་ཞེ་སྡང་ལ་སོགས་པ་ལས་ལོག་སྟེ། སྙིང་རྗེས་ཟིན་ན་རྣམ་པར་སྨིན་པ་གཞི་ནས་ལྡོག་གོ །ཞེའོ། །གསང་སྔགས་ཀྱི་ཚུལ་ལས་དྲག་པོའི་ལས་ཀྱིས་བསྒྲུབས་པ་ནི་ལུས་ཀྱི་ལས་སྲོག་གཅོད་པ་མ་ཡིན་ཏེ། གང་གི་ཕྱིར་ལུས་ཀྱི་སྲོག་གཅོད་པའི་དངོས་གཞི་དང་སྦྱོར་བ་གཉིས་ཀ་མི་ལྡན་པའི་ཕྱིར་སྟེ། བདག་གི་ལུས་ཀྱིས་མ་བསད་པའི་ཕྱིར་དང་། དུག་དང་མཚོན་ལ་སོགས་པས་དངོས་སུ་གསོད་པའི་སྦྱོར་བ་མ་བྱས་པའི་ཕྱིར་རོ། །སྲོག་གཅོད་པའི་ཡན་ལག་དང་མི་ལྡན་སྟེ། གཞན་ལ་གསོད་དུ་བཅོལ་བ་དང་། འཆི་བའི་ཕྱོགས་སུ་བཏང་བ་དང་ཡང་མི་ལྡན་པའི་ཕྱིར་རོ། །འོ་ཧོཾ་དང་ཕུར་པ་འཁོར་ལོ་ལ་སོགས་པ་དྲག་པོའི་སྦྱོར་བ་རྣམས་ཀྱང་གསོད་པའི་སྦྱོར་བ་མ་ཡིན་ནམ། ལྷ་དང་དམ་ཚིག་ཅན་རྣམས་ལ་ཕྲིན་ལས་བཅོལ་བ་ཡང་གཞན་ལ་གསོད་དུ་བཅོལ་བ་མ་ཡིན་ནམ་ཞེ་ན། དེ་ལ་གསོད་པའི་སྦྱོར་བ་བྱས་པ་ཞེས་བྱ་བ་ལུས་ཀྱི་ལས་སུ་གཏོགས་པ་ནི། མཚོན་དང་དུག་ལ་སོགས་པ་བདག་ཉིད་ཀྱིས་དངོས་སུ་གསོད་པའི་སྦྱོར་བ་སྟེ།རི་དྭགས་ལ་ཀི་རྦོད་པ་དང་། བྱ་ལ་ཁྲ་རྦོད་པ་ལྟ་བུ་ཡང་མཚོན་ཆ་འཕངས་པ་དང་འདྲ་སྟེ། གསོད་པའི་སྦྱོར་བ་ཞེས་བྱའོ། །གཞན་ལ་གསོད་དུ་བཅོལ་བ་ཞེས་བྱ་བ་ནི།བདག་ཉིད་ཀྱིས་བསད་པའི་སྦྱོར་བ་བྱེད་པ་ལ་འཛེམས་པ་རྣམས་ཀྱིས། འགྲོ་བ་མིར་གྱུར་བ་གཞན་དག་ལ་ཚིག་གི་སྒོ་ནས་གསོད་པ་ལ་བཅུག་པ་སྟེ། འདི་ནི་འདོད་ཁ་ཙམ་གྱི་དབང་དུ་གསུངས་པའོ། །དེ་བས་ན་ཧོཾ་དང་ཕུར་པ་ལ་སོགས་པའི་སྒོ་ནས། དྲག་པོའི་ལས་སྒྲུབ་པའི་སྦྱོར་བ་ནི། རྒྱལ་བ་རྣམས་ཀྱི་ཕྱག་རྒྱའི་ཕྲིན་ལས་ཡིན་ཏེ། གང་ཟག་ཐ་མལ་བ་རྣམས་ཀྱི་སྒོ་གསུམ་གྱི་ལས་ཀྱང་མ་ཡིན་ནོ། ། དེ་ལྟར་ན་ཕྱག་རྒྱའི་ཕྲིན་ལས་ཡིན་པའི་བྱིན་རླབས་ཀྱིས། བདག་གི་རྒྱུད་ལ་སྒོ་གསུམ་གྱི་ཉེས་པས་མི་གོས་པར་འགྱུར་པ་དང་། ཕུར་པ་ལ་སོགས་པའི་རྫས་རྣམས། ཕྱག་རྒྱར་བྱིན་གྱིས་རླབས་པས། སངས་རྒྱས་ཀྱི་ཕྲིན་ལས་ནུས་པ་དང་། སྒྲུབ་བྱ་ཡང་ཡེ་ཤེས་ཀྱི་ཕྱག་རྒྱ་དེས་བཏབ་པའི་ཕྱིར་ཐར་བ་དང། བདེ་འགྲོའི་ས་བོན་ཅན་དུ་འགྱུར་རོ། །དེ་ལ་བདག་ལ་ཕྱག་རྒྱས་བཏབ་པའི་བྱིན་གྱི་རླབས་ཀྱིས་བདག་གི་རྒྱུད་ལ། ལས་ངན་གྱི་བག་ཆགས་གྱིས་མི་གོས་པ་ཡང་བྱེ་བྲག་རྣམ་པ་གསུམ་སྟེ། སྔོན་གྱི་ལས་ངན་པ་ཟད་པར་འགྱུར་བ་དང་། ད་ལྟ་བྱུང་བའི་ལས་ངན་པས་མི་གོས་པ་དང་། སེམས་པའི་སྟོབས་ཆེན་པོས་དངོས་གྲུབ་ཐོབ་ན། ལས་ཀྱི་རྣམ་སྨིན་ཉིད་ལྡོག་པར་ནུས་སོ། །དེ་ལ་སྔ་མའི་ལས་ཟད་པར་འགྱུར་བ་ནི། འདི་སྐད་དུ། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས། སྔགས་ལ་ནམ་ཞིག་མཉམ་བཞག་ན། །སྲིད་པ་རབ་ཏུ་དགོད་པ་ནི། །ཐོག་མེད་དུས་ནས་མི་ཤེས་པས། །བསགས་པའི་ལས་དེ་ཀུན་ཟད་འགྱུར། །ཞེས་གསུངས་པ་ལྟ་བུའོ། །ད་ལྟའི་ལས་ཀྱིས་མི་གོས་པ་ནི། དེ་ཉིད་ལས། བླ་ན་མེད་པའི་བྱང་ཆུབ་སེམས། །སེམས་དེ་ནམ་ཞིག་སྒོམ་བྱེད་ན། །དེ་ཚེ་སྔགས་པ་རྣལ་འབྱོར་བ། །ཆུ་ཡི་པདྨ་ལྟ་བུར་ནི། །དགེ་དང་མི་དགེ་འབྲས་འབྱུང་བའི། །ལས་ཀྱིས་གོས་པར་མི་འགྱུར་ན། །འདིར་བདག་ཉིད་ནི་རྒྱལ་མཆོག་དུ། །འགྱུར་ན་སྨོས་ཀྱང་ཅི་ཞིག་དགོས། །ཞེས་གསུངས་པ་ལྟ་བུའོོ། །རྣམ་པར་སྨིན་པ་ལྡོག་པ་ནི། དེ་ཉིད་ལས། རྣམ་པར་སྨིན་པ་འདི་ཉིད་ལ། །ལས་ཀྱི་འབྲས་བུ་མྱོང་འགྱུར་བ། །གལ་ཏེ་དངོས་གྲུབ་ཐོབ་པ་ན། །དེ་ཚེ་ལས་ཀྱང་ལྡོག་པར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །རྒྱལ་བས་ཕྱག་རྒྱས་བཏབ་པའི་མཐུས། ལས་ངན་པས་མི་གོས་པ་ནི། ཟླ་གསང་ལས། རྡོ་རྗེ་སེམས་དཔའི་གནས་འདུག་ན། །ངན་ཟོས་ངན་སྤྱོད་ཐམས་ཅད་ཀྱི། །ཉེས་པས་གོས་པར་མི་འགྱུར་ཏེ། །རྣམ་སྨིན་ཕྱེ་མའི་སྦྱོར་བ་ཡིས། །དུག་ཅན་སྦྲུལ་ནི་བསད་པ་སྦྱིན། །༼བཞིན༽ཞེས་གསུངས་སྟེ། དཔེར་ན་དུག་གི་གཉེན་པོར་གྱུར་པའི་སྨན་གྱི་ཕྱེ་མའི་སྦྱོར་བ་ལུས་ལ་སྐུས་པའི་མི་རྣམས་ལ། དུག་སྦྲུལ་ནག་པོས་ཟིན་པར་གྱུར་ཡང་། གནོད་པ་མི་འབྱུང་གི །སྦྲུལ་ཉིད་འཆི་བར་འགྱུར་ཞེས་པའི་དོན་ཏོ། །དེ་དག་ནི་སྒོ་གསུམ་རྒྱལ་བའི་ཕྱག་རྒྱས་བཏབ་པ་རྣམས་ལ། ལས་མི་དགེ་བས་གོས་པར་མི་འགྱུར་བ་སྤྱིར་བསྟན་པར་ཟད་དོ། །དྲག་པོའི་ལས་ཀྱིས་སྒྲལ་པའི་ཞིང་རྣམས་སྒྲལ་བ་ནི། ཉོན་མོངས་པ་ཞེ་སྡང་སྐྱེས་པ་ཡིན་ལ། དེས་འཕངས་པའི་བསད་པའི་ལས་ཀྱང་ཡིན་མོད་ཀྱི། དེ་ནི་ལས་མི་དགེ་བ་མ་ཡིན་གྱི། བསོད་ནམས་ཀྱི་ཚོགས་བསྐྱེད་པ་ཡིན་ལ། དེ་བཞིན་དུ་ཡུལ་ཁ་ཅིག་ལ་འདོད་ཆགས་སྐྱེས་པ་ཡང་ཇི་ལྟར་ཆགས་པ་ཆེར་སྐྱེས་པ་དེ་ལྟར་བསོད་ནམས་ཀྱི་ཚོགས་ཆེར་འཕེལ་བ་ཡིན་ནོ། །འདི་ལྟར་རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲ་བ་ལས། ཐར་བ་དང་བདེ་འགྲོའི་རྒྱུ་དམ་ཚིག་ཡིན་པར་བསྟན་ལ། དམ་ཚིག་གཟུང་ཞིང་སྲུང་བ་ཡང་ཆགས་སྡང་ཆེན་པོ་བསྐྱེད་པ་ཡིན་ལ། གལ་ཏེ་ཆགས་སྡང་དེ་ཡལ་བར་གྱུར་ན། དམ་ཚིག་ཀྱང་ཡལ་བར་ཤོར་བ་ཡིན་ཏེ། འདི་སྐད་དུ། དཀོན་མཆོག་གསུམ་དང་བྱང་ཆུབ་སེམས། །ལྷ་དང་བླ་མ་དེ་བཞིན་དེ། །རྡོ་རྗེ་སྤུན་རྣམས་བཀུར་སྟི་ཞིང་། །སྡང་ལ་བྱམས་དང་ཆགས་བྲལ་བ། །ནམ་ཡང་བྱ་བ་མ་ཡིན་ནོ། །ཞེས་གསུངས་སྟེ། འདིར་དཀོན་མཆོག་གསུམ་ལ་རྟག་ཏུ་ཤིན་ཏུ་ཆགས་པར་བྱ་སྟེ། དཀོན་མཆོག་གསུམ་ལ་སྡང་བ་རྣམས་ལ་ནི་ནམ་ཡང་བྱམས་པར་མི་བྱ་སྟེ། དེ་ལྟར་དཀོན་མཆོག་ལ་དམིགས་ཏེ་ཆགས་སྡང་གཉིས་སྐྱེད་པར་བྱ་བ་ཡིན་པ་ལས། གལ་ཏེ་ཆགས་སྡང་ཡལ་ན་དམ་ཚིག་ཀྱང་སྤང་བ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་གྱི་སེམས་དང་། རང་གི་ལྷ་དང་། སློབ་དཔོན་དང་རྡོ་རྗེ་སྤུན་རྣམས་ལ་ཤིན་ཏུ་ཆགས་པས་གཟུང་པར་བྱའི། བཏང་སྙོམས་སུ་ཡང་མི་བཞག་གོ །དེ་རྣམས་ལ་སྡང་བ་རྣམས་ལ་སྡང་སེམས་ཉིད་བསྐྱེད་ཀྱི་བྱམས་པར་མི་བྱའོ། །ཡུལ་དང་དཔང་པོ་འདི་ལྟ་བུ་ལ་ནི་ཆགས་སྡང་ནི་བསོད་ནམས་ཆེན་པོ་བསྐྱེད་པ་ཡིན་ལ། མ་ཆགས་པ་དང་བྱམས་པ་ནི། སྡིག་ཏོ་མི་དགེའི་ལས་ཡིན་ནོ། །གཞན་ཡང་དཀོན་མཆོག་གསུམ་ལ་གནོད་པར་བྱེད་པ་རྣམས་ལ་ནི་བཟོད་པ་དག་དུ་མི་བྱ་སྟེ། བྱམས་པར་བྱ་བ་ལྟ་ཞོག་གི །བཏང་སྙོམས་སུ་ཡང་གཞག་དུ་མི་རུང་སྟེ། འདི་སྐད་དུ། ངན་སོངས་སྦྱང་བ་ལས། དཀོན་མཆོག་གསུམ་ལ་གནོད་བྱེད་ལ། །གཟོད་པ་དག་དུ་མི་བྱ་སྟེ། །དེ་ལྟར་བྱས་ན་ཀུན་རིག་གིས། །གསུངས་པའི་དོན་ཀུན་གྲུབ་པར་འགྱུར། །ཞེས་གསུངས་པ་སྟེ། ཡུལ་འདི་ལྟ་བུ་ལ་ཇི་ལྟར་མ་བཟོད་པ་དེ་ལྟར་སངས་རྒྱས་ཀྱི་དངོས་གྲུབ་དུ་འགྱུར་ཏེ། བཏང་སྙོམས་སུ་བཞག་ན། དམ་ཚིག་ཡལ་བའི་ཕྱིར་དངོས་གྲུབ་དུ་མི་འགྱུར་རོ། །གསང་སྔགས་ཀྱི་ཚུལ་ལས་སྡིག་པའི་ནང་ན་ཆེ་བ་མ་ཆགས་པའོ། །ཞེས་གསུངས་པ་ཡང་། རྩ་བ་བྱང་ཆུབ་སེམས་ལ་མ་ཆགས་པས། དེའི་དབང་གིས་དཀོན་མཆོག་དང་། སློབ་དཔོན་ལ་སོགས་པ་ལ་ཡང་མ་ཆགས་སྟེ། ཕྱིར་དེ་ལ་སྡང་པར་བྱེད་པ་རྣམས་སྒྲལ་བའི་ཞིང་ཁུད་པ་ཡིན་པར་གསུངས་སྟེ། འདི་སྐད་དུ། མ་རུངས་འདོད་ལ་མ་ཆགས་ཤིང་། །དམ་ཚིག་ལ་སྡང་དགྲ་དང་བགེགས། །ངོ་མཐོན་སྟོབས་ཀྱིས་སྒྲལ་བར་བྱ། །ཞེས་གསུངས་པ་དེ་ལྟ་བུ་ཡིན་ནོ། །མདོ་སྡེ་ལས་ཀྱང་དམ་པའི་ཆོས་སྲུང་བའི་ཕྱིར། དགེ་བསྙེན་མཚོན་ཆ་ཐོགས་པ་ནི། སྲོག་གཅོད་པའོ་ཞེས་མི་སྨྲའོ། །ཞེས་གསུངས་སྟེ། འདི་ལྟ་བུ་ནི་དེ་བས་ཆེར་ལྷག་ཅིང་རགས་སྟེ། འདི་ནི་མཚོན་ཆས་དངོས་སུ་གསོད་པ་ཡིན་པར་གསུངས་སྟེ། ལས་ཡན་ལག་རྫོགས་པ་ཡིན་ཡང་། ཡན་ལག་དེ་དག་ཐམས་ཅད་འཕེལ་བར་བྱེད་པའི་བསམ་པ་ནི། དམ་པའི་ཆོས་སྲུང་པས་འཕངས་པ་ཡིན་ལ། དེའི་དགོངས་པ་ཡང་སེམས་ཅན་མང་པོ་ཡུན་དུ་བདེ་བའི་ཕྱིར་ཡིན་པས། ལྷག་པའི་བསམ་པ་དེའི་སྟོབས་ཙམ་གྱིས་ཟིན་ན། དགེ་བསྙེན་སྲོག་གཅོད་པ་སྤངས་པ་རྣམས་ཀྱིས་ཀྱང་ལས་འདི་བྱ་བར་གསུངས་སྟེ། སྲོག་གཅོད་པའི་ཁུངས་སུ་ཡང་མ་གསུངས་སོ། །མདོར་ན་འདི་ལྟར་འགྱུར་ཏེ། ཐེག་པ་ཆེན་པོ་སྤྱི་ལས་སེམས་ཅན་རྣམས་ཡུན་དུ་བདེ་བར་བྱ་བའི་ཕྱིར་དམ་པའི་ཆོས་སྲུང་པའི་བསམ་པས་འཕངས་པའི་ལས་རྩུབ་མོ་རྣམས། རྣམ་སྨིན་ངན་པ་འབྱིན་པ་མ་ཡིན་ཏེ། སྒྲུབ་པར་འོས་པ་ཡིན་པ་དང་གཅིག །གསང་སྔགས་ཀྱི་ཚུལ་ལས་སྒོ་གསུམ་རྒྱལ་བའི་ཕྱག་རྒྱས་བཏབ་པ་རྣམས་ཀྱི་རྒྱུད་ལ། ལས་རྩུབ་མོའི་ཉེས་པས་མི་གོས་པ་སྤྱིར་བསྟན་པ་དང་གཉིས། དཀོན་མཆོག་ཁྱད་དུ་གསོད་ཅིང་སྡང་བ་རྣམས་ལ་སླར་ཇི་ལྟར་སྡང་བ་སྐྱེད་ཅིང་མ་བཟོད་པ་དེ་ལྟ་དེ་ལྟར་དགེ་བའི་ལས་ཡིན་སྟེ། ཇི་ལྟར་བཟོད་པ་དེ་ལྟར་དམ་ཚིག་ཡལ་ཞིང་མི་དགེ་བ་ཡིན་པས། དེ་ལྟར་གཏན་ཚིགས་རྣམ་པ་གསུམ་གྱིས་དྲག་པོའི་ལས་ལ། དང་པོ་གསད་པའི་བསམ་པ་ཡང་ཡོད། བར་དུ་གསད་པའི་སེམས་རྒྱུན་ཆགས་ཀྱང་ཡོད་ན། སྡིག་ཏོ་མི་དགེ་བའི་ལས་སུ་མི་དགྲང་ངོ་། །ཞེས་བྱ་བའི་དོན་བསྟན་པ་ཡིན་ནོ། །མཇུག་གི་ལས་ནི་དེ་ལ་མེད་སྟེ། མཇུག་ཅེས་བྱ་བ་ནི་སྡིག་པའི་ལས་ལ་བྱས་པ་ལེགས་སོ་ཞེས་རྗེས་སུ་མཐུན་པར་བྱེད་པ་ནི་སྡིག་པའི་ལས་ཁ་ཚང་པར་བྱེད་པ་ཡིན་ལ། བྱས་པ་མ་ལེགས་སོ་ཞེས་འགྱོད་པ་ནི་འགྲིབ་པར་བྱེད་པ་སྟེ། དགེ་བའི་ལས་ལ་ཡང་དེ་བཞིན་ནོ། །དེ་བས་ན་འདིར་ནི་སྒྲུབ་པར་འོས་པའི་ལས་འདི་ཉིད་ཡིན་པས། བདག་གིས་བསྟན་པ་སྲུང་བའི་ཕྱིར། གདུག་པ་ཅན་བཏུལ་བ་ལེགས་སོ་ཞེས་མཐུན་པར་བྱེད་པ་ཉིད་དགེ་བ་འཕེལ་བར་བྱེད་པ་ཡིན་ནོ། །གལ་ཏེ་འགྱོད་པར་གྱུར་ན་ནི་དེ་ཉིད་སྡིག་པའི་གྲོགས་པོ་ཡིན་པས། དེ་བས་ན་དྲག་པོའི་ལས་ལ་མཇུག་གི་ཉེས་པ་ནི་གཞི་ནས་མེད་དོ། ། ད་ནི་སྦྱོར་བ་ལ་ཉེས་པ་མེད་པར་བསྟན་སྟེ། དེ་ལ་དྲག་ཤུལ་གྱི་སྦྱོར་བར་གྱུར་པ་ཡེ་ཤེས་ཀྱི་ལྷ་ཚར་གཅད་པ་མན་ཆད་ནས། དགྲ་བགེགས་གདུག་པ་ཚར་གཅད་པ་ཡན་ཆད་གང་ཡང་རུང་སྟེ། དེ་དག་ཐམས་ཅད་ནི་སངས་རྒྱས་ཀྱི་ཕྱག་རྒྱའི་ལས་ཀྱིས། སངས་རྒྱས་ཀྱི་མཛད་པ་སྒྲུབ་པ་ཡིན་སྟེ། གང་ཟག་ཐ་མལ་པའི་སྒོ་གསུམ་གྱི་ལས་ཀྱི་སྦྱོར་བ་མ་ཡིན་ནོ། །དེ་བས་ན་འདི་ལ་ཉེས་པ་མེད་དོ། །དེ་ཡང་རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲ་བ་ལས། ཚར་གཅོད་པའི་ཕྱག་རྒྱར་གྱུར་པ། རྡོ་རྗེ་ལྕགས་ཀྱུ་འགུགས་པ་དང་། དེ་བཞིན་ཞགས་པས་བཅིང་པ་དང་། ཁུ་ཚུར་གྱིས་གཟུང་བ་དང་། རྡོ་རྗེ་ནག་མོ་ཞེས་བྱ་བའི་སྡིག་མཛུབ་འབར་བས་སྡིགས་པ་དང་། རྡོ་རྗེ་ཕུར་བས་གདབ་པ་དང་། རྡོ་རྗེ་ཐོ་བས་བརྡུང་པ་ལྟ་བུ་ཚར་གཅོད་པའི་ཕྱག་རྒྱ་འདི་རྣམས་སངས་རྒྱས་ཀུན་ཀྱི་དམ་ཚིག་གི་ཕྱག་རྒྱ་ཡིན་པའི་ཕྱིར། མཚུངས་པ་མེད་པའི་ལས་བྱེད་པར་གསུངས་སྟེ། འདི་སྐད་དུ། རྡོ་རྗེ་ལྕགས་ཀྱུ་འགུགས་པ་ཆེ། །རྡོ་རྗེ་ཞགས་པས་རབ་འཆིང་བྱེད། །རྡོ་རྗེ་ཁུ་ཚུར་གཟི་བརྗིད་ཆེ། །རྡོ་རྗེ་ནག་མོ་ཆེར་འབར་བ། །ལྷ་རྣམས་ཀུན་ལ་འཇིགས་པར་སྐྱེད། །རྡོ་རྗེ་ཕུར་བུ་རྣམ་འདྲིལ་བྱེད། །རྡོ་རྗེ་ཐོ་བ་རྡུང་བ་ཆེ། །ཕྱག་རྒྱ་རྣམ་པ་སྣ་ཚོགགས་འདི། །བསམ་ནས་ལས་ལ་སྦྱར་བ་ནི། །དམ་ཚིག་རྒྱལ་བས་གསུངས་པའི་ཕྱིར། །མཚུངས་པ་མེད་པའི་ལས་བྱེད་དོ། །ཞེས་གསུངས་པ་ལྟ་བུ་ཡིན་སྟེ། ཕྱག་རྒྱའི་སྦྱོར་བ་འདི་ལྟ་བུ་ནི། སངས་རྒྱས་ཀྱི་མཛད་པ་ཡིན་པའི་ཕྱིར། གང་ཟག་ཐ་མལ་པའི་གསད་པའི་སྦྱོར་བའི་ཁུངས་སུ་ཆུད་པ་མ་ཡིན་ནོ། ། ད་ནི་ཡེ་ཤེས་ཀྱི་ལྷ་དང་དམ་ཚིག་ཅན་རྣམས་ལ་ཐུགས་དམ་སྐུལ་བ་ནི། སྲོག་གཅོད་པའི་ཡན་ལག་དུ་གྱུར་པ་གཞན་ལ་གསོད་པ་བཅོལ་བ་ཞེས་བྱ་བ་མ་ཡིན་པར་བསྟན་ཏེ། ལུས་ཀྱི་ལས་སུ་གཏོགས་པ་གཞན་ལ་བཅོལ་བ་ཞེས་བྱ་བ་ནི་གོང་དུ་སྨོས་པ་ལྟ་བུའི་དབང་ཙམ་ཡིན་ལ། ལྷ་དང་དམ་ཚིག་ཅན་ཐུགས་དམ་སྐུལ་བ་ནི། འདི་ལྟར་སྔོན་སངས་རྒྱས་འཇིག་རྟེན་དུ་འབྱུང་བའི་དུས་སུ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྟན་པ་བཞག་པ་ན། ཀུན་གྱི་དོན་དུ་བཞག་མོད་ཀྱི། རང་རང་གི་ལས་ངན་པའི་སྒྲིབ་པས་གཡོགས་པས་ཐམས་ཅད་ཀྱང་དཀོན་མཆོག་ལ་དད་ཅིང་མོས་པར་མི་འགྱུར་སྟེ། སྤྱིར་དཀོན་མཆོག་ལ་འཚེ་བར་བྱེད་པའི་འགྲོ་བ་མི་དང་། མི་མ་ཡིན་པས་བསྡུས་པ་མང་དུ་འབྱུང་ཞིང་། ཇི་སྲིད་དུ་བསྟན་པ་གནས་པ་དེ་སྲིད་རྒྱུན་དུ་འབྱུང་པར་འགྱུར་ཏེ། དེ་དག་ཕྱིར་མ་བཟློག་པར་བཏང་སྙོམས་སུ་བཞག་པས་བསྟན་པ་གནས་པར་ཡང་མི་ནུས་ལ། དེ་དག་བཟློག་པའི་ཐབས་ཀྱང་སྒོ་མཐའ་ཡས་པ་མ་བཞག་ན། སྒྲུབ་པ་པོ་བསམ་པ་ཐ་དད་པ་རྣམས་ཀྱང་འཇུག་པའི་ཡན་ལག་དུ་མི་འགྱུར་ལ། སྒྲུབ་བྱའི་ལས་ཐ་དད་པ་རྣམས་ཀྱང་འདུལ་བའི་རྐྱེན་དུ་མི་འཚམ་པར་འགྱུར་ཏེ། ཚུལ་འདི་ནི་བཀའ་ལས་ཀྱང་གསུངས་ལ་རིགས་པས་ཀྱང་མངོན་ཏེ། འདི་ལྟར་འཇིག་རྟེན་གསུམ་གྱི་བདག་པོ་ལྷ་དབང་ཕྱུག་ཆེན་པོའམ། སྲིན་པོའི་རྒྱལ་པོ་མ་དང་ཀ་རུ་ཏྲ་ལྟ་བུ་གང་ཟག་གི་རྒྱུད་རེ་རེར་གྲགས་པ་ལ་ཡང་འདུལ་བའི་ཐབས་རྒྱུད་སོ་སོར་བྱུང་བའི་སྐབས་ནས་ཐབས་སོ་སོར་བཏུལ་ཞིང་། དེའི་དུས་སུ་སྲིད་པ་གསུམ་གྱི་ལྷ་མ་སྲིན་ཐམས་ཅད་དམ་ལ་བཏགས་ནས། ཐམས་ཅད་ཀྱི་སྲོག་གི་སྙིང་པོ་ཕུལ་སྟེ། བསྟན་པ་སྲུང་པར་ཁས་བླངས་ནས་རང་རང་གི་ལས་སྒྲུབ་པའི་སྔགས་དང་ཕྱག་རྒྱ་བཞག་སྟེ། དེ་དག་འཇིག་རྟེན་རྒྱུད་ལ་རྒྱུན་དུ་གནས་པར་བྱ་བའི་ཕྱིར་དང་། ཡང་དག་པར་སྡུད་པ་པོ་ལ་གཏད་ནས་བཞག་པ་ཡིན་པས། དེ་ཡང་ལྷ་དང་དམ་ཚིག་ཅན་ཐུགས་དམ་ཀྱི་རྒྱུད་སྐུལ་བ་འདི་ཡང་། སྒྲུབ་པ་པོའི་རང་བཟོ་མ་ཡིན་ཏེ། སངས་རྒྱས་ཉིད་ཀྱིས་དམ་ཚིག་ཅན་ལ་གཏད་ནས། དེ་དག་གིས་ཀྱང་མ་འོངས་པའི་དུས་ན། སྒྲུབ་པ་པོ་རྣམས་ཀྱི་སོ་སོའོ་ལས་ལ་བསྐུལ་བ་དམ་ཚིག་གི་སྙིང་པོ་དང་ཕྱག་རྒྱ་རྣམས་བཅོམ་ལྡན་འདས་ཉིད་ལ་ཕུལ་ཏེ། བ་ག་བན་གྱིས་ཀྱང་སྡུད་པར་བྱེད་པ་ལ་གཏད་ཏེ། རིམས་ཀྱིས་བཞག་པ་ཡིན་པས། དེ་བས་ན་ཐུགས་དམ་སྐུལ་བ་འདི་ཡང་རྒྱལ་བ་རྣམས་ཀྱི་བཀའ་བཞིན་དུ་བྱས་ཞིང་དམ་ཚིག་སྲུངས་པ་ཡིན་ནོ། །ཡོང་ནི་ལྷ་དབང་ཕྱུག་ཆེན་པོ་ལ་སོགས་ཏེ་དམ་ཚིག་ཅན་ཕོ་མོར་གཏོགས་པ་འདི་དག་ཀྱང་། ཡང་ན་དེ་བཞིན་གཤེགས་པ་ཉིད་ཀྱི་སྤྲུལ་བ་ཡིན་པའམ། ཡང་ན་ནི་མོས་པ་སྤྱོད་པའི་ས་ལ་གནས་པ་ཡན་ཆད་ནས། ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡན་ཆད་ཡིན་པར་ངེས་ཏེ། གང་གི་ཕྱིར་དེ་ལྟ་བུ་མ་ཡིན་པའི་སྐྱེ་བོ་ཕལ་བ་ལ་དེ་བཞིན་གཤེགས་པའི་ཞལ་མཐོང་ཞིང་གསུང་ཐོས་པ་དང་། དད་པས་དེའི་འཁོར་དུ་འདུ་བའི་སྐལ་བ་མེད་པའི་ཕྱིར་རོ། །གང་ཟག་གཅིག་གི་རྒྱུད་འདུལ་བ་ལ་དུས་དང་གནས་དང་སྟོན་པ་དང་སོ་སོ་ཚུལ་ཐ་དད་དུ་ཡང་དང་ཡང་དུ་འདུལ་དགོས་པ་ཡང་མི་སྲིད་པའི་ཕྱིར་རོ། །དེ་བས་ན་འཇིག་རྟེན་གྱི་དམ་ཚིག་ཅན་དུ་གྲགས་པའི་ལྷ་རྣམས་ཀྱི་སྔགས་དང་ཕྱག་རྒྱ་ཡང་རྣམ་པར་ཐར་པའི་ཆ་ལས་སྐྱེད་པ་ཉིད་ཡིན་པས། དེའི་ཕྱིར་ནི་བཟླས་ཅིང་བཅས་པས། རྣམ་པར་གྲོལ་བའི་རྒྱུར་མི་རུང་ངོ་ཞེས་བསམ་དུ་མི་རུང་ངོ་། །གཞན་ཡང་གང་གི་ཚེ་རང་རང་གི་སྙིང་པོ་ཕུལ་བ་དེའི་ཚེ་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་ཉིད་ཀྱིས་བྱིན་གྱིས་རླབས་པའི་ཕྱིར། ཡོང་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པར་གྲགས་པའི་ལྷ་གང་ཡང་རུང་སྟེ། རང་བཞིན་ནམ་བདག་པོར་ཡར་དེད་ན་རྣམ་པར་གྲོལ་བ་སྦྱིན་པའི་ལྷར་འགྱུར་རོ། །སྤྲུལ་པར་མར་དེད་ན་འཇིག་རྟེན་གྱི་བྱ་བ་ཕྲ་མོ་སྦྱིན་པའི་ལྷར་འགྱུར་རོ། །དེ་བས་ན་ལྷ་གཅིག་ལ་ཡང་དངོས་གྲུབ་སྣ་ཚོགས་འབྱུང་བས་འདི་ནི་དམན་པའི་རིགས་ཞེས་ཁྱད་དུ་གསོད་དུ་མི་རུང་ངོ་། །སྒྲུབ་པ་པོ་བསྒྲུབ་བྱའི་དབང་གིས་གདུག་པ་འདུལ་བའི་ཐབས་སྣ་ཚོགས་དགོས་པ་ཡང་། སྒྲུབ་བྱ་ནི་མདོ་རྣམ་པ་གཉིས་སྟེ། དགྲ་དང་བགེགས་སོ། །དེ་ལ་དགྲ་ནི་སྒྲུབ་པ་པོའི་ལུས་དང་། གནས་དང་། ལོངས་སྤྱོད་ལ་མངོན་སུམ་དུ་འཚེ་བའི་སྒོ་ནས་བསྟན་པ་ལ་གནོད་པ་བྱེད་དོ། །བགེགས་ནི་སྒྲུབ་པ་པོའི་ཚེ་སྲོག་དང་། དངོས་གྲུབ་ཆེ་ཕྲ་ལ་མི་མངོན་པར་འཚེ་བ་བྱེད་པས་བསྟན་པ་ལ་གནོད་པ་བྱེད་དོ། །དེ་གཉིས་བཟློག་པའི་ཕྱིར་རྒྱལ་བ་རྣམས་ཀྱིས་རྒྱུད་འབྱུང་པའི་དུས་སུ་དགྲ་བགེགས་བཟློག་པའི་ཐབས་སྣ་ཚོགས་བསྟན་པ་ནི། མཐའ་ཡས་མོད་ཀྱི་ཉེ་བའི་སྒོ་ཅུང་ཟད་ཙམ་བསྟན་པ། བྱ་བའི་རྒྱུད་འབྱུང་བའི་དུས་སུ་བ་ག་བན་གྱིས་ཡུལ་གཉན་ཡོད་པར། རིག་པ་མཆོག་གི་རྒྱུད་འབྱུང་བའི་དུས་སུ། དཔལ་ཕྱག་ན་རྡོ་རྗེ་དམ་ཚིག་གི་དཀྱིལ་འཁོར་དུ། འཇིིག་རྟེན་གྱི་ལྷ་སྲིན་ཐམས་ཅད་དམ་ལ་བཏགས་སྟེ། དགྲ་གདུལ་བའི་ཐབས་དང་ཁྱད་པར་དུ་བགེགས་སྣ་ཚོགས་ལ། ཐབས་སྣ་ཚོགས་འདི་ལྟར། སྔགས་དང་སྨན་དང་མར་ཁུ་ལ་སོགས་པའི་སྒོ་ནས་འདུལ་བར་གསུངས་ལ། དེ་བཞིན་དུ་དཔུང་བཟང་གིས་ཞུས་པ་དང་། པུ་སི་ཏི་ཀ་ར་ལས་ཀྱང་། དེ་དང་མཐུན་པར་གསུངས་པ་ལྟ་བུ་དང་། བྱ་བ་བྱེ་བྲག་གི་རྒྱུད་དམ་གཉིས་ཀའི་རྒྱུད་དུ་གྲགས་པའི་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་འབྱུང་པའི་དུས་སུ། བ་ག་བན་རྣམ་པར་སྣང་མཛད་སྙིང་པོ་བྱང་ཆུབ་ལ་བཞུགས་སྟེ་སྐུ་དེ་ཉིད་ཐུགས་ཀུན་ཏུ་བཟང་པོ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དེ་ཉིད། མི་ཡུལ་དུ་སངས་རྒྱས་ཀྱི་མཛད་པ་སྒྲུབ་པའི་ཕྱིར་བ་ག་བན་ཤཀྱ་ཐུབ་པས་ཀུན་ཏུ་བཟང་པོ་ཕྱག་ན་རྡོ་རྗེར་དབང་བསྐུར་པའི་ཕྱིར། ཤིང་ས་ལ་སྣ་ཚོགས་རྒྱལ་མཚན་སྒྲེང་བའི་ཚལ་དུ་རྡོ་རྗེ་དམ་ཚིག་བསྒྲུབ་པའི་དལ་ཆེན་པོ་བྱིན་གྱིས་རླབས་ནས་དཔལ་ཕྱག་ན་རྡོ་རྗེར་དབང་སྐུར་ཏེ། དེ་ནས་དཔལ་ཕྱག་ན་རྡོ་རྗེས་སྲིད་པ་གསུམ་གྱི་དྲེགས་པ་ཅན་བཏུལ་སྟེ། སྲོག་གི་སྙིང་པོ་ཕུལ། དམ་ཚིག་གི་ཕྱག་རྒྱ་བཞག ། སོ་སོའི་ལས་བསྐོས། དགྲ་བགེགས་འདུལ་བའི་གདངས་བསྟབས་སྣ་ཚོགས་ཀྱང་བཞག་གོ །རྣལ་འབྱོར་གྱི་རྒྱུད་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས། རི་རབ་ཀྱི་རྩེ་མོ་རྡོ་རྗེ་དང་ནོར་བུ་བརྩེགས་པའི་ཁང་བཟངས་སུ། དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་འབྱུང་པའི་དུས་སུ། ཁམས་གསུམ་རྣམ་པར་རྒྱལ་བའི་དལ་དུ་ཕྱག་ན་རྡོ་རྗ་གདུག་པ་འདུལ་བར་དབང་སྐུར་སྟེ། དེས་འཇིག་རྟེན་གསུམ་གྱི་བདག་པོ་ལྷ་ཆེན་པོ་ཉི་ཤུ་རྩ་གཅིག་དང་ཆུང་མ་ཉི་ཤུ་རྩ་གཅིག་དང་བཅས་པ་བཏུལ་ཏེ་དབང་ཡང་སྐུར་ནས། དལ་གྱི་ལྷར་ཡང་བཀོད་ཏེ་མ་འོངས་པ་ན་སྒྲུབ་པ་པོ་རྣམས་ཀྱི་མཐུན་པའི་ཕྱོགས་སྲུང་དུ་གཞུག་པ་དང་། མི་མཐུན་པའི་དགྲ་ལ་འཁྲོར་གཞུག་པ་དང་། སྒྲུབ་པ་པོ་དངོས་གྲུབ་ཕྱིར་ཉེ་བར་འཁོར་དུ་གཞུག་པའི་ཕྱིར་ཕྱག་རྒྱ་རྣམས་ཀྱང་བཞག །གཞན་ཡང་དེ་དག་གི་འཁོར་དུ་གཏོགས་པའི་འཇིག་རྟེན་གསུམ་གྱི་ལྷ་མ་སྲིན་མ་རུངས་པ་ཐམས་ཅད་རི་རབ་ཀྱི་འཁོར་ཡུག་ལ་དཀུག་སྟེ་དམ་ཚིག་ཅན་དུ་བྱས་སྟེ་བཞག་པ་བསྟན་ནོ། །
རྣལ་འབྱོར་ཆེན་པོའི་རྒྱུད་དུ་ནི། གནས་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་པས་ཁྱད་པར་དུ་བསྟན་པ་ནི་ཉུང་ངོ་། །འགའ་ཞིག་ལས་རི་མ་ལ་ཡའི་རྩེ་མོ་དང་། ཧེ་རུ་ཀའི་གནས་བཅུ་དང་། དུར་ཁྲོད་ཆེན་པོའི་གནས་བརྒྱད་དུ། གདུག་པ་ཅན་བཏུལ་བའི་ཚུལ་སྨོས་པའང་ཡོད་ཏེ། དེ་དག་ཀྱང་འཛམ་བུའི་གླིང་འདི་དག་གི་ཡུལ་གྱི་བྱེ་བྲག་གོ །དེ་ལ་སྒྱུ་འཕྲུལ་གྱི་ཚུལ་ལས། བ་ག་བན་དཔའ་བོ་ཁྲག་འཐུང་ཆེན་པོ་ཉིད་ཀྱིས་ཆེ་བའི་དལ་དུ། དུར་ཁྲོད་ཀྱི་བདག་པོ་དང་། དབང་ཕྱུག་ཆེན་པོ་ལ་སོགས་པ་དྲེགས་པ་ཅན་ཐམས་ཅད་བཏུལ་ཏེ། དེ་དག་གི་ཆུང་མ་དང་མ་དང་སྲིང་མོ་དང་བུ་མོའི་ཚོགས་སུ་གྱུར་པ་མ་མོ་ཐམས་ཅད་དབང་དུ་བསྡུས་སྟེ། དལ་གྱི་ཕྱི་རོལ་དུ་མ་འོངས་པའི་སྒྲུབ་པ་པོའི་ལས་བྱེད་དུ་བཅུག་གོ །ཟླ་གསང་ལས་དཔལ་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོས་རྡོ་རྗེ་གདོན་མི་ཟ་བའི་དལ་དུ་ལྷ་དབང་ཕྱུག་ཆེན་པོ་ལ་སོགས་པ་ལྷ་ཆེན་པོ། གཙོ་བོ་སོ་སོ་ལ་དལ་ཁྲོ་བོ་སོ་སོར་སྣང་བས། ཉིད་ཉིད་ཀྱི་འདུལ་སྐབས་སོ་སོར་བཏུལ་ཏེ་ཚོགས་ཀྱི་དལ་ཆེན་པོར་མཛད་ནས། རྡོ་རྗེ་མཁའ་འགྲོ་མ་ཆེན་མོ་སུམ་བཅུ་སོ་གཉིས་དང་། རྡོ་རྗེ་ལང་ཀའི་བདག་པོ་དང་བཅས་པ་རྡོ་རྗེ་བྲན་དུ་ཁས་བླངས་ནས། དལ་གྱི་ཕྱི་རོལ་དུ་བཀོད་ཏེ་མ་འོངས་པའི་སྒྲུབ་པ་པོའི་ལས་བྱེད་དུ་བཞག་པའོ། །དཔལ་ཧེ་རུ་ཀའི་ཏྲན་ཏྲ་ཞེས་བྱ་བ་ཞིག་ནས། མ་ཏྲང་རུ་ཀྲ་ནི་འཛམ་བུའི་གླིང་འདིར། འགྲོ་བ་མིའི་རྒྱུད་དུ་སྐྱེས་པ་ལས་ཀྱི་མཐའ་ལ་བབ་པ་ཞིག་སྲིན་པོ་ཆེན་པོར་གྱུར་ཏེ། རི་མ་ལ་ཡ་དུར་ཁྲོད་དུ་བྱིན་གྱིས་རླབས་སྟེ་དེར་གནས་ནས། ལྷ་དབང་ཕྱུག་ཆེན་པོ་ལ་སོགས་པ་འཇིག་རྟེན་གསུམ་གྱི་དྲེགས་པ་ཅན་ཐམས་ཅད་ཀྱང་དབང་དུ་བྱས་ཏེ་འཁོར་དུ་བྱས། ལྷ་ཆེན་པོ་བརྒྱད་ཀྱི་ཆུང་མ་སྲིན་མོ་འགོ་འཔྱངས་མ་ལ་སོགས་པ་བརྒྱད་ཀྱང་ཉེ་གནས་སུ་བྱས། ལྷ་ཆེན་པོ་བརྒྱད་ཀྱི་བུ་མོ་ཀེའུ་རི་ལ་སོགས་པ་མ་མོ་ཆེན་མོ་བརྒྱད་དང་། ཕྱག་བརྙན་སེང་ཧ་མ་ལ་སོགས་པ་ཕྲ་མེན་ཆེན་མོ་བརྒྱད་དང་། བཀའ་ཉན་རྟ་གདོང་མ་ལ་སོགས་སྟེ་སྒོ་མ་ཆེན་མོ་བཞི་དང་བཅས་པ་ཡང་ཉེ་གནས་སུ་བྱས་ཏེ་འཛམ་བུའི་གླིང་འདིར་སྲིན་པོའི་གནས་ཆེན་པོ་བཅུ་དང་། དུར་ཁྲོད་ཆེན་པོ་བརྒྱད་དུ་བགོས་ནས་སྲིན་པོའི་ཕྲུ་མ་བཅས་སྟེ་གནས་དེ་དག་དུ་ཡང་། སེམས་ཅན་གྱི་སྲོག་ལ་དབང་བྱེད་པའི་མཁའ་འགྲོ་མ་མང་པོ་བཞག་ནས་འཇིག་རྟེན་ཕུང་པར་བྱས་པ་ལས། དཔལ་ཧེ་རུ་ཀས་འདུལ་བའི་ཞིང་དུ་གྱུར་ཏེ། སྲིན་པོ་དེ་རི་མ་ལ་ཡའི་རྩེ་མོ་ནས་འཛམ་གླིང་འདི་ཉིད་དུ་ཀན་རྐྱལ་དུ་སྒྱེལ་ཏེ་རོ་ཡང་འཛམ་གླིང་ཁྱབ་པ་ཅིག་དུ་མཛད་ཏེ། སྲིན་པོའི་གནས་བཅུ་ནི་ཧེ་རུ་ཀའི་གནས་བཅུར་བྱིན་གྱིས་རླབས་ཏེ། གནས་དེས་ཀྱང་ཡུལ་ཆེན་པོ་ཉི་ཤུ་རྩ་༼༽བསྡུས་སོ། །ཁོས་དུར་ཁྲོད་བརྒྱད་དུ་འཁོར་གྱི་ལྷ་ཆེན་པོ་སྒྲལ་བའི་རོ་བོར་སྟེ། རོའི་སྲུངས་མར་ཀྱང་ཁའད་རོ་ཧ་མ་སོགས་པ་མ་མོ་བརྒྱད་བཞག་གོ །དེ་དག་ལ་སོགས་པའི་སྲིན་པོའི་ལོ་ཀ་བསྟན་པ་ཇི་ལྟ་བ་བཞིན་དུ་དཔལ་ཧེ་རུ་ཀའི་ཡེ་ཤེས་ལས་སྤྲུལ་བའི་དུར་ཁྲོད་ཀྱང་དེ་འདྲ་བར་བསྟན་སྟེ། དེ་བས་ན་ཡེ་ཤེས་ཀྱི་ལྷ་གནས་དང་ཡུལ་གྱི་ཕྱག་རྒྱ་སྒོ་མ་དང་བཅས་པ་འདི་ལ་ཡང་། རང་རང་གི་འདུལ་སྐལ་འཇིག་རྟེན་གྱི་མ་མོ་རེ་རེ་ཡོད་ཏེ། དེ་དག་ཐམས་ཅད་དམ་ཚིག་གི་སྲུང་མར་བྱས་སོ། །ཞེས་འབྱུང་ངོ་ཞེས་མན་ངག་རྣ་བར་བརྒྱུད་པ་ལས་ཐོས་སོ། །དེ་བས་ན་དམ་ཚིག་གི་སྲུངས་མ་རྣམས་ཀྱང་འདུལ་དབང་ཙམ་དུ་སྤྲུལ་པར་སྣང་ཡང་། འཇིག་རྟེན་གྱི་དམན་མོར་གཟུང་དུ་མི་རུང་ངོ་། །ཞེས་བྱ་བར་ཤེས་སོ། །སྒྲུབ་བྱ་ཉིད་ལ་ཡང་ཕན་འདོགས་པར་བཀའ་ལས་གསུངས་སྟེ། ཀྲི་སྣ་ཡ་མ་རོ་ལས། ཨེ་མའོ་ཡང་དག་གསད་པའི། །གསད་པ་དེ་ནི་གསད་པ་ཡིན། །བསད་པ་ཡིས་ནི་བྱང་ཆུབ་ཐོབ། །སྡིག་པ་སྟོང་ཕྲག་བྱས་པ་ཡང་། །ངན་འགྲོ་རུ་ནི་མི་སྐྱེ་སྟེ། །དེ་ཕྱིར་གསད་པ་གསད་པ་ཡིན། །ཞེས་བྱ་བ་ནས་སངས་ཞིང་དག་དུ་སྐྱེ་སྟེ་ཞེས་གསུངས་པ་ལྟ་བུའོ། །དེ་ལ་འདི་སྐད་དུ་སྔགས་དང་ཕྱག་རྒྱ་དང་ལྷའི་བྱིན་རླབས་ཀྱིས་བསད་པ་ཙམ་གྲུབ་ཀྱང་། ལས་ཀྱི་རྣམ་སྨིན་བཟློག་པ་དཀའ་བས་སྒྲུབས་ཀྱང་རང་གི་སྔོན་གྱི་ལས་དྲག་པོས། དེ་ཤི་ནས་སེམས་ཅན་དམྱལ་བར་སྐྱེ་བར་སྲིད་ཞེ་ན། དེ་སྲིད་མོད་ཀྱི་འོན་ཀྱང་ཡེ་ཤེས་ཀྱི་ཕྱག་རྒྱ་བཏབ་པའི་ཕྱིར། དམྱལ་བ་རྣམས་ཀྱི་ནང་ནས་ཡང་འབྲས་བུ་ཆེན་པོ་འབྱུང་པར་འགྱུར་བའི་རིགས་ཅན་དུ་གནས་སོ་ཞེས་བྱ་བར་ཤེས་པར་བྱ་སྟེ། དེ་སྐད་དུ་གསང་བ་འདུས་པའི་རྒྱུད་ཕྱི་མ་ལེའུ་བཅོ་བརྒྱད་པ་ལས། དྲི་བ་དེ་ཉིད་ཀྱི་སྐབས་སུ་གསུངས་པ། མངོན་དུ་བྱ་བའི་ལས་ཀྱིས་ནི། །གལ་ཏེ་མི་བཟད་དམྱལ་བ་ན། །སྐྱེ་བོ་དེ་སྐྱེས་རྣམས་ཀྱི་ཡང་། །དམྱལ་བ་ཀུན་དང་འབྲས་བུ་ཆེ། །ཡེ་ཤེས་རྒྱ་ཡིས་བཏབ་ཕྱིར་རོ། །ཞེས་གསུངས་པ་ལྟ་བུ་ཡིན་ནོ། །དེ་བས་ན་དྲག་ཤུལ་གྱི་སྦྱོར་བ་ཡང་སྒྲུབ་པ་པོ་འབའ་ཞིག་ལ་ཕན་པ་མ་ཡིན་གྱི་དཀར་པོའི་ཕྱོགས་འཛིན་པ་དང་། ནག་པོའི་ཕྱོགས་འཛིན་པ་ཀུན་ལ་ཕན་པ་ཡིན་པའི་ཕྱིར། སངས་རྒྱས་ཀྱི་བཀའ་གནང་བ་ཡིན་ཏེ། དེ་སྐད་དུ་ཡང་།དམ་པའི་ཆོས་འཇིག་མ་རུངས་པ། །དཔའ་བོས་དགོས་པ་ཡོད་པའི་ཕྱིར། །ཀུན་ལ་ཕན་པ་དེ་གྱིས་ཅིག །ཅེས་བཀའ་ཡིས་དབང་བསྐུར་བ་ཡིན་ནོ། ། ད་ནི་ཐབས་ལ་མཁས་པས་གཟུང་པའི་ཡན་ལག་དུ་གྱུར་པ་ཡུལ་གྱི་དམིགས་བསྟན་པར་བྱ་སྟེ། དེ་ཡང་འདི་ལྟར་བདག་ལ་གནོད་པ་བྱས་ཀྱང་། དཀོན་མཆོག་གི་བསྟན་པ་ལ་ངེས་པར་གནོད་པར་ཤེས་ན་བྱའི། གནོད་མི་ནུས་ན་མི་བྱའོ། །རྒྱལ་པོ་ལྟ་བུ་ཐབས་གཞན་གྱིས་གདུལ་བའི་ཐབས་མེད་པ་ལ་བྱའི། ངན་སོང་ཐབས་ཅིས་ཀྱང་གདུལ་དུ་རུང་བ་བྱ་རིན་མི་ཆོག་པ་ལ་མི་བྱའོ། ། ཉེས་པ་ཆེ་ཆུང་དང་སྦྱར་བ་ལ་བྱའི། ཉེས་པ་ཆུང་བ་ལ་གསད་པའི་སྦྱོར་བ་མི་བྱའོ། །དམ་ཚིག་མི་ཤེས་པ་རྣམས་ལ་བྱའི། དམ་ཚིག་ཤེས་པ་རྣམས་ལ་མི་བྱའོ། །དེ་རྣམས་ཀྱང་དའི་སྐད་དུ་འཇམ་དཔལ་གྱི་རྒྱུད་ལས། དཀོན་མཆོག་གསུམ་ལ་གནོད་བྱེད་པར། །ཤེས་ན་སྦྱོར་བ་འདི་བྱའི། །གཞན་དུ་བྱ་བ་མ་ཡིན་ནོ། །ཞེས་གསུངས་པ་དང་། འདི་སྐད་དུ། མི་དབང་རྣམ་པ་འདུ་བ་ཡིས། །དཀོན་མཆོག་གསུམ་ལ་གནོད་བྱེད་པ། །དེ་ལ་སྦྱོར་བ་འདི་བྱའི། །ངན་སོང་གཞན་ལ་མ་ཡིན་ནོ། །ཞེས་གསུངས་པ་དང་།དམ་ཚིག་ཤེས་ལ་མི་བྱ་སྟེ་ཞེས་གསུངས་པ་ལས་ཤེས་པར་བྱའོ། །ཉེས་པ་དང་ལན་འཚམས་སྦྱར་བ་ཡང་། པུ་སི་དྷི་ཀ་ར་ལས། དགྲ་དང་དྲག་ཤུལ་སྤྱད་པ་ཡང་། །ཉེས་དང་མཚམས་སྦྱོར་བྱ་དགོས་སྟེ། །ཉེས་པ་ཆུང་ངུ་དག་ལ་ནི། །འཆི་བར་གྱུར་བ་མི་བརྩམ་མོ། །ཞེས་གསུངས་པ་ཡིན་ནོ། །དམ་ཚིག་ཤེས་པར་བྱ་བའི་ཚད་ཀྱང་། དམ་ཚིག་གི་དངོས་གཞིའི་རྩ་བ་ནི། བྱང་ཆུབ་ཀྱི་སེམས་བསྐྱེད་ནས། ཚུལ་དང་མཐུན་པར་སྡོམ་པ་འཛིན་པ་རྣམས་ཏེ། དེ་ལྟར་ན་སངས་རྒྱས་ཀྱི་ཆོས་ལ་གནས་པ།སྒྲོ་སྐུར་མེད་པ་ཆོས་སྐྱོང་པ་རྣམས་ཡིན་ནོ། །བྱེ་བྲག་དུ་སོ་སོར་ཐར་པའི་སྡོམ་པ་འཛིན་པ་ཡང་། ཐེག་པ་ཆེན་པོ་མི་ཤེས་པས་དེ་སྤོང་ཞིང་སྒྲོ་སྐུར་འདེབས་པ་རྣམས་ནི་ཐེག་པ་ཆེན་པོའི་དམ་ཚིག་མི་ཤེས་པ་ཡང་ཡིན་ལ། སེམས་ཅན་མང་པོ་རྣམ་པར་ཐར་པའི་སྒོ་འགེགས་པ་ལ་ཞུགས་པ་ཡང་ཡིན་པས། དེ་ཉིད་ནི་སྒྲལ་བའི་ཞིང་ཁུད་པ་ཡིན་པར་ཡང་གསུངས་སོ། །དེ་ལས་བྱེ་བྲག་དུ་ཕ་རོལ་དུ་ཕྱིན་པའི་ཚུལ་ལ་མི་སྐུར་ཡང་། གསང་སྔགས་ཀྱི་ཚུལ་གྱི་མཚན་ཉིད་མ་ཤེས་པས། རིགས་སྔགས་དང་གསང་སྔགས་གྱི་ཁྲོ་བོ་དང་ཕྱག་བརྙན་དང་ཕོ་ཉ་ལ་སོགས་པ། མ་རུངས་པར་བསྟན་པ་རྣམས་དང་། ཕྱག་རྒྱའི་ལྷ་ཕུར་བུ་དང་ཐོ་བ་དང་ལྕགས་ཀྱུ་དང་ཞགས་པ་ལ་སོགས་པའི། སྦྱོར་བའི་ཕྱག་རྒྱ་རྣམས་དང་། དེ་དག་གསང་སྔགས་ལ་སྨོད་ཅིང་སྐུར་པ་འདེབས་པ་ནི། དམ་ཚིག་མ་ཤེས་པ་ཡང་ཡིན་ལ། ཐེག་པ་ཆེན་པོ་སྤོང་པར་བྱེད་ཅིང་། དམ་པའི་ཆོས་ཀྱི་དགྲར་གྱུར་པ་རྣམས་ཀྱི་གྲོགས་བྱེད་པ་ཡིན་པས། དེ་ནི་དགེགས་རྣམས་གྱིས་རླབས་པར་གྱུར་པ་ཡིན་ལ། སྒྲལ་བའི་ཞིང་ཁུད་པར་གྱུར་པ་ཡང་ཡིན་ནོ། །རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲ་བ་ལས། ཐེག་པ་ཆེན་པོ་སྨོད་པ་དང་། །མི་གང་གསང་སྔགས་རྒྱུད་དག་གི །སྦྱོར་བ་ལ་ནི་འཕྱ་བྱེད་པ། །དེ་ནི་རྟག་དུ་གདོན་གྱོས་གཟིན། །བསྒྲིམས་ཏེ་གསད་པར་བྱ་བའམ། །ཡང་ན་གནས་ནས་སྤོ་བར་བྱ། །ཞེས་གསུངས་པ་ལྟ་བུའོ། །དེ་ལས་ཀྱང་བྱེ་བྲག་དུ་ནི་གང་དག་གསང་སྔགས་གི་སྒོར་ལེགས་པར་ཞུགས་སྟེ། དམ་ཚིག་ཅན་གྱིས་བྱས་བའི་རྗེས་སུ། དད་པའི་རྩ་བ་ཞན་པས། རང་གི་འདོད་པ་ཕྲ་མོའི་ཕྱིར། དམ་ཚིག་གི་ར་བ་འདྲལ་སྟེ། སློབ་དཔོན་གྱི་སྐུ་ལ་སྨོད་ཅིང་། རྡོ་རྗེ་མཆེད་ལྕམ་ལ་འཁུ་བར་བྱེད་པ་རྣམས་ནི། བསྒྲལ་བའི་ཞིང་ཁུད་པའི་ནང་ན་ཡང་ཁུད་པ་སྟེ། ཀུན་གྱིས་དོན་དུ་གཉེར་བར་འོས་ཤིང་། མཁའ་འགྲོ་མ་རྣམས་ཀྱིས་སྙིང་ཁྲག་དྲང་པར་བསྐོས་པ་ཡིན་ནོ། །ཐབས་ཀྱི་ཞགས་པ་ལས། ལྷ་མོ་བློ་ལྡན་ཚོགས་ཀྱི་བདག །ཧེ་རུ་དཔལ་ལ་ཕྱག་འཚལ་ལོ། །སློབ་དཔོན་ལ་ནི་བརྙས་བྱེད་དང་། །རྣལ་འབྱོར་བར་དུ་གཅོད་པ་དང་། །དམ་ཚིག་གཉན་པོ་དྲལ་བྱེད་དང་། །རྡོ་རྗེ་སྤུན་ལ་འཁུ་བ་རྣམས། །ཁྱེད་ཀྱིས་རྡུལ་དུ་རླགས་ནས་ནི། །གནོད་སེམས་མ་ལུས་གཏན་ནས་ཕྱུང་། །ཞེས་མཁའ་འགྲོ་མ་ལ་བསྒོ་བ་མཛད་དོ། །ཟླ་གསང་ལས་ཀྱང་། དཔལ་རྡོ་རྗེ་གདོན་མི་ཟ་བས། རྡོ་རྗེ་མཁའ་འགྲོ་མ་སུམ་བཅུ་རྩ་གཉིས་རྡོ་རྗེ་ལང་ཀའི་བདག་པོ་དང་བཅས་པ་ལ། དམ་ཚིག་ཕོག་པའི་དུས་སུ། དེ་ལྟ་བུའི་གང་ཟག་རྣམས་ལ། སྙིང་ནས་ཁྲག་ཆེན་དྲང་བར་བྱོས་ཅིག་ཅེས་བསྒོ་བ་མཛད་དོ། །དེ་ལ་དམ་ཚིག་ཉམས་པ་ལ་སྐུལ་བ་འདི་ཡང་ཤིན་ཏུ་ཡང་སྟེང་དུ་བྱུང་ནས་ཐབས་མེད་པར་གྱུར་ན་བྱ་དགོས་པ་ཡིན་གྱི། ཕལ་ཆེར་བཏང་སྙོམས་སུ་བཞག་ན་བསྟན་པ་ལ་ཡང་མི་གནོད་། རང་ལ་ཡང་བག་ཆགས་ངན་པ་བསོག་མི་སྲིད་པས། ཕྱིས་དམ་ཚིག་མི་བསྲེ་བར་བཏང་སྙོམས་གཞག་པར་རིགས་སོ། །ཇི་སྐད་དུ་བསྟན་པ་འདི་དག་ནི། ཐབས་ཀྱིས་ཟིན་པའི་ཚུལ་ཡིན་ལ། གལ་ཏེ་གང་ཟག་གཟུ་ལུམ་ཅན་ཐོས་པས་རྒྱགས་པ་རྣམ་པར་སྨིན་པ་ལ་མི་ལྟ་བ། ཐབས་མཁས་པས་འཛིན་མི་ཤེས་པ་རྣམས་ཀྱིས་གདུག་སེམས་དྲག་པོ་དང་། སྲོག་ཆགས་མང་པོའི་སྲོག་ལ་ལོངས་སྤྱོད་ཅིང་། བབ་ཆོལ་དུ་སྤྱོད་ན་འཆིང་བར་འགྱུར་བས། དེ་ལྟ་བུའི་དོན་དུ་ཐབས་བསྡུས་པ་ཅིག་ལ་བརྟེན་པར་བྱའོ། ། དེ་ལ་མི་མ་ཡིན་པའི་གནོད་སྦྱིན་ཕོ་མོ་རྣམས་སྒྲུབ་པ་པོ་ལ་གྲོགས་བྱེད་པ་ཡང་། དེ་དག་གི་ལས་ཀྱི་དབང་གིས་སེམས་ཅན་ཀྱི་སྲོག་དང་ཤ་ཁྲག་ལ་དགའ་ཞིང་ཚིམ་པར་གྱུར་པ་ཡིན་ཡང་། རྒྱལ་བ་རྣམས་ཀྱིས་སྨེ་གཏོར་སྣ་ཚོགས་དང་། ཚོགས་མཆོད་ཀྱི་ཕ་འཕབ་བྱིན་པ་ཡིན་པས་དེ་ཉིད་ཀྱིས་ཆོག་སྟེ། ལྷག་པར་སྲོག་ལ་མི་སྟེན་དུ་མི་རུང་པ་ཡང་མེད་དོ། །སེམས་ཀྱི་གདུག་སེམས་ཆེན་པོ་སྐྱེས་པའི་གཉེན་པོར་ནི་ཤིན་ཏུ་གདུག་པ་རྒྱ་ཆེ་བར་སྐྱེད་པས། བྱིན་རླབས་ཀྱང་ཆེ་སྐྱོན་ཡང་ཞི། དགེ་བ་ཡང་འཕེལ་ཏེ། དཔེར་ན་འཇིག་ཚོགས་ལ་ལྟ་བ་ནི་འཁོར་བའི་ཉེས་པ་ཐམས་ཅད་ཀྱི་གཞི་ཡིན་མོད་ཀྱི། བླ་ན་མེད་པར་བྱང་ཆུབ་དུ་སེམས་བསྐྱེད་པ་རྣམས་ཀྱིས། འཇིག་ཚོགས་ལ་ལྟ་བ་རི་རབ་ཙམ་དུ་བསྐྱེད་དེ་སེམས་ཅན་ཐམས་ཅད་བདག་གིར་བཟུང་ནས། སེམས་ཅན་ཀུན་གྱི་གནོད་པ་བསལ་པར་བྱའོ། །བདེ་བ་སྒྲུབ་པར་བྱའོ། །བདུད་འདུལ་བར་བྱའོ། །མི་འདུལ་བའི་འགྲོ་བ་ཚར་གཅད་པར་བྱའོ། །ཞེས་སྙིང་སྟོབས་ཆེན་པོ་བསྐྱེད་ན། བདག་དང་བདག་གིར་ལྟ་བ་ཇི་སྲིད་པ་དེ་དག་བྱང་ཆུབ་ཀྱི་རྒྱུ་ཁོ་ན་སྟེ། ཚོགས་ཆེན་པོར་འགྱུར་བ་དེ་བཞིན་དུ། སྒྲུབ་པ་པོ་དགྲ་ལ་སྡང་བ་སྐྱེས་ཤིང་། བདག་ལ་ཆགས་པ་སྐྱེས་པ་དེ་དག་གིས་ཀྱང་། ཆགས་སྡང་དེ་བས་རླབས་ཆེ་ཞིང་རྒྱ་ཆེ་བར་བསྐྱེད་དེ། འདི་ལྟར་བདག་ནི་རྣལ་འབྱོར་སྒྲུ་པ་པོ་སྟེ། སངས་རྒྱས་ཀྱི་བཀའ་རྗེས་སུ་སྐྱེས་པ་ཡིན་པས། བདག་གིས་སངས་རྒྱས་ཀྱི་བསྟན་པ་སྲུང་པར་བྱའོ། །སྡང་པའི་དགྲ་བགེགས་འདི་དག་སྒྲལ་བར་བྱའོ། །དཀོན་མཆོག་ལ་མ་དད་པ་རྣམས་ཡང་སྐྱོང་བར་བྱའོོ། །དད་པ་ཐམས་ཅད་འདུན་པ་སྐྱེད་པར་བྱའོོ། །བསྟན་པའི་སྲོག་ཤིང་གཟུགས་པར་བྱའོ། །ཇི་ལྟར་ཉི་མའི་དལ་གཅིག་གིས་གླིང་བཞི་ཆར་གྱི་མུན་པ་བསལ་བ་བཞིན་དུ། བདག་གཅིག་པུས་ཆོས་ཀྱི་རྒྱལ་མཚན་ཆེན་པོ་འབར་བ་རབ་ཏུ་སྦྲེང་སྟེ། འགྲོ་བ་རྣམས་ལ་འོད་སྣང་བར་བྱའོ། །ཞེས་ཆགས་སྡང་གི་སྙིང་སྟོབས་ཆེན་པོ་རི་རབ་ཙམ་བསྐྱེད་པས། ཆགས་སྡང་ཁོ་རེ་ཆུང་བ་རྣམས་ཀྱི་སྒྲིབ་པ་རང་ཞི་བར་འགྱུར་རོ། །དངོས་གྲུབ་ཀྱི་རྒྱུའི་གཙོ་བོ་སྙིང་སྟོབས་ཡིན་པའི་ཕྱིར། འདི་ལྟ་བུའི་ལྷག་པའི་བསམ་པ་ཅན་དམ་ཚིག་ཅན་ཐམས་ཅད་ཀྱིས་དགོངས་པར་འགྱུར་བས། མཐུ་དང་བྱིན་རླབས་ཆེ་བར་འགྱུར། བྱང་ཆུབ་ཀྱི་སེམས་བརྟན་ཞིང་ཚོགས་ཆེན་པོར་འགྱུར་བས། བླུན་པོ་གཟུ་ལུམ་ཅན་རྣམས་ཀྱིས་ཀྱང་ཐབས་གཅིག་པོ་འདི་ལ་འབད་པས་རྟེན་ཅིག །ཡོང་ནི་འདི་ལྟར་ཐབས་ཀྱིས་ཟིན་པར་སྤྱོད་ན། དགེ་སློང་ཚུལ་ཁྲིམས་དག་པ་རབ་ཏུ་བྱུང་པ་ཡིན་ཀྱང་། རྡོ་རྗེ་བླ་མ་དམ་པ་ལ་རྟེན་ནས་དལ་དུ་ཞུགས་སྟེ། དབང་ཚུལ་བཞིན་དུ་ཐོབ་པ་མན་ངག་དང་ལྡན་པ། གསང་སྔགས་ཀྱི་དམ་ཚིག་གཙོར་བྱེད་པ། གསང་པ་དང་བཅས་པར་སྤྱོད་པ་རྣམས་ཀྱིས་སྤྱད་ཀྱང་། སྡོམ་པ་འཇིག་པར་མ་མཐོང་སྟེ། གང་གི་ཕྱིར་ཇི་ལྟར་གོང་དུ་བསྟན་པ་བཞིན་དུ། ལུས་ཀྱི་ལས་སུ་གྱུར་བ་སྦྱོར་བ་དང་པོ་དངོས་གཞིའི་གཉིས་ཀ་མེད་པའི་ཕྱིར། ངག་གི་རྫུན་གཞི་ནས་མེད་པའི་ཕྱིར་དང་། སྔགས་ཀྱི་ཚིག་རྩུབ་མོ་བཟླས་པ་དང་། ལུས་ཀྱིས་སེམས་ཅན་གྱི་འདྲ་གཟུགས་ཕྱག་རྒྱས་བཤིགས་པ་དང་། ས་བོན་ལ་སོགས་པ་སྦྱིན་སྲེག་བྱས་པ་ལྟ་བུ། སྡོམ་པ་དང་འགལ་བ་ཆ་མངོན་པ་ཡོད་ཀྱང་། གོང་དུ་བསྟན་པ་བཞིན་དུ། དེ་དག་ཀྱང་ཕྱག་རྒྱའི་ལས་ཡིན་ཏེ་ཐ་མལ་པའི་ལས་མ་ཡིན་པས། ཕྱག་རྒྱའི་ལས་སུ་བཀག་པའམ་སྐབས་ཕྱེ་བ་ནི། འདུལ་བ་ན་ཡང་མེད་དེ་དེའི་ཡུལ་མ་ཡིན་པའི་ཕྱིར་རོ། །རིགས་སྔགས་ཀྱིས་འདུལ་བའི་རིམ་པར་ཕྱེ་བ་ལས། ཐ་མལ་བའི་སྤྱོད་པར་བྱ་རུང་བ་མ་ཡིན་པའི་དངོས་པོ། སེམས་ཅན་འདྲ་བ་མི་བཤིག་པ་དང་། ས་བོན་དང་རྩི་ཤིང་རློན་པ་ལྟ་བུ་མཚོན་གྱིས་མི་གཅད། མེས་མི་སྲེག་སྨན་གྱིས་མི་བྱུག་པར་གསུངས་པ། དགྲ་བགེགས་གདུལ་པའི་ཕྱིར་ཕྱག་རྒྱའི་བརྟུལ་ཞུགས་བླངས་པས་བྱར་གནང་ངོ་། །རབ་ཏུ་བྱུང་བས་བྱར་མི་རུང་པ་དཀག་པ་ཡང་མེད་ལ། ཤིན་ཏུ་གྲུབ་ཐག་ཉེ་བར་བསྟན་པ་ནི་ཡོད་སྟེ། ཇི་སྐད་དུ། ཁྱིམ་པས་ཀྱང་ནི་གྲུབ་འགྱུར་ན། །རབ་དུ་བྱུང་པ་སྨོས་ཅི་དགོས། །ཞེས་གསུངས་པ་ལྟ་བུའོ། །དེ་བས་ན་ཐབས་ཀྱིས་ཟིན་ན་རབ་ཏུ་བྱུང་པས་ཀྱང་སྤྱད་དུ་རུང་པར་མཐོང་ངོ་། །གལ་ཏེ་གསང་པའི་རྡོ་རྗེ་ཐེག་པར་མ་ཞུགས་ཅིང་དབང་དམ་ཚིག་དང་མི་ལྡན་པར་དྲག་ཤུལ་གྱི་སྤྱོད་པའམ། སྡོམ་པ་དང་འགལ་ན་ཡང་འགལ་སྙམ་པའི་སྤྱོད་པ་ནི། གང་ཟག་ཐམས་ཅད་ཀྱིས་ཀྱང་རུང་བ་མ་ཡིན་ལ། ཤིན་ཏུ་ཡང་རབ་ཏུ་བྱུང་བ་རྣམས་ཀྱིས་རུང་བ་མ་ཡིན་ཏེ། གང་གི་ཕྱིར་རབ་ཏུ་བྱུང་པ་རྣམས་ནི་སྡིག་ཏོ་མི་དགེ་བའི་ཆོས་སྤང་ཞིང་། ཞི་བའི་སྤྱོད་པས་འཇིག་རྟེན་གསུམ་པོ་འདུལ་བའི་ཚུལ་དུ། བསྟན་པ་དང་བསླབ་པ་དང་སྡོམ་པ་ཐམས་ཅད་ཀྱི་གཞི་དང་རྟེན་དུ་བསྟན་པ་དེའི་ཕྱིར། གསང་སྔགས་ཀྱི་ཆོས་ལ་ཐོས་པ་ཆུང་པ་ལ་ལ་དག །གཤིན་རྗེ་དང་མ་མོ་སངས་རྒྱས་ཀྱི་བཀའ་ལ་གནས་པར་མ་མཐོང་སྟེ། འདི་དག་ཐམས་ཅད་དམ་ཚིག་མེད་པའི་འགྲོ་བ་ཁོ་ན་ཡིན་ནོ་སྙམ་དུ་བསམ་པར་མི་བྱ་སྟེ། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་ཏན་ཏྲ་ལས། ཆོས་ཀྱི་རྒྱལ་པོ་ལྟ་སྨོས་ཀྱང་ཅི་དགོས་ཀྱི། དེའི་འཁོར་ན་སེམས་ཅན་འཆི་བ་ཐམས་ཅད་ཀྱི་དུས་སུ་ལེན་པར་བྱེད་པའི། དུས་ཀྱི་ཞགས་པ་དང་། སྐྱེས་བུ་ནག་པོ་དང་།ཀུན་གྱི་དཔལ་འཕྲོག་པའི་དཔལ་མེད་མ་དང་། ཀུན་ལ་བྱུར་དགོད་པའི་སྣ་ནག་མ་རྣམས་ཀྱིས་ཀྱང་། བ་ཀ་བན་གྱི་ཞལ་མཐོང་། སྲོག་གི་སྙིང་པོ་ཕུལ། དམ་ཚིག་སྡོམ་པ་བླངས། རང་རང་གི་སྒྲུབ་ཐབས་བཤད་ནས། འདི་ལྟར་སྒྲུབ་པ་ལ། ལ་ལས་ནི་ལས་ཀྱི་རྣམ་སྨིན་པས་འཆི་བ་མ་གཏོགས་པ་དེའི་དྲུང་དུ་མི་གྲོ་བར་ཁས་བླངས། དེ་བཞིན་དུ་ལ་ལས་ནི་འཕགས་པ་ལ་ཁ་ཟེར་བ་མ་གཏོགས་པ། ལ་ལས་ནི་ཕ་མ་ལ་མ་གུས་ཅིང་སྡང་པ་མ་གཏོགས་པར་ཁས་བླངས་སྟེ། དེ་ལ་འདིའི་ལོ་རྒྱུས་ནི་གཤིན་རྗེས་དང་པོ་མ་ལ་རྡོག་པ་རྒྱབ་པས། སྡིག་གྲིས་རྐང་པ་ཆད་དེ་ཚབ་ལྕགས་ཀྱིས་བྱས་པས་ལྕགས་ཀྱི་རྐང་པ་ཅན་ཞེས་བྱ། དེ་ནས་འགྱོད་པ་སྐྱེས་ནས་ཕ་མ་ལ་གུས་པར་བྱས་ནས། ཕ་མ་ལ་སྡང་བ་རྣམས་ལ་སྡིག་གྲི་དགོད་པ་བྱུར་སྣ་ནག་མ་འོང་པས་སྡིག་གྲི་མི་འབབ་པ་མེད་དོ་ཞེའོ། །དེ་ལྟ་བ་དག་ཀྱང་དམ་ཚིག་ཅན་ཡིན་པས། སྔགས་ཀྱི་ཕྱག་རྒྱ་དང་སྲུངས་མ་རྣམས་ལ་སུ་ཡང་ཁ་ངན་དང་སྤྱོས་ལོང་མ་འདོགས་ཤིག །རང་རེའི་བགེགས་དང་རྣམ་སྨིན་གཉིས་ཀའི་སྒོ་ནས་ཆད་པས་གཅོད་པའི་གནས་སུ་གྱུར་ཏ་རེ། ལ་ལ་དག་འདི་སྐད་དུ། མཐུས་བསད་པ་དང་། ལག་གིས་བསད་པ་གཉིས་བཙུན་མི་བཙུན་མི་འདྲ་བ་མ་གཏོགས་པ། སྡིག་པ་འདྲ་མོད་ཟེར་བ་དག་ཀྱང་ཡོད་ཏེ། འདི་ལྟར་ལག་གིས་བསད་ན་ནི། བྱང་ཆུབ་ཀྱི་སེམས་སྤངས་པ། སངས་རྒྱས་ཀྱི་བསྟན་པ་བཤིག་པ་དང་། སྐྱེ་བོ་ཡོངས་ཀྱི་ངན་དམིགས་དྲངས་པ། དཀར་པོའི་ཕྱོགས་ཐམས་ཅད་ཀྱི་ཉམས་སྨད་པ། ནག་པོའི་ཕྱོགས་ཐམས་ཅད་ཀྱི་གཟེངས་བསྟོད་པ་ཡིན། སྡིག་པའི་དངོས་པོ་ཡང་མི་ཤེས་པའི་སྡིག་ལས་བཅུར་འགྱུར་གྱིས་ཆེ་བར་བཤད་པ་འདི་ལྟ་བ་དང་ནི། མཐུའ་སྨུ་ཐོམ་བབ་ཆོལ་དུ་བྱས་པ་ཡང་ཚད། བསྒྲེ་བ་ནི་རྒྱ་ཤུག་གི་རི་ལུ་དང། རི་བོའི་ཚད་དུ་ཡང་གཞག་པའི་འོས་སུ་མ་མཐོང་སྟེ། བབ་ཆོལ་ཐ་མར་བཞག་ཀྱང་བཀའ་ལ་རྟེན། སྒོ་གསུམ་ཕྱག་རྒྱས་བཏབ་སྟེ། སྔགས་དང་ཕྱག་རྒྱ་དང་། ཏིང་ངེ་འཛིན་དང་མཆོད་པ་ལ་ཞུགས། ལུས་ཀྱི་དངོས་གཞི་དང་སྦྱར་བ་དཀག །བྱང་ཆུབ་ཀྱི་སེམས་བཟུང་། ནག་པོའི་ཕྱོགས་སྨད། སྐྱེ་བོ་ཡོངས་ཀྱི་ངན་དམིགས་བཀག་པ་ཡིན་ནོ། །ཆོས་པས་དྲག་ཤུལ་སྤྱད་པར་བསྟན་པའི་ཡི་གེ་འདི། །རུ་ལག་སྨད་ཀྱི་དགེ་བསྙེན་ཧཱུཾ་གར་བས། །ཁྱིམ་ཐབས་སྤངས་སྟེ་ཉན་བསམ་སྒོམ་པར་བརྩམས་པ་ལས། །སྐྱེ་བོ་ངན་པའི་མི་རིགས་གནོད་པ་མང་བྱུང་ནས། །དྲག་ཤུལ་སྤྱད་པར་བརྩམ་མམ་མི་བརྩམ་ཐེ་ཚོམ་སྐྱེས། །ཡལ་བར་བཏང་ན་བདག་དང་ཆོས་པ་ཀུན་ལ་གནོད་པར་མཐོང་། །སྤྱད་ན་ཕྱི་མར་རྣམ་སྨིན་འབྲས་བུ་ལྕི་ཡིས་དོགས། །རྟོག་པའི་དྲ་བར་ཚུད་ནས་ཚུལ་འདི་བདག་ལ་དྲིས། །དེ་ཡི་རྟོག་པའི་དྲ་བ་ཕྲ་མོ་གཅད་པའི་ཕྱིར། །ལུང་དང་རིགས་པ་གཏན་ཚིགས་འདི་དག་ཡི་གེར་བཀོད། །ཆོས་པ་གང་དག་ཡི་གེ་འདི་དང་འཕྲད་པ་རྣམས། །ཐབས་ཀྱིས་ཟིན་པའི་སྒོ་ནས་བསྟན་པ་གཟུང་པར་མཛོད། །རོང་ཟོམ་ཆོས་ཀྱི་བཟང་པོས་བྱས་པ། རྫྭོགསྭ་སྷོ། ཨཱི་ཐཱི། མཆོག་གི་དབང་ཕྱུག །དོན་ཡོད་རྡོ་རྗེ། ཡང་འབྱུང་གནས་བཟང་པོ། ལྷ་མཛད་བཟང་པོ། འཇམ་དཔལ་ཡེ་ཤེས། པན་ཏི་ཏ་བདུན་ལ་གོ་བཏེག་བྱས༼རོང་ཟོམ་ཆོས་ཀྱི་བཟང་པོས།༽་འགར་ཚུལ་ཁྲིམས་བཟང་པོ། སེ་སྟོན་དབང་ཕྱུག །གཞོན་ནུ་གཉིས་རྩ་བའི་བླ་མའོ། ། མར་པ་དོ་པ། གུ་རུབ་ལོ་ཚ་བ། རྒྱ་རྒྱ་ལུ་ཚུ་ལེ། ཡང་ཀའི་མདར་སྟོན་འབྱུ་ཤེ །ཡང་ཁྱེར་བླ་མ། མཆིམས་གོ་ཆ། རྣམས་ཀྱིས་རྩོད་མ་ཐུབ་ནས་བཏུད་པ་ཡིན་ནོ། །