དོལ་པོ་པ་ཤེས་རབ་རྒྱལ་མཚན

ཡོང་ཁུངས་Wikipedia
Jump to navigation Jump to search

དོལ་པོ་པ་ཤེས་རབ་རྒྱལ་མཚན་(༡༢༩༢-༡༣༦༡)བསྡུས་མིང་དོལ་པོ་པ་ནི་ཇོ་ནང་པ་གྱི་དགེ་སློང་ཞིག་རེད།

ཇོ་ནང་པའི་བླ་མ་ཞིག རབ་བྱུང་ལྔ་པའི་ཆུ་འབྲུག་ལ་འཁྲུངས། རབ་བྱུང་དྲུག་པའི་ལྕགས་གླང་ལ་འདས། ཁོང་དང་པོ་ས་སྐྱའི་ཆོས་བརྒྱུད་པ་ཡིན་ཀྱང་། དགུང་ལོ་སོ་གཅིག་པར་ཇོ་ནང་དུ་ཕེབས་ནས་ཀུན་སྤངས་པའི་སློབ་མ་མཁས་བཙུན་ཡོན་ཏན་རྒྱ་མཚོ་ལས་དུས་འཁོར་གྱི་དབང་ཁྲིད་གསན། དེ་ནས་བཟུང་ཇོ་ནང་པའི་ཆོས་བརྒྱུད་དུ་ཞུགས། དགུང་ལོ་སོ་ལྔ་པ་ལ་ཇོ་ནང་གི་གདན་ས་བཟུང་ནས་སྐུ་འབུམ་མཐོང་གྲོལ་ཆེན་མོ་བཞེངས། རབ་བྱུང་དྲུག་པའི་ཤིང་ཁྱི་ལོར་ཐུགས་སྲས་ས་བཟང་མ་ཏི་པཎ་ཆེན་དང་། ལོ་ཙཱ་བ་བློ་གྲོས་དཔལ་གཉིས་དུས་འཁོར་རྒྱུད་ཀྱི་བོད་འགྱུར་ལ་ཞུ་དག་མཛད་དུ་བཅུག་ཅིང་། འགྲེལ་ཆེན་དྲི་མེད་འོད་ཀྱི་ཊི་ཀ་དང་དོན་བསྡུ་མཛད། གཞན་ཡང་ཇོ་ནང་པའི་ལུགས་ཀྱི་གཞུང་ངེས་དོན་རྒྱ་མཚོ་དང་། བཀའ་བསྡུ་བཞི་པ། རྒྱུད་བླའི་ཊི་ཀ། མངོན་རྟོགས་རྒྱན་གྱི་འགྲེལ་པ། བསྟན་པའི་སྤྱི་དོན། དབང་བསྐུར་ཆོ་ག་དང་སྒྲུབ་ཐབས། རྩིས་གཞུང་སོགས་མང་དུ་བརྩམས་ནས་ཇོ་ནང་པའི་གྲུབ་མཐའ་རྒྱ་ཆེར་སྤེལ།