དེབ་ཐེར་སྔོན་པོ་སྨད་

ཡོང་ཁུངས་Wikipedia

༨.༧ འཚུར་ཕུའི་གདན་རབས་ཀྱི་སྐབས། འཚུར་ཕུའི་གདན་སའི་རིམ་པ་ནི། རྗེ་དུས་གསུམ་མཁྱེན་པས་དགོན་པ་བཏབ། འགྲོ་དོན་བསྐྱངས་ནས་གཤེགས་པའི་འོག་ཏུ་ལྷོ་ལ་ཡག་པས་གདན་ས་ལོ་གཉིས་གསུམ་གྱི་བར་དུ་མཛད། དེ་རྗེས་དུས་གསུམ་མཁྱེན་པའི་སློབ་མ་སྟོད་ལུངས་གྲིམ་པ་དང་རང་བྱུང་སངས་རྒྱས་ཀྱིས་གདན་ས་མཛད། དེ་རྗེས་དུས་གསུམ་མཁྱེན་པའི་སློབ་མ་གྱ་བ་གངས་པས། དེ་རྗེས་རྒྱ་མཚོ་བླ་མས་ལོ་གཉིས་གསུམ་གྱི་བར་དུ་བཞུགས། དེ་རྗེས་རིན་ཆེན་གྲགས་ཏེ་འདི་གསུམ་ཡུལ་གྱ་བ་པ་ཡིན། ཕྱི་མ་འདི་གདན་སར་བཞུགས་ཐོག་ཀར་མ་པ་ཤི་ཁམས་ནས་བྱོན་ནས་གདན་ས་མཛད། དེ་རྟིང་ཀར་མ་པའི་སྣག་དབོན་ཡིན་པ་ཞིག་གིས་གདན་ས་བསྐྱངས་ཏེ་དབོན་རིན་པོ་ཆེ་ཟེར། དེ་རྗེས་ཀར་མ་པའི་རུ་སེ་དབོན་བླ་མ་གནས་ནང་བ། དེ་རྗེས་ཀར་མ་པའི་མཆེད་ཡ་གཙུག་ཏོར་སྐྱབས་ཀྱི་སྲས་ཨ་དབང་ཡེ་ཤེས་དབང་ཕྱུག །དེའི་སྲས་བླ་མ་བཀྲ་ཤིས་འབུམ་པས་གདན་ས་གཟུང༌། དེ་རྗེས་བཀྲ་ཤིས་འབུམ་པའི་མཆེད་ཡ་དབོན་པོ་ཨ་དཔལ་གི་སྲས་ཆེ་བ་བླ་མ་དབང་རིན། འདིའི་ལག་ནས་ཚད་མ་པཎྚི་ཏས་བླངས་ནས་ཟླ་བ་དྲུག་གདན་ས་གཟུང་སྟེ་གཤེགས། ཡང་བླ་མ་དབང་རིན་གྱིས་ལོ་འགའ་གདན་ས་གཟུང་བ་ལ། བླ་མ་གནས་ནང་བའི་དབོན་པོ་བླ་མ་རིན་ཆེན་དཔལ་ཞེས་བྱ་བ་ཆོས་རྗེ་རང་བྱུང་རྡོ་རྗེས་བསྐོས་ནས་གདན་ས་བླངས། འདི་ལ་བླ་མ་ནག་པོ་ཞེས་ཀྱང་བྱ། དེ་རྗེས་ཁོང་གི་ཕ་སྤུན་བླ་མ་ཆོས་བྱང༌། དེ་རྗེས་ཨ་དཔལ་གྱི་སྲས་གཉིས་པ་བླ་མ་ཆོས་རྒྱལ་གྱིས་ཡུན་རིང་བར་བཞུགས། འདི་ལ་དང་པོར་ཆང་གུའི་གུམ་གྱིས་ལས་ཀ་གསེར་གྱི་ཐམ་ཁ་ཤེལ་གྱི་ཐོ་ཤུ་དང་བཅས་པ་བྱུང༌། དེ་རྗེས་ཀོན་ཏིང་གུ་ཤྲཱིའི་ཤེལ་གྱི་ཐམ་ཁ། འཇྭ་ས་འཁོར་མ་དང་བཅས་པ་བྱུང༌། འདི་གཤེགས་རྗེས་ཁོང་རང་གི་མཆེད་ཡ་ཆོས་བློས་གདན་ས་དང་ལས་ཀ་གཟུང༌། དེ་གཤེགས་རྗེས་ཁོང་རང་གི་གཅུང་པོ་དཀའ་ཐུབ་ཀྱི་བུ་ཆེ་བ་རིན་པོ་ཆེ་ཀུན་དགའ་བློ་གྲོས་པས་གདན་ས་དང་ལས་ཀ་ལོ་བཅོ་ལྔ་ཙམ་གཟུང་ནས། མཆེད་ཡ་ཆོས་ཀྱི་འོད་ཟེར་ལ་གཏད། འདིས་ལོ་ཉི་ཤུ་རྩ་བཞི་གདན་ས་དང་ལས་ཀ་གཟུང༌། དེ་གཤེགས་རྗེས་དེའི་མཆེད་ཡ་བླ་མ་བསོད་ནམས་རྒྱ་མཚོའི་སྲས་ཆེ་བ་འཇམ་དབྱངས་དོན་གྲུབ་འོད་ཟེར་གྱིས་གདན་ས་དང་ལས་ཀ་གཟུང་སྟེ། འདིས་གདན་ས་མཛད་ཐོག་ཏུ་ཆོས་རྗེ་དེ་བཞིན་གཤེགས་པ་གོང་དུ་ཐེགས་ནས་གསེར་གྱི་ཐམ་ཁ། ཀོན་ཏིང་ཏའི་གུ་ཤྲཱིའི་ལས་ཀ་ཀའོ་མིང་དང་བཅས་པ་ཕྱག་ཏུ་ལོན་གདན་ས་ལོ་བཞི་བཅུ་ཞེ་གསུམ་མཛད། དེ་རྗེས་ད་ལྟར་གྱི་གུ་ཤྲཱི་བ་འདིའོ། །འཚུར་ཕུའི་གདན་རབས་ཀྱི་སྐབསསོ། ། ། ། ༨.༨ སྤྲུལ་པའི་སྐུའི་རིམ་པ་གཉིས་པའི་སྐབས། སྤྲུལ་པའི་སྐུ་བརྒྱུད་པའི་རིམ་པ་གཉིས་པ་བརྗོད་པར་བྱ་སྟེ། རྗེ་བཙུན་ཏིལླི་པའི་སློབ་མ་ཁོལ་བོ་དགའ་ཞེས་བྱ་བ་ལས་སྐུ་ཚེ་འཕོས་ནས། ནཱ་རོ་པའི་སློབ་མ་ཛ་ལན་དྷ་རར་སྐྱེས་པའི་བྲམ་ཟེ་ཀུན་རིག་ཅེས་བྱ་བ་ཞིག་ཏུ་གྱུར། དེ་བལ་པོར་གཞོན་ནུ་གསང་ཆོས་དུ་གྱུར་ཏེ། དེས་སྔགས་ཀྱི་མན་ངག་མང་དུ་ཐོས་ཏེ། དེ་ནས་བསམས་པ། སྔགས་ཀྱི་ཚུལ་ལས་སྔགས་ལམ་མ་བརྟེན་པར་སངས་རྒྱས་ཉིད་དུ་མི་འགྲུབ་ལ། སྔགས་ཀྱང་བླ་མ་ཁོ་ན་ལ་རག་ལས་པར་གསུངས་ན། བླ་མ་དམ་པ་དང་མཇལ་བར་སྨོན་ལམ་གདབ་ཅིང་གསན་པའི་ཚེ། ནགས་སུ་མེ་ཏོག་འཐུ་རུ་ཕྱིན་པ་ན་སྤྲིན་གྱི་གསེབ་ན་གནས་པའི་གཞོན་ནུ་མ་རྒྱན་དུ་མས་བརྒྱན་པ་ཞིག་གིས། བུ་བུ་བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས། །རྒྱལ་བས་ལུང་བསྟན་བོད་ཅེས་གྲགས་པའི་ཡུལ། །དེར་སོང་ཁྱོད་ཀྱི་འདོད་པ་གྲུབ་བྱེད་དེ། །བདེ་གཤེགས་ཉིད་སྤྲུལ་ཁྱོད་ཀྱིས་མཐོང་བར་འགྱུར། །ཞེས་ལུང་བསྟན་དུ་བྱུང་བས། རང་གི་བླ་མ་རྒྱ་གར་ཕྱག་ལ་གསོལ་པས། དེས་གནང་ནས་བྱང་ཕྱོགས་སུ་ཕྱིན་པས། དགེ་བའི་བཤེས་གཉེན་མང་པོ་དང་མཇལ་བས་དད་པ་རབ་ཏུ་འཕེལ་བས་སྨོན་ལམ་ཡང་མང་དུ་བཏབ། དེ་ནས་རྗེ་བཙུན་མི་ལ་དང་མཇལ་ཏེ་ཕྱག་མང་དུ་བཙལ། མཆི་མ་བླགས་ཞབས་ལ་གཏུགས་ཏེ་སྨོན་ལམ་བཏབ་པས། རྗེ་བཙུན་མི་ལས། ཁྱོད་ནི་ཁ་བ་ཅན་ལྗོངས་འདིར། །ཡང་ཡང་སྐྱེ་ཞིང་ཆོས་སྤྱོད་དེ། །མི་ལས་འདས་ཀྱང་མི་གཟུགས་ཀྱིས། །འགྲོ་བ་འདྲེན་པ་རྣམས་དང་འཕྲད། །གང་ལ་ཡིད་ནི་རྩེ་གཅིག་པ། །སྔོན་གྱི་བསོད་ནམས་མཐུས་བསྐྱེད་དེ། །ངེས་པར་དེ་འབྲས་མྱུར་སྨིན་ཞིང༌། །འདོད་གྲུབ་སླར་གྲུབ་བྱེད་པ་ཉིད། །ཅེས་བྱ་བ་ལ་སོགས་པ་ལུང་བསྟན་མང་དུ་མཛད། དེ་ནས་བལ་བོད་ཀྱི་ས་མཚམས་སུ་དཀའ་ཐུབ་ལ་གནས་པ་ལས་སྐུ་ཚེ་འཕོས་ཏེ། དབུ་རུ་སྟོད་དུ་ཕ་དགེ་བསྙེན་འབྱུང་སོང་དང༌། ཡུམ་སྒྲོལ་མ་འབུམ་གྱི་སྲས་སུ་མེ་ཕོ་བྱི་བ་ལ་འཁྲུངས། རྗེ་སྒམ་པོ་བ་ཁུ་དབོན་གྱི་སྤྱན་སྔར་བྱོན་ཏོ། །ལོ་བཅུ་དགུ་ལ་ཁུ་དབོན་གྱི་དྲུང་དུ་ཆིག་རྫོགས་མཛད། མཚན་ཚུལ་ཁྲིམས་དཔལ་དུ་གསོལ། བཀའ་གདམས་ཀྱི་དགེ་བའི་བཤེས་གཉེན་མང་པོ་དང༌། རྗེ་རས་ཆུང་པ་སོགས་བླ་མ་མང་དུ་བསྟེན། གཙོ་བོར་རྗེ་ཁུ་དབོན་གཉིས་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་སྐྱེས་པས་རྩ་བའི་བླ་མར་གཟུང༌། ཆོས་རྗེ་དུས་གསུམ་མཁྱེན་པ་རྗེ་དྭགས་པོ་ཁུ་དབོན་དང་མཇལ་དུ་བྱོན་པའི་ཚེ་ཁོང་ལ་དད་པ་དཔག་ཏུ་མེད་པ་སྐྱེས། ཆོས་ཀྱང་མང་དུ་ཞུས། དེ་ཡང་སོ་བདུན་པ་ཆུ་ཕོ་བྱི་བའི་ཚེ་གཤེགས། དེའི་སྐུ་སྐྱེ་དགེ་སློང་ནམ་མཁའ་འོད་ནི། རུ་མཚམས་ཀྱི་སའི་ཆར་ཡབ་དགོན་པ་དོན་གྲུབ་བླ་མ་དང༌། ཡུམ་ལྷ་མོ་ལྕམ་གྱི་སྲས་སུ་ཆུ་མོ་གླང་གི་ལོ་ལ་འཁྲུངས། ཆུང་ངུ་ནས་སྔོན་གྱི་བླ་མ་དྲན་ཞིང་དད་པ་སྐྱེས་ཏེ། ལོ་བརྒྱད་དགུ་ལ་ཆོས་རྗེ་དུས་གསུམ་མཁྱེན་པ་ལ་ཕུལ། ལོ་བརྒྱད་དགུ་ཕྱགས་ཕྱིར་འབྲལ་མེད་དུ་བསྡད། གདམས་པ་དང་རྗེས་སུ་གདམས་པ་དཔག་མེད་མཛད། བྱིས་པའི་སྤྱོད་པ་མེད་པར་མོས་གུས་ཀྱིས་བླ་མ་བརྟེན་ཞིང་གདམས་པ་རྩད་བཅད་པས་རྗེ་ཤིན་ཏུ་མཉེས་པར་གྱུར། ཆོས་རྗེ་ཁམས་སུ་གཤེགས་རྗེས་གངས་དཀར་དང༌། སེ་མོ་དོ་དང༌། ཁ་རག་དང༌། ཐང་ལྷ་ལ་སོགས་པའི་དབེན་པ་རྣམས་སུ་བསྒོམས། མཚམས་བར་དུ་འགྲོ་མགོན་ཞང་དང༌། ལྷོ་པ་དང༌། སྐྱེར་སྒང་བ་དང༌། གླིང་ལ་སོགས་པ་དམ་པ་མང་དུ་མཇལ་ཞིང་གདམས་པ་གསན། ཁྱད་པར་བདེ་གཤེགས་སྟག་ལུང་ཐང་བ་ལ་དད་པ་རབ་ཏུ་ཐོབ་ནས་ཆོས་ཞུས། གཙོ་བོར་སྒྲུབ་པ་ཁོ་ན་བྱས། དེ་ནས་ཆོས་རྗེ་དབུས་སུ་ཕེབས་ནས་གདམས་པ་ལྷག་མ་དང་རྗེས་སུ་གདམས་པ་དཔག་ཏུ་མེད་པ་གནང༌། དེ་ནས་ལོ་བཅུ་བདུན་དུ་མཚམས་འབའ་ཞིག་བྱས། གྲུབ་པའི་རྟགས་མཚན་ཀྱང་འགའ་རེ་རྙེད་པར་གྱུར། དྲུག་ཅུ་རྩ་བདུན་པ་ས་མོ་ལུག་ལ་གཤེགས། དེའི་སྐུའི་སྐྱེ་བ་བཀྲ་ཤིས་གྲགས་པ་ནི། ཡུམ་མདོ་ཁམས་སུ། ཡབ་འཕགས་པ་རྟ་མཆོག་གི་རྣལ་འབྱོར་པ་དབང་ཕྱུག་ལེགས་པ་དང༌། ཡུམ་སྒྲོལ་མ་འཚོའི་སྲས་སུ་ལྕགས་ཕོ་སྤྲེའུ་ལ་འཁྲུངས། སྐུ་སྐྱེ་སྔ་མའི་དད་པས་མཚམས་སྦྱར་ནས། དབུས་སུ་ཕེབས་ནས་སྟག་ལུང་པ་སྐུ་ཡལ་བ་ལ་གདམས་པ་ཞུས། ཤིན་ཏུ་དགྱེས་པར་མཛད་དེ་ཆོས་མཐའ་ཆོད་པར་གནང༌། སངས་རྒྱས་ཡར་བྱོན་གྱིས་ཀྱང་ཐུགས་རྗེས་གཟུང་ནས་ལོ་མང་པོར་སྒྲུབ་པ་མཛད། ཆོས་རྗེ་ཀར་མ་པ་དང་མཚམས་ཁོངས་སུ་མཇལ། དད་པ་དཔག་ཏུ་མེད་པ་སྐྱེས་ཏེ། ཁྱོད་སྔོན་དུས་གསུམ་མཁྱེན་པའི་སློབ་མ་ཡིན། སྐྱེ་བ་ཕྱི་མ་ཁོ་བོའི་སློབ་མར་འགྱུར། ད་ལྟ་ཉམས་ལེན་དངོས་གཞི་འདི་ལྟར་གྱིས་ཞེས་གདམས་ངག་གནད་བཀྲོལ་ཏེ་གནང༌། དགུང་ལོ་བརྒྱད་ཅུ་རྩ་གསུམ་པ་ཆུ་ཕོ་རྟ་ལ་གཤེགས། དེ་ནས་དེ་མ་ཐག་ཏུ་སྤོམ་པོར་གྱི་སའི་ཆར། ཕ་ཚན་ཤ་འབུ་གཉིས་ལས་ཤ།གདུང་རུས་དབྲང་གུ། ཡབ་སྟག་ཆུང་དང༌། ཡུམ་ཨ་རྒོད་གཟའི་སྲས་སུ་ཆུ་མོ་ལུག་གི་ལོ་ལ་རྟོགས་ལྡན་གྲགས་པ་སེང་གེ་བལྟམས་ཡབ་ཡུམ་སྲས་གསུམ་གྱིས་བླ་མ་སྟོན་བྱང་བ་ལ་དབང་ཞུས་པས། ཡེ་ཤེས་ཕབ་པའི་དུས་སུ་ཡུམ་གྱིས་ལུས་ཀྱིས་གར་དང་ངག་གིས་སཾ་སྐྲྀ་ཏ་མང་པོ་མཛད། ཡེ་ཤེས་མཁའ་འགྲོ་མ་ཡིན་གསུང༌། དགུང་ལོ་ལྔ་ནས་སྒྲོལ་མའི་ཞལ་གཟིགས་པ་དང༌། བྱིས་པའི་དུས་ཉིད་ནས་མངོན་པར་ཤེས་པ་ཐོགས་མེད་དུ་བྱུང༌། དགུང་ལོ་བཅུ་གསུམ་ལ་རྗེ་ཁོལ་བའི་སློབ་མ་བློ་གྲོས་གྲགས་པའི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་མནོས། དེར་ཁོང་གི་དྲུང་དུ་ལོ་གཉིས་བཞུགས། དེ་ནས་ཁ་ཐུན་ཤེས་པ་ཅིག་གི་སར་སྐྱལ་ནས་བསྙེན་པ་ལ་བརྩོན་པར་མཛད་པས་དགྲ་ལ་ཡང་རྟགས་མང་པོ་བྱུང༌། དགུང་ལོ་བཅུ་བདུན་པ་ལ་བླ་མ་ཡེ་ཤེས་སེང་གེའི་དྲུང་དུ་དགོན་པ་སྤོམ་དུ་རབ་ཏུ་བྱུང༌། ལྷན་སྐྱེས། ཇོ་མོ་ཧྲཱིཿབསྐྱེད་དང་བ་བསྐྱེད་གསན། ཡེ་ཤེས་སེང་གེ་བ་དེ་རྒྱ་ཕོ་བ་ལུང་བའི་སློབ་མ་ཡིན། རྒྱ་ཕོ་བ་ལུང་བས་དུས་གསུམ་མཁྱེན་པ་ལ་ཞུས། བླ་མ་དེ་རྣམས་ཀྱི་དྲུང་དུ་གདམས་པ་མང་དུ་ཞུས། ཁྱད་པར་ཡེ་ཤེས་སེང་གེ་བ་ལ་ཐབས་ལམ་གྱི་ཁྲིད་ཞུས་པས་དྲོད་ཁྱད་པར་ཅན་སྐྱེས། ན་བཟའ་རས་རྐྱང་རེས་ཆོག་པས་དབྲང་གུ་རས་པར་གྲགས། དེའི་ཚེ་བེར་ནག་ཅན་ཡང་ཞལ་གཟིགས། ཆོས་སྐྱོང་གིས་དབུས་སུ་འབྱོན་པར་ལུང་བསྟན། དེ་ནས་དབུས་སུ་བྱོན་ནས་པོ་ཏི་ཅིག་ཀྱང་སློབ་སྙམ་ནས་ཡབ་ལ་འགྲོ་བར་ཞུས་པས་མ་གནང་བས། གསངས་ནས་རྟ་བཟངས་ཞིག་དང་གསེར་དངུལ་དུ་མ་ཅིག་བསྣམས་ཏེ། འབའ་རི་ཆོས་སང་དང་བསྡོངས་ནས་བྲོས་བྱོན་པས་ལམ་དུ་བར་ཆད་མེད་པར་ཐོན། སོག་ཆུ་ཁར་བེར་ནག་ཅན་གྱིས་ངས་ཁྱོད་ཀྱི་གྲོགས་བྱེད་བྱ་བ་རྨིས་པས་གཉིད་སད་དུས་ཤེས་པ་བདེ་བ་ཅིག་བྱུང༌། དེ་ནས་འཚུར་ཕུར་ས་ཕོ་སྤྲེའུ་ལ་ཕེབས། དེའི་ཚེ་ཆོས་རྗེ་རང་བྱུང་རྡོ་རྗེ་ཀོང་པོས་སྤྱན་དྲངས་ནས་ཀོང་པོ་ན་བཞུགས། དེར་སློབ་དཔོན་ཚུལ་རིན་ལ་གསང་འདུས་ཀྱི་དབང་དང་རྒྱུད་ཚར་གཅིག་ལ་སོགས་པ་མངདུ་གསན། སློབ་དཔོན་བསོད་ནམས་སེང་གེ་ལ་ལྔ་ཚན་ལྔའི་དབང་རྣམས་དང་སྒྲུབ་ཐབས་རྣམས་ཞུས། དུས་གསུམ་མཁྱེན་པའི་ཕྱག་དྲིལ་ཡིན་ཟེར་བ་ཅིག་ཀྱང་གནང༌། གནམ་བར་གྱི་སློབ་དཔོན་དབུ་མ་བ་ལ་བདེ་དགྱེས་ཀྱི་དབང་དང༌། ཡོ་གའི་དབང་ཕྱག་ལེན་དབྱངས་བྲི་ཐིག་དང་བཅས་པ་བསླབས། དེ་ནས་གསང་ཕུར་བྱོན་ནས་བླ་ཆོས་བ་འཇམ་དབྱངས་ཤཱཀ་གཞོན་དང༌། ཟུར་ཆོས་པ་སློབ་དཔོན་བློ་གྲོས་མཚུངས་མེད་ལ་གཏུགས་ནས་མཚན་ཉིད་ཀྱི་སྡེ་སྣོད་ས་སྡེ་ལྔ་དང༌། བྱམས་ཆོས་ལྔ་དང༌། ཚད་མ་རྣམ་ངེས་དང༌། སྡུད་པ་དང་སྤྱོད་འཇུག་ལ་སོགས་པ་མང་དུ་ཞུས། ཁྱད་པར་ཕར་ཕྱིན་གྱི་ཊཱི་ཀ་ཅིག་བརྩམས་པ་སློབ་དཔོན་བློ་གྲོས་མཚུངས་མེད་ཀྱིས་གཟིགས་པས་ལེགས་པོ་བྱུང་འདུག་ནའང་སྒྲོས་འཛིན་མི་ནི་མི་འོང་ཞོག་གསུང་ནས་རྩོམ་འཕྲོ་བཞག །དེ་ནས་ཆོས་རྗེ་རང་བྱུང་རྡོ་རྗེ་ཀོང་པོ་ནས་ཕེབས་ཏེ། འཚལ་པ་དགའ་བདེ་གཤེགས་པའི་སྟོན་མོའི་གྲལ་དབུ་མཛད་པའི་སར་ཆོས་རྗེ་མཇལ་དུ་བྱོན། ལོ་བཞི་ན་ཕར་ཕྱིན་གྱི་ཆོས་སྐད་བྱང་བའི་སྙན་པ་ཐོབ། གསང་ཕུར་བཞུགས་དུས་རྒྱ་བྲག་ཆོས་རྗེ་སྙན་པ་ཆེ་བས་མཇལ་དུ་བྱོན་པས། ཞལ་མཐོང་བ་ཙམ་གྱིས་སྣང་བ་འགྱུར་ནུས་པ། སྟོང་ཉིད་སྙིང་རྗེ་འབྱོངས་པ། སྤྱན་སྔར་བསྡོད་པ་ལ་ཏིང་ངེ་འཛིན་སྐྱེ་བ་ཅིག་འདུག་པ་ཤིན་ཏུ་མོས་ཏེ། ཞི་བྱེད་མཐའ་བྲལ་གསུམ་གྱི་གདམས་པ་ངོ་སྤྲོད་དང༌། དབུ་མ་ལུགས་ཀྱི་སེམས་བསྐྱེད་ཞུས། གསང་ཕུར་ཀུན་དྲིལ་བས་ལོ་བདུན་བཞུགས། སྒྲོས་གསར་རྙིང་གི་ཆགས་ལྡང་ལ་སྐྱོ་བ་སྐྱེས་ནས། ཆོས་རྗེའི་དྲུང་ནས་སྐུངས་ན་དཔོན་སློབ་བཅུ་ཙམ་བཞུགས་སར་བྱོན་པས། ཆོས་རྗེའི་ཞལ་ནས། མདང་བེར་ནག་ཅན་གྱིས་སླེབ་བྱུང༌། ཁྱེད་ལ་ཆོས་སྐྱོང་འཁོར་བ་འདུག་གསུང༌། དེ་ལོ་ཆོས་རྗེས་བདེ་ཆེན་སྟེངས་བཏབ། དེར་སྤྱིལ་བོ་མ་གྲུབ་པས་ཆོས་དྲུག་གི་ཁྲིད་ཞུས་ནས་དབྱར་དེ་སེང་གེ་ལུང་དུ་བསྒོམས་པས་ཉམས་བཟང་པོ་འཁྲུངས། ལུང་པ་ཆུས་གང་བའི་སྣང་བ་བྱུང་བ་ཆོས་རྗེ་ལ་ཞུས་པས། ཆུའི་རླུང་ཟིན་པ་ཡིན་མོད་གསུང༌། དགུན་བདེ་ཆེན་དུ་བསྒོམས་པས་སྒྱུ་ལུས་དང་རྨི་ལམ་ལ་རྩལ་ཐོན་པར་བྱུང་བས། སྟོད་ཧོར་གྱི་དམག་སྐད་ཆེན་པོ་བྱུང་ཡང་དམག་མཚོ་མ་དྲོས་པ་ནས་ལོག་པ་གཟིགས་པ་བཞིན། ཟླ་བ་ཕྱེད་ན་དམག་མི་དགོས་པའི་སྐད་ཆ་བྱུང༌། རྨི་ལམ་དུ་ཨུ་རྒྱན་དུ་བྱོན་པས་ཇི་ལྟ་བ་བཞིན་དུ་གཟིགས་པ་ཡང་དང་ཡང་དུ་བྱུངབས། ཨུ་རྒྱན་དུ་ཕྱིན་ལ་གྲུབ་ཆེན་ཨུ་རྒྱན་པ་ལྟ་བུ་ཞིག་བྱ་དགོངས་ནས། ཆོས་རྗེ་ལ་ཞུས་པས། ཉམས་མྱོང་གི་རྟ་རྒོད་བྱ་བ་མཚར་གསུང་པ་ཙམ་མ་གཏོགས་རྟོལ་མི་རྟོལ་གང་ཡང་མི་གསུང༌། དེ་ནས་ཆོས་རྗེ་སྟོན་ཁ་ཅིག་སྙེ་མོར་སྤྱན་དྲངས་པའི་ཕྱགས་ཕྱིར་བྱོན། །དེར་ཕྱི་ཕྱག་བྱས་ནས་གཙང་ཕྱོགས་ལ་བྱོན། །ཇོ་མོ་ནང་དུ་བྱང་སེམས་རྒྱལ་ཡེས་དང་མཇལ། ང་ཆོས་རྗེའི་གྲྭ་པ་ཡིན། མིང་གྲགས་པ་སེང་གེ་ཟེར། ད་ཨུ་རྒྱན་དུ་འགྲོ་བ་ལགས་ཞུས་པས། རྒྱ་གར་གྱི་བསྟན་པ་ནུབ། ཏུ་རུའི་ཥྐའི་བར་ཆད་འོང་བས་མ་འབྱོན་གསུང༌། ཁོང་ལ་དད་པ་ཐོབ་ནས་མི་འགའི་ཞོར་ལ་དུས་འཁོར་དབང་གོང་མ་ཞུས་ནས། སྦྱོར་དྲུག་གི་སོར་སྡུད་ཞུས་ཏེ་བསྒོམས་པས་རྟགས་རྣམས་རྫོགས་པར་བྱུང་བ་སོགས་ཞུས་པས། རྗེས་དྲན་ལ་སླེབ་ནས་གདའ། སྔར་བསྒོམས་སམ་གསུང་བ་ལ། ཆོས་རྗེ་རང་བྱུང་བའི་དྲུང་དུ་ཁྲིད་མང་དུ་ཞུས་པ་དང༌། ཁྱད་པར་སྙིང་ཐིག་ཞུས་པས་ཀྱང་རྟགས་རྣམས་མཐོང་ཞུས་པས། ཅིག་ཆར་བའི་རིགས་སུ་འདུག་གསུང༌། དེ་ནས་བྱང་སེམས་པ་ཕུག་མོའི་བྲག་ཏུ་བཞུད་སར་ཕྱགས་ཕྱིར་བྱོན། ལོ་གཅིག་བཞུགས་པས་སྦྱོར་དྲུག་གི་ཁྲིད་རྫོགས་པར་གནང་ཞིང༌། རྒྱ་གཞུང་མང་པོའི་ལུང་དང་གཞན་ལ་སྟོན་ཅིག་པའི་བཀའ་གནང་ཀྱང་བྱུང༌། དེ་ནས་ས་སྐྱར་བྱོན་པའི་ནུབ་ཅིག་རྨི་ལམ་དུ་སྒྲོལ་མའི་གསུང་གིས་ཨུ་རྒྱན་དུ་མི་ཐོན་བྱ་བ་བྱུང་བས། ཨུ་རྒྱན་དུ་འབྱོན་པའི་སྤྲོས་པ་བཅད། དེ་ནས་ཤྲཱི་རི་དང་མི་ལའི་རྫོང་དྲུག་ལ་ཐེགས་པའི་ལམ་དུ་ལོ་ཙཱ་བ་བློ་གྲོས་བརྟན་པ་དང་མཇལ་ནས། ཞག་ཤས་བཞུགས་ཏེ་དོན་དམ་བསྙེན་པ་དང༌། སྒྲུབ་ཐབས་རྒྱ་མཚོའི་ལུང་ཞུས། ས་སྐྱའི་གོང་གི་འབྲི་ལྕམ་བྱ་བའི་རི་ཁྲོད་ཅིག་ན་ཁམས་པ་སྦྱོར་དྲུག་པ་ལས་རྒྱ་མཛད་པས་སྐུ་མདངས་ཤིན་ཏུ་ལེགས་པ་ཅིག་ལ་རྩ་རླུང་གི་གདམས་པ་ཁ་ཡར་གསན། དེ་ནས་ཤྲཱི་རིར་ཕེབས་ནས་རྒོད་ཚང་དུ་བཞུགས་པའི་ཚེ། ཆོས་རྗེས་ཇོ་མོ་གངས་ལ་བཞུགས་ནས་མགུར་མཛད་པ་གསལ་པོར་གསན་པའང་བྱུང༌། དེར་མནལ་ལམ་དུ་ཆོས་རྗེ་རྒོད་ཚང་བ་དང་མཇལ་ནས་ཆོས་ཀྱི་གསུང་གླེང་མང་དུ་མཛད། དེ་ན་རྗེ་བཙུན་མི་ལའི་ཞབས་རྗེས་ཀྱི་སྟེང་ན་རྒོད་ཚང་བའི་ཞབས་རྗེས་ཡོད་པ་ཞིག་ཀྱང་གཟིགས། ཤྲཱི་རིའི་བྱང་ན་གྲུབ་ཐོབ་འདམ་པ་ཞིག་པོ་བཞུགས་པ་ལ་ཆོས་འབྲེལ་ཞུས། དེ་ནས་རྫོང་དྲུག་ལ་བྱོན་ནས་བྲག་དཀར་དང་ཁུ་བྱུག་དབེན་པ་རྫོང་དང་བྲག་དམར་གསུམ་དུ་ཤས་ཆེར་བཞུགས་ཤིང༌། གཞན་རྣམས་སུ་ཡང་གནས་འབྲེལ་རེ་མཛད། རྗེ་བཙུན་དང་ཡང་མནལ་ལམ་དུ་མཇལ་ཞིང་མགུར་གསུངས། ཐུགས་དམ་ཀྱང་ཤིན་ཏུ་འཕེལ། དེ་ཕྱོགས་སུ་ལོ་གསུམ་བཞུགས། འཕགས་པ་ཝ་ཏི་ཡང་མཇལ། དེ་ནས་ཕྱིར་ལོག་སྟེ་ཆོས་རྗེའི་འཁྲུངས་སར་ཡང་བཞུགས་ཤིང༌། དིང་རིར་ཡང་བྱོན། དེ་ནས་སྦུ་ཏྲར་བྱོན་པས་གྲུབ་ཆེན་པའི་སྐུ་སྐྱེ་བཙུན་ཆུང་ལོ་བཅུ་གསུམ་ལོན་པ་དབང་པོ་དྭངས་པ་ཅིག་འདུག་པ་ལ་ཡང་ཆོས་འབྲེལ་གསན་ཞིང༌། མཁན་ཆེན་བསོད་ནམས་འོད་ཟེར་ལ་ཡང་ཆོས་ཞུས། དེར་དཔོན་ཆེན་དབོན་པོ་ཏིང་འཛིན་བཟང་པོ་དང་མཇལ། གསེར་སྲང་གང་ཁོང་གིས་ཕུལ། དེ་ནས་བདེ་ཆེན་དུ་ཆོས་རྗེའི་དྲུང་དུ་ཕེབས། ལོ་རིལ་པོ་ལྔའི་བར་དུ་བདེ་ཆེན་དུ་ཐུགས་དམ་ལ་བཞུགས་ཤིང་ཆོས་མང་དུ་གསན། མཁན་ཆེན་གཞོན་ནུ་བྱང་ཆུབ་དང་སློབ་དཔོན་བཀྲ་ཤིས་རིན་ཆེན་ལ་སོགས་པ་ལས་བསྙེན་པར་རྫོགས། མཁན་པོ་ལ་ཆོས་འགར་ཡང་གསན། དེར་ཚོགས་གྲལ་ཅིག་ཏུ་འོད་གསལ་གྱི་ངང་དུ་དྭགས་ལྷ་སྒམ་པོའི་རི་དང་དྭགས་པོ་ལྷ་རྗེ་འཇའ་འོད་ཀྱི་དཀྱིལ་ན་བཞུགས་པ་གཟིགས་པའི་མོད་ལ་སྔོན་གྱི་གནས་རྗེས་སུ་དྲན་པར་གྱུར་ཏེ། སྐུ་སྐྱེ་སྔ་མ་རྣམས་གསལ་བར་གཟིགས་ཤིང་དེའི་མགུར་ཡང་གསུངས། འོད་སྟོན་དང་གཡམ་བཟངས་པ་གཉིས་ཀྱང་དེ་དུས་ནས་སློབ་མ་ཡིན་ཚུལ་ཡང་གསུངས། སྐབས་ཤིག་ཏུ་ཆོས་རྗེ་རང་བྱུང་བ་བསྙུངས་ནས་འོ་སྐོལ་ལ་གཙང་ཕྱོགས་ན་གཏད་བྱེད་མི་འདུག་པས། ཁྱེད་རྟོགས་ལྡན་རྣམས་ཀྱིས་རིམ་གྲོ་མཛོད་གསུང་ནས། རིམ་གྲོའི་རྒྱུ་སོ་སོར་གནང་ནས། ལ་ལས་ཚེ་སྒྲུབ། ལ་ལས་རྣམ་འཇོམས་སོགས་མཛད་ཀྱི་འདུག །ངེད་ཚུལ་བློ་གཉིས་ཀྱིས་གཤིན་རྗེའི་བཟློག་པ་ལ་ཞུགས་པས། ཟླ་གཅིག་སོང་བ་དང་ས་སྐྱ་མན་ཆད་འོད་གསལ་གྱི་སྣང་བ་ལ་ཤར་བ་ལ། སྔགས་དགོན་ཅིག་ན་མོན་བུ་མང་པོ་ཀུ་ལྷང་ལྷང་ངུ་བའི་སྒྲ་ཐོས་པས། སང་དྲུང་དུ་ཕྱིན་ནས་མཐུ་མཁན་ཀུན་ལ་ཅིག་བྱུང་ཡོད། འོད་གསལ་གྱི་སྣང་བ་ལ་འདི་འདྲ་བྱུང་ཞུས་པས། སློབ་དཔོན་རྡོ་རྗེ་སེང་གེའི་ཉེ་གནས་ཤིག་བལྟར་བཏང་བས་མཐུ་བྱེད་ཀྱི་དགོན་པ་ན་དམར་ནད་རྒྱབ་ནས་སྔགས་པ་འགའ་ཤི་འདུག་ཟེར་བ་བྱུང༌། རྗེ་རིན་པོ་ཆེ་ཡང་སྐུ་ཁམས་དྭངས་གསུང༌། དེ་ནས་རྟོགས་ལྡན་ཡེ་རྒྱལ་དང༌། མཁན་པོ་ཚུལ་བློ་དང༌། སྟོན་པ་དང༌། ལྷ་རྗེ་གཡམ་བཟང་བ་ལ་སོགས་ཉི་ཤུ་ཙམ་ལ་ལྔ་ཚན་ལྔའི་དབང་བསྐུར། དབང་བསྐུར་བ་ལ་དེ་སྔ་བ་ཡིན། དེ་མན་ཆད་ནས་དབང་དང་ཁྲིད་ཀྱི་སྒོ་ནས་གཞན་དོན་རྒྱ་ཆེན་པོ་མཛད། ཆོས་རྗེ་ཀོང་པོ་ནགས་ཕུའི་དགོན་པ་འདེབས་པར་འབྱོན་ཁར། བདེ་ཆེན་གྱི་གདན་སར་ནན་གྱིས་བསྐོས་པ་ལ། བཀའ་བཅག་ནས་མ་མཛད་པས། དུས་ཕྱིས་རང་གི་ཡང་འཁོར་རྣམས་མི་ཉན་པ་ཅིག་བྱུང་གསུང༌། རིག་འཛིན་ཀུ་མཱ་ར་རཱ་ཛ་ལ་རྫོགས་ཆེན་གསང་སྐོར་ལ་སོགས་གསན། དེ་ནས་ཕུག་མོའི་རི་ཁྲོད་དུ་བཞུགས། དེ་ནས་གསང་ཕུར་བླ་མ་སྟོན་དར་ལ་ནཱ་རོ་མཁའ་སྤྱོད་སྐོར་ཞུས། བྱིན་གྱིས་བརླབ་པའི་ལུང་བསྟན་བྱུང་བས་དེ་ལ་ཐུགས་དམ་གྱི་མཐིལ་མཛད། ར་ཚག་ཏུ་བྱོན་ནས་ཇོ་མོ་ལ་མཆོད་པ་ཕུལ་བས་བྱིན་རླབས་ཀྱི་སྣང་བ་མང་པོ་བྱུང༌། རྡོ་རྗེ་གདན་གྱི་ངོར་ལྷ་ས་དང༌། ཨུ་རྒྱན་གྱི་ངོར་ར་ཚག་འདི་ཡིན་པས་འདུག་གསུང༌། ཕུག་མོ་ཆེར་ལོ་ལྔ་བཞུགས། དེ་ནས་འཚུར་ཅ་རའི་ཕུར་དུས་གསུམ་མཁྱེན་པའི་སློབ་མ་གྲུབ་ཐོབ་ཆུ་སྒོམ་མ་བསམ་གཏན་རྒྱན་གྱིས་བཏབ་པོའི་རི་ཁྲོད་རྟ་ཕུག་མཁའ་འགྲོའི་གླིང་དུ་བྱོན་པས། གནས་ནང་གིས་དཔྱད་ལེགས་པར་གཟིགས། ནུབ་ཅིག་མནལ་ལམ་དུ་ཆུ་སྒོམ་མ་ནམ་མཁའ་ལ་བྱོན་ནས། ས་ཆ་ཕག་རུ་དགོན་པ་བཏབ་ན་འགྲོ་དོན་ཆེན་པོ་འོང༌། ང་སྐྱེ་བ་དམན་པས་མ་ཐེབས་པ་ཡིན་པས། མིང་པོས་ཐེབས་པས་ཐོབ་གསུང་ནས་མི་སྣང་བར་གཤེགས། དེར་སྤྲེའུ་ལོ་ལ་དགོན་པ་བཏབ་དགོངས་པ་ལ་ནུབ་ཅིག་སྒྲོལ་མ་རྒྱན་ངན་ཞིང་ཞལ་ལ་ཐལ་བ་ཆགས་པ་ཅིག་གཟིགས་པས། དེ་ལོ་རྩིས་ལ་མ་བཏུབ་པ་སྐད་བྱས་བཤོལ། བྱ་ལོ་ནས་གནས་ནང་བཏབ། འདེབས་དུས་བེར་ནག་ཅན་གཟིམས་ཁང་འོག་མའི་ས་དེར་ཁལ་ཐམས་ཅད་ཕོག་སོང་བས་དེར་གཟིམས་ཁང་བཏབ། ཟླ་བ་ཕྱེད་དང་གཉིས་ན་དགོན་པ་ཐེབས་ཏེ་དགེ་འདུན་ཡང་བརྒྱ་ལྷག་ཙམ་ཚོགས། ཐམས་ཅད་ཐུགས་དམ་ལ་བརྩོན་པས། ནཱ་རོ་ཆོས་དྲུག་དང་སྦྱོར་དྲུག་ལ་རྟགས་ཐོན་པ་མང་དུ་བྱུང༌། རི་ཁྲོད་འདིར་མི་རབས་གསུམ་དུ་ཐུགས་དམ་འཕེལ་བར་འོང༌། དེ་ནས་ཐོང་གཤོལ་འཛིན་པ་འོང་གསུང་བའི་ལུང་བསྟན་མཛད། དེར་འགྲོ་དོན་ཡུན་རིང་དུ་མཛད་ནས་གཟིམས་ཁང་སྟོན་པ་ལ་གཏད། ཁྲིད་ཁོང་འདེབས་སུ་བཅུག་ནས་གཟིམས་ཁང་ཡང་དགོན་བཏབ་སྟེ། དེར་ལོ་གཅིག་ཏུ་སུ་དང་ཡང་མི་མཇལ་བའི་སྒྲུབ་པ་མཛད། དེ་རྟིང་ཕོ་བྲང་ནས་ཆོས་རྗེ་རིན་པོ་ཆེས་བདེ་ཆེན་དུ་བསྡོད་གསུང་བའི་གསེར་ཡིག་པ་བྱུང་བས་བདེ་ཆེན་དུ་བཞུགས། དེར་གཟིམས་ཁང་ལེགས་པར་བརྩིགས་ནས་དབྱར་བཞུགས་མཛད་པས་ཅུང་ཞིག་བསྙུང་བ་ལ། གནས་ནང་འཕྲོད་པར་དགོངས་ནས་བྱོན་པས་དེ་མ་ཁད་དྭངས། ཡོས་ལོ་ལ་བདེ་ཆེན་དུ་སྐུ་མཚམས་དམ་པ་མཛད་པའི་ཚེ། ཆོས་རྗེ་རིན་པོ་ཆེ་ཕོ་བྲང་དུ་ཞི་བར་གཤེགས་པ་ཇི་ལྟ་བ་བཞིན་དུ་མཁྱེན། དགུང་ལོ་དྲུག་ཅུ་རྩ་གཅིག་པའི་སྐུ་སྐེག་ལ་ཅུང་ཞིག་གནས་ནང་དུ་མཉེལ་བ་ལ། མདུན་གྱི་ནམ་མཁའ་སྒྲོལ་མ་རྒྱན་བཟང་ཞིང་དྲི་བཟང་གི་ངད་དང་ལྡན་པ་ཅིག་གཟིགས་པས་དྭངས་པར་གྱུར། ཡང་བྱི་བ་ལོ་ཟླ་བཅུ་གཅིག་པ་ལ་བསྙུངས་པས། རྗེ་བཙུན་མ་ལྷན་སྐྱེས་གྲལ་རིམས་སུ་བསྒྲིགས་པའི་བར་བར་ན་བུ་མོ་གཞོན་ནུ་མ་མང་པོ་ཤོན་རྩེ་བ་གཟིགས་པས་དྭངས། དེ་ཡན་ཆད་དུ་ཞིང་ཁམས་མང་དུ་གཟིགས་པ་དང༌། བར་དོ་མངོན་སུམ་དུ་གཟིགས་པས་དེ་དག་གི་དོན་མཛད་པ་དང༌། སྒོམ་ཆེན་པའི་གེགས་མང་དུ་བསལ་བ་ལ་སོགས་པ་རྣམས་ནི་གྲངས་མེད་དོ། །མཐར་དགུང་ལོ་དྲུག་ཅུ་རྩ་བདུན་བཞེས་པ་ས་མོ་གླང་གི་ལོའི་དཔྱིད་ཟླ་ཐ་ཆུང་པ་ལ་བསྙུངས་པའི་ཚུལ་བསྟན། ཚེས་བཅུ་བཞི་ནས་སྐུ་ཁམས་ཞན་དུ་སོང༌། དེར་མཁན་སློབ་ལ་སོགས་རྣམས་ལ་ཞལ་བརྡ་ཞིབ་ཏུ་མཛད། ཕྱག་རྫས་འདི་ལྟར་ཐོང་དང༌། ང་ཚེ་འདི་ལ་འཇའ་ལུས་སུ་འགྲོ་བ་ཅིག་བྱ་བསམས་ནའང་བར་ཆོད་འགས་དེ་མ་བྱུངབས། ད་ངའི་སྤུར་མ་སྦྱང་བར་རྒྱན་དྲུག་གིས་བརྒྱན་ནས་དངུལ་འབུམ་དཀར་སང་ངེ་བ་ཅིག་གི་ནང་དུ་ཞལ་ཤར་དུ་སྟོན་ལ་ཞོག་གསུང་བ་ལ་སོགས་པའི་ཞལ་བཀོད་མཛད་ནས། ཚེས་བཅུ་དགུའི་ཉི་མ་དྲོ་བར་ཁ་ལ་ཞི་བའི་དབྱིངས་སུ་གཤེགསསོ། །ཉི་ཤུ་གསུམ་ལ་གཤེགས་རྫོང་བསྒྲུབས་པའི་ཚེ་མེ་ཏོག་གི་ཆར་ཆེན་པོ་བབ་པ་ཀུན་གྱིས་མཐོང༌། དེའི་ཚེ་སྐུ་སྐྱེ་སྔ་མའི་འབྲེལ་གྱིས་སྟག་ལུང་དུ་ཡང་མེ་ཏོག་གི་ཆར་བབ་ཅེས་གྲག་གོ། །སྐུ་འབུམ་དུ་གདུང་གདན་དྲངས་དུས་སུ་ཡང་ཕྱོགས་ཐམས་ཅད་ནས་འཇའ་ཟུག་ཅིང༌། བཅོམ་ལྡན་འདས་མའི་ཚོགས་མཆོད་བཤམས་པའི་སྟེང་དུའང་འཇའ་རྣམས་འཁྱིལ་ཞིང་བསྡོད་པ་བྱུང་ངོ༌། །འདི་ལ་སྤྱིར་སློབ་མ་མང་ཡང་བུ་ཆེན་བཞིར་གྲགས་པ་ནི། རྟོགས་ལྡན་མགོན་རྒྱལ་བ། འཇམ་དབྱངས་ཆོས་རྡོར་བ། གཡག་སྡེ་པཎ་ཆེན། མཁས་གྲུབ་དར་མ་རྒྱལ་མཚན་པ་དང་བཞིའོ། །དེ་དག་ལས་གཡག་སྡེ་པཎ་ཆེན་ནི། གཡག་སྡེ་བྱེ་མར། ཡབ་ཨ་མི་དཀོན་མཆོག་དཔལ་དང་ཡུམ་སྐྱ་རྒྱལ་ཆོས་སྐྱིད་གཉིས་ཀྱི་སྲས་སུ་ས་མོ་ཕག་ལ་འཁྲུངས། བུ་སྟོན་རིན་པོ་ཆེས་ལོ་དགུ་བཞེས་པའི་ཕག་དེ་ཡིན། ལོ་ལྔ་ལོན་པ་ལ་འབན་པོ་ཆོས་དབང་ལ་ངན་སོང་སྤྱོད་རྒྱུད་ཐུན་ཅིག་གསན། རྟོགས་ལྡན་རིན་སྨོན་དང༌། ཇོ་སྟན་དར་བརྩོན་ལ་ཀློག་ཡིག་བསླབས་ཤིང༌། ཕྱིས་འདུལ་མངོན་ཡང་གསན། མཁན་ཆེན་ཆོས་དཔལ་བ་ལ་དགེ་བསྙེན་དང་བར་མ་རབ་བྱུང་མཛད། འདུལ་བ་ཚར་འགའ་གསན། རས་སྟོན་བསོད་རིན་ལ་དགེ་ཚུལ་མཛད། འདུལ་བའང་གསན། མཁན་ཆེན་འོད་འབྱུང་དང༌། ཞྭ་ཆེན་རིན་འབྱུང་ལས་བསྙེན་པར་རྫོགས། གསང་ཕུ་བ་བློ་གྲོས་མཚུངས་མེད་ལ་རྣམ་ངེས་དང༌། བྱམས་ཆོས་ལྔ། སྤྱོད་འཇུག །ཚད་མ་བསྡུས་པ། སྙན་ངག་དཔག་བསམ་འཁྲི་ཤིང་རྣམས་ཞུས། ཆོས་རྗེ་རང་བྱུང་རྡོ་རྗེ་ལ། རྒྱལ་བ་རྒྱ་མཚོ། ཕག་མོ། བདེ་མཆོག །འཇིགས་བྱེད་དེ། གདན་བཞི་རྣམས་ཀྱི་དབང༌། སྦྱོར་དྲུག །ནཱ་རོ་ཆོས་དྲུག །ལྷན་ཅིག་སྐྱེས་སྦྱོར། སྐུ་གསུམ་ངོ་སྤྲོད་རྣམས་ཀྱི་ཁྲིད། བདེ་མཆོག་རྩ་རྒྱུད། བརྟག་གཉིས། དོ་ཧ། ཟབ་མོ་ནང་དོན། སྐྱེས་རབས་སྔ་ཕྱི་གཉིས་རྣམས་ཀྱི་བཤད་པ། བསྙེན་སྒྲུབ། རས་ཆུང་སྙན་བརྒྱུད། བཅུད་ལེན་ཕྲེང་བ་ལ་སོགས་པ་ཞུས། འཕན་པོ་བཙུན་ཤཱཀ་ལ་གཉན་ལོའི་ཞལ་བཞི་པའི་སྐོར་རྣམས་གསན། རྟོགས་ལྡན་གྲགས་སེང་བ་ལ་ནཱ་རོའི་ཆོས་དྲུག་དང༌། སྦྱོར་དྲུག་དང༌། ལྷན་སྐྱེས་ཇོ་མོའི་བྱིན་རླབས་དང༌། ཕྱག་རྡོར་གཏུམ་པོ་རས་ཆུང་ལུགས་དང༌། གེགས་སེལ་ལ་སོགས་མང་དུ་ཞུས། ལས་སྟོད་དབང་རྒྱལ་ལ་སྦྱོར་དྲུག་དང༌། དབང་མདོར་བསྟན་དང༌། ཉི་ཟླ་སྒྲུབ་པ་དང༌། སྦས་པ་མིག་འབྱེད་ལ་སོགས་པ་ཞུས། རིག་འཛིན་ཀུ་མཱ་ར་རཱ་ཛའི་དྲུང་དུ་རྫོགས་ཆེན་རྒྱུད་འགྲེལ་གྱི་བཤད་པ་དང༌། གཤེད་དམར་གྱི་དབང་དང༌། རྡོ་རྗེ་སྙིང་འགྲེལ་དང༌། བདེ་མཆོག་སྟོད་འགྲེལ་དང༌། དུས་འཁོར་རྒྱུད་ཕྱི་མ་རྣམས་གསན། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ་ལ་རྡོ་རྗེ་རྩེ་མོ་དང༌། ས་སྡེ་ལྔ་དང༌། མངོན་པ་ཀུན་ལས་བཏུས་དང༌། ཐུབ་པ་དགོངས་རྒྱན་དང༌། སྙན་དངགས་མེ་ལོང་དང༌། མཚན་བརྗོད་ལ་སོགས་པ་མང་དུ་ཞུས། གཡུང་སྟོན་པ་ལ་ཡེ་ཤེས་གསང་རྫོགས་ཀྱི་རྒྱུད་གདམས་པ་དང་བཅས་པ། གསང་སྙིང་དབང་དང་བཅས་པ། ཨ་རོའི་གདམས་པ་སྤུངས་སྐོར་དང་བཅས་པ། མཁའ་འགྲོ་སྙིང་ཐིག་གི་དབང་ཁྲིད་ལུང་དང་བཅས་པ། ཨ་རོའི་རྒྱུད་ཆུང་གི་ལུང༌། ཙ་མི་འགྱུར་གྱི་དུས་འཁོར་རྒྱུད་འགྲེལ་གྱི་ལུང་དབང་དང་བཅས་པ། གཤིན་རྗེ་གཤེད་ཀྱི་ལུང༌། མདོ་དགོངས་འདུས། སེམས་སྡེ་མ་བུ་བཅོ་བརྒྱད་ལ་སོགས་པ་ཞུས། བུ་སྟོན་པ་ལ་དུས་འཁོར་ཡོངས་རྫོགས་ཀྱི་དབང་བསྐུར། རྒྱུད་འགྲེལ་གྱི་བཤད་པ། གསང་འདུས་ཀྱི་དབང་དང་མན་ངག་གི་ཁྲིད། རྒྱུད་ཀྱི་བཤད་པ། སྤྱོད་བསྡུས། གྲུབ་པ་སྡེ་བདུན། ཕར་ཕྱིན་རྣམ་ངེས་རྣམས་དང༌། གཤེད་དམར་རྫོགས་རིམ་སོགས་མང་དུ་གསན། འཆིམས་བློ་བཟང་གྲགས་པ་ལ་བསླབ་བཏུས་དང༌། དབུ་མ་འཇུག་པ་སོགས་ཞུས། ཀུན་མཁྱེན་དོལ་བོ་བ་ལ་དུས་འཁོར་རྒྱུད་འགྲེལ་གྱི་བཤད་པ། མཆོག་དབང༌། སྦྱོར་དྲུག་གི་ཁྲིད། ངེས་དོན་རྒྱ་མཚོ་སོགས་མང་དུ་གསན། དཔལ་ལྡན་བླ་མ་དམ་པ་ལ་གུར་རིགས་བསྡུས་ཀྱི་དབང༌། དབུ་མ་ལུགས་ཀྱི་སེམས་བསྐྱེད། ལམ་འབྲས་ལ་སོགས་གསན། སྤྱིར་བླ་མ་བརྒྱ་རྩ་བརྒྱད་བསྟེན་ཞིང༌། ལ་ལར་ཆོས་ཐུན་རེ་ཙམ་དང༌། ལ་ལར་སྒྲུབ་ཐབས་ཆ་རེ་ཙམ་རེ། ལ་ལར་མདོ་རྒྱུད་དགོངས་འགྲེལ་རྒྱ་ཆེན་པོ་གསན། སྐུ་ཚེའི་སྟོད་ལ་ཡོ་བྱད་སྲབ་པ་བྱུང་བ་ལ། སྐྱེས་མཆོག་བསམ་གཏན་དཔལ་ལ་གདམས་པ་ཞུར་བྱོན་པས། ཁོང་གིས་ལོངས་སྤྱོད་ཀྱི་རྟེན་འབྲེལ་བསྒྲིགས་པས་ལེགས་པར་འགྲིག་སྟེ། ན་ནིང་བར་ངའི་ཁས་སྐྱོ་བོ་མ་རྙེད། ད་ནི་སྐྱོ་བོས་ངའི་ཁ་མི་རྙེད་པར་འདུག་གསུང༌། དེ་ལྟར་རྟེན་འབྲེལ་ཕུན་སུམ་ཚོགས་པ་དང་ལྡན་པས་ཨེ་བྃ་གི་དགོན་པ་བཏབ། མངོན་པར་ཤེས་པ་དང་ལྡན་པས་གཞན་དོན་རྒྱ་ཆེར་མཛད། སློབ་མའང་མཁས་ཤིང་ཟབ་མོའི་ཐུགས་དམ་ལ་མངའ་བརྙེས་པ། རི་ཁྲོད་པ་མགོན་པོ་ཡེ་ཤེས་དང༌། གདན་ས་འཇམ་པའི་དབྱངས་ཆོས་མགོན་པ་དང༌། མཁས་གྲུབ་བྱང་ཆུབ་རྒྱལ་མཚན་དང༌། མཁན་ཆེན་སངས་རྒྱས་བློ་གྲོས་པ་ལ་སོགས་པ་མང་དུ་བྱོན་ཞིང༌། ཉིན་ཅིག་ཆོས་ཐུན་རེ་ཙམ་གསན་པ་རྣམས་ལ་ཁ་ཟས་དང་གནང་སྦྱིན་ལ་སོགས་པའི་སྒོ་ནས་རྟེན་འབྲེལ་སྒྲིགས་པས་འགྲོ་བ་མང་པོ་ལ་ཕན་འདོགས་ནུས་པའི་བཤེས་གཉེན་ཆེན་པོའང་མང་དུ་བྱོན། དགུང་ལོ་བརྒྱད་ཅུ་བཞེས་པ་ས་ཕོ་རྟའི་ལོ་ལ་ཞི་བར་གཤེགས། དེའི་རྗེས་ཨེ་བྃ་ན་ཡང་དིང་སང་གི་བར་དུ་དེའི་ཆོས་ཀྱི་ཚུལ་རྒྱུན་མ་ཆད་བར་ཡོད་དོ། །རི་ཁྲོད་པ་མགོན་པོ་ཡེ་ཤེས་ཀྱིས་པཎ་ཆེན་གཤེགས་རྗེས་ཨེ་བྃ་གི་གདན་སར་ཡུན་མི་རིང་བ་ཞིག་བཞུགས་ནས་ཝ་ལ་སྣའི་དགོན་པ་བཏབ། ཆོས་ཁྲིམས་ཤིན་ཏུ་དམ་ཞིང་དགེ་འདུན་ཀྱང་མང་དུ་འདུས། གཞན་དོན་རྒྱ་ཆེར་བསྐྱངས། མཁན་ཆེན་སང་བློ་བས་ཚོགས་ཀྱི་མཁན་པོ་མཛད། དེ་རྗེས་ས་སྟོད་སྨད་མང་པོར་བཞུགས་ནས་ཁྲིད་ཀྱིས་གཞན་དོན་མང་དུ་བསྐྱངས་པས། སློབ་མ་མཁན་ཆེན་རིན་པོ་ཆེ་རྒྱལ་བཟང་བ་ལ་སོགས་བྱོན། ཕྱིས་ཡོལ་རིན་ཆེན་གླིང་བཏབ་ནས་འགྲོ་དོན་མཛད། ཆོས་རྗེ་བྱང་རྒྱལ་བས་ཆོས་འཁོར་གླིང་དུ་ཡུན་རིང་དུ་བཞུགས་ནས། ཕྱི་ཞིག་ན་ཆུ་མིག་དགོན་གསར་དུ་བཞུགས་ཏེ། གཞན་དོན་བསྐྱངས་པའི་སློབ་མ་སློབ་དཔོན་ནམ་མཁའ་གྲགས་པ་ལ་སོགས་པ་ཡིན། འཇམ་དབྱངས་ཆོས་མགོན་པས་ཨེ་བྃ་དུ་གདན་ས་གཟུང་ནས་གཞན་དོན་མཛད་པས་འཇམ་དབྱངས་རིན་རྒྱལ་བ་དང༌། རྐྱང་ཆེན་པ་ཤཱཀྱ་ཤྲཱི་ལ་སོགས་སློབ་མའང་མང་དུ་ཐོན་ནོ། །མཁས་གྲུབ་དར་རྒྱལ་བ་ནི། ཐང་ལྷའི་ཉེ་ལོགས་སུ་ཡབ་བསོད་ནམས་མགོན་དང་ཡུམ་བཀྲ་ཤིས་ཀྱི་མིང་ཅན་གཉིས་ཀྱི་སྲས་སུ་འཁྲུངས་ཏེ། ཡུམ་གྱི་རྨི་ལམ་དུ་རྒྱ་གར་གྱི་རྣལ་འབྱོར་པ་གཅེར་བུ་དར་དཀར་གྱི་ཨངྒ་རག་དང་ཅོད་པན་ཅན། གསེར་གྱི་རྣ་རྒྱན་དང་ལྡན་པ། ཐོད་པ་བདུད་རྩིས་བཀང་བས་ཕྱག་མཚན་པ་ཞིག །བུད་མེད་རྒྱན་གྱིས་བརྒྱན་པ་ལྔ་བརྒྱ་ཙམ་གྱིས་བསྐོར་ནས་གན་དུ་བྱོན་ནས་དབང་བསྐུར། ཆོས་བསྟན། རྫུ་འཕྲུལ་ཀྱང་བསྟན་ནས། འཁོར་རྣམས་གཅིག་ལ་གཅིག་ཐིམ་སྟེ་མཐར་རྣལ་འབྱོར་པ་གཅིག་པུར་གྱུར་ནས་རང་གི་སྨིན་མཚམས་སུ་ཐིམ་པ་རྨིས་པས། ཉམས་བཟང་པོ་རྐྱེན་གྱིས་མི་གནོད་པ་ཞག་བདུན་དུ་བྱུང་ཞིང༌། གཞན་ཡང་ངོ་མཚར་བའི་ལྟས་དུ་མ་བྱུང༌། སྐུ་གཞོན་ནུ་ཉིད་ནས་དད་པ་དང་སྙིང་རྗེ་ཆེ་བ། སྐུ་གསུང་ཐུགས་ཀྱི་རྟེན་ལ་དགའ་བ། དགེ་འདུན་ལ་གུས་པ། རང་སྡིག་པ་མི་སྤྱོད་པར་མ་ཟད་གཞན་བྱེད་པ་མཐོང་ན་ཡང་བཟོད་གླགས་མེད་པས་བཟློག་པར་མཛད་པ་ལ་སོགས་པའི་ཡོན་ཏན་དུ་མ་དང་ལྡན་པ་ཞིག་གོ། །དགུང་ལོ་དྲུག་བདུན་ལ་ཡིག་ཀློག་ལ་མཁས་པར་གྱུར། ཡུམ་རྒྱས་འབྲིང་ལ་སོགས་གཟིགས་པས་ཚིག་དང་དོན་རགས་རིམ་ཐུགས་ལ་བྱོན། བླ་མ་རྨུགས་སངས་པ་རིན་ཆེན་བླ་མ་ལ་སོགས་བསྟེན། ཉིན་ཅིག་བྱིས་པ་ཟླ་བོ་དུ་མ་དང་བཅས་ནས་མེ་ཏོག་འཐུ་ཞིང་རྩེད་མོ་ལ་བྱོན་པས། ལུས་བརྡབས་ཏེ་སྣང་བའི་སྡུག་བསྔལ་གྱིས་རྐྱེན་བྱས་ནས་སྐྱབས་སངས་རྒྱས་ཁོ་ནར་ངེས་པའི་ཤེས་པས་སངས་རྒྱས་ལ་སྐྱབས་སུ་སོང་ཞིང༌། ཚེ་རབས་དྲན་པའི་སྐྱོ་བ་སྐྱེས། གླུ་བླངས་པས་ལ་ལ་དག་ངོ་མཚར་དུ་འཛིན་ཅིང༌། ལ་ལ་དག་གདོན་གྱིས་བྱིན་གྱིས་བརླབས་པར་འཛིན། དེ་དང་ཉེ་བར་ཆོས་རྗེ་རང་བྱུང་རྡོ་རྗེ་དང་མཇལ་བས་འཕགས་པ་སྤྱན་རས་གཟིགས་སུ་མཐོང༌། དད་པ་དྲག་པོ་སྐྱེས་ནས་ཕྱགས་ཕྱིར་བདེ་ཆེན་སྟེངས་སུ་བྱོན། ཆོས་རྗེ་མཁན་པོ་དང༌། མཁན་ཆེན་གཞོན་ནུ་བྱང་ཆུབ་པས་སློབ་དཔོན་མཛད་དེ། དགུང་ལོ་བཅུ་དགུ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སྙེ་མདོ་བ་ཀུན་དགའ་དོན་གྲུབ། བླ་མ་ཚུལ་རིན། ཆོས་རྗེ་གྲགས་པ་སེང་གེ། རྒྱ་བྲག་ཆོས་རྗེ། མཁན་ཆེནནམ་མཁའ་རྒྱལ་མཚན། བླ་མ་བསོད་རིན། བྱང་ཆུབ་མགོན་པོ། བསོད་ནམས་སེང་གེ་ལ་སོགས་པའི་མཁས་པ་དང་གྲུབ་པ་དང་བཙུན་པའི་བླ་མ་མང་དུ་བསྟེན་ནས་མདོ་རྒྱུད་བསྟན་བཅོས་དུ་མའི་གསན་པ་རྒྱ་ཆེར་མཛད། ཁྱད་པར་མན་ངག་ལ་གཙོ་བོར་མཛད་དེ་སྒྲུབ་པ་ལ་ཐུགས་གཞོལ་བར་མཛད་ནས་རི་ཁྲོད་དབེན་པ་རྣམས་སུ་གཡེང་བ་རྣམ་པར་བཅད་ནས་བསྒོམས་པས་ཐམས་ཅད་ཀྱང་གུས་པར་གྱུར། དབུ་སྔས་ལ་མི་འཇོག་པ། རྒྱབ་རྟེན་ལ་མི་བརྟེན་པ། ཆུ་དང་རྡོའི་དཀའ་ཐུབ། རླུང་སྦྱོར་ཟབ་མོས་དུས་འདའ་བ་རྣམས་ཀྱིས་བསྒྲུབས་པས་ཉམས་མྱོང་མང་དུ་སྐྱེས། ཁྱད་པར་རྩུབ་ཉམས་ཀྱི་ཤིག་ནད་དྲག་པོ་ལོ་གསུམ། ཐུགས་རླུང་ལོ་གཉིས། འཛག་པའི་གེགས་ལོ་གཅིག་རྣམས་བྱུང་བ་ལ། ཐུགས་དམ་ཁོ་ནས་ཉམས་དེ་དག་ལས་གྲོལ་ནས་ཉམས་རྟོགས་མཆོག་ཏུ་གྱུར་པ་འཁྲུངས། རང་ཉིད་མི་གཡོ་བ་དང༌། གཤིན་རྗེ་གཤེད་དང༌། རྣམ་འཛོམས་ལ་སོགས་པར་གསལ་བས་བགེགས་བཏུལ་བ་དང༌། ཚེ་དཔག་མེད་དང་ཤཱཀྱ་ཐུབ་པ་ལ་སོགས་པའི་དག་པའི་སྣང་བ་མང་པོ་དང༌། གཞན་དག་གི་ཡུལ་དང་རིགས་དང་སྤྱོད་པ་དང་སེམས་ཀྱི་རྣམ་འགྱུར་རྣམས་མེ་ལོང་ལ་ཤར་བ་བཞིན་གསལ་བར་གཟིགས་པ་དང༌། རྫོགས་པའི་རིམ་པའི་ཏིང་ངེ་འཛིན་གྱི་རྩལ་ཕུན་སུམ་ཚོགས་པ་ལ་འབད་པ་མེད་པར་རང་ཉམས་སུ་སྤྱོད་པ་དང༌། ཆོས་རྗེ་རང་བྱུང་རྡོ་རྗེ་དང་རིན་པོ་ཆེ་ཟང་ཟང་ནེ་རིངས་པ་དྲི་མོལ་མཛད་པ་ན་སར་ཧར་གཟིགས་པ་དང༌། བདེ་མཆོག་གི་དབང་ཞུས་པའི་ཚེ་ཧེ་རུ་ཀ་རྡོ་རྗེ་རྣལ་འབྱོར་མ་དང་བཅས་པར་གཟིགས་པ་དང༌། སྙེ་མདོ་བ་ལ་ཞི་བྱེད་བརྒྱུད་པ་ཕྱི་མ་གསན་དུས་དམ་པ་སངས་རྒྱས་མཁའ་འགྲོ་མ་བརྒྱ་རྩ་བརྒྱད་ཀྱིས་བསྐོར་བ་གཟིགས་པ་དང༌། རྟོགས་ལྡན་ཡེ་གཞོན་པ་ལ་སེམས་བསྐྱེད་ཞུས་པའི་སྨྲ་སེང་དུ་གཟིགས་པ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་ཡོད། ཐང་ལྷའི་རི་ཁྲོད་ལ་སོགས་སུའང་ཡུན་རིང་དུ་བཞུགས། དེ་ནས་ཕུག་མོའི་རི་ཁྲོད་དུ་ཆོས་རྗེ་གྲགས་པ་སེང་གེའི་ཞབས་ལ་གཏུགས་ནས་ཕྱགས་ཕྱིར་འབྲངས། གྲུབ་ཐོབ་ཆུ་སྒོམ་གྱི་བཞུགས་གནས་བདེ་ཆེན་སྟེངས། གནས་ནང་ལ་སོགས་སུ་ཕྱགས་ཕྱིར་འབྲངས་ཏེ་བསྙེན་སྒྲུབ་དང༌། སྙིང་ཐིག་དང༌། མཁའ་སྤྱོད་བསྙེན་སྒྲུབ་ལ་སོགས་པའི་གདམས་པ་བསམ་གྱིས་མི་ཁྱབ་པ་གསན། མནལ་ལམ་གྱི་རྩལ་བྱང་ནས་ཨུ་རྒྱན་ཞག་རེ་ལ་ཐེངས་བཅུ་གསུམ་ཙམ་གཟིགས་ནུས་པ་ལ་སོགས་པ་བརྗོད་ལས་འདས་པར་གྱུར། ཟབ་མོའི་དབང་ཞུས་པའི་ཚེ་བླ་མ་ལྷག་པའི་ལྷར་གཟིགས། གཉན་ཁྲོད་ཀྱང་མང་དུ་འགྲིམས་ནས་ཆོ་འཕྲུལ་དུ་མ་སྣང་བ་རྣམས་ཀྱང་རྟོགས་པས་ཟིལ་གྱིས་མནན་ཏོ། །ཆོས་རྗེ་གྲགས་སེང་བ་ལ་སློབ་མ་མང་ཡང་རི་ཁྲོད་པ་འདི་ཉིད་རྒྱུད་འཛིན་གྱི་སྲས་དམ་པར་གཟིགས་ནས་མན་ངག་ཐམས་ཅད་རྫོགས་པར་གནང༌། གནས་ནང་གི་གདན་སར་བསྐོས། འགྲོ་དོན་སྐྱོངས་ཤིག་པར་གདམས་པ་ལ་བརྟེན་ནས་ནཱ་རོའི་ཆོས་དྲུག་དང་སྦྱོར་དྲུག་ལ་སོགས་པས་གདུལ་བྱ་ཡང་དག་པར་བསྐྱངས་ཏེ་སྨིན་གྲོལ་ལ་བཀོད། བྱམས་སྙིང་རྗེ་སྟོབས་རྒྱས་པས་སྡུག་ཕོངས་དང༌། ནད་པ་དང༌། སྙིགས་དུས་ཀྱི་སྐྱེ་བོ་ལོག་པར་སྤྱོད་པ་རྣམས་ལ་ལྷག་པར་ཕན་འདོགས་པར་མཛད། ཕྱིས་མྱ་ངན་ལས་འདའ་བར་ཉེ་བ་ན། ང་དང་པོ་ན་སོ་གཞོན་དུས་བརྩོན་འགྲུས་དྲག་པོས་ལུས་སྲོག་ཆོས་ཕྱོགས་སུ་བཏང་བས་ཚེ་སྟོད་ལ་དཀའ་ཐུབ་དང་སྒྲུབ་པ་དང་དུ་བླངས་པས་གེགས་སྐྱོན་མང་དུ་བྱུང་ནའང༌། ཐབས་གཞན་མ་བཙལ་བར་དགེ་སྦྱོར་གཅིག་པུས་བསལ། ཉམས་རྟོགས་ཡོན་ཏན་གྱི་ཆ་ཡང་ཅི་རིགས་སྐྱེས། མི་ཚེ་བྱ་བྲལ་ལ་བསྐྱལ། སྒྲུབ་པ་ཁོ་ན་མཐར་བཏོན་ནས་ཚེ་འདི་ཕྱིའི་བར་ལག་འགྱེལ་བ་ཅིག་བྱ་སྙམ་ནའང༌། བླ་མས་འགྲོ་དོན་གྱིས་ཤིག་པར་གདམས། གསུང་བཅག་པར་མ་སྤོབས། འོན་ཀྱང་བླ་མའི་བཀའ་བསྒྲུབས་པས་འགྱོད་པ་མེད། བློ་བདེ། ཚེ་ཡང་འདི་ཙམ་ཐུབ་བསམ་མེད་དེ་བླ་མའི་ཕྱག་ཕྲེང་གི་རྟེན་འབྲེལ་ཅིག་མཐོང་བ་དེའི་སྟེངས་སུ་སོང༌། མི་ཡུལ་དུ་ཡང་ཡུན་རིང་པོ་སོང༌། སེམས་ཅན་ལ་ཕན་པའང་ཨན་ཙམ་བྱས། ད་ནི་བདེ་བ་ཅན་དུ་ཚེ་དཔག་མེད་ཀྱི་དྲུང་དུ་ཐེ་ཚོམ་དང་སོམ་ཉི་མེད་གསུང་བ་ལ་སོགས་པའི་ཞལ་བརྡ་མང་དུ་གནང༌། གླང་ལོ་ཟླ་བ་གསུམ་པའི་ཉེར་གསུམ་གྱི་ཐོ་རངས་གཤེགས། གདུང་སྦྱངས་པས་སྐུ་དང་ཡིག་འབྲུ་དང་ཕྱག་མཚན་དང་རིང་བསྲེལ་སོགས་དཔག་ཏུ་མེད་པ་བྱོན། མེ་ཏོག་གི་ཆར་བབ་པོ། སྐུ་སྐྱེ་སྔ་མ་ཅིག་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་དུ་ཚོང་པའི་རིགས་ཀྱི་རྣལ་འབྱོར་པར་འཁྲུངས། བྲག་གསེར་གྱི་བྱ་སྐྱིབས་ཅན་དུ་ཨིནྡྲ་བུད་དྷི་ཐ་མའི་སློབ་མ་ཀམྤ་ལས་རྗེས་སུ་གཟུང་བར་བཞེད་དོ། །རྟོགས་ལྡན་གྲགས་པ་སེང་གེའི་སྐུའི་སྐྱེ་བ་ཆོས་རྗེ་མཁའ་སྤྱོད་དབང་པོ་ནི། ཡུལ་བྱང་ཕྱོགས་ཀྱི་ལྗོངས་དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པས་ཉེ་བར་བསྟེན་པའི་རི་བོ་དང་ཉེ་བར། གནམ་གྱི་བྱེ་མ་ལུང་ན་ཁ་ན་བར་བ་ཞེས་བྱ་བར། ཡབ་ལྷ་རྒྱལ་དང༌། ཡུམ་འབྲོག་མོའི་སྲས་སུ་ལྕགས་ཕོ་སྟག་གི་ལོར་འཁྲུངས། སྐུ་བལྟམས་ནས་ཞག་བདུན་ནས་དཔལ་དུས་གསུམ་མཁྱེན་པ་ལ་སོགས་པས་ལུང་བསྟན་པ་དང་ཆོས་གསུང་པ་གསལ་བར་གཟིགས་ཤིང༌། དགུང་ལོ་གསུམ་པ་ནས་སྐྱེ་བོའི་ཚོགས་དུ་མ་ལ་སྤྱན་རས་གཟིགས་ཀྱི་བསྒོམ་བཟླས་གནང་བ་དང༌། གཞན་རྒྱུད་མཁྱེན་ནས་ཇི་ལྟ་བ་བཞིན་གསུང་བ་མང་པོ་སྣང་ངོ༌། །དགུང་ལོ་དྲུག་བཞེས་པ་ན་སྔོན་གྱི་གདུལ་བྱར་གྱུར་པ་འགའ་ཞིག་ལ་རྟོགས་ལྡན་གྲགས་པ་སེང་གེའི་སྐྱེ་བ་ཡིན་པར་ཞལ་གྱིས་བཞེས་ཤིང༌། སྔོན་གྱི་སྤྱོད་པ་རྣམས་ཞིབ་ཏུ་གསུང་པ་མཁས་གྲུབ་དར་རྒྱལ་བས་གསན་ནས་གདན་འདྲེན་པ་ལ་དཔོན་སློབ་མང་པོ་བྱོན། མཇལ་ཙམ་ནས་ཡིད་ཆེས་པའི་ཞལ་བརྡ་དང་གུས་པའི་ཚུལ་མཛད་པས་ཐུགས་རངས་ནས་འཚུར་གནས་ནང་དུ་འབྱོན་པར་ཆས་པའི་ལམ་བྱེ་ལུང་གི་ཆུ་མདོར་དཔོན་སློབ་རྣས་ཆུའི་དབུས་སུ་ལྷུང་ནས་འཇིགས་པ་དང་བཅས་པར་གྱུར་པ་ན། མངོན་སུམ་དུ་རྗེ་བཙུན་མ་སྒྲོལ་མས་བསྐྱབས་ཏེ་བདེ་བར་ཐོན་པ་དང༌། འཚུར་ཕུར་དགེ་སློང་དར་ཚུལ་ཁྲིམས་ལ་ནམ་མཁའ་འོད་དུ་སྐྱེས་པའི་རབས་གསུངས། དགུང་ལོ་བདུན་པ་ལ་ཆོས་ཀྱི་རྗེ་རོལ་པའི་རྡོ་རྗེ་དང་མཚོ་སྨད་དུ་མཇལ། དགེ་བསྙེན་གྱི་སྡོམ་པ་དང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་མནོས། ཆོས་དྲུག་དང་ཕྱག་རྒྱ་ཆེན་པོ་སོགས་ཀྱི་ཁྲིད་གསན། བདེ་ཆེན་མཁན་ཆེན་རིན་པོ་ཆེ་དོན་གྲུབ་དཔལ་བ་དང༌། སློབ་དཔོན་ཆོས་རྗེ་རོལ་པའི་རྡོ་རྗེས་མཛད་ནས་རབ་ཏུ་བྱུང་ཞིང༌། མཚན་ཡེ་ཤེས་དཔལ་ཞེས་གསོལ། མཁན་ཆེན་རིན་པོ་ཆེ་ལ་ཀྭ་རི་ཀཱ་སོགས་ཆོས་ཕྲན་འགའ་ཞིག་གསན། ཆོས་རྗེ་གཡུང་སྟོན་པ་ལའང་སྒྲོལ་དཀར་གྱི་ཚེ་སྒྲུབ་ཞུས། རྗེ་རི་ཁྲོད་པ་ལ་རྒྱུད་འབུམ་དང༌། མདོ་མང་ཕལ་ཆེ་བའི་ལུང་དང༌། དབང་རྗེས་གནང་མང་དུ་གསན། ཁྱད་པར་དུ་ཡང་བཀའ་བརྒྱུད་ཀྱི་མན་ངག་ཟབ་ཅིང་རྒྱ་ཆེ་བ་ཕལ་ཆེ་བ་ལ་ནན་ཏན་དུ་མཛད། ལྷ་སར་ནུབ་ཅིག་བཞུགས་པ་ན་མནལ་ལམ་དུ་ཆོས་རྗེ་རང་བྱུང་རྡོ་རྗེས་སྐྱེ་བོ་འདུས་པ་དུ་མའི་དབུས་སུ་སེམས་བསྐྱེད་པ་སྩལ་ཞིང༌། མི་ཕམ་དཔལ་ལྡན་ཞེས་མིང་གནང་བ་དང༌། ཡང་ར་ཚག་ཇོ་མོའི་དྲུང་དུ་བཞུགས་པ་ནའང་སྐུ་དེ་ཉིད་ལྷན་ཅིག་སྐྱེས་མར་གྱུར་པའི་སྨིན་མཚམས་ནས་འོད་ཀྱི་རང་བཞིན་གཡུང་དྲུང་དམར་པོ་འཕྲོས། སྐུ་ལུས་ལ་ཕོག་པས་བདེ་བ་ཆེན་པོ་སྐྱེས་པ་བྱུང༌། གཡམ་བཟངས་པ་བསོད་ནམས་འོད་ལའང་ཁྲིད་ཁ་མང་ཞིག་གསན་ཅིང་སྐུ་མཚམས་དམ་པར་མཛད་ནས་བསྒོམས་པས། གནས་ནང་གི་སྒོམ་ཆེན་ཐམས་ཅད་ཀྱི་སྤྱོད་ལམ་མ་ལུས་པ་མངོན་སུམ་དུ་གཟིགས་ཏེ། སོ་སོར་ཚར་གཅོད་པ་དང་རྗེས་སུ་འཛིན་པའི་ཞལ་བརྡ་གནང་བས་ཐམས་ཅད་ཡ་མཚན་དུ་གྱུར། དེ་ནས་དགུང་ལོ་བཅོ་བརྒྱད་པ་བབ་པ་ལུག་གི་ལོ་ལ་མཁན་ཆེན་རིན་པོ་ཆེ་དོན་གྲུབ་དཔལ་བ་དང༌། སློབ་དཔོན་འཇམ་དབྱངས་ཆོས་ཀྱི་རྡོ་རྗེ། གསང་སྟོན་གཞོན་ནུ་དཔལ་བ་དགེ་འདུན་དང་བཅས་པའི་དབུས་སུ་བསྙེན་པར་རྫོགས་པའི་ནུབ་མོ་མནལ་ལམ་དུ་ནམ་མཁའ་ལ་ཉི་མའི་དཀྱིལ་འཁོར་བཞི་ཤར་བ་དང༌། རང་ཉིད་ཆོས་གོས་གསུམ་གྱིས་གཡོགས་ཏེ་ལྷ་མི་དུ་མ་ཆོས་ཀྱིས་ཚིམ་པར་བྱས་པའི་ལྟས་ཁྱད་པར་བ་བྱུང༌། བདེ་བ་ཅན་པ་སློབ་དཔོན་འཇམ་རིན་ལ་བྱམས་ཆོས་ལྔ་དང༌། ཚད་མ་རྣམ་ངེས། འདུལ་བ་མདོ་རྩ་རྣམས་གསན། ཆོས་རྗེ་རང་བྱུང་རྡོ་རྗེའི་ཞལ་སློབ་མཁན་ཆེན་ཀུན་དགའ་འོད་ཟེར་ལ་རྡོ་རྗེ་ཕྲེང་བའི་དབང་སོགས་དབང་བསྐུར་དུ་མ་གསན་ཞིང༌། བྱང་གི་འདམ་དང་སོག་ལས་བརྒྱུད་དེ་རེ་ཤོད་ཀྱི་བར་དུ་ཕེབས། རེ་རྒྱབ་དང་ཡོ་རྒྱང་གངས་སུ་ཆོས་རྗེ་བླ་མས་ཅོད་པཎ་བཅིང་བ་དང༌། ལུང་བསྟན་པ་གནང་བ་གཟིགས་ཤིང༌། ཡུལ་དེ་དག་ཏུ་འཁོད་པའི་སྐྱ་སེར་ཀུན་གྱིས་འབུལ་བ་མང་དུ་བྱུང་བ་བསྣམས་ཏེ། གནས་ནང་དུ་ཆོས་དང་མཐུན་པའི་ཁྲིམས་དང་དགེ་འདུན་གྱི་ཆ་རྐྱེན་དུ་གནང༌། རྗེ་རི་ཁྲོད་པ་བདེ་བར་གཤེགས་རྗེས་གྲྭ་པ་དམུ་རྒོད་རྣམས་ལ་ཐུགས་སྐྱོ་ནས་གདན་ས་བླ་མ་བསོད་ནམས་འབུམ་ལ་གཏད་ནས། གནས་ནང་གི་རྒྱབ་རི་སོགས། རི་ཁྲོད་ཁོ་ནར་བཞུགས། མཁན་ཆེན་འོད་ཟེར་རྒྱ་མཚོ་ལ་སྙིང་ཐིག་གི་སྐོར་ཆ་ལག་དང་བཅས་པ་གསན། སློབ་དཔོན་འོད་ཟེར་དཔལ་ལ་སྔ་འགྱུར་གྱི་རྒྱུད་འགྲེལ་དང༌། གཏེར་ཁ་གོང་འོག་གི་བཀའ་ལུང་ཕལ་ཆེ་བ་ཞུས་ཤིང༌། ཉིན་མཚན་དུ་གཡེལ་བ་མེད་པར་རྒྱུད་གཞུང་ལ་གཟིགས་རྟོག་དང༌། གཙོ་བོར་ཐུགས་དམ་ཏིང་ངེ་འཛིན་ཁོ་ན་ལ་མི་གཡེལ་བར་མཛད། དེ་ནས་དཔོན་སློབ་བཅུ་ཙམ་ཞིག་མཛད་ནས་དབུར་སྟོད་ནས་མྱང་པོ་ལ་ལམ་ཕྱུང་ནས་རྒྱ་མ་དར་ཕེབས་པ་ན། རྗེ་དུས་གསུམ་མཁྱེན་པས་ལུང་སྟོན་པ་གཟིགས་ཤིང་རིམ་གྱིས་ཀོང་པོའི་ཡུལ་ཁམས་ཐམས་ཅད་དུ་བྱོན། ཁྱད་པར་ཙ་རི་གསར་མ་བྱིན་ལེགས་སུ་ཡུན་རིང་དུ་བཞུགས་ཤིང༌། ཆོས་རྗེ་རོལ་པའི་རྡོ་རྗེའི་བཀའ་བཞིན་དུ་བ་ཡོ་རི་དབོན་དང་བཅས་པའི་བདག་རྐྱེན་ཀྱང་མཛད། ཡང་ཆོས་རྗེའི་དྲུང་དུ་དཔལ་ནཱ་རོ་ཆོས་དྲུག་གི་མན་ངག་སོགས་རྒྱ་ཆེར་ཞུས་ཤིང༌། དབུ་མ་རྟོག་གེ་འབར་བ་སོགས་དབུ་མའི་གཞུང་རྣམས་ཀྱང་གསན། ཙ་རི་མཚན་གྱི་བྲག་དཀར་མོར་ཡང་ལོ་གསུམ་བཞུགས། དཔའ་བོ་མཁའ་འགྲོའི་ངོ་མཚར་བའི་ཆོ་འཕྲུལ་ཡང་གཟིགས། དྭགས་ལྷ་སྒམ་པོར་བྱོན་ཅིང་བཞུགས་པ་ན། དགེ་སློང་ཚུལ་ཁྲིམས་དཔལ་དུ་གྱུར་པའི་ཚུལ་གསལ་བར་དགོངས་པ་དང༌། ཐུགས་དམ་ཡང་སྔར་ལས་བོགས་ཆེ་བར་བྱུང༌། ཀོང་པོའི་སྟག་མ་ཕུ་དང་ལྐོག་འཕྲེང་ལ་སོགས་པར་ཡུན་རིང་དུ་བཞུགས། གྲྭ་པའང་སུམ་བརྒྱ་ཟིན་ཙམ་ཚོགས་པ་ལ་རང་རང་གི་འདོད་པ་བཞིན་དུ་ཆོས་གསུངས་ཤིང༌། དབྱར་དགུན་དུ་ཟླ་བ་གསུམ་གསུམ་གྱི་མཚམས་བསྡམས་ནས་ཁྲིད་ནར་མར་གནང༌། བྱར་ཡུལ་དུ་ཕེབས་པ་ན་བདེ་བར་གཤེགས་པས་ལུང་བསྟན་པ་གཟིགས། རྟ་ལོ་ལ་སྟག་རྩེ་རྣམ་རྒྱལ་གྱི་དགོན་པ་ཡོན་བདག་རྣམས་ཀྱིས་ཕུལ་ནས་དགོན་པ་བཏབ། དགེ་འདུན་ཡང་བརྒྱ་ཕྲག་གཉིས་ཙམ་བྱུང༌། ཡང་ཙ་རི་གསར་མར་བཞུགས་པ་ན་ཆོས་རྗེ་རོལ་པའི་རྡོ་རྗེ་བདེ་བར་གཤེགས་པ་མཁྱེན་ནས་གདུང་དབྱངས་ཀྱང་མཛད། སྟག་ལོ་ལ་དགའ་མ་མོའི་དགོན་པ་བཏབ་ཅིང་ཆོས་རྗེ་དེ་བཞིན་གཤེགས་པ་དང་མཇལ། སྟག་རྩེར་བཀའ་ལུང་མང་དུ་ཕུལ་ཞིང་བཞེད་པ་རྫོགས་པར་མཛད། དགོན་གསར་ལྷུན་གྲུབ་སྟེངས་དང་འཇའ་ཚོན་གླིང་དུའང་བཞུགས་པའི་ཚེ་མཁའ་འགྲོ་མ་རྣམས་ཀྱིས་རྡོ་རྗེའི་གླུ་བླངས་པ་གསན། རྒྱལ་གྱི་རི་བོར་རི་བོ་མ་ཎི་བྷ་ག་ལ་ཇི་ལྟ་བར་གཟིགས་པ་སོགས་དག་པའི་སྣང་བའི་གཟིགས་ཚུལ་དཔག་ཏུ་མེད་པ་བྱུང༌། ཆོས་རྗེ་དེ་བཞིན་གཤེགས་པ་དབུས་སུ་བཞུད་པ་ན་དཔོན་སློབ་སྟབས་སུ་མྱང་པོ་ནས་རིམ་གྱིས་སྟོད་ལུངས་འཚུར་ཕུར་བྱོན། སེང་གེ་སྒོ་མདུན་དུ་ཆོས་དྲུག་གསུངས་ཤིང་སོག་དཔོན་རིགས་རལ་ལ་སོགས་པ་སྨིན་པར་མཛད། སླར་ཀོང་ཡུལ་དུ་བྱོན་ནས་གཙོ་ཆེར་རི་ཁྲོད་ཁོ་ནར་བཞུགས། ཀོང་ལུང་བ་རལ་གསུམ་གྱི་འཁྲུགས་པ་ཞི་བའི་རྒྱ་ལོ་གསུམ་མཛད། མར་སྟེངས་སུ་བཞུགས་ཤིང་ཆོས་གསུང་བ་ན་རྒྱང་གྲགས་གཉིས་ཙམ་ན་ཡོད་པའི་སྐྱེ་བོས་ཀྱང་གསུང་མ་ཉམས་པར་ཐོས་པ་དང༌། མི་མ་ཡིན་གཏུམ་པོ་བཙན་རྒོད་སོགས་མང་དུ་བཏུལ་ནས་དགེ་བསྙེན་གྱི་བརྟུལ་ཞུགས་འཛིན་དུ་བཅུག་པ་དང༌། ཤིན་ཏུ་རྨོངས་པའི་གདུལ་བྱ་དག་ལའང་ཐབས་སྣ་ཚོགས་ཀྱིས་འདུལ་བར་མཛད་པའི་ཐབས་དུ་མ་སྣང་ངོ༌། །གདམས་པ་ཟབ་མོ་རྣམས་མི་གསལ་བ་ཆེས་གསལ་བར་མཛད་པའི་ཁྲི་ཕྲེང་དང༌། ཉམས་མགུར་དང༌། བསྟན་བཅོས་ཐོར་བུ་བའང་མང་དུ་མཛད་ཅིང༌། སློབ་མའང་ཆོས་ཀྱི་རྗེ་དེ་བཞིན་གཤེགས་པ་དང༌། བཀའ་བཞི་པ་རིགས་པའི་རལ་གྲི་མཚན་རིན་ཆེན་བཟང་པོ་དང༌། རྫ་དགོན་ཀུན་སྤངས་ཆོས་ཀྱི་ཡེ་ཤེས། འགེར་ཉག་རྟོགས་ལྡན་ཆོས་དཔལ་ཡེ་ཤེས། ཟུར་དགོན་བཀའ་བཞི་བ་རིན་ཆེན་དཔལ། རི་མི་འབབས་པ་བསོད་ནམས་རིན་ཆེན། ལྷ་གཟིགས་རིན་ཆེན་རྒྱལ་མཚན། འཁྲུལ་ཞིག་བསོད་ནམས་འབུམ། ཆུ་ཚན་ཁ་བ་ཤེས་རབ་དཔལ་ལ་སོགས་པ་བྱུང་ཞིང༌། དེ་ལྟར་མཛད་པ་རྣམས་རེ་ཤིག་རྫོགས་པར་ཉེ་བ་ན། ཆོས་རྗེ་དེ་བཞིན་གཤེགས་པ་གོང་ནས་བྱོན་པ་དང་མཇལ། རྩེ་ལྷ་སྒང་སོགས་སུ་ཆོས་མང་དུ་ཕུལ། གོང་གི་གནད་སྦྱིན་ཡར་རྒྱ་ཆེན་པོ་ཕེབས། སླར་ཙ་རིར་བཞུགས་པ་ན་འཆི་མེད་རྟག་པ་སོགས་ཀྱི་གླུ་ཡང་མཛད་དེ་དགའ་ལྡན་མ་མོར་ཕེབས་ནས་ཕྱག་དཔེ་རྣམས་ལ་ཕྱག་རྟགས་ཀྱིས་མནན་ཅིང༌། ཕྱོགས་འདིར་མྱུར་དུ་སླེབ་པར་འདུག་ཅེས་ཉེ་གནས་རྣམས་ལ་གསུངས། ཁམས་པའི་གྲྭ་སློབ་རྣམས་ཀྱི་ཞུ་ནན་ལ་བརྟེན་ནས་བྱོན་པའི་ལམ་དུ་ཡང་ཡང་ཡང་ད་ལན་རྟེན་འབྲེལ་མ་བྱུང་ཞེས་གསུང་ཀྱང་ནན་དུ་ཞུས་པས་ཆུ་ཉི་མ་བར་བྱོན། དེར་སྒར་ཐེབས་པའི་མོད་ལ་ཆོས་འཕྲོ་རྣམས་ཚར་བར་གནང༌། ཅུང་ཟད་མཉེལ་བའི་ཚུལ་མཛད་དེ་ལྔ་བཅུ་རྩ་དྲུག་བཞེས་པ་ཤིང་མོ་བྱ་ལོའི་ཟླ་བ་བདུན་པའི་ཉེར་དགུ་ལ་བདེ་བར་གཤེགས་པའི་ཕྱོགས་དེར་མེ་ཏོག་གི་ཆར་ཆེན་པོ་མང་དུ་བབ། ནམ་མཁའ་ཐམས་ཅད་འཇའ་ཚོན་གྱི་དྲ་བས་ཁྱབ་པར་གྱུར། སྐུ་གདུང་དོ་ལི་ལ་བཏེག་སྟེ་དགའ་ལྡན་མ་མོར་གསེར་འབུམ་པ་རྩིགས་ཏེ། དེའི་བུམ་པར་བཞུགས་སུ་གསོལ་བ་སོགས་བླ་མ་ཆོས་བཟང་དང༌། དགེ་སློང་གྲགས་པ་རྒྱལ་མཚན་གྱིས་ལེགས་པར་བསྒྲུབསསོ། །རྫ་དགོན་ཀུན་སྤངས་པ་ནི། རྫ་དགོན་དུ་བཞུགས་ནས་ཕྲིན་ལས་བསྐྱངས། དགོན་འདི་དང་པོར་ཕག་མོ་གྲུ་པའི་དགོན་ལག་ཡིན་ནའང༌། རིན་པོ་ཆེ་འདིའི་རིང་ནས་དཔལ་མཁའ་སྤྱོད་དབང་པོའི་ཆོས་ལུགས་ལ་སྤྱོད་ཅིང་གུས་པ་བསྒོམ་པར་བྱེད་དོ། །འགེར་ཉག་རྟོགས་ལྡན་གྱི་ཡུལ་སྤོམ་པོར་སྒང་ཆུང་བ་ཡིན། དཔལ་མཁའ་སྤྱོད་པའི་ཞབས་ལ་གཏུགས་ཤིང་གདམས་པས་རྗེས་སུ་གཟུང༌། རི་ཁྲོད་ཁོ་ན་འགྲིམ་པ་ལ་གྲྭ་པ་མང་དུས་ལྔ་བརྒྱ་དྲུག་བརྒྱ་ཙམ་འོང་བ་བྱུང༌། དེའི་སློབ་མ་གཞན་དོན་སྐྱོང་བ་མང་དུ་བྱུང་བ་ལ། ཆོས་རྗེ་དྲི་མེད་པ་ནི། ལྗང་ནག་རྒྱལ་པོའི་བླ་མ་མཛད། ཕར་འུར་གྱིས་གཞན་དོན་སྐྱོང༌། སྲི་དཀར་སང་ཤེ་ནི། ཡུལ་སྤོམ་པོར་སྒང་བ། མཁའ་སྤྱོད་པ་ལ་རྩ་བའི་བླ་མར་གཟུང་ནས་སྤོམ་པོར་སྒང་དུ་ས་སེར་དགོན་པ་བཏབ་ནས་ཕྲིན་ལས་སྒྲུབ་པར་མཛད་དེ། དགེ་འདུན་སུམ་བརྒྱ་ཙམ་འདུས། དེ་རྣམས་ནི་འགེར་ཉག་གི་སློབ་མའོ། །བཀའ་བཞི་པ་རིན་ཆེན་དཔལ་གྱིས་ལྡན་སྒ་སྟོད་དུ་ཟུར་དགོན་བཏབ། རི་གླིང་གཉིས་སུ་ཡོད་པ་ལ་དགེ་འདུན་བཞི་བརྒྱ་ཙམ་འདུ། ལྷ་གཟིགས་པ་ནི། དང་པོ་འབྲི་ཁུང་པའི་གཟིམས་གཡོག་པ་ཡིན། དུས་ཕྱིས་མཁའ་སྤྱོད་པའི་ཞབས་ལ་གཏུགས། གདམས་པས་རྗེས་སུ་གཟུང་བས་ཐུགས་དམ་ཕུན་སུམ་ཚོགས་པར་གྱུར། གསུང་རྣམས་ལ་ཟིན་བྲིས་མཛད་པས་ཕན་པ་ཡང་ཆེ་བར་བྱུང༌། སྟོད་སྨད་ཐམས་ཅད་དུ་བྱོན་ཞིང་གཞན་དོན་རྒྱ་ཆེར་བསྐྱངས། དེའི་སློབ་མ་མཁན་ཆེན་ཤཱཀྱ་གྲགས་པ་ཡིན་ཏེ། དང་པོར་མཁའ་སྤྱོད་པ་ཉིད་ལའང་ཐུག་མོད་ཀྱང༌། གདམས་པའི་ཞིབ་ཚེགས་ཐམས་ཅད་ལྷ་གཟིགས་པ་ལ་བརྟེན་ནས་གསན། གཞན་ཡང་བླ་མ་དཔག་ཏུ་མེད་པ་བསྟེན་ནས་འགྲོ་དོན་ཡུན་རིང་དུ་བསྐྱངས་ནས། བརྒྱད་ཅུ་རྩ་གཉིས་ཤིང་ཕོ་ཁྱིའི་ལོ་ལ་གཤེགས། འཁྲུལ་ཞིག་བསོད་ནམས་འབུམ་ནི། གནས་ནང་དང་ཉེ་བའི་གཡུ་མ་ཞེས་པར་འཁྲུངས་ནས། མཁའ་སྤྱོད་པ་ལ་སོགས་པ་ལ་ཆོས་མང་དུ་གསན་ནས། གནང་ནང་གི་གདན་སར་བཞུགས། ཆོས་རྗེ་མཁའ་སྤྱོད་པའི་གསུང་ལ་ཟིན་བྲིས་སུ་མཛད་ནས་བསྙེན་སྒྲུབ་ཀྱི་ཁྲིད་ཡིག་ཆེན་མོ་ལ་སོགས་པ་མཛད། འདིའི་སློབ་མ་སློབ་དཔོན་བླ་མ་རྒྱལ་མཚན་པ་ལ་སོགས་པ་ཡིན་ནོ། །ཡང་བླ་མ་ཆོས་བཟངས་པ་ནི། འཁྲུངས་ཡུལ་ནགས་ཤོད་པ། མཁའ་སྤྱོད་པའི་ཞབས་ལ་གཏུགས་ནས་གདམས་པ་ཐམས་ཅད་ཞུས། སྟག་རྩེ་དང་བ་ཡོའི་གདན་ས་མཛད་ནས་ཕྲིན་ལས་རྒྱ་ཆེར་བསྐྱངས། བླ་མ་རིན་བཟངས་དཀར་པོ་ནི། འཁྲུངས་ཡུལ་ནགས་ཤོད་པ། དགོན་པ་གྲིབ་གདོང་བཏབ་ནས་ཚོགས་པའང་རྒྱ་ཙམ་འདུས་ཏེ། མཁའ་སྤྱོད་པའི་ཕྲིན་ལས་སྒྲུབ་པར་མཛད་ཅིང༌། ཕྱི་མ་གཉིས་པོ་འདིས་སྤྲུལ་སྐུ་ཆོས་དཔལ་ཡེ་ཤེས་ཀྱི་ཡང་བླ་མ་མཛད། ཆོས་རྗེ་རི་མི་འབབ་པ་ནི། ཆུ་ཕོ་སྟག་ལ་འཁྲུངས་ཏེ། མཁའ་སྤྱོད་པས་བཅུ་གསུམ་བཞེས་པའི་ལོའོ། །དགེ་ལྡན་པ་ལ་གཏུགས་ནས་རབ་ཏུ་བྱུང་བའི་ཀུན་ཏུ་སྤྱོད་པ་རྣམས་རྣམ་པར་དག་པར་མཛད། མཁའ་སྤྱོད་པ་ལ་གཏུགས་ནས་དུས་རྟག་ཏུ་ཕྱག་རྒྱ་ཆེན་པོ་ལ་མཉམ་པར་འཇོག་སྟེ། གོ་གཉིས་བཞེས་པ་ཆུ་མོ་བྱ་ལ་དྭགས་པོ་ལ་བར་དུ་གཤེགས། མཁའ་སྤྱོད་པའི་སྐུ་སྐྱེ་ཆོས་རྗེ་ཆོས་དཔལ་ཡེ་ཤེས་ནི། མཁའ་སྤྱོད་པའི་གསུང་ལས། ཕྱི་དུས་སྔགས་སྤྱོད་རྣལ་འབྱོར་ཀུན་ཏུ་རྒྱུ། །ཞེས་ལུང་བསྟན་པ་དང༌། གཤེགས་ཁར་སྐུ་སྐྱེ་འབྱུང་བར་ཞལ་གྱིས་བཞེས་པ་དང་མཐུན་པར། ཡུལ་མྱང་བོ། བྱེ་བྲག་ཁེ་བྲག་མདོར། ཡབ་བསམ་གྲུབ་དང་ཡུམ་བར་གཟའ་གཉིས་ཀྱི་སྲས་སུ་མེ་ཕོ་ཁྱིའི་ལོ་ལ་འཁྲུངས་ཏེ། ལྟ་ན་སྡུག་པ། མཚན་ཕུན་སུམ་ཚོགས་པ་དང་ལྡན་པ། ཞབས་མཐིལ་དུ་ཧོར་ཡིག་གསེར་གྱི་རྒྱལ་ཞེས་པས་མཚན་པ་ཡོད། །ཟླ་བ་ལྔ་ལོན་པ་ན་སུམ་མཁར་བ་འགས་བྱིན་རླབས་ཞུས་པས་རིམ་གྱིས་མཛད། ཡབ་ཀྱིས་འབྲས་སུ་གདན་དྲངས་ནས་བཞུགས་པའི་ཚེ། མཁའ་སྤྱོད་པའི་གྲྭ་པ་ཁ་ཅིག་གིས་མཇལ་བས་ཐམས་ཅད་ཡིད་ཆེས་པར་གྱུར། ལོ་གཅིག་སོང་བའི་ཚེ་དགེ་སློང་དཔོན་གྲགས་པ་དང༌། བླ་མ་ཆོས་བཟང་པ་ལ་སོགས་པས་ཐབས་མཁས་ཀྱིས་མྱང་ཆུའི་གཞུང་ལ་ཀོ་བ་ལ་སྤྱན་དྲངས་ནས་སྟག་རྩེར་བཞུགས། འོ་ཕུག་ཕུར་ཀུན་གྱིས་བགྲོད་པར་དཀར་བའི་བྲག་གི་བྱ་སྐྱིབས་སུ་གཤེགས། ཚུར་འབྱོན་པར་གསོལ་བས་ཇི་ལྟར་བྱོན་མ་མཐོང་བར་གཤེགས། ར་བ་དང་རྩིག་པ་ལ་ཐོགས་མེད་དུ་ཐེགས་པའང་མཛད། མངོན་མཁྱེན་ཀྱང་མང་དུ་གསུངས། དེ་ནས་མང་ར་སྟེངས་དང་དགའ་མ་མོར་ཕེབས་ནས་སྔར་གྱི་གདུལ་བྱ་དག་ལ་ལོ་རྒྱུས་རྒྱས་པའང་གསུངས། ཡོན་བདག་ཅིག་ལ་གདམས་པའང་གནང༌། མཁའ་སྤྱོད་པའི་ཞལ་ཆེམས་ཤོག་རིལ་སྦས་པའང་བཏོན། དེ་ནས་བླ་མ་ཆོས་བཟང་བ་ལ་ཕག་མོ། རྒྱལ་བ་རྒྱ་མཚོ། བེར་ནག་ཅན་རྣམས་ཀྱི་དབང་སྒྲུབ་ཐབས་རྣམས་དང༌། ཀར་མ་པ། རོལ་པའི་རྡོ་རྗེ། མཁའ་སྤྱོད་པ་རྣམས་ཀྱི་བཀའ་འབུམ་ཚང་མ། ཆོས་དྲུག །ཕྱག་ཆེན། རླུང་སེམས་གཉིས་མེད། རྫོགས་ཆེན། རིམ་ལྔ་རྣམས་ཀྱི་ཁྲིད། རྒྱུད་འབུམ་ལ་སོགས་གསན། བླ་མ་འདི་རྒོད་ཚང་བའི་སྤྲུལ་པར་གཟིགས་ནས་བསྟོད་པའང་མཛད། དགེ་སློང་དབོན་གྲགས་པ་ལ་རྒྱུད་བཅུ་བདུན་སྙིང་ཐིག་དང་བཅས་པ་དང༌། གཞན་ཡང་གསུང་ཆོས་མང་དུ་གསན། དེ་ནས་སྤོ་བོར་སྤྱན་དྲངས་ནས་ཡེ་གོང་ལ་སོགས་པར་བྱོན། དགུང་ལོ་བརྒྱད་བཞེས་པ་ལ་ཀོང་དབུས་ཀྱི་ས་མཚམས་བང་མདོར་ཆོས་རྗེ་དེ་བཞིན་གཤེགས་པ་དང་མཇལ་ནས་དགེ་བསྙེན་གྱི་སྡོམ་པ་བཞེས། བསྔགས་པའང་མང་དུ་གནང། དེ་ནས་སྟག་རྩེར་ཆོས་རྗེས་མཁན་པོ་གནང་། བློ་གྲོས་རྒྱན་མཚན་དཔལ་བཟང་པོས་སློབ་དཔོན་མཛད་ནས་རབ་ཏུ་བྱུང་། ཆོས་རྗེའི་དྲུང་དུ་ཁྲིད་དང་དབང་དང་ལུང་ལ་སོགས་པ་དཔག་ཏུ་མེད་པ་གསན། ཏའི་མིང་རྒྱལ་པོས་རྡོ་རྗེ་འཆང་གི་སྐུ། རྡོ་རྗེ་དྲིལ་བུ། གན་དཀར་སོགས་ཀྱི་གནང་སྦྱིན་ཀྱང་བྱུང༌། བཅུ་གསུམ་པ་ལ་སྙེ་བོར་བྱོན། དེ་ནས་ཀོང་པོའི་དགོན་གནས་རྣམས་ཀྱི་དར་རྒྱས་སྤེལ་ཞིང་བ་ཡོ་ལ་སོགས་པར་བཞུགས། ཙ་རི་བཀྲ་ཤིས་ལྗོངས་སུ་ཚེ་དཔག་མེད་ཀྱི་སྒྲུབ་པ་མཛད་པས་ཞལ་མངོན་སུམ་དུ་གཟིགས། དེ་ནས་ཡོས་ལོ་ལ་དྭགས་པོ་ནས་འོལ་ཁ་བཀྲ་ཤིས་ཐང་དུ་ཆོས་རྗེ་མཐོང་བ་དོན་ལྡན་དང་ལྷན་དུ་ཕེབས། མཚལ་མིན་རིན་པོ་ཆེ་བསོད་ནམས་བཟང་པོ་དོ་ལི་ལ་བྱོན་པ་དང་མཇལ། དེར་བསྙེན་པར་རྫོགས། སྣེའུ་གདོང་པ་དང་ཐེལ་བས་ཇ་འདྲེན་བཟང་པོ་མཛད་དེ་ཕྱིར་ཕེབས་ནས་དགོན་སར་རྒྱ་མཚོ་སྒང་དུ་བཀའ་བཞི་བ་རིགས་པའི་རལ་གྲི་ལ་རང་བྱུང་བའི་བཀའ་འབུ། བྱམས་ཆོས་ལྔ། རྩ་ཤེ། རྩོད་བཟློག །རིགས་པ་དྲུག་ཅུ་པ། སྟོང་ཉིད་བདུན་ཅུ་པ་ལ་སོགས་མང་དུ་གསན། གནས་གང་དང་གང་དུ་གདམས་པ་དང་མགུར་ལ་སོགས་པ་མང་དུ་གསུངས། དེ་ནས་ཆོས་རྗེ་མཐོང་བ་དོན་ལྡན་པའི་ཕྱགས་ཕྱིར་གླང་གི་ལོ་ལ་མྱང་པོ་ནས་བརྩམས་ཏེ། བྲག་གསུམ། འཇམ་ནེ། དམར་ཚ་ཐུང༌། རྔོད་ཨ་རིག་ཐང་རྣམས་སུ་ཕེབས། དེ་ནས་སྒོམ་སྡེ་དང་སོག་གི་བར་དུ་བྱོན། ནགས་ཤོད་དུ་མཁའ་སྤྱོད་པའི་སློབ་མ་དཀར་པོ་རིན་བཟངས་ཀྱིས་གདན་དྲངས་ནས་གྲིབ་གདོང་དང་སྦུད་མདར་ཆོས་མང་དུ་གསུངས། བླ་མ་རིན་བཟངས་པ་ལ་རི་ཆོས་སྐོར་ལ་སོགས་མང་དུ་གསན། དེ་བས་བྱང་ལམ་ལ་བརྒྱུད་དེ་འཚུར་ཕུར་ཕེབས། མང་སྐོལ་དང་འབུལ་འགྱེད་རྒྱ་ཆེན་པོ་མཛད། གནས་ནང་དུ་ཆོས་ཀྱང་གསུངས། བླ་མ་གངས་པ་དབང་ཕྱུག་རྒྱལ་མཚན་ལ་ནི་གུའི་ཆོས་སྐོར། འཚལ་བའི་ཆོས་སྐོར། དོ་ཧ་ལ་སོགས་པ་གསན། དེ་ནས་ལྷ་སར་ཕེབས་ནས་མཆོད་པ་དང་སྨོན་ལམ་རྒྱ་ཆེན་པོ་མཛད། དེ་ནས་དབུར་སྟོད་ནས་ལམ་བཏོད་དེ་མྱང་པོར་བརྒྱུད་ནས་ཀོང་པོར་ཕེབས། དགའ་མ་མོར་འཚུར་སྟོན་ཆོས་ཀྱི་རིན་ཆེན་ལ་མཁའ་འགྲོ་རྒྱ་མཚོའི་དབང་ལ་སོགས་དབང་མང་པོ་དང༌། ཟབ་མོ་ནང་དོན། བརྟག་གཉིས། ཀུན་སྤྱོད་རྣམས་ཀྱི་རྣམ་བཤད་ལ་སོགས་ཆོས་མང་དུ་གསན། དེ་ནས་ཡབ་ཡུམ་ལ་སོགས་པའི་དོན་དུ་སྦྱིན་གཏོང་རྒྱ་ཆེན་པོ་མཛད་པའི་ཕྱིར། སྟག་རྩེར་ཆོས་རྗེ་མཐོང་བ་དོན་ལྡན་སྤྱན་དྲངས་ནས་འབུལ་བ་རྒྱ་ཆེན་པོ་མཛད་ཅིང༌། ཚོགས་པ་ཐམས་ཅད་ཀྱང་འགྱེད་ལ་སོགས་པས་དགའ་བར་མཛད། དེའི་ཚེ་བླ་མ་ཡེ་ཤེས་དབང་པོ་མ་པའི་སར་མཛོ་ཡུ་ཆེན་པོ་ཅིག་ཆིབས་ནས་ཁོང་གི་བུག་སྒོ་ཆུང་ངུ་ཅིག་ལ་ལན་གཉིས་སུ་བྱོན། ཆོས་རྗེའི་དྲུང་དུ་ཉིད་ཀྱི་གསུང་སྒྲོས་སྐོར་དང་བསླབ་བཏུས་གསན་ཞིང༌། ཆོས་རྗེའི་དྲུང་དུའང་ཆོས་མང་དུ་ཕུལ། དེ་ནས་མཁན་ཆེན་ཤཱཀྱ་གྲགས་པ་ལ་རི་ཆོས་སྐོར། འབྲུག་སྐོར་ཞི་བྱེད་སོ་ལུགས་ལ་སོགས་པའི་ཆོས་མང་དུ་གསན། དེ་ནས་དགའ་མ་མོའི་ལྷ་ཁང་བཞེངས་པའི་གྲབས་མཛད་པས་རྡོ་མ་རྙེད་པ་ལ་ཉིད་ཀྱིས་རྡོའི་གཏེར་ཆེན་པོ་བཏོན། དེ་ནས་སྤོ་བོ་སྟོད་སྨད་ཐམས་ཅད་དུ་སྤྱན་དྲངས་ནས་བྱོན། ལྷ་བཟོའི་རྗེས་སུ་འབྲང་བའི་གདོན་ལ་བསྐྲད་པའི་སྦྱོར་བ་མཛད་པས་དངོས་སུ་སྐད་འདོན་པའང་བྱུང༌། དུས་དེར་སྟག་ལུང་ཆོས་རྗེ་བྱང་ཆུབ་རྒྱ་མཚོ་པ་བྱོན་པ་དང་མཇལ། ཆོས་ཀྱང་ཕར་གསན་ཚུར་གསན་མཛད། དགའ་མ་མོར་རྒྱུད་འབུམ་གསུངས། དེ་ནས་མར་ར་སྟེངས་སུ་དངོས་པོ་མང་དུ་གནང་ནས་ཉིན་ལམ་བཅུ་གཉིས་ཀྱི་བར་གྱི་འཁྲུགས་པ་ཐམས་ཅད་ཞི་བར་མཛད། རྒྱ་ལས་འགོངས་པ་དག་ལ་ཕྲིན་ལས་བསྐུལ་བས་གཙང་པོ་འགྱུར་ནས་གྲོང་འགྲམ་དུ་འབབ་པ་དང༌། གཏོར་མ་མཛད་པས་ཆོས་སྐྱོང་ཞལ་གཟིགས་པ་དང༌། འཛིན་མཁན་མེད་པར་དར་ནག་འགྲེང་བ་ལ་སོགས་པའི་ཆོ་འཕྲུལ་དུ་མ་བྱུང་ངོ༌། །དེ་ནས་སུམ་མཁར་གྱི་ས་ཆར་སྐུ་མཚམས་ཤིན་ཏུ་དམ་པར་མཛད་དེ་བཞུགས་པ་ན། ཆོས་རྗེ་མཐོང་བ་དོན་ལྡན་མཉེལ་བ་གསན་ནས། གློ་བུར་དུ་ཀོང་བོ་ནས་མྱང་བོ། ལྷོ་རོང༌། རི་བོ་ཆེ་རྣམས་སུ་བྱོན། ངོམ་ཆུའི་འགྲམ་དུ་སྒར་པའི་དབོན་རྣམ་པས་བསུ་བ་ལ་བྱོན་ནས་ཀར་མར་ཕེབས། དྲུང་དུ་མཇལ། སྐུ་རིམ་མཛད་ནས་གདུག་པ་ཅན་བཏུལ། དེ་ནས་ཡོར་མདའ་དང་ལྷ་སྟེངས་རྣམས་སུ་བྱོན། དེར་རབ་བྱུང་བསྙེན་རྫོགས་ཀྱི་མཁན་པོ་ཞུ་བ་མང་དུ་བྱུང་བའི་སར་མི་ཐེགས་པར་དགོངས་ཀྱང་ནན་དུ་གསོལ་བ་བཏབ་པས་བྱོན་པ་ན། སྐུ་ཁམས་མ་བདེ་ནས་སླར་ཡོར་མདར་བཞུགས། ཆོས་རྗེ་མཐོང་བ་དོན་ལྡན་ཀྱང་སྤྱན་དྲངས་ཏེ། སྒོམ་སྡེ་ནས་ཁྱུང་པོ་ལ་ལམ་བརྒྱུད་དེ་སྔ་སོར་ཀོང་བོར་ཕེབ། སྒར་ཆེན་ཀྱང་ཕྱི་བཞིན་ཕེབས། དགའ་མ་མོར་བཞུགས་པའི་ཚེ་བཞི་བཅུ་རྩ་བདུན་བཞེས་པ་ཆུ་ཕོ་སྤྲེའུའི་ལོ་སྟོན་ཟླ་ར་བ་ལ་ནམ་མཁའ་དག་པ་དང་མེ་ཏོག་གི་ཆར་རྒྱུན་མ་ཆད་པར་བབ། ཆོས་རྗེ་དེ་བཞིན་གཤེགས་པ་དང༌། རྗེ་བཙུན་མ་སྒྲོལ་མ་ལ་སོགས་པའང་བྱོན། མཆོད་པ་ཤོམས་ཤིག་པའི་ཞལ་ཏའང་མང་དུ་མཛད་དེ་གཤེགས། འཇའ་ཚོན་དཀར་པོ་དར་ཐག་བརྐྱང་བ་ལྟ་བུ་ལ་སོགས་པ་ལྟས་ངོ་མཚར་བའང་མང་དུ་བྱུང༌། སྐུ་གདུང་ནི་བྱང་ཆུབ་ཆེན་པོའི་མཆོད་རྟེན་ནང་དུ་བཞུགས་སུ་གསོལ། དེའི་སྐུའི་སྐྱེ་བ་ཆོས་ཀྱི་རྗེ་རིན་པོ་ཆེ་ཞྭ་དམར་ཅོད་པན་འཛིན་པ་བཞི་པ་ནི། ཆུ་མོ་བྱའི་ལོ་ལ་ཏྲེ་ཤོད་མཐིལ་དུ་འཁྲུངས། འཁྲུངས་མ་ཐག་ནས་གཞན་གྱི་དོན་རྒྱ་ཆེན་པོ་མཛད། ཆོས་རྗེ་ཀར་མ་པ། བླ་མ་བན་དཀར་པ་འཇམ་དཔལ་བཟང་པོ། གུ་ཤྲཱི་དཔལ་འབྱོར་དོན་གྲུབ་པ་རྣམས་ལ་ཆོས་མང་དུ་གསན་ནས་ཀོང་པོར་ཕེབས། སློབ་དཔོན་བླ་མ་རྒྱལ་མཚན་པའི་ཞལ་སྔ་ནས་ཀོང་པོར་སྤྱན་དྲངས་ནས། རྡོ་རྗེ་ཕྲེང་བ་ལ་སོགས་པའི་དབང་བཀའ་མང་པོ་དང༌། ཁྲིད་ཁ་མང་པོ། བཀའ་འབུམ་མང་པོའི་ལུང་ལ་སོགས་པ་གསན་པ་རྒྱ་ཆེར་མཛད་ཅིང་སྟོད་སྨད་རྣམས་སུ་ཐེགས། དེ་ནས་སླར་ཡང་མདོ་ཁམས་ནས་ཟི་ལིང་མཁར་གྱི་བར་དུ་ཐེགས་ནས་སེམས་ཅན་ཐམས་ཅད་འཁོར་བ་མཐའ་ཅན་དུ་མཛད། དེ་ནས་ཧོར་གྱི་ཡུལ་དུ་ཐེགས་ནས་ཧོར་ཀླུངས་པ་རྣམས་གདུལ་བྱར་གྱུར། ཨ་རམ་གྱི་སྡིག་ལས་ཆེན་པོ་རྒྱུན་བཅད། བན་དེ་ལ་གུས་པར་བྱེད་དུ་བཅུག །དམ་པའི་ཆོས་བསྟན། འབུལ་བ་མང་པོ་བཞེས་ཏེ་བྱང་ཆུབ་ཏུ་ངེས་པར་མཛད་ནས། སླར་ཁམས་ཀྱི་ས་རྣམས་རིམ་པས་བརྒྱུད་དེ། ཀོང་པོ་ནས་ཉི་མ་དབུས་ཀྱི་རྒྱལ་ཁམས་སུ་ཕེབས་ནས་གཞན་དོན་རྒྱ་ཆེན་པོ་མཛད་ཅིང༌། ཞབས་བརྟན་པར་བཞུགསསོ། །སྤྲུལ་པའི་སྐུའི་རིམ་པ་གཉིས་པའི་སྐབསསོ། ། ། ། ༨.༩ དཔལ་ཕག་མོ་གྲུ་པ་སློབ་མ་དང་བཅས་པའི་སྐབས། རྗེ་དྭགས་པོའི་སློབ་མ་དྭགས་པོའི་སྐུ་ཚེའི་མཐར་ཞབས་ལ་གཏུགས་ནས་རྟོགས་པ་ནམ་མཁའ་དང་མཉམ་པར་གྱུར་ཅིང༌། དེར་བཞུགས་པའི་དགེ་འདུན་ཐམས་ཅད་ཀྱི་གྲལ་གྱི་ཐོག་མར་བཞུགས་སུ་གསོལ་ཏེ། གཏམ་གསུང་བ་ན་ཡང༌། དགེ་བཤེས་ཁམས་པ་ཆེན་པོ་གྲལ་གྱི་གུང་ལ་བཞུགས་ཤེས་བྱ་བ་ལ་སོགས་པའི་བསྟོད་པ་མཛད་དེ། དོན་གྱིས་ན་བཀའ་བརྒྱུད་ཀྱི་བདག་པོར་དབང་བསྐུར་བ། དཔལ་ཕག་མོ་གྲུ་པ་ཞེས་སྙན་པས་འཇིག་རྟེན་གསུམ་དུ་ཁྱབ་པ་དེའི་ཆེ་བའི་བདག་ཉིད་ནི་རྣམ་པ་གསུམ་དུ་གྲགས་ཏེ། དབང་པོ་རབ་ཏུ་གྱུར་པ་ལ་སངས་རྒྱས་ཉིད་དང༌། འབྲིང་དུ་གྱུར་པ་ལ་གྲུབ་པའི་སྐྱེས་བུ་ཉིད་དུ་བརྒྱུད་པར་གྱུར་པ་དང༌། དབང་པོ་ཐ་མ་ལ་ནི་སྐལ་པ་དང་ལྡན་པའི་སོ་སོའི་སྐྱེ་བོ་རིམ་གྱིས་སྦྱངས་པ་ལས་ས་ལ་གནས་པའི་སེམས་དཔའ་ཆེན་པོ་གྱུར་པའི་ཚུལ་ལོ། །དེ་ལ་དབང་པོ་རབ་ཀྱི་དབང་དུ་མཛད་ནས་དེ་ཉིད་ཀྱང་འདས་པ་དངམ་འོངས་པའི་སངས་རྒྱས་ཀྱང་ཡིན་ལ། ད་ལྟར་གྱི་ཤཱཀྱའི་དབང་པོ་ཉིད་ཀྱང་ཁོ་བོ་ཡིན་ནོ་ཞེས་གསང་མཐོན་པོས་གསུངས་ཤིང༌། རྗེ་འབྲི་ཁུང་པ་དེ་ཉིད་སློབ་དཔོན་ཀླུ་སྒྲུབ་ཀྱི་ངོ་བོ་ཉིད་དགེ་བསྙེན་གྱི་ཆ་བྱད་དུ་བྱས་ནས་དྲུང་དུ་ལྷགས་པ་ན། དགེ་བསྙེན་ཁྱོད་ངེད་རང་ལ་རེ་ཆེ་བར་འདུག་སྟེ། ངས་ཁྱེད་རྣམས་ཀྱི་དོན་དུ་བསྐལ་པ་མང་པོར་དཀའ་བ་སྤྱད་པ་ཡིན། གསུང་བ་དེ་ཡང་དོན་གྱིས་སངས་རྒྱས་ཉིད་དུ་ཞལ་གྱིས་བཞེས་པ་ཡིན་ནོ། །གྲུབ་པའི་སྐྱེས་བུ་བརྒྱུད་པའི་ཚུལ་ནི། ལྷན་ཅིག་སྐྱེས་གྲུབ་རྩ་འགྲེལ་དུ། ཨུ་རྒྱན་གྱི་ཡུལ་དུ་དྲང་སྲོང་འགྲོ་བ་དབུགས་འབྱིན་ཞེས་བྱ་བ་ལ་དེས་རྗེས་སུ་གཟུང་བའི་དཔའ་བོ་རྡོ་རྗེ། དེ་ནས་རིམ་གྱིས་དམ་ཚིག་རྡོ་རྗེ། པད་མའི་རྡོ་རྗེ། འབྲོག་མཁན་གྲུབ་པའི་རྡོ་རྗེ། དཔལ་ལྡན་ཀུན་འགྲོ་མགོན་པོ། རྣལ་འབྱོར་པ་ཐུགས་ཀྱི་རྡོ་རྗེ་རྣམས་སྔ་མ་སྔ་མས་ཕྱི་མ་ཕྱི་མ་གྲུབ་པའི་ཏིང་ངེ་འཛིན་ལ་བཀོད། དེ་དག་གི་ཐ་མ་ཐུགས་ཀྱི་རྡོ་རྗེས་ལྷ་ལྕམ་ལཀྵྨེ་ཀ་ར་གྲུབ་པའི་ས་ལ་བཀོད། ས་རང་གི་མིང་པོ་རྒྱལ་པོ་ཨིནྡྲ་བུདྡྷི་གྲུབ་པའི་ས་ལ་བཞག་ཅིང༌། དེས་མཁའ་འགྲོ་མ་རྣམས་གདུལ་བའི་ཕྱིར་ཝ་བའི་ན་བཟའ་ཙམ་ཞིག་ལུས་ཤིང་བདག་ཉིད་ཀྱི་སྐུ་མི་སྣང་བར་བྱས་པས་མཁའ་འགྲོ་མ་རྣམས་ཀྱིས་ཝ་བ་དུམ་བུར་བགོས་ཏེ་ཟོས་པས། མཁའ་འགྲོ་མ་རྣམས་ལུག་ཏུ་བསྒྱུར་བ་ལ། རྒྱལ་པོས་དེ་ཤེས་ནས་སློབ་དཔོན་ལ་གསོལ་བ་བཏབ་པས། མཁའ་འགྲོ་མ་དེ་རྣམས་ཆད་པ་ཁས་ལེན་དུ་བཅུག་སྟེ། སླར་བུད་མེད་ཀྱི་ལུས་སུ་མཛད་པས་ཝ་བ་པར་གྲགས་པའི་ཨིནྡྲ་བུདྡྷི་ནི་དཔལ་ཕག་མོ་གྲུ་པ་ཉིད་ཡིན་པར་ཡང་ཞལ་གྱིས་འཆེསསོ། །ཐ་མ་སོ་སོ་སྐྱེ་བོ་སྐལ་ལྡན་རིམ་གྱིས་སྨིན་ཅིང་གྲོལ་བར་གྱུར་པའི་ཚུལ་ནི། ཡུལ་མདོ་ཁམས་ཀྱི་ལྷོ་རྒྱུད་འབྲི་ལུང་རྣེ་ཤོད་ཀྱི་སྟག་ངོས་སབ་ཁང་བྱ་བར། གདུང་རུས་དབས་ཝེ་ན་འཕན་ཐོག་གི་རིགས། ཡབ་དབས་ཝ་ན་ཨ་དར་བྱ་བ་དང༌། ཡུམ་རེ་འབྱེ་གཟའ་བཙུན་ནེ་བྱ་བའི་སྲས་སུ་ལྕགས་ཕོ་སྟག་གི་ལོ་ལ་བལྟམས། ཡུམ་གྱི་རྨི་ལམ་དུ་གསེར་གྱི་རྡོ་རྗེ་རྩེ་དགུ་པ་ཅིག་སྐྱེས་པ་ཐུ་བར་བཞག་པ་ལས་ཕྱོགས་བཅུར་འོད་ཟེར་འཕྲོས་པས་ཕྱོགས་ཐམས་ཅད་སྣང་བས་ཁྱབ་པ་ཞིག་རྨིས། ཞལ་སྔ་ནས་ནི་སྐྱེས་པའི་སྡུག་བསྔལ་འཇུར་མིག་ནས་ཕྱུང་བ་ལྟ་བུར་གསུངས་ཀྱང༌། ཁོ་བོ་ཟོ་བ་སྟོང་པ་ཞབས་རྟོལ་ཞིག་ནས་ཕྱུང་བའི་སྣང་བ་ཙམ་ལས་མ་བྱུང་གསུང༌། དེའི་དུས་སུ་ཡབ་དེས་ཕག་ཁོག་ཅིག་ཁྱེར་ནས་བྱུང་བ་དྲན། ལོ་གཉིས་ལོན་པ་ན་གནས་པ་རང་བྱུང༌། བྱིས་པ་གྲོགས་ཅིག་གིས་གཡེང་བ་ལ་འདི་ཁོ་བོ་ཡིན་ན་རུང་བ་ལ་སྙམ་པའི་ཐུགས་རྗེ་ཆེན་པོ་ཡང་འཁྲུངས། ལོ་གསུམ་ལོན་པའི་ཚེ་མས་པང་ནས་ཆུ་བཙགས་པས་ངོ་ཚ་མི་བསྲུང་བར་འདུག་སྙམ་པ་བྱུང་སྟེ། དེས་སྐྱེ་བ་དྲན་པ་བརྗེད། དུས་དེར་སྦྲུལ་ཅིག་བསད་པས་དུས་ཕྱིས་རོ་སྟོད་ཚ་ཁམ་ཁམ་བྱེད་པ་འདི་དེས་ལན་པ་འདྲ་གསུང༌། ལོ་བདུན་ལོན་པའི་ཚེ་གནས་པ་རང་འཁྲུངས་དང༌། སངས་རྒྱས་འོད་སྲུངས་ཀྱི་བསྟན་པ་ལ་སྤྲེའུར་འཁྲུངས་པ་ལ་སོགས་པ་དྲན་པ་རྣམས་ཕ་མས་རྨེ་ཤ་བྱིན་པས་བརྗེད། ཕ་མ་ཆུང་ངུ་ནས་ཤི་བས་ནུ་བོ་ཞིག་ཡོད་པ་ཁྱིམ་དུ་བཞག་ནས་ཁུ་བོས་གྲོགས་བྱས་ཏེ། བྱ་ཁྱི་ལྷ་ཁང་བྱ་བར་མཁན་པོ་ལྷིང་དེ་ཡན་ཐུབ་བུ་ཚུལ་ཁྲིམས་བྱ་བ་དང༌། སློབ་དཔོན་ལྷིང་དེ་འོད་ཟེར་རྒྱལ་མཚན་ལས་དགུང་ལོ་དགུ་བཞེས་པའི་ཚེ་རབ་ཏུ་བྱུང༌། མཚན་རྡོ་རྗེ་རྒྱལ་པོར་གསོལ། ཡི་གེ་མ་བསླབས་པར་མཁྱེན་ནས་མཁན་པོས་དངུལ་འབུམ་ཅིག་བཞེངས་པའི་པོ་ཏི་གཅིག་གི་ཞབས་ཏོག་མཛད། ལྷ་བྲིས་ཀྱང་མ་བསླབས་པར་མཁྱེན། བླ་མ་རྒྱ་ཆེན་པོ་ལ་དབང་བསྐུར་ཞུས་པའི་ཚོགས་གྲལ་དུ་ཆང་གཏན་དུ་མི་གསོལ་བའི་དམ་བཅའ་མཛད་པས་སློབ་དཔོན་ཡང་མཉེས། དེ་ནས་སྤྱོད་འཇུག་ལ་སོགས་པའི་གསན་པ་ཡང་མང་དུ་མཛད། ཨུ་རིང་རྒྱན་འབར་བྱ་བའི་གཙོ་བོ་ཅིག་ལ་ཁམས་གསུམ་ས་དགུ་ལ་སོགས་པའི་ཆོས་ཀྱང་མང་དུ་གསན། དེ་གཞན་སྣང་གཙོ་བོ་ཐ་མལ་བ་ཅིག་ཏུ་མཐོང་ཡང་ས་བཅུ་པའི་བྱང་ཆུབ་སེམས་དཔའ་ཡིན་གསུང༌། སྤྱིར་ཁམས་སུ་སློབ་དཔོན་བཅུ་དྲུག་ཙམ་ཡོད། སྤྱོད་འཇུག་ལ་བཤད་པ་འགའ་རེ་ཡང་མཛད། མཁན་སློབ་ལ་སོགས་པ་ཐུགས་མཉེས་པས་དབུས་སུ་རྫོང་བར་ཞལ་འཆམ་ཡང་དངོས་པོ་ནི་གཡུ་ཆུང་འགའ་རེ་ལས་མེད། དབས་ཆེན་པོ་དང་སྟབས་སུ་བྱོན་པས་ཁོང་ལ་རྫས་ཆེན་པོ་མངའ་བས་ངེད་རང་གཉིས་གཅིག་ཏུ་བྱས་པས་ཆོག་གསུང་ནས་ཕན་པ་མཛད། སོག་གི་མེར་ནག་ཁར་ཕེབས་པའི་ཚེ་དབུས་གཙང་གི་ས་ཕྱོགས་རྣམས་ནག་པོ་ར་རི་ཅིག་གིས་ཁེངས་འདུག་པ་ལ། ཇོ་བོ་མི་གཡོ་བའི་སྐུ་ཆུང་ངུ་ཞིག་གི་རལ་གྲིས་བཅད་པས། ཕྱོགས་ཐམས་ཅད་སྐྱ་སེང་སོང་བའི་སྣང་བ་བྱུང་གསུང༌། དགུང་ལོ་བཅུ་དགུ་བཞེས་པ་ལ་དབུས་སུ་ཕེབས། སྟོད་ལུངས་རྒྱ་དམར་གྱི་སར་རྟ་སྒ་ཕོག །དབུ་ཚད་ཉན་པའི་ཞར་ཆོས་པ་དགེ་བཤེས་གཡོར་ཉན་ལ་ཞུས། དེ་དག་གི་སྐབས་སུ་བཀའ་གདམས་པའི་དགེ་བའི་བཤེས་གཉེན་ཡང་གང་བ་དང༌། དོན་སྟེངས་པ་དང༌། བྱ་ཡུལ་བ་ལ་སོགས་པ་ལ་སྨོན་འཇུག་གི་སེམས་བསྐྱེད་ཞུས་ཤིང་བསྟན་པའི་རིམ་པ་རྣམས་མཉན། རྒྱ་དམར་ལ་གསན་པ་མཛད་ཅིང་བཞུགས་པའི་ཚེ་དགེ་བཤེས་ཕྱྭ་བ་ལ་སྡིག་བསགས་པ་ལོ་བརྒྱད་དུ་འབྱང་མ་ཉན་གསུང༌། དགུང་ལོ་ཉི་ཤུ་རྩ་ལྔ་ལ་ཟུལ་ཕུར་བྱ་འདུལ་གྱིས་མཁན་པོ། རྒྱ་དམར་གྱིས་སློབ་དཔོན། ཨར་གྱིས་གསང་སྟོན་མཛད་ནས་བསྙེན་པར་རྫོགས། མཁན་པོ་ལ་འདུལ་བ་མདོ་རྩ་ལ་སོགས་མང་དུ་གསན། མྱང་བྲན་ལ་སྤྱོད་ཕྱོགས་མང་དུ་གསན། མཚན་ཉིད་ཀྱི་གྲྭ་སར་བཞུགས་པའི་ཚེ་ཡང་ཐུན་བཞིའི་རྣལ་འབྱོར་མ་ཆག་པར་མཛད། མཁྱེན་པ་ཆེ་བས་ཆོས་ཚ་བར་ཡང་གྲགས། རྨེན་དོར་བའི་འདུན་མ་ཡང་བསྡུས། དེ་ནས་བུ་ཧྲངས་ལོ་ཆུང་གི་དངོས་སློབ་དམར་ཆོས་ཀྱི་རྒྱལ་མཚན་ལ་བདེ་མཆོག་གི་རྒྱུད་ལ་སོགས་པའི་གསང་སྔགས་མང་དུ་གསན། དཔལ་ཆེན་རྒྭ་ལོ་དང་མཇལ་ནས་ཆོས་དང་གདམས་པ་མང་དུ་གསན། དེའི་ཆོས་ལྷག་རྣམས་བླ་མ་ཨ་སེང་ལ་གསན་པའི་ཚེ་བླ་མ་ལ་ཇ་སྐྱིས་པས་མ་བྱུང་བ་ལ་ཅུང་ཟད་མ་དད་པས། བླ་མ་རྒྱབ་ཀྱིས་ཕྱོགས་ཤིང་ན་བཟའ་ངན་པའི་མནལ་ལམ་ཡང་བྱུང་བས། ཏིང་ངེ་འཛིན་གྱི་དབང་བརྒྱ་རྩ་བརྒྱད་བླངས་པས་སོར་ཆུད། སྦྱོར་དྲུག་ལ་སོགས་པ་རྒྭ་ལོའི་ཆོས་སྐོར་རྣམས་མང་དུ་གསན། དེ་ནས་གཙང་དུ་བྱོན་ནས་བྲག་དཀར་པོ་བ་ལ་ཨ་རོའི་གདམས་པ་ཞུས་པས། ཞི་གནས་རྐྱང་བར་འདུག་དགོངས་ནས་ཐུགས་ཅུང་ཟད་མ་ཁེངས། འགོས་དང་བ་རིའི་སློབ་མ་འཇང་བྲག་སྟག་པ། དེའི་དབོན་པོ་རྔོག་མུ་ནེ་ལ་འཕགས་སྐོར་དང་མངོན་པ་གསན། དེ་ནས་བུར་དུ་བུར་སྒོམ་ནག་པོའི་སར་བྱོན། ལོ་རོ་བའི་གདམས་པ་རྣམས་ཞུས་པས་ལེགས་པར་གནང༌། བུར་གི་དྲུང་དུ་ཟླ་བ་བརྒྱད་བསྒོམས་པས་སྐུ་ཐམས་ཅད་བདེ་བས་གང་བ་དང་ཞབས་ལ་ཚེར་མ་ཟུག་པ་ཡང་བདེ་བར་འཆར་བ་བྱུང༌། དེ་ནས་ས་སྐྱར་བྱོན་ནས་ས་སྐྱ་པ་ཆེན་པོ་ལ་ལམ་འབྲས་ལ་སོགས་པའི་གདམས་པ་མང་དུ་གསན། ཁོང་ཆོས་ཀྱི་དྲི་བ་ལ་དགྱེས་པས་ཆོས་མང་པོ་ཚུར་དྲིས་པ་ལ་ལན་ལེགས་པར་གསོལ་བས་ཁམས་པ་ཤེས་རབ་ཅན་ཞེས་མཉེས། དེ་ནས་བླ་མ་འབྱིམ་ལོ་ཙཱ་བ་ཀུ་མཱ་ར་བུདྡྷོའི་དྲུང་དུ་ཐིམ་པ་རྣམ་གསུམ་ལ་སོགས་པའི་གསང་སྔགས་ཀྱི་གདམས་པ་མང་དུ་གསན། བྱང་སེམས་ཟླ་བ་རྒྱལ་མཚན་ལ་ཐུགས་རྗེ་ཆེན་པོ་དང་སྨོན་འཇུག་གི་སེམས་བསྐྱེད་ཀྱི་ལག་ལེན་ཞུས། ཁོང་གི་ཞལ་ནས། ཟླ་བ་མར་ངོ་ལ་མཚམས་བཅད། ཡར་ངོ་ལ་ཆོས་བཤད། དབང་བསྐུར་དང་བྱིན་རླབས་མ་བྱས་ན་གཞན་ལ་ཕན་ཆེ་བར་འོང་གསུང༌། ཡང་ཁ་རག་སྒོམ་ཆུང་གི་སློབ་མ་ལྷོ་བ། དེའི་སློབ་མ་མྱང་སྒོམ་རྒོད་པོ་ལ་ཁ་རག་སྐོར་གསུམ་གསན། བླ་མང་མཁར་བ་ལ་མང་མཁར་བའི་ཆོས་བརྒྱད་གསན། སྟོད་ལུངས་སུ་སྟོན་འཇམ་དང་བསྡོངས་ནས་སངས་རྒྱས་གཉལ་ཆུང་བ་ལ་ཆོས་ཞུར་བྱོན་ནས་སྒོམ་མ་ཅིག་ལ་ཕྲིན་བཏང་བས་མཇལ་དུ་མ་གནང༌། ནན་བསྐྱེད་ནས་ཞུས་པས་འོ་ན་གཏོར་མ་ཅིག་བཏང་གསུང་ནས། དེ་ནས་མཇལ་ནས་ཆོས་ཞུས་པས། དོ་ནུབ་རྨི་ལམ་བརྟག་གསུང་ནས་ཁོང་སྟེང་དུ་གཟིམས་པ་ལ་བལྟས་པས་སྐྱེམས་མང་པོ་གསོལ། ཁྱི་ཐུལ་གྱིས་དབུ་གཏུགས་ནས་སྡུར་པ་ཧྲོག་ཧྲོག་གཟིམས་པ་ལ། འདི་ལ་རྨི་ལམ་ཅང་འོང་ངམ་སྙམ་ནས་བག་ཙམ་མ་དད་པ་ནང་བར་མཁྱེན་བྱུང༌། ཁམས་པ་སྟོན་པ་ཁྱོད་ཀྱི་རྗེས་སུ་མཁའ་འགྲོ་མ་གསེར་གྱི་རྒྱན་ཅན་བཞི་འབྲང་བར་འདུག །ངམ་ཤོད་རི་ནག་གི་དྲུང་དུ་འགྲོ་བ་མང་པོ་ལ་ཕན་ཐོགས་པ་ཅིག་འོང་བར་འདུག་པས་ཆོས་བཤད་གསུང་ནས། ཐབས་ལམ་གྱི་གདམས་པ་ཟབ་མོ་ལག་ལེན་འཁྲུལ་འཁོར་དང་བཅས་པ་གནང༌། དེ་ནས་གཞན་ལ་ཆོས་འདྲ་བ་བཤད་པས་འབུལ་བ་འགའ་རེ་རྙེད་པས། སླར་ཡང་ས་སྐྱ་པ་ཆེན་པོའི་དྲུང་དུ་བྱོན། གཞན་ཡང་མ་གཅིག་ཞལ་མ་ལ་སོགས་པའི་རྣལ་འབྱོར་མའི་བླ་མ་བཅུ་གསུམ་ཙམ་ལ་ཡང་གཏུགས། ལར་གདམས་པ་འདི་ཆེ་ཟེར་བ་ལ་གཏུགས་པ་ཙམ་མེད། ས་སྐྱ་པའི་དྲུང་ན་ཁམས་པ་ཤེས་རབ་ཅན་ཟེར་ནས་སྙན་པ་ཆེ་བས་དགེ་བཤེས་ཞང་ཡང་གུས་པར་བྱུང་སྟེ། སྤྱན་དྲངས་པས་འགྲོགས་ནས་བྱོན། ཁོང་གིས་བྱ་ས་གཙང་པོ་ལ་སོགས་པའི་སར་ཡང་ཡོན་མཆོད་དུ་འགྱུར་སྙམ་ནས་བཞུགས་སུ་བཅུག་པས། མཐུན་འཇུག་མ་མཛད་པ་ལ་བླ་མ་ཞང་ཅུང་མ་མཉེས། ཞང་ལ་ཉེས་པ་མེད་པའི་སྐུར་པ་ཆེན་པོ་ཅིག་བྱུང་བས། ཞང་གིས་འགྲོ་མགོན་ལ། ང་ལ་ཉེས་པ་ནི་ཡེ་མེད། འདི་འདྲ་བའི་གཏམ་ཇི་ལྟར་བྱས་ན་ཞི་བར་འགྱུར་དྲིས་པས། འགྲོ་མགོན་གྱིས། དགེ་བའི་བཤེས་གཉེན་ཆེན་པོ་ཅིག་ལ་བརྟེན་ན་ཞི་བར་འགྱུར་རམ་གསུངས་པས། འོ་ན་དགེ་བའི་བཤེས་གཉེན་སུ་ཆེ་ཟེར། ད་ལྟ་དྭགས་པོ་སྙི་སྒོམ་ཁོ་ན་སྙན་པ་ཆེ་བར་འདུག་པ་གསུངས་པས། དགེ་བཤེས་ཁམས་པས་གྲོགས་བྱེད་ན་ནི་ང་ཁོང་གི་དྲུང་དུ་འགྲོ་ཟེར་བས། དེར་གཉིས་པོ་བསྡོངས་ཏེ་སྒམ་པོར་བྱོན་པས་ཕེབས་པ་ལ། རྗེ་སྒམ་པོ་བ་སྐུ་ཅུང་ཞིག་མཉེལ་བས་ཞག་འགའ་མ་མཇལ། དེ་ནས་མཇལ་དུས་ཆོས་ཀྱི་ལོ་རྒྱུས་མང་པོ་གསུངས། ཆོས་ཀྱང་ཉིན་རེ་གནང་གི་ཡོད་པ་ལ། ཉིན་ཅིག་གི་ཚེ་དགེ་བཤེས་ཁམས་པ་དང་ཁྱེད་རྣམས་ཁྲིད་སོ་སོར་བྱ་དགོས་པ་འདུག་གསུང་ནས། གཞན་རྣམས་ཆོས་ཐུན་ཐོན་ནས་ཕྱིར་སོང་བ་ན། འགྲོ་མགོན་ལ་སྤྱན་སྔར་བྱོན་གསུང་ནས་བྱོན། ཁྱེད་ཀྱིས་སྔར་ཆོས་ཅི་འདྲ་བ་ཐོས། ཉམས་ལེན་ཅི་ལ་བྱས་པ་གསུང་བ་ལ། གདམས་པ་མང་དུ་གསན་ཚུལ་དང་སྔར་གྱི་སྐོར་ཉམས་སྙན་དུ་གསོལ་ཏེ། འདི་བླ་མ་ས་ཆེན་གྱིས་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་ངོ་སྤྲད་ཞུས་པས། ཨ་བ་ཁྱེད་དེ་ལ་དེ་ཙམ་གྱི་རྩིས་ཡོད་དམ་གསུང༌། རྩིས་བདོག་ལགས་ཞུས་པས། ད་ཅི་ནས་གསོལ་བ་མཛད་པའི་ཟན་ཆངས་ཤིག་འདུག་པ་ཕྱག་ཏུ་བསྣམས་ནས། ཁྱེད་ཀྱི་དེ་བས་འདི་མི་དགའ་རི་ཤི་གསུང༌། དེར་ཐུགས་སྐྱོག་གིས་སོང་བ་ན། སྒམ་པོ་བའི་ཞལ་ནས། ཁྱེད་རང་ཤར་གྱི་རི་དེའུ་ཕ་གིའི་ཁར་སྐུ་ཁམས་གསེང་བ་ལ་བྱོན། ཁོང་འགའ་ཞིག་གི་ཆོས་ཟིན་པ་དང་འོ་སྐོལ་གསུང་གླེང་བྱའོ་གསུང་བས། དེའུ་ཤར་མའི་ཁར་བྱོན་ནས་མནོ་བསམ་མཛད་པས། ཇི་ཞིག་ལྟར་ལ་སྔར་གྱི་ཆོས་ཐམས་ཅད་ཕྱི་ཤུན་དང་སྦུན་པར་སོང་ནས་ནམ་མཁའ་རྣམ་པར་དག་པ་ལྟ་བུའི་རྟོགས་པ་བཟང་པོ་འཁྲུངས། ། ཐུགས་རབ་ཀྱང་ནམ་མཁའ་ལ་མདུང་སྐོར་ལྟར་སོང་བྱུང་། དེ་ནས་ཡང་སྤྱན་སྔར་བྱོན་པ་དང་སྒམ་པོ་བས་མཁྱེན་ཏེ། ད་ང་ལ་ཡང་དེ་བས་ལྷག་པ་བསྟན་རྒྱུ་མེད། འོ་ན་ཡང་ང་རང་གི་ལུགས་ཁྲིགས་སྐད་དེ་བ་ཅིག་ཡོད་པ་དེ་བྱ་དགོས་གསུང་ནས། ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་གནང༌། དེར་བླ་མ་ལ་ངོ་བོའི་ཕྱོགས་ཀྱི་དྲི་བ་འགའ་ཞིག་ཞུས་པ་ལ། དགེ་བཤེས་པ་ཁྱོད་ཀྱིས་ཆོས་ལེགས་པར་གོ་བ་འདུག་པས། ངས་འཆད་དགོས་གསུང་ཞིང༌། ཁོ་བོ་ས་བཅུ་པའི་བྱང་ཆུབ་སེམས་དཔའ་ཡིན་པར་གསོལ་བྱ་བ་ཡང་གསུང༌། དེ་ནས་རིང་པོ་མ་ལོན་པར་རྗེ་སྒམ་པོ་བ་སྐུ་གཤེགས་ནས། སྒམ་པོ་ཉིད་དུ་སྐུ་འབུམ་ལ་སོགས་པའི་བྱ་བ་དང༌། སློབ་དཔོན་སྒོམ་པའི་སྡུག་གྲོགས་མཛད་དེ་བཞུགས། དེ་ནས་ཡར་བྱོན་ཏེ་བླ་མ་ས་སྐྱ་བ་ཆེན་པོ་དེ་སྔར་ང་ལ་ཁམས་པ་ཤེས་རབ་ཅན་གསུང་ཞིང་མཉེས། ང་ཤེས་རབ་འདི་འདྲ་བ་སྐྱེས་པས་ཁོང་གི་དྲུང་དུ་ཕྱིན་ལ་ཞུ་དགོས་དགོངས་ནས། སླར་ཡང་ས་སྐྱར་བྱོན་པས། དེ་རེས་ནི་དྲི་བ་ཙམ་ཡང་མི་མཛད་པར་སྤྱན་རྩ་འགྱུར་འདུག་པས། ཕྱིར་འོན་ཏུ་ཕེབས་ནས་མཚལ་སྒང་དུ་བཞུགས། དེར་སློབ་མ་ཡང་མང་དུ་འདུས། ལོ་ངོ་ལྔ་ཙམ་གྱི་བར་དུ་སློབ་མ་འདུས་པ་རྣམས་དྭགས་པོའི་གདམས་པ་གཙོ་བོར་གྱུར་བའི་ཆོས་ཀྱི་རྣམ་གྲངས་མང་པོས་ཆ་ཆ་ནས་ཚིམ་པར་མཛད། དགེ་འདུན་གང་བཞུགས་པ་རྣམས་བཀའ་ལུང་གིས་བཅད་དེ་དམ་པའི་ཆོས་འདུལ་བའི་ཀུན་དུ་སྤྱོད་པ་ལས་མི་འདའ། གདམས་ངག་བཏབ་པ་རྣམས་ལ་ཐེབས་སླ་ཞིང་བསམ་གཏན་གྱི་སྒོ་མང་དུ་སྐྱེས་པས། དེ་ཉིད་དུ་མ་ཟད་ཕྱོགས་ཐམས་ཅད་དུ་སྙན་པའི་འུར་ཆེན་པོ་བྱུང༌། དེ་ཡང་རྗེ་སྒམ་པོ་བ་དེ་བཀའ་གདམས་དང༌། རྗེ་བཙུན་མི་ལ་གཉིས་ཀའི་ལུགས་འཛིན་པར་བཀའ་ཕྱག་ཆུ་བོ་གཉིས་འདྲེས་སུ་གྲགས་པ་བཞིན། མཚལ་སྒང་དུ་མཛད་པའི་གར་གྱི་ཉམས་དགུ་ཡང་དེ་དང་མཐུན། དེ་ནས་དེར་གྲོང་ཡུལ་དང་ཉེ་བ་ནི་མི་ལེགས་པས་དབེན་པ་ཞིག་ཐུགས་ལ་དགོངས་ནས། ནགས་ཁྲོད་དབེན་པ་སྟེས་དབང་གིས། །སྤྱོད་ཅིང་རག་དབང་བསྟེན་མཛད་གསོལ། །ཞེས་པའི་གསོལ་བ་ཡང་བཏབ། དེ་ནས་ནང་ཅིག་དགེ་འདུན་ལ་གྲོས་མེད་པར་གདན་ས་རིན་པོ་ཆེར་འབྱོན་པའི་ལམ་དུ་ཚ་རོང་བཙད་པོའི་སྒོ་དྲུང་དུ་བྱོན་ནས་དར་ཤམ་ཅིག་བསྐུར། ཁོ་བོ་མཚལ་སྒང་ན་སྡོད་པ་དེ་ལགས། ད་ཕག་མོ་གྲུའི་ཕུའི་ནགས་ཕ་གིར་སྡོད་སྙམ་པས་སྤྱན་རས་ཀྱིས་བཙའ་བར་ཞུ་བྱ་བའི་ལན་བསྐུར་བས། བཙད་པོའི་གསུང་གིས་ནང་དུ་ཚ་བ་ལ་བྱོན་ཟེར། ཁོ་བོ་ཐེམ་པ་མི་འགོང་བའི་དམ་བཅའ་ཡོད་པས་ཚ་བ་འདི་ཉིད་དུ་གནང་བར་ཞུ་བྱས་པས། ཁོང་རང་སྒོ་དྲུང་དུ་བྱོན་ནས་ཚ་བ་ཞུས། འཕྲོད་པའི་གཏམ་ཡང་མཛད། དེ་ནས་དྲེའུ་ཅིག་ཆིབས་ཡོད་པ་ཕག་མོ་གྲུའི་གྲོང་དང་ཉེ་བའི་ལུང་ནང་ནས་ཞུགས་ནས་བྱོན་པས། སྐུ་ཤིན་ཏུ་ལྕི་བས་དྲེའུ་དེ་ཡན་ལག་ཀ་བ་བཞིན་དུ་རེངས་ནས་འགྲོ་མ་ནུས། དེ་ནས་རིན་ཆེན་སྤུངས་པའི་མཐའ་རྩ་དེར་གདན་ཕབ་པས་རིན་པོ་ཆེ་མཐའ་རྩ་བར་གྲགས། གྲྭ་པ་རྣམས་ཀྱང་ཕྱིར་སྙེགས་ནས་བྱོན། མང་གར་སྒང་དང་བདེ་གཤེགས་ཕུག་པར་ཡང་ཐོགས་རེ་བཞུགས། དེར་རྒྱ་སྒོམ་རྨི་རས་བྱ་བ་ཅིག་སྔར་ནས་བསྡད་ཡོད་པས། ཁོའི་སྤྱིལ་བུར་ཚ་བ་ལ་སྤྱན་དྲངས་པས། ཁྱོད་ཀྱི་སྤྱིལ་བོ་འདི་སྐྱིད་བྱ་བ་ལན་གསུམ་གསུངས་པས། བཞེད་ན་ཕུལ་བས་ཆོག་ཟེར། ས་དེ་གནས་ཀྱི་སྙིང་པོར་དགོངས་ནས། འོ་ན་ཁོ་བོའི་ཀོམ་སྟན་ལོང་ལ་ཤོག་གསུངས་སྟེ་དེ་ཉིད་དུ་གནས་བཅས། སྤྱིར་གདན་ས་དེར་ས་ཕོ་སྟག་གི་ལོ་ལ་ཕེབས། དེར་དཔལ་སྟག་ལུང་ཐང་བ་ཆུ་ཕོ་ཁྱིའི་ལོ་པ་ཉི་ཤུ་རྩ་བཞི་ལ་བབ་པའི་ཤིང་མོ་བྱ་ལ་ཞབས་དྲུང་དུ་སླེབ། དེར་ཁོང་གིས་རྨིས་རས་ཀྱིས་ཕུལ་བའི་སྤྱིལ་བོ་དེ་འཇག་སྤྱིལ་ལས་མེད་པས། བླང་མའི་སྤྱིལ་པོ་ཅིག་བྱེད་པར་ཞུས་པས། ཉིན་ཅིག་ལ་གྲུབ་ན་གྱིས། དེ་ལས་རིང་བ་མི་རུང་གསུང་ནས་ཉིན་གཅིག་ཁོ་ན་ལ་བླང་སྤྱིལ་དེ་བསྒྲུབས། དེར་ཕྱོགས་ནས་གྲྭ་པ་མང་དུ་འདུས་པས་གཟིམས་སྤྱིལ་ནང་ན་བང་བ་ཆུང་ངུ་ནས་ཁལ་རེ་ལྷག་ཙམ་ཤོང་བ་ཅིག་ལས་མེད་ཀྱང་གྲྭ་མངས་ལ་རྒྱགས་འགྱེད་རྒྱུ་ཡང་བྱུང༌། སྟག་ལུང་ཐང་པས་ཞབས་དྲུང་དུ་སླེབ་མ་ཐག་ནས་ཉེ་གནས་མཛད། ན་བཟའ་ཡང་འདི་བས་བཟང་པ་རེ་བཞེས་པར་ཞུ་བྱས་པས། ཁྱོད་ཀྱིས་ཁོ་བོ་ལ་ཅི་འདུག་པར་མཐོང༌། ཁོ་བོ་དགེ་འདུན་སྐྱོང་དགོས་པ་ལགས་མོད་གསུང་ནས་དགེ་འདུན་སྐྱོང་འབའ་ཞིག་མཛད། དེ་ཡང་བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན་གྱི་གསུང་དང་མཐུན་པར་མར་ངོ་ལ་མཚམས་མཛད། ཡར་ངོ་ལ་ཡང་སྔ་དྲོ་མཚམས་མཛད་ཅིང་ཕྱི་དྲོ་ཁྲིད་དང་ཚོགས་ཆོས་གསུངས། དགེ་འདུན་རྣམས་ཀྱང་ཤིན་ཏུ་དད་པས་གཟིམས་སྤྱིལ་ནས་ཆོས་ཁྲིའི་བར་གྱི་ལམ་ཐམས་ཅད་དུ་ཞྭ་གོས་དང་དར་ཁ་ལ་སོགས་པ་འདིངས། དེར་རེ་རེ་གཉིས་གཉིས་ཙམ་མ་གཏོགས་སྒོམ་བཏབ་པ་ཐམས་ཅད་ལ་མྱོང་བ་ཕུན་སུམ་ཚོགས་པ་སྐྱེས་པས་ཕྱོགས་ཐམས་ཅད་དུ་ཞབས་དྲུང་དུ་སླེབ་པས་ཆོག་པའི་སྙ་པས་ཁྱབ། ཡོན་བདག་གི་བསྙེན་བཀུར་དང་འབུལ་བ་ཡང་སོ་སོ་ནས་མང་དུ་བྱུང་བ་རྣམས་ཀྱིས་དགེ་འདུན་ཁོ་ན་སྐྱོང་ཞིང་གཟིམས་སྤྱིལ་དུ་སྐྱིད་ཆོས་མི་མཛད། འོན་ཀྱང་སྐུ་མདུན་དུ་བྱུང་བའི་ཡོན་བདག་ཐམས་ཅད་ལ་བཙད་པོ་ལ་དཀར་ཡོལ་དང༌། སྤྲང་པོ་ལ་ཕམ་ཕབས་ཀྱི་ཚུལ་དུ་རིམ་པ་སྐད་དེ་བ་གནང༌། གདན་ས་དེར་ས་ཕོ་སྟག་ནས་ལྕགས་ཕོ་སྟག་གི་བར་ལོ་ངོ་བཅུ་གསུམ་བཞུགས་པ་ལ་སློབ་མ་གྲུབ་པའི་སྐྱེས་བུ་མང་དུ་ཐོན། གྲྭ་པ་བརྒྱད་བརྒྱ་ལ་གདུགས་ཐོགས་ལྔ་བརྒྱ་ཞེས་གྲགས། སྔར་ཆོས་གསུང་བའི་ཚེ་ཁོ་བོའི་གྲྭ་པ་མ་འདུས་གསུང་བ་དང༌། ཕྱིས་འབྲི་ཁུང་ཆོས་རྗེ་རྟེན་དགེ་བསྙེན་ཞིག་སྤྱན་སྔར་སླེབ་པ་ན། ད་ནི་ཁོའི་གྲྭ་པ་འདུས་ཤེས་ཀྱང་གསུང༌། ཆོས་རྗེ་མ་བྱོན་གོང་དུ་ཕྱག་རྒྱ་ཆེན་པོའི་རྟོགས་པ་ཤར་བ་ཐམས་ཅད་མགོ་ལ་ཐོད་པ་མི་འགེབས་བྱ་བའི་བཀའ་སྩལ་ཡོད་པ་ལ། ཆོས་རྗེས་ཕེབས་ནས་རྟོགས་ལྡན་སྐྱེ་བའི་འཁོར་ལོ་བསྐོར་བ་ལ་སོགས་པ་སྔར་དང་མི་འདྲ་བའི་ཆོས་མང་དུ་བྱུང་བར་གྲགས། དེ་ལྟར་དགེ་འདུན་སྐྱོང་བའི་དུས་ཉིད་ནས་གཞན་དང་གཞན་དུ་སྐུ་ལུས་ཀྱི་བཀོད་པ་བཅུ་གཉིས་སུ་བསྟན་པ་དང་ཨུ་རྒྱན་གྱི་གནས་སུ་བྱོན་ནས་མཁའ་འགྲོ་མ་རྣམས་ལ་རྒྱུད་སྡེ་ཆེན་པོ་གསན་པའི་རྒྱུད་དེའི་ལེའུའི་གྲངས་དང་དོན་བསྡུ་བའི་ཡི་གེ་ཡང་མཛད། དེ་ལ་སོགས་པ་ཕྱོགས་ཐམས་ཅད་ན་ཁོ་བོ་འདྲ་བ་མང་པོར་བྱས་ནས་སེམས་ཅན་གྱི་དོན་བྱེད་ཅེས་བྱ་བ་ལ་སོགས་པའི་མཛད་པ་རྒྱ་ཆེན་པོ་རྣམས་ནི་གོང་མ་རྣམས་ཀྱི་རྣམ་ཐར་ན་གསལ་བས་འདིར་མདོ་ཙམ་ལས་མ་བྲིསསོ། །དེ་ལྟ་བུའི་སྟོན་པ་གཉིས་པ་དེ་ནི་ལྕགས་ཕོ་སྟག་གི་ཟླ་བ་བདུན་པའི་ཉེར་ལྔ་ལ་སྤྲུལ་པའི་སྐུ་བསྡུ་བ་མཛད། དེའི་ཚེ་ངོ་མཚར་བའི་ལྟས་དུ་མ་དང༌། གདུང་ཁྲི་ཁར་གདན་དྲངས་པའི་ཚེའང་ས་ཆེན་པོ་གཡོས་ཤིང༌། ཡོན་ཆབ་རྣམས་ཕྱེད་ཕྱེད་ཙམ་པོ་བ་དང༌། མེ་ཏོག་གི་ཆར་དང༌། གླུ་སྙན་དང༌། ངོ་མཚར་བའི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་བྱུང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མང་པོ་ལྷགས་པ་དང། དཔའ་བོ་དང་མཁའ་འགྲོ་འདུས་པའི་དག་པའི་སྣང་བའང་གྲྭ་པ་མང་པོ་ལ་ཤར། རིང་བསྲེལ་ཤིན་ཏུ་མང་པོ་དང༌། ཐུགས་ལྗགས་མ་ཚིག་པར་བྱོན་པ་ལ་ལྗགས་དུམ་བུ་གཉིས་སུ་བྱས་ནས་གདུང་ཁང་རེ་ན་བཞུགས་པ་ད་ལྟ་ཁམས་ན་ཡོད་གསུང༌། ཐུགས་ནི་གདུང་བརྟེན་བཀྲ་ཤིས་འོད་འབར་ན་བཞུགས་པ། ད་ལྟ་གཙུག་ལག་ཁང་གི་རྟེན་གཙོ་ཡིན། དེ་ལ་བུ་ཆེན་བྱོན་པ་ནི། མོས་གུས་མཐར་ཐུག་སྟག་ལུང་ཐང་བ། རྟོགས་པའི་མཐར་ཐུག་སྣ་ཕུ་བ། ཤེས་རབ་མཐར་ཐུག་སྦར་ཕུ་བ། ནུས་པའི་མཐར་ཐུག་འཆན་ཕུ་རྒྱ་རས་རྣམས་ལ་མཐར་ཐུག་གི་བུ་བཞི་ཟེར། སྐལ་ལྡན་ཡེ་ཤེས་སེངྒེ། རྟོགས་ལྡན་མི་ཉག་སྒོམ་རིངས། གྲུབ་ཐོབ་ཉག་རེ་སེ་བོ། ཀུན་ལྡན་གཙང་པ་རས་ཆུང་རྣམས་ལ་གདམས་པའི་བུ་བཞི་ཟེར། ཆོས་རྗེ་འཇིག་རྟེན་མགོན་པོ། འབན་བྷ་ཕུག་པ། ཆོས་རྗེ་ལྡུམ། ཆོས་རྗེ་གཏུམ་རྣམས་ལ་རོ་གཅིག་རྟོགས་པ་ཕྱེད་དང་བཞི་ཟེར། གཤེན་སྒོམ་དཀར་བ། མྱང་གཤེན་གྲོང་པ། རྔོག་སེངྒེ་ཁ་བ། རྩི་ལུང་བ་རྣམས་ལ་ཐུགས་ཀྱི་སྲས་བཞི་ཟེར། རིན་པོ་ཆེ་ཤུག་རྩར་བ། ལྷ་ས་བ་དགེ་འདུན་སྐྱབས། ཕྲུ་ཀུ་སྟོན་པ་བློ་གྲོས་སེངྒེ། རྒྱན་ཐང་པ་རྣམས་ལ་ཡི་གེ་མའི་བུ་བཞི་ཟེར། བླ་མ་དམར་བ། ཡེ་ཕུག་པ། དགྱེར་སྒོམ་དགེ་བའི་བཤེས་གཉེན་སེང་གེ་དཔལ་རྣམས་ལ་ཉེ་བའི་སྲས་བཞི་ཟེར། དེ་དག་གྲངས་སུ་བཅད་དེ་སྔོན་རབས་རྣམས་ལ་གྲགས་པས་བརྗོད་པ་ཡིན་མོད་ཀྱི། གཞན་ཡང་ཀུན་ལྡན་རས་པའི་ཁུ་བོ་རིན་པོ་ཆེ་རྒྱལ་ཚ་ལ་སོགས་པ་དང༌། གཞན་ཡང་གྲུབ་རྟགས་དུ་མ་སྟོན་པའི་དགེ་སློང་ནམ་མཁའ་འོད་ལ་སོགས་པ་གྲུབ་པའི་སྐྱེས་བུ་མང་དུ་བྱུང་བ་རྣམས་ཕྱོགས་སོ་སོ་ན་གྲགས་པ་ཆེ་ཞིང༌། ཕྲིན་ལས་ཆེ་བར་ཡོད་ཀྱང༌། བླ་མ་གོང་མས་བསྡུས་པ་ཙམ་ཞིག་བྲིས་པའོ། །འབྲི་ཁུང་སྒོམ་པ་ཤཱཀ་རིན་གྱིས། །གདན་ས་དཔལ་གྱི་ཕག་གྲུ་དེ། །ཆུ་མིག་བརྒྱ་རྩའི་མགོ་བོ་ཡིན། །ཞེས་སྨྲ་བ་ལྟར་བོད་ཀྱི་ཡུལ་འདིའི་གཙུག་ལག་ཁང་དང་སྡེ་དགོན་ལ་སོགས་པ་གྲངས་མེད་པ་གདན་ས་འདི་ལས་མཆེད་དེ། འབྲི་ཁུང་ཆོས་རྗེ་ལས་མཆེད་པར་གྱུར་པའང་བོད་ཁམས་གསུམ་དུ་བགྲང་གིས་ག་ལ་ལང༌། གླིང་རས་པ་ལས་མཆེད་པ་འབྲུག་སྐོར་རྣམས་ཀྱིས་ཀྱང་བྱ་རྒོད་ཀྱི་ཉིན་ལམ་བཅུ་གསུམ་དུ་ཁྱབ་པར་གྲགས། དཔལ་སྟག་ལུང་ཐང་བ་ལས་གྱེས་པའང་དབུས་དང་ཁམས་ཀྱི་ས་ཆར་ཤིན་ཏུ་མང་པོར་མཆེད། སྐལ་ལྡན་ཡེ་ཤེས་སེང་གེས་བསྣུབས་འདུལ་བ་འཛིན་པ་རྗེས་སུ་གཟུང་བས་གཡམ་བཟངས་པ་མཐའ་རྒྱས་དང་བཅས་པ་ཤིན་ཏུ་རྒྱ་ཆེ། ཁམས་སུའང་ཆོས་རྗེ་དམར་བས་ཤོ་དགོན་བཏབ་པ་ལ་ཚོགས་པ་ཉིས་སྟོང་ཙམ་འདུས་ཤིང༌། ཆོས་རྗེ་དམར་བའི་རྗེས་སུ་ཤ་ཡང་དགོན་པ། རྨོག་སྤྱན་སྔ་རིན་པོ་ཆེ། ཤ་དབུ་རྩེ་བ། རྣལ་རིན་ཆེན་གླིང་པ་ལ་སོགས་ཁྱད་འཕགས་མང་དུ་བྱོན། དེ་ལས་བརྒྱུད་པའི་བུ་ཆེན་ཡང་སྒི་ལི་ཆོས་འོད་ཀྱིས་རི་རྒྱ་དགོན་བཏབ། དེའི་དགོན་ལག་རྒྱལ་དགོན་ལ་སོགས་མང་དུ་ཡོད། ཁྱད་པར་རྣལ་རིན་ཆེན་གླིང་བ་ལ་སྦོང་འོད་ཟེར་བླ་མས་ཐུག་སྟེ་ཐུགས་རྗེ་ཆེན་པོའི་གྲུབ་ཐོབ་ཏུ་གྲགས། བུམ་ཆུའི་རིལ་བུས་བོད་དང་རྒྱ་ཐམས་ཅད་དུ་ཁྱབ། བུ་ཆེན་རྟོགས་ལྡན་དགེ་བ་རྒྱལ་མཚན། དཀོན་མཆོག་རྒྱལ་མཚན། ཤིང་མགོ་བ་སོགས་གཞན་དོན་མཛད་པ་མང་དུ་བྱོན་ནོ། །ཉག་རེ་སེ་བོས་འགྲོ་མགོན་དང་མཇལ་ནས་གྲུབ་པ་བརྙེས་ཏེ་ཁམས་སུ་བྱོན་ནས་གླེས་དགོན་བཏབ། གྲུབ་རྟགས་མང་དུ་བསྟན། འདི་ཀར་མ་པ་ཤི་ཡིན་ཞེས་ཀར་མ་པ་ཤི་རང་གིས་ཞལ་གྱིས་བཞེསསོ། །གཤེན་དགོན་དཀར་བ་གདུང་རུས་གཤེན། མཚན་རྡོ་རྗེ་དབང་ཕྱུག །ཙའི་ནང་ན་དགོན་པ་བཏབ་པས་དམ་ཤོད་སྨད་པ་ཞེས་གྲགས། ཞང་མཚལ་བ་ལ་སོགས་སློབ་མ་མང་དུ་བྱོན། མྱང་གཤེན་གྲོང་བ་ནི། ཡར་ཀླུངས་གཤེན་གྲོང་བ། སྐུ་ན་གཞོན་ནུ་ནས་རབ་ཏུ་བྱུང༌། འགྲོ་མགོན་དང་མཇལ་ནས་གདམས་པ་རྫོགས་པར་ཞུས། ཁོང་རང་གི་འཁྲུངས་སར་སྒྲུབ་པ་མཛད་པས་མཁའ་སྤྱོད་དུ་གཤེགས། རྔོག་སེང་གེ་ཁ་བ་ནི། ལྗང་སེང་གེ་ཁར་དགོན་པ་བཏབ་པས་སེང་གེ་ཁ་པར་གྲགས། བླ་མའི་གདན་ས་ལ་གནོད་དོགས་ནས་གྲྭ་པ་རྣམས་བཀྱེ་ནས་རང་ཡུལ་དུ་བྱོན། སྐུ་ཆོས་ཉི་ཟེར་ལ་འགེལ་བ་སོགས་མཛད་པས་འགྲོ་དོན་འཕེལ་བར་བྱུང༌། དེའི་སློབ་མ་དཔལ་ཆེན་ཆོས་ཡེས་ཡིན། ཙི་ལུང་བས་ཙི་ལུང་བཏབ་སྟེ་གཞན་དོན་བསྐྱངས། འཇིག་རྟེན་མགོན་པོས་རབ་བྱུང་གི་སློབ་དཔོན་མཛད། བླ་མ་རྒྱན་ཐང་པ་ནི། འགྲོ་མགོན་དང་མཇལ། གདམས་པ་མང་དུ་གསན། ཆོས་སྐྱོང་གི་སྤྲུལ་པའི་བྱ་རོག་གིས་གཏོར་མ་ཁྱེར་སར་དགོན་པ་བཏབ་ནས་ད་ལྟའི་བར་དུ་ཕྲིན་ལས་ཀྱི་རྒྱུན་མ་ཆད་དོ། །བླ་མ་ཡེ་ཕུག་པ་ཡེ་ཤེས་རྩེགས་ནི། བྱང་རྟ་སྣ་དང་ལྷོ་ཡེ་ཕུག །ཤར་ལྷོའི་རྫོང་རྣམས་བཏབ། དགྱེར་སྒོམ་གཉིས་བྱུང་བ་ལས་གཅིག་གིས་མལ་གྲོ་ཕྱོགས་སུ་ཐུགས་དམ་མཛད། འབྲི་ཁུང་ཆོས་རྗེས་ཀྱང་བསྔགས་པ་མང་དུ་མཛད་པ་ཅིག་བྱུང་ངོ༌། །བླ་མ་འབྲོམ་གྱིས་སྐམ་དགོས་ལུང་བཏབ། འགྲོ་དོན་རྒྱས་པར་བྱུང་ངོ༌། །འཆན་བུ་རྒྱ་རས་ནི། སྤྱིར་གྲུབ་པ་བརྙེས། ཁྱད་པར་ཆོས་སྐྱོང་གིས་རྗེས་སུ་གཟུང་ངོ༌། །མི་ཉག་སྒོམ་རིངས་ནི། འགྲོ་མགོན་དང་མཇལ་ནས་ཁྲིད་གསན་གྱི་ཡོད་པ་ལ་འགྲོ་མགོན་གྱིས་ཁོའི་མདུན་དུ་ཐག་པའི་རྒྱ་ཅིག་བྲེས། རལ་གྲི་ཅིག་ཀྱང་ཞོག་གསུང་བ་ལས་དེ་དང་ཉེ་བར་སྤྱིལ་བོའི་གདོང་དུ་ཁོང་གི་ཕ་གསོད་མི་ཅིག་ཡོད་པ་དེ་ཁོང་གི་རྩར་ཁྲིད་ནས་འགྲོ་མགོན་གྱིས་བྱོན་པས། སྒོམ་རིངས་ཞེ་སྡང་སྐྱེས་ཏེ་རལ་གྲི་དེ་ཁྱེར་ནས་རྒྱུགས་པས། འགྲོ་མགོན་གྱིས་ཁྱོད་རང་གི་ཞེ་སྡང་གི་སེམས་དེ་ལ་ལྟོས་གསུང་བའི་བཀའ་གནང་བས་དེ་ཉིད་དུ་གནས་ལུགས་ཀྱི་རྟོགས་པ་ཁྱད་པར་ཅན་འཁྲུངས། ཕན་སེམས་ཆེ་བས་འགྲོ་མགོན་གྱི་སློབ་མ་སར་བ་རྣམས་ལའང་སྒོམ་ལུགས་ལེགས་པར་སློབ། ཕྱིས་འབྲི་ཁུང་དུ་དགོན་པ་བཏབ་ནས་བཞུགས་པས་གྲྭ་པ་བརྒྱ་ཙམ་འདུས། ཀློག་མི་མཁྱེན་པས་གཞན་དོན་ལ་ཅུང་ཟད་གནོད་པར་བྱུང༌། མྱ་ངན་ལས་འདའ་ཁར་གྲྭ་པ་རྣམས་ཀྱིས་ངུས་པས་ཁྱེད་རྣམས་བླ་མ་ངན་དུ་མི་འགྲོ། གཡེ་ཕ་གི་ན་ཕ་བོང་ཅིག་གི་འོག་ན་དགེ་བསྙེན་སྒོམ་ཤེས་པ་ཅིག་ཡོད། དེ་བོས་དང་གསུང་ནས་གཤེགསསོ། །སྤར་ཕུ་བ་ནི། གཡོ་རུ་གྲར་འཁྲུངས། གདུང་རུས་རྔན། གཞོན་ནུ་ནས་ཐོས་བསམ་མང་དུ་མཛད། ཁྱད་པར་སློབ་དཔོན་ཕྱབ་ལ་རིང་དུ་བརྟེན་པས་ཁོང་གི་སློབ་མ་རྣམས་ཀྱི་ནང་ནས་ཤེས་རབ་ཆེ་བར་གྲགས། རིགས་ཚོགས་ལ་བསྟན་བཅོས་མང་དུ་བརྩམས་ཤིང་བཤད་པའང་མཛད། དུས་ཕྱིས་གྲོ་ཤུལ་བ་དང་མཇལ། ཨ་སུ་ལས་བྱུང་བའི་དོ་ཧས་ཐུགས་ཁེངས་ནས་ཡོད་པ་ལ། བླ་མ་ཡེལ་བ་ཡེ་ཤེས་བརྩེགས་ཀྱིས་དོ་ཧའི་སྐོར་རྣམས་གསན་པས། དེར་ཡེལ་བའི་ཐུགས་ལ་འདི་བཤད་པ་རྐྱང་ངུ་འདུག །ངའི་བླ་མ་དེ་དང་མཇལ་ན་ཉམས་མྱོང་ཁྱད་པར་ཅན་ཡང་ཡོང་ངེས་བསམ་ནས་སྦར་ཕུ་བ་ལ། འགྲོ་མགོན་གྱི་སྤྱན་སྔར་ཐེངས་གཅིག་འབྱོན་པ་འཐད་ཞུས་པས། རང་རེ་བས་ལྷག་པ་ཅང་ཡོད་དམ་གསུང་པས། ཅིས་ཀྱང་འབྱོན་པར་ཞུ་དང་ལྷག་པའང་འོང་སྲིད་ཞུས་པས། སྦར་ཕུ་བ་ཐུགས་མཉེས་པས་ཕག་མོ་གྲུར་འགྲོ་མགོན་གྱི་དྲུང་དུ་མཇལ། འགྲོ་མགོན་དང་གསུང་གླེང་ཀྱང་མང་དུ་མཛད། དེར་སྦར་ཕུ་བའི་ཐུགས་ལ། བླ་མ་འདི་སེམས་ཙམ་གྱི་ལྟ་བ་འཛིན་པར་འདུག་སྙམ་པ་ཅིག་བྱུང་བས། འགྲོ་མགོན་གྱིས་མཁྱེན་ཏེ། ངའི་ཆོས་འདིས་ནམ་ཞིག་ཁྱེད་ལ་ཕན་པ་ཅིག་འོང་གསུང་བའི་བཀའ་གནང༌། ཁྲིད་བཏབ་པས་འདི་ལ་ང་རང་ཞིབ་པར་འདུག་སྙམ་ནས་ཡོན་ཏན་མ་སྐྱེས། ཚོགས་ཆོས་གསན་པས་དེ་ལ་མགུ་བར་གྱུར་ནས་ལོག་བྱོན་པ་ལ། ཡང་བླ་མ་ཡེལ་པས། བླ་མ་རིན་པོ་ཆེའི་དྲུང་དུ་མོས་གུས་ཅན་ལ་ཡོན་ཏན་འཆར་རྒྱུ་ཅིག་འོང་གི་འདུག་པ་ལ། སློབ་དཔོན་པ་ལ་མ་སྐྱེས་པར་སྣང་བས། ད་དུང་ལན་ཅིག་གཤེགས་པར་ཞུ་བྱས་པས། དེ་རུང་གསུང་ནས་དཔོན་སློབ་འགྲོགས་ནས་ཕག་མོ་གྲུར་བྱོན་པས། འགྲོ་མགོན་གྱིས་ཁོང་གི་ཐོས་པས་ང་རྒྱལ་བ་དེའི་འཛིན་པ་བཤིག་པའི་ཕྱིར། རྟེན་འབྲེལ་མཛད་དེ། བུ་རམ་ལ་པདྨའི་པར་ལེགས་པར་བཏབ་ནས་མཛེས་ལམ་མེ་པ་ཅིག་མཛད་ནས་དྲངས། ཁོང་དེ་ལ་ཆགས་ཏེ་མ་གསོལ་བར་བཞག་པས། དེར་བླ་མ་ཡེལ་བ་བཞེངས་ནས་བུ་རམ་བཅག་ནས་དྲངས་ནས། དེ་གསོལ་བར་ཞུ་བྱས་པས་དེ་གསོལ། དེ་ནས་འགྲོ་མགོན་གྱི་ཞལ་ནས། ཕ་རོལ་དུ་ཕྱིན་པ་དང་དབུ་མ་ལ་སོགས་པ་རྣམས་རྒྱུ་མཚན་ཉིད་ཀྱི་ཆོས། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་དང་ཐབས་ལམ་གྱི་བྱེ་བྲག་དང་ཕྱག་རྒྱ་ཆེན་པོའི་གདམས་ངག་ལ་སོགས་པ་ཐམས་ཅད་ཀྱང་སེམས་རྟོགས་པའི་ཐབས་སུ་གསུངས་པ་ཁོ་ན་ཡིན། དེ་རྣམས་ཀྱི་དོན་ཡང་སྒོམ་དགོས་པ་ཁོ་ན་ཡིན་པས་བསྒོམས་ཤིག་གསུང་པ་ལ། ག་རེ་གདམས་ངག་ཅི་ཡང་མ་བསྟན་པ་ལ་བསྒོམས་ཤིག་གསུང་བ་ཇི་ལྟར་ཡིན་སྙམ་སྟེ། ཅུང་ཞིག་བསམས་ཙ་ན་གནས་ལུགས་ཀྱི་དོན་མངོན་དུ་གྱུར། འགྲོ་མགོན་ལ་གསོལ་འདེབས་འདོད་འཇོའི་བ་མོ་ཡང་མཛད། ཕྱིས་སྦས་ཕུར་དགོན་པ་བཏབ། ཡི་དམ་གྱི་ལྷ་མང་པོའང་ཞལ་གཟིགས། གྲུབ་ཐོབ་ཏུ་ཡང་གྲགས། ཚུགས་པའང་ལྔ་བརྒྱ་ཙམ་འདུས། རང་གི་རྟོགས་པ་དང་སངས་རྒྱས་ཀྱི་རྟོགས་པ་གཉིས་ངོ་བོ་ལ་ཁྱད་མེད་དགོངས་ནས། རྟོགས་པ་སྐྱེད་མེད་བྱ་བའི་གྲུབ་མཐའ་ཡང་ཡོད། དེས་ན་རྣལ་འབྱོར་བཞི་པོ་ཉམས་རིམ་ཡིན་གྱི་རྟོགས་པའི་རིམ་པ་མིན་ཞེས་གསུང༌། འདི་ལ་གྲུབ་ཐོབ་གླིང་རས་པ་ལ་སོགས་པའི་མཆེད་གྲོགས་མང་པོས་ཀྱང་དོ་ཧ་གསན། གཉན་རས་དགེ་འདུན་འབུམ་དང་ཡེལ་བ་ལ་སོགས་མང་པོས་གཏུགསསོ། །ཡང་འགྲོ་མགོན་གི་སློབ་མ་སངས་རྒྱས་གཉན་རས་ནི། འཁྲུངས་ཡུལ་བསམ་ཡས་ཁམས་གསུམ་པ། གདུང་རུས་གཉན་ཡིན། ཕག་མོ་གྲུ་པ་དང་ལོ་རོ་རས་པའི་སློབ་མ་ལི་རས་ལ་གདམས་པ་རྣམས་གསན། མ་ཡུལ་རོང་གི་རྡོ་རང་ཐག་གི་ཕུག་པར་ལོ་དགུ་སྒྲུབ་པ་མཛད། མ་ཡུལ་དུ་མཁའ་འགྲོའི་ལུང་བསྟན་བཞིན་དགོན་པ་བཏབ། དུས་ཕྱིས་ལོ་རོ་འཕར་ལ་དུ་དགོན་པ་བཏབ་ནས་བཞུགས། དེའི་དཔོན་པོ་རྒྱལ་བས་ཀྱང་མ་ཡུལ་དགོན་པར་སྟན་ཐོག་གཅིག་ཏུ་ལོ་དགུར་སྒྲུབ་པ་མཛད་པས་དབུ་སྐྲ་དང་བཞུགས་གདན་གྱི་བར་དུ་སྲོག་ཆགས་ཀྱི་ཚང་ཆས་བའང་བྱུང༌། ཡེ་ཤེས་མགོན་པོའི་གྲུབ་པ་ཕུལ་དུ་ཕྱིན། གཉན་རས་ལ་བླ་མ་རྫོང་པ་སོགས་སྒྲུབ་བརྒྱུད་འཛིན་པ་མང་དུ་བྱུང་ངོ༌། །བླ་མ་ཞང་ནི། དང་པོར་འགྲོ་མགོན་དང་མཆེད་གྲོགས་ཡིན་པ་ལས། ཕྱིས་མོས་པ་རྙེད་ནས་སློབ་མ་མཛད། སེ་གསེ་བ་དང་ངང་རྐྱལ་གྱི་གཙུག་ལག་ཁང་ཆེན་པོ་བཏབ། དགེ་འདུན་གྱི་སྡེ་ཡང་བསྐྱངས། འགྲོ་མགོན་ཞི་བར་གཤེགས་ནས་གདན་སའི་ཞབས་ཏོག་ཀྱང་མང་དུ་བསྒྲུབས། འབྲི་ཁུང་ཆོས་རྗེའི་མཁན་པོ་ཡང་མཛད་དོ། །ལམ་འབྲས་བུ་དང་བཅས་པའི་གདམས་པ་དང་པོར་ས་ཆེན་ལས་ཐོབ་ནས་རང་གིས་ཡིག་ཆའང་མཛད། གདམས་པ་དེ་འཛིན་པའི་སློབ་རྒྱུད་ཡང་རྒྱུན་ཆགས་སུ་བྱུང་འདུག་གོ། །དཔག་ཕག་མོ་གྲུ་པ་སློབ་མ་དང་བཅས་པའི་སྐབསསོ། ། ། །

༨.༡༠ ཕག་མོ་གྲུ་པའི་གདན་རབས་ཀྱི་སྐབས། དེ་ལྟར་བུ་སློབ་བྱོན་པའི་རིམ་པ་ཆེ་བ་རྣམས་ནི་ཕྱི་ནས་འཆད་ཅིང༌། རགས་པ་ཅིག་བརྗོད་ནས་གདན་སའི་ཚུལ་ལུགས་ནི། འཇག་སྤྱིལ་ན་བཞུགས་པའི་སྐུ་འདྲ་རིན་པོ་ཆེ་འདི་ནི། གཤེགས་རྗེས་ཁོ་ནར་བུ་སློབ་རྣམས་ཀྱིས་སྨན་དང་རིན་པོ་ཆེ་དང་དར་ཟབ་ལ་སོགས་བསྲེས་པའི་འཇིམ་པ་ལ་གདུང་ཐལ་མང་དུ་བཏབ་སྟེ་བཞེངས། བྱིན་རླབས་ཀྱང་ཤིན་ཏུ་ཆེ། གསུང་ཡང་ལན་མང་དུ་བྱོན། བྱི་བས་སྐུའི་གདན་གྱི་ཟུར་ནས་ས་ཅུང་ཟད་བྲུས་པ་ལ། དཀོན་གཉེར་ལ་གསུང་བྱོན་ནས་བྱི་གནོད་པ་བྱས་པའི་རྗེས་རྣམས་བཀག །ས་དེ་རྣམས་ལ་རུ་མ་བྱས་ཏེ་བཞེངས་པའི་སྐུ་འདྲའང་མང་དུ་ཡོད་པ་ལ། བྱི་ས་མ་ཞེས་གྲགས། བཟོ་བྱེད་པའི་ཚེ་སྐུའི་ཆ་ཤས་ནས་ལྷག་པ་རྣམས་དྲས་པའི་ས་ལ་རུ་མ་བྱས་ཏེ་བཞེངས་པའི་སྐུ་རྣམས་ལ་ནི་དྲས་ས་མ་ཞེས་གྲགས། ཆོས་ཁྲི་ལ་བཞུགས་པའི་སྐུ་འདྲ་འདི་ཡང་མར་པ་ལྷ་སྙིང་བྱ་བས་མང་འགར་སྒང་དུ་བཞེངས། རགས་པ་གྲུབ་པ་ན་ག་ནས་འོངས་ཆ་མེད་པའི་ཇོ་མོ་མ་ཅིག་བྱུང་ནས། ངའི་བླ་མ་དེ་འདི་ཁོ་ན་འདྲ། ད་བཅས་བཅོས་མ་བྱེད་ཟེར་བས་ངོ་མཚར་དུ་གཟུང་སྟེ། ཆོས་ཁྲིའི་སྟེངས་སུ་སྤྱན་དྲངས་ནས་བཞུགས་སུ་གསོལ་བ་ཡིན་ནོ། །དེ་ནས་འགྲོ་མགོན་གཤེགས་རྗེས་སུ་བླ་མ་ཞང་གིས་དགེ་འདུན་གྱི་གྲལ་གོང་དུ་བཞུགས་བསྔོ་བ་ཙམ་མཛད་ཀྱང༌། ལྕགས་ཕོ་སྟག་གི་ལོ་མཇུག་ནས་མེ་ཕོ་སྤྲེའུའི་བར་ལོ་བདུན་དུ་གདན་ས་བ་མེད། མེ་མོ་བྱ་ནས་ས་མོ་ཕག་གི་བར་ལོ་ངོ་གསུམ་དུ་འབྲི་ཁུང་ཆོས་རྗེས་གདན་ས་མཛད་པ་ལ་ལོངས་སྤྱོད་ཀྱང་ཆུང་ཞིག་མཁན་པོ་བ་ལ་སོགས་པའི་གྲྭ་པ་རྣམས་ཀྱ་དད་པ་ཆུང་ཞིང་རེ་ཆེ་བར་བྱུང་བས། འགྲོ་མགོན་ལ་གསོལ་བ་བཏབ་པ་ན། འགྲོ་མགོན་བྱོན་ནས་ཟ་འོག་གི་འབོལ་རྙིང་པ་ཞིག་འདུག་པ་འདི་ཁོང་རང་ཚོ་ལ་གཏོང་ལ། ཁྱོད་རང་དབུ་རུ་བྱང་ཕྱོགས་སུ་སོང་གསུང་བའི་ལུང་བསྟན་བྱུང་བས་ནམ་ཕྱེད་ན་དཔོན་གཡོག་ལྔས་བྲོས་བྱོན་པས། གནས་པོ་རྡོ་བའི་སར་ཚ་བ་ལ་ཕེབས། དེས་ཞབས་ཏོག་བྱས་ཤིང་ཕྱམ་ཚེ་གསར་པ་ཅིག་ཀྱང་ཕུལ། གསང་ཕུ་ནས་ལམ་བརྒྱུད་ནས་འབྲི་ཁུང་དུ་ས་མོ་ཕག་ལ་ཕེབསསོ། །དེ་ལྟར་ས་མོ་ཕག་གི་སྨད་ནས་མེ་མོ་ཡོས་ཀྱི་བར་ཡང་གདན་ས་པ་མེད། འོན་ཀྱང་སྟག་ལུང་ཆོས་རྗེས་དགུང་ལོ་ལྔ་བཅུ་རྩ་བདུན་བཞེས་ཤིང༌། འབྲི་ཁུང་ཆོས་རྗེས་ལྔ་བཅུ་རྩ་དྲུག་བཞེས་པ་ས་ཕོ་རྟའི་ལོ་ལ་གཙུག་ལག་ཁང་ཆེན་མོ་བཞེངས་ཏེ། དེ་ཡང་མང་འགར་སྒང་དུ་བཞེངས་ན་རྡོ་རྗེ་གདན་ཚུན་ཆད་འདུ་བ་ཅིག་འོང་བྱས་ནས་འབྲི་ཁུང་པས་གསུངས་པ་ལ། སྟག་ལུང་བས་ངའི་བླ་མའི་སྐུ་རྗེན་པར་འཇོག་པ་མི་འོང་གསུང་ནས། གཙུག་ལག་ཁང་གི་ནང་དུ་འཇག་སྤྱིལ་ཡོད་པ་ཅིག་བྱེད་དགོས་བྱུང་བས། རྣམ་པ་གཉིས་པོས་བྲག་རྐོན་ཆེན་མོ་མཛད་ཅིང་གཙུག་ལག་ཁང་ལེགས་པར་བཞེངས། དེར་རྟེན་དང་གསུང་རབ་ཀྱང་མང་དུ་བྱུང༌། ཕྱི་ནས་ངམས་ཤོད་ཀྱི་བཙད་པོ་གཉིས་མ་འཆམ་པས། བུད་མེད་རྣམས་གདན་ས་བཤིག་སྟེ་ངེད་རང་རྣམས་ཀྱི་བལ་ཀུར་དུ་ར་གན་གྱི་དུམ་བུ་ཐོ་རེ་བ་གཅིག་བྱེད་ཟེར་བའི་ཚེ། འབྲི་ཁུང་ཆོས་རྗེས་ཕྱག་རྫས་ཤིན་ཏུ་མང་བར་བསྣམས་ནས་བསམ་ཡས་ཀྱི་ཞིག་གསོས་ལའང་མང་དུ་བཞག །བཙད་པོ་གཉིས་ལའང་ནོར་མང་དུ་བྱིན་ནས་བསྡུམས་ཀྱང་མ་འདུམས། འོན་ཀྱང་མཛད་པ་དེས་ལོ་བཅོ་བརྒྱད་ཀྱི་བར་དུ་འཁྲུག་པ་མ་བྱུང༌། ཡང་ཕྱིས་འབྲི་ཁུང་ཆོས་རྗེས་ཕྱགས་ཕྱིར་དགེ་འདུན་མང་པོ་ཁྲིད་ནས། གདན་སའི་གསུང་རབ་རྣམས་སྒམ་པོར་སྤྱན་དྲངས་པས། འཇིག་རྟེན་པ་རྣམས་བློ་དང་ཡང་མ་མཐུན། གྲོ་སའི་རྣལ་འབྱོར་བྱང་སང་གིས། ཁོས་བླ་མའི་གདན་ས་བཤིག་ཟེར་བའི་སྐུར་པ་ཡང་བཏབ། སྟག་ལུང་ཆོས་རྗེས་ཀྱང༌། ངའི་བླ་མའི་གདན་སར་ཆོས་རྣམས་བཞུགས་སུ་མི་འཇུག་པར་གསུང་ནས་ཡི་ཆད་མང་པོ་མཛད། རྐྱེན་དེས་ཐུགས་འཁྲུགས་པས་སྟག་ལུང་ཆོས་རྗེ་གཤེགས་པ་ཡིན་ཟེར་བ་བྱུང་ཡང༌། འབྲི་ཁུང་ཆོས་རྗེ་ཉིད་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་དགོངས་པས། འཇིག་རྟེན་པ་དང་མི་མཐུན་པའི་མཛད་པ་རྨད་དུ་བྱུང་བ་ཡིན་ཞེས་གསུང༌། སྤྱིར་འབྲི་ཁུང་པ་དང་སྟག་ལུང་པ་གཉིས་ཀྱི་བར་སྐབས་དེར་གདན་སའི་ཐུགས་ཁུར་ཆེར་བཞེས་ཀྱང་གདན་སའི་ཉམས་པ་གསོ་མ་ནུས། དེ་ནས་འབྲི་ཁུང་ཆོས་རྗེས་དྲུག་ཅུ་རྩ་དྲུག་བཞེས་པ་ས་ཕོ་འབྲུག་གི་ལོ་ལ་རྗེ་སྤྱན་སྔ་དགུང་ལོ་སུམ་ཅུ་རྩ་བཞི་བཞེས་པ་ཞིག་གདན་སར་ཕེབས་ཏེ། དེ་ཡང་ཉིན་ཅིག་ཁྲི་མཐོན་པོ་ལ་སྟན་བཟང་པོ་བཤམས། དེའི་ཐོག་ཏུ་རྗེ་སྤྱན་སྔ་བཞུགས་སུ་བཅུག །ཆོས་རྗེ་ཉིད་ཐང་རྐྱང་མཛད་ནས་ཕྱག་ལེགས་པར་མཛད། ཉོམ་ཁས་ཕན་ཆད་ཁྱེད་ངའི་བུ་ཡིན། སློབ་མ་ཡིན། དེ་རིང་ནས་ཁྱེད་ངའི་བླ་མ་ཡིན། ཕ་ཡིན་ཞེས་གསུངས་ཏེ། ཕག་མོ་གྲུར་བརྫངས། དེ་ལ་རྗེ་སྤྱན་སྔ་ནི་གནས་དྲུག་གི་ས་ཆར་མཁན་པོ་བོ་དྷི་ས་ཏྭའི་མཁན་བུ་ཁམས་པ་གོ་ཆ་དང༌། སློབ་དཔོན་པདྨའི་དངོས་སློབ་ཨ་མི་བྱང་ཆུབ་འདྲེ་བཀོལ་གཉིས་ཀྱི་གདུང་རབས་གྲུབ་ཐོབ་དང་སྡེ་དཔོན་བརྒྱུད་མར་བྱུང་བའི་རླངས་ལྷ་གཟིགས་ཀྱི་རིགས་ཏེ། ཡབ་ཡོན་ཆེན་རྒྱལ་བ་སྐྱབས་དང༌། ཡུམ་འབྲོ་ལྡོག་གཟའ་གྱུ་གུ་ལྕམ་གཉིས་ཀྱི་སྲས་སུ་ཤིང་མོ་ལུག་ལ་བལྟམས། འདི་ཕག་མོ་གྲུ་པ་གཤེགས་ནས་ལོ་དྲུག་པ་ཡིན། དགུང་ལོ་བཅུ་གསུམ་པ་ལ་སྤྱི་གནས་གཡོ་གུ་ཞེས་བྱ་བར་མན་པོ་རྫོང་མགོ་བ་དང༌། སློབ་དཔོན་སྟོན་པ་ཞེས་པ་ཐང་པོ་ཆེ་བ་གཉིས་ལ་རབ་ཏུ་བྱུང༌། མཚན་གྲགས་པ་འབྱུང་གནས་སུ་གསོལ། རབ་ཏུ་བྱུང་ནས་ལོ་ངོ་གསུམ་དུ་བླ་མ་ཡེ་ཕུག་པའི་སྤྱན་སྔར་ཐུན་འཇོག་དང་ལྷན་ཅིག་སྐྱེས་སྦྱོར་ལ་སོགས་པའི་ཁྲིད་འགའ་ཞུས། དགུང་ལོ་བཅོ་ལྔ་པ་ལ་ཡབ་ལ་བླ་མ་ཡེ་ཕུག་པའི་ཕྱིར་ཏར་དུ་འགྲོ་བྱས་པས་རྟ་བཟང་པོ་ཅིག་བསྐུར་བྱུང་བས་དེ་ཆིབས་ནས་དཀར་ཤོད་དུ་བྲོས་བྱོན། དཔོན་བླ་མས་བསུན་རྟ་དང་གཡོག་ཅིག་ཀྱངབཏང་བྱུང༌། འཕྲལ་གྱི་ཅི་དགོས་ཀྱང་བསྐུར་ནས་རག་ཤིའི་འབུལ་སྐྱེལ་དང་བསྡོངས་ནས་འབྲི་ཁུང་དུ་བྱོན། ཡབ་སྤུན་མཁན་པོ་ཡེ་ཤེས་བླ་མས་བསུ་བ་དང་དགྱེས་པ་མཛད། ཁོང་གིས་གྲོགས་མཛད་ནས་མཇལ་དུ་བྱོན་པས་ཆོས་རྗེ་ཆོས་ཁྲི་དམར་པོ་ལ་བཞུགས་པ་དང་ཐོག་མར་མཇལ་བས། ཆོས་རྗེ་ཞལ་འཛུམ་མཛད་ནས་དབུའི་ཐོག་ཏུ་ཕྱག་བཞག་ནས་བུ་ཚ་འདི་ཀུན་མིག་རྩ་དང་གྲུང༌། བསགས་པ་ཡང་ཆེ། ཞའུའི་གྱོན་ལུགས་དང་ཅས་པས། ཁྱོད་ཀྱང་སྒོམ་ཆེན་ཅིག་ཏུ་བརྫུ་བར་འོང་གསུང༌། དེར་ཕྱག་དབུ་ལ་བཞག་པ་ཙམ་གྱིས་ཆོས་ཐམས་ཅད་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་བྱ་བ་དེ་ཐུགས་ལ་ལྷང་གིས་འཁྲུངས། ཆིབས་དེ་ཚོགས་སུ་ཕྱག་ཏུ་ཕུལ་བས་མཉེས་པ་དཔག་ཏུ་མེད་པ་མཛད། དེ་རྗེས་ལོ་ངོ་གསུམ་དུ་དཔོན་བྱང་འོད་དང་གཉིས་ཀྱིས་ཆོས་རྗེས་གནང་བའི་སྤྱིལ་པོ་ཅིག་ཏུ་ལྷན་ཅིག་ཏུ་ཐུགས་དམ་མཛད། བཅུ་བདུན་པ་ལ་ཆོས་རྗེ་དྭགས་པོར་གཤེགས་པའི་ཕྱགས་ཕྱིར་བྱོན། ཆོས་རྗེ་ཟངས་ལུང་དུ་བཞུགས་པའི་ཚེ་སྒམ་པོ་བའི་སྐུ་འབག་ལ་གསོལ་བ་བཏབ་པས། སྨིན་མཚམས་ནས་འོད་བྱུང་བས་དྭགས་ལུང་པ་ཁེངས་པའི་ངོ་མཚར་ཡང་གཟིགས། སྐུ་ཁམས་ཅུང་ཞིག་མཉེལ་བ་ལ་ཆོས་རྗེའི་གསུང་ནས། བོད་ཕྲུག་གཅིག་ལ་འདི་སྐུ་གཅེས། འདི་ད་ལན་མ་གྲོངས་ན་ཕྱིས་དྭགས་པོ་བཀའ་བརྒྱུད་ཀྱི་རྟེན་ས་ཅིག་འོང་གསུང་ནས་རིམ་གྲོའང་མཛད། ཆོས་རྗེའི་ཞལ་ནས། ད་ཁྱེད་ལ་སྐུ་ཚེ་ལ་སོགས་པ་ལ་བར་ཆད་གང་ཡང་མེད། རྣལ་འབྱོར་པ་མགོ་རྒྱལ་བ་བྱ་བ་ཡིན་གསུང༌། དེ་ནས་ཆོས་རྗེ་ཕག་མོ་གྲུར་ཕེབས་པའི་ཚེ་ཉེ་གནས་ཀྱང་མཛད། ཆོས་རྗེ་འོན་དུ་ལྷ་འབྲི་སྒངས་པ་མཇལ་དུ་བྱོན་པའི་ཚེ། ཁྱོད་བསྙེན་པར་རྫོགས་པ་གྱིས་གསུང་བས། ཁོ་བོས་ལོ་བཅོ་བརྒྱད་ལས་མ་ལོན་ཞུས་པས། འདུལ་བ་ང་མཁས་པ་ཡིན། དེ་ལ་བསྙེན་པར་རྫོགས་པ་རུང་གསུང་ནས། ཞང་སུམ་ཐོག་པས་མཁན་པོ་དང༌། ལྷ་འབྲི་སྒངས་པས་ལས་སློབ་དང༌། མཁན་པོ་རིན་པོ་ཆེས་གསང་སྟེ་མཛད་ནས་བསྙེན་པར་རྫོགས། དེ་ནས་འབྲི་ཁུང་དུ་ཆོས་རྗེའི་གཟིམས་གཡོག་མཛད་པས་སྤྱན་སྔ་བར་གྲགས། ཆོས་རྗེ་ཆོས་གསུང་བའི་ཚེ་གཡས་སུ་བཞུགས་ནས་ཆོས་རྣམས་གསན། གཟིམས་གཡོག་ཚར་བ་དང་སྲོད་ལ་དེ་ཐམས་ཅད་ཚང་བར་བཤར། ནམ་གུང་ལ་མཉམ་པར་འཇོག །ཆོས་རྗེ་ཚོགས་སུ་འབུལ་བ་བཞེས་པ་དང༌། ཆོས་གསུངས་ནས་གཟིམས་ཁང་དུ་ཕེབས་ནས་ཐུགས་དམ་མཛད་པའི་བར་ལ་གསོལ་ཇ་སུན་རེ་གསོལ་ནས། མཁན་པོ་རིན་པོ་ཆེ་དང་ཇོ་བོ་ངམ་ཤོད་པ་ལ་སོགས་པ་གསུང་མ་འཁྱོར་བ་རྣམས་ཀྱི་སྐྱར་གྲོགས་མཛད། ལོ་བཅོ་བརྒྱད་ནས་སུམ་བཅུ་རྩ་བཞིའི་བར་དུ་འབྲལ་མེད་དུ་ཕྱགས་ཕྱི་མཛད། ཕག་མོ་གྲུ་ནས་ཆོས་རྗེས་སྒམ་པོར་ཆོས་སྤྱན་དྲངས་པ་ལ་སྟག་ལུང་བ་དང་ངམས་ཤོད་པ་རྣམས་གདན་ས་ལ་འདི་འདྲ་བ་མཛད་ཟེར་ནས་ཉེར་བ་ལ། ཆོས་རྗེའི་ཞལ་ནས། ངས་གདན་ས་བརྒྱ་འགྱུར་སྟོང་འགྱུར་དུ་བཟང་དུ་བཏང་ཅིག་གསུང་ནས་རྗེ་སྤྱན་སྔ་བཏང༌། དམ་བུས་ཚོགས་པ་འདི་ཙམ་བསྐྱངས་པའི་ཕུད་རྗེ་ཕག་མོ་གྲུ་པ་ལ་འབུལ་བ་ཡིན་གསུང༌། དེ་ལ་རྗེ་སྤྱན་སྔ་འདིས་ལོགས་ཤིག་ཏུ་དབེན་པར་སྒྲུབ་པ་མ་མཛད་ཀྱང༌། ཆོས་རྗེ་ལ་སངས་རྒྱས་ཀྱི་འདུ་ཤེས་དང་སྐད་ཅིག་མ་གཅིག་ཀྱང་མ་བྲལ། དེ་ལྟ་ན་ཡང་སངས་རྒྱས་ཡིན་པས་མི་དགོས་མི་གསུང་བར་གསོལ་བ་དང་ན་བཟའ་དང་ཞབས་བསྐུ་བ་སོགས་ཕྲན་ཚེགས་ཐམས་ཅད་ལ་དུས་མ་ཡོལ་བར་མཛད། རྒྱུ་མཚན་དེས་ཐམས་ཅད་ལས་མངོན་པར་འཕགས་པར་གྱུར་པ་ཡིན། ཆོས་རྗེས་ངམས་ཤོད་ཀྱི་བཙད་པོ་དང་ཁུ་སྒོམ་སོགས་ཆེ་དགུ་རྣམས་ལ་ཇ་དང་དར་གྱི་གནང་སྦྱིན་བཟང་པོ་མཛད་ནས། སློབ་དཔོན་འདི་གངས་ཏེ་སེར་བཞུད་དགོངས་པ་དམ་བུས་གདན་ས་དེར་བརྫངས་པ་ཡིན། ཁོང་ལ་ལྷ་དང་བཅས་པའི་འཇིག་རྟེན་ན་འགྲན་ཟླ་མེད་པ་ཅིག་འོང་བས། ཁྱེད་ངམས་ཤོད་པ་རྣམས་ཀྱིས་ཀྱང་ཞབས་སྤྱི་བོར་ལོང་གསུང༌། རྗེ་སྤྱན་སྔས་གདན་སར་ཕེབས་འཕྲལ་དེ་ལ། ཆོས་རྗེས་ལ་རིལ་རྒྱས་བཏབ་པ་ཅིག་སྐྱེལ་བཏང་བྱུང་བ་བཤིག་ནས་གཟིགས་པས། ནང་བདེ་ཆེན་ཏིང་འཛིན་མི་བརྟན་པར། །ལུས་ངག་ཡིད་གསུམ་རྣམ་པར་གཡེངས། །གཞན་རྒྱུད་བྱིན་གྱིས་མི་རློབ་པས། །སྒོམ་གསལ་ཆབ་ལ་མི་དབོ་ཞུ། །ཞེས་བྱ་བ་འདུག་པས། དེ་བཞིན་དུ་གདན་སར་བཞུགས་པའི་ཚེ་ཆོས་རྗེའི་ཕྱག་ལེན་དང་མཐུན་པར་ཐུབ་པའི་དབང་པོས་བསྔགས་པའི་འདུལ་བའི་བཅས་པ་ལས་མི་ཉམས་པ་དང༌། ཆོས་གསུང་བའི་ཚེ་མ་གཏོགས་སྐུ་མཚམས་ཁོ་ན་ལ་བཞུགས། ཕྱི་རོལ་གྱི་ཁ་མཆུ་ལ་སོགས་པའི་བྱ་བ་མི་མཛད། དགེ་འདུན་རྣམས་ཀྱང་ཐུགས་དམ་ལ་བསྐུལ། མཛད་པ་བླ་ན་མེད་པ་དེས་ངམས་ཤོད་པ་རྣམས་ཀྱང་ཆོས་རྗེའི་གསུང་ཁོ་ན་ལྟར་གདན་ས་བརྒྱ་འགྱུར་སྟོང་འགྱུར་ལ་སོང༌། ངེད་རང་རྣམས་ལ་འདི་འདྲ་བའི་བླ་མ་ཡོད་ཟེར་ནས་མིག་འཕངས་མཐོ་བར་བྱེད། བསམ་ཡས་ཀྱི་ལྷ་བཙུན་ཞི་བ་འོད་ཀྱི་བུ་ཅིག་ན་ནས་བྲུ་ཤ་རིག་འཛིན་པ་ལམ་ནས་བོས་ནས་རྩིས་བྱས་པས། བུ་འདིའི་ལོ་ཇོ་བོ་ལ་གནོད་སྐུ་སྲོག་ལ་འབབ་ཟེར་བས། ཐབས་མེད་དམ་བྱས་པས། ཇོ་བོའི་ཡུམ་ལྟོ་ལ་བཏང་ན་དེས་ཐུབ་ཟེར་ནས་ཇོ་བོའི་མ་ལྟོ་ལ་བཏང་བས་ཤི། བུས་ལོ་དྲུག་ལོན་བའི་ཚེ་ཅི་ཕན་བྱས་པས་ད་ལོ་ཅིས་ཀྱང་མི་ཕན་འགྲོངས་ཟེར། ཐབས་གཏན་མེད་དམ་བྱས་པས་ངམས་ཤོད་ཀླུངས་ན་བཟང་བའི་དགེ་བཤེས་ཤིག་ལ་ལྟོ་ཐེངས་ན་ཐུབ་ཟེར། སུ་བཟང་བྱས་པས་རྗེ་སྤྱན་སྔ་བཟང་བར་ཁ་འཆམ་ནས་སྤྱན་དྲངས་ཏེ་བསྒྱུར་བར་བྱས་པས། བྲུ་ཤ་ན་རེ། དེ་རྟེན་འབྲེལ་ལ་མངའ་བརྙེས་པ་ཡིན་པར་འདུག་པས་མི་འགྱུར་རམ་ཟེར་བས་མ་ཉན་པར། ཅིས་ཀྱང་གདན་དྲངས་ནས་བསྒྱུར་ཟེར་ནས་གདན་འདྲེན་བཏང་བས། ཐམས་ཅད་ཀྱི་རྗེ་སྤྱན་སྔ་ལ་མི་གཤེགས་པར་ཞུས་པས། ཨའུ་རྩི་རྐང་བཞི་ཐམས་ཅད་སེང་གེ་གཅིག་གིས་ཟིལ་གྱི་གནོན་པ་དང་འདྲ། དམ་བུ་སེང་གེ་ལྟ་བུའི་རྣལ་འབྱོར་པ་ཡིན་པས་གཞན་ཐམས་ཅད་ཟིལ་གྱིས་གནོན་པ་ཡིན་གསུང་ནས་ཐེགས། བྲུ་ཤས་དང་པོ་ཟམ་པའི་ཁར་གྲོད་པ་ཆུས་བླུག་ལ་རི་མོ་སྣ་ཚོགས་བྲིས་ནས་རླུང་གིས་བསྐྱོད་པ་བྱས། ཟམ་པའི་ཁར་སྤྱང་ཀིའི་གཟུགས་ལ་གཟུགས་བརྙན་བསྐྱོན། ཁང་པོའི་གོང་ལ་ལ་ཡང་ལྟོ་རིགས་མང་པོ་བྱས། བཞུགས་ཁྲི་འོག་ན་ཡང་ཁྱི་རོ་སྐེ་བསྣོལ་བ་དང༌། ཐོད་པ་སོ་གཙིགས་པའི་ནང་དུ་ལྟོ་བཅུག་པ་བཞག །དེ་ནས་རྗེ་སྤྱན་སྔ་བྱོན་པས། བྲུ་ཤ་ན་རེ། སྔོན་ལ་རྟ་ནག་ཞོན་པ་ཅིག་བྱུང་ན་ལྟོ་མི་འགྱུར་ཟེར། སློབ་དཔོན་ཏི་སེ་བ་རྟ་ནག་ཅིག་ཞོན་ནས་སྔོན་ལ་ཡེར་ཏེ་བྱུང་བས། ལྟོ་མི་འགྱུར་བ་འདུག་ཟེར། སློབ་དཔོན་བྲམ་ཟེས་རག་དུང་ཅིག་ཁུར་ཡོད་པ་བུས་གསུང་ནས་བུས་པས། ཙག་རྒྱངས་ཅན་ཅིག་བྱུང་བས། ད་དེས་ཆོག་གསུང༌། དེ་ནས་ཆིབས་རྣམས་ཟམ་པ་ལ་མ་བྱོན་པར་རབ་ལ་བྱོན་པས། སྤྱང་ཀིའི་གསོ་བ་ལ་གཟུགས་བརྙན་བསྐྱོན་པ་དེ་ཁོ་རང་ལ་ཁ་གཏད་ནས་འགྱེལ། རྗེའི་ཞལ་ནས། ཉེ་གནས་ཀུན་ལ་དང་པོར་ཁྲི་དེ་གུལ་བ་ཅིག་གྱིས། དེ་ནས་ལྷུང་བཟེད་དེ་ཞོག །དེས་ཐུབ་གསུང༌། ཞབས་གཡོན་པ་ཁྲི་ལ་བཞག་པས་ཁྲི་དེ་ཙལ་ཟེར་ནས་ནེམས་ཏེ་སོང༌། ཞལ་ཤར་བལྟ་བྱས་འདུག་པས་རྗེ་སྤྱན་སྔས་ལྷོར་བསྟན་ནས་བཞུགས་པ་དང༌། བྲུ་ཤ་ཤེད་མེད་ལྟོ་ལོག །ཁོང་ལ་མི་འགྱུར་རམ་བྱས་པས་མ་ཉན། ད་ང་ཡང་ཡུལ་དུ་ཨེ་སླེབ། དེ་ནས་འཆི། ཇོ་བོ་རང་ཡང་ཐབས་ཡོད་ན་གྱིས་དང་གཞན་འཆི་ཟེར་བ། བྲུ་ཤ་ཞག་བདུན་ན་ཤི། ཇོ་བོ་ཟླ་བ་གསུམ་ན་མིས་བསད། རྗེ་སྤྱན་སྔ་འཁོར་དང་བཅས་པ་ལ་ཉེས་པ་ཅི་ཡང་མ་བྱུང་ངོ༌། །དེའི་ལོ་རྒྱུས་འབྲི་ཁུང་དུ་བྱུང་བས། ཁྱེད་ཀྱིས་ལྷུང་བཟེད་ཀྱི་ཚབ་ཏུ་སྡུད་པ་ཅིག་བཞག་ན་དེ་བས་འཇམ་པ་ཅིག་འོང་བ་ཡིན་ཏེ། ཞེས་འབྲི་ཁུང་ཆོས་རྗེས་གསུང༌། བསམ་ཡས་བཙད་པོའི་ལྟོ་འོག་ཏུ་མ་ཚུད་པའི་དབང་གིས། རྗེ་ཐམས་ཅད་མཁྱེན་པ་ཞེས་གྲགས། རྒྱལ་བ་ཡང་དགོན་པས་ཀྱང༌། ཐུབ་ཆེན་བདུད་ལས་རྒྱལ་བའི་སྤྱན་སྔ་བ། །ཞེས་བསྟོད་པར་མཛད། མདོར་ན་རྗེ་ཐམས་ཅད་མཁྱེན་པ་དེས་སྤྱིར་ཚུལ་ཁྲིམས་ཕུན་སུམ་ཚོགས་པའི་སྟེང་དུ་གོང་མའི་རྗེས་སུ་འབྲངས་ནས་ཚིལ་བུ་བཏབ་པའི་ཐུག་པ་ཡང་མི་བཞེས། སྔར་དགོན་པ་ཡུན་རིང་དུ་རྙིངས་པས་དགེ་འདུན་གྱི་ནང་ན་ཧྲལ་ལེ་འདུག་པ་རྣམས་ཀྱང་ཚུལ་དང་མཐུན་པ་དང་སྒོམ་པ་ཁོ་ན་ལ་སྦྱར། བྱམས་པ་ཆེན་པོའི་ཏིང་ངེ་འཛིན་གྱིས་ཐེལ་བ་ཉིད་ཁ་མཆུ་མི་མཛད་པར་མ་ཟད། མཉལ་ཕྱིན་ཡར་ཀླུངས་ལ་སོགས་ཀྱི་འཁྲུག་པ་ཐམས་ཅད་ཞི། མུ་གེ་མེད་ཅིང་ཐམས་ཅད་ཀྱིས་སྤྱན་སྔ་རིན་པོ་ཆེ་ལ་སྐྱབས་འགྲོ་ཀུ་དི་རི་བྱེད་པའི་ངང་ནས། གདན་སར་ལོ་ཉི་ཤུ་རྩ་དྲུག་བཞུགས། དེ་ནས་འབྲི་ཁུང་དུ་དབོན་རིན་པོ་ཆེ་ཞི་བར་གཤེགས་པའི་མ་ལེགས་སྐྱེལ་དུ་བྱོན་ནས་གདུང་འབུལ་མཛད་ནས་ཞག་འགའ་སོང་བ་དང༌། གཅུང་རིན་པོ་ཆེ་དང༌། འབྲི་ཁུང་གླིང་པ་དང༌། འགར་ཆོས་སྡིངས་པ་དང༌། སྒོམ་པ་རྣམས་ཀྱིས་གྲོས་བྱས་ནས། འབྲི་ཁུང་དུ་བཞུགས་པའི་ཞུ་བ་ཕུལ་བས། ཞག་བཅུ་གསུམ་དུ་ཞལ་གྱིས་མ་བཞེས། ཐ་མ་ལ་སྟག་ལུང་པ་དང་བཀའ་གདམས་པ་སོགས་དང་རྒྱ་འདྲེ་མི་བྱེད་པའི་རྩིགས་གཟུང་ནས། གདན་ས་རིན་པོ་ཆེར་ལོ་ཉི་ཤུ་རྩ་གཉིས་བཞུགས། དེར་བཞུགས་པའི་ལོ་བདུན་པ་ལྕགས་ཕོ་བྱི་བའི་ལོ་ལ་ཧོར་དམག་གིས་འདམ་དུ་སླེབ་པའི་འུར་བྱུང་བས། འབྲི་ཁུང་ཐེལ་གྱི་དགེ་འདུན་རྣམས་ཀྱང་འབྲོས་པར་རྩོམ་པའི་ཚེ། མི་འཇིགས་པའི་གསུང་གིས་དབུགས་ཕྱུང་ནས་བཞུགས། དེ་ཡང་ཐོག་མར་ཧོར་གྱི་དམག་དཔོན་མི་ལི་བྱི་བྱུང་བ། སྐུ་མཐོང་བ་ཙམ་གྱིས་དད་པ་སྐྱེས་ནས་ཕ་དང་བུའི་འདུ་ཤེས་བྱུང་ནས་ཕྱིས་འབུལ་བ་སྐྱེལ་བར་ཁས་བླངས་ཏེ། མི་ཕྱུགས་གང་ལ་ཡང་གནོད་པ་མེད་པར་ཕྱིར་ལོག །དེ་ནས་ཞག་ཉི་ཤུ་རྩ་བརྒྱད་ན་དོར་རྟས་དམག་དཔོན་བྱས་ནས་སླེབ་བྱུང་བས། ཁོས་སྒོམ་པ་ཤཱཀ་རིན་གྱི་ལག་པ་ནས་གཟུང་ནས་ཁྲིད་པས་ནམ་མཁའ་ནས་རྡོའི་ཆར་བབ། ཁོ་ན་རེ། འདི་ཅི་ཡིན་ཟེར་བས། ཁྱེད་ཀྱིས་དམ་བུའི་སྒོམ་པ་གཟུང་བས་དམ་བུ་མ་དགྱེས། དམ་བུ་མ་དགྱེས་པས་གནམ་མ་དགྱེས་ཏེ་རྡོ་ཆར་བྱུང་བ་ཡིན་གསུངས་པས། འདིས་ཅི་བྱེད་པ་ཡིན་ཟེར། དམ་བུ་སོ་ནམ་ནི་མི་བྱེད། གཞན་གྱིས་འབུལ་བ་བྱུང་བ་རྣམས་འདིའི་ལག་ཏུ་གཏད་ནས་དགེ་འདུན་སྐྱོང་བ་ཡིན་གསུངས་པས། གདུག་པ་ཅན་དེ་ཡང་ཞི་བ་ཆེན་པོར་གྱུར་ཏེ། དམག་རྣམས་ཚོང་པ་འགྲིམ་པ་བས་ཀྱང་འཇམ་ཞིང་ཁུ་ཅོ་མེད་པར་ལོག།དེ་ཕྱིན་ཆད་སྟབས་ཉེས་རེ་ཙམ་མ་གཏོགས་མི་བསད་པ་དང་ལྷ་ཁང་བསྲེགས་པ་སོགས་ཆེར་མ་བྱུང༌། དེ་ལྟར་ན་ཐམས་ཅད་ཏིང་ངེ་འཛིན་གྱིས་དབང་དུ་མཛད་པས་འབྲི་ཁུང་གི་སྡེ་ཡང་ཆེར་འཕེལ། ཁྲི་ཚོ་བཅོ་བརྒྱད་དུ་གྲགས་པ་ཡང་དུས་དེར་བྱུང༌། དེའི་ཚེ་གཅུང་རིན་པོ་ཆེ་ལ་ཞེན་འཐེན་པ་འགའ་ཞིག་གིས་ཅུང་ཟད་མི་གུས་པའི་རྣམ་འགྱུར་བསྟན་པས། ད་ནི་འགྲོ་བ་ཡིན་གསུང་ནས་མ་ཟད་ཀྱི་ཐད་ཅིག་ཏུ་སྒར་མཛད། དེ་གཅུང་གིས་མཚམས་ཁུལ་ནས་གཟིགས་པས་དོན་དགོངས་ཏེ། མཚམས་ལ་ཧར་འདོན་མཛད་ནས་སྤྱན་སྔ་རིན་པོ་ཆེ་ལ་བཞུགས་པར་ཞུས་པས་མ་གནང་བ་ལ། གཅུང་གིས། ད་འོ་ན་ཁྱེད་རྒྱ་གར་ཡུལ་ན་སྐུ་ཁམས་བཟང་འདུག་ཟེར་ན་ཡང༌། དེ་བར་དུ་ང་གདན་ས་ལ་སྣོམ་རི་བྱས་ནས་དབུ་བསྙུང་ཕུལ་བས། འོ་ན་ད་གཟུ་བ་དགུས་ཕུལ་ཀྱང་མི་འགྲོ་གསུང་ནས་འབྲི་ཁུང་ཉིད་དུ་བཞུགས། བོད་ཁམས་སྤྱི་ལ་བཀའ་དྲིན་གྱིས་ཁྱབ་པར་མཛད། རིན་པོ་ཆེ་ལས་བསྒྲུབས་པའི་སྒོ་མངས་གཉིས་ཀྱང་བཞེངས། རྒྱ་གར་དང་བོད་ཀྱི་ལྷ་གདོང་པ་ལ་སོགས་པའི་དམ་པ་ཐམས་ཅད་ཀྱང་ཆོས་ཀྱིས་ཚིམ་པར་མཛད་དེ། དགུང་ལོ་བརྒྱད་ཅུ་རྩ་གཅིག་པ་ཤིང་མོ་ཡོས་ཀྱི་ཟླ་བ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ལ་གཤེགས། གདུང་བཞུ་བས་རིང་བསྲེལ་དཔག་ཏུ་མེད་པའང་བྱོན། བུ་སློབ་རྣམས་ཀྱིས་ཀྱང་དགོངས་པ་རྫོགས་པའི་ཕྱིར་སྒོ་མངས་ཁྱད་པར་ཅན་ཅིག་ཀྱང་བཞེངས། ཕྱིན་ཆད་ཀྱང་ཤིན་ཏུ་བཀྲ་ཤིས་པར་གྱུར་ཏོ། །བུ་སློབ་ཀྱང་རྒྱལ་བ་རིན་པོ་ཆེ། བཅུ་གཉིས་པ། གཅུང་རིན་པོ་ཆེ། རྒྱལ་བ་ཡང་དགོན་པ། རྒྱལ་སྲས་ཐོག་ཁ་བ། རིན་པོ་ཆེ་གྲགས་བསོ། རིན་པོ་ཆེ་གཏེར་རྒྱབ་པ། སྤྱན་སྔ་སྒོ་མངས་པ། སྙེ་མདོ་ཐམས་ཅད་མཁྱེན་པ་ལ་སོགས་པ་མང་དུ་བྱོན་ནོ། རིན་པོ་ཆེ་གྲགས་བསོད་པ་ནི། དཔོན་ཤེས་རབ་རྒྱལ་གྱི་སྲས་སུ་གྱུར་པ་རྒྱལ་བའི་གཅེན་པོ་ཡིན་ཏེ། མངོན་མཁྱེན་དང་སྤྲུལ་བསྒྱུར་ནུས་པ་སོགས་མངའ། དཔོན་པོ་ཤར་གླིང་བར་གྲགས། ཕྱིས་རྡོ་ཆུའི་རྒྱུད་ཀྱིས་ཤོད་དུ་ཟླ་དགོན་བཏབ་ནས་ཕྲིན་ལས་ཀྱང་རྒྱུན་ཆགས་སུ་བྱུང་བས་ཙ་རིར་རི་ཐེབས་ཀྱང་ད་ལྟ་རབ་དུ་གཏོང་བའི་སྲོལ་མ་ཆད་དོ། །སྒོ་མངས་པ་ནི། སྒོ་མངས་བཞེངས་པའི་ཞལ་བརྡ་མཛད་པས་སྒོ་མངས་པར་གྲགས། ཏི་སེར་སྒྲུབ་པ་ལ་བྱོན་དུས་ལམ་དུ་འཚོ་བ་མེད་པ་ལ་གཞི་བདག་གིས་འབྲིའི་རོ་སྐྱུར་བ་མངོན་ཤེས་ཀྱིས་མཁྱེན་པ་སོགས་ཡོན་ཏན་དཔག་ཏུ་མེད་པ་མངའ་ཞིང༌། སྒོས་ལུང་དུ་བཞུགས་ནས་འགྲོ་དོན་རྒྱ་ཆེར་བར་བྱུང་ངོ༌། །རྒྱལ་བ་རིན་པོ་ཆེ་ནི། ཡོན་ཆེན་སངས་རྒྱས་སྐྱབས་དང་ཡུམ་ཡེ་ཤེས་མཚོ་རྒྱལ་གཉིས་ཀྱི་སྲས་སུ་ཆུ་མོ་ཕག་གི་ལོ་ལ་སྐུ་བལྟམས། དགུང་ལོ་བཅོ་ལྔ་ལ་མཁན་པོ་སྟོན་པ་དང་སློབ་དཔོན་ལན་བ་ལ་རབ་ཏུ་བྱུང་མཛད་དེ། མཚན་གྲགས་པ་བརྩོན་འགྲུས་སུ་བཏགས། དགུང་ལོ་བཅུ་དྲུག་ལ་དབུས་སུ་ཕེབས། རྗེ་སྤྱན་སྔས་བྱིན་རླབས་མཛད་པས་རྟོགས་པ་འཁྲུངས་ཤིང༌། དགུང་ལོ་བཅུ་དགུ་ལ་འབྲི་ཁུང་དུ་བྱོན། མཁན་པོ་སྟོན་པ་དང༌། ལས་སློབ་ཤར་གླིང་པ། གསང་སྟོན་ཡུང་བ་པ་རྣམས་ལ་བསྙེན་རྫོགས་མཛད། དེ་ནས་སྒྲུབ་པ་མཛད་པས་སྤྲུལ་བསྒྱུར་ནུས་པ་བྱུང༌། དགུང་ལོ་སུམ་ཅུ་རྩ་གསུམ་པ་ཤིང་མོ་ལུག་གི་ལོ་ལ་གདན་སའི་གོ་སར་ཕེབས། རྗེ་སྤྱན་སྔ་འབྲི་ཁུང་དུ་ཐེགས་པའི་ཕྱི་ལོ་དེ་ཡིན། ལོ་སུམ་ཅུ་རྩ་གསུམ་བཞུགས། ལན་ཅིག་ཐོག་བབས་པ་སྐུ་ཆོས་ཀྱིས་གཏུམས་པས་གནོད་པ་མེད་པས་ཐོག་རྡུགས་པར་གྲགས། ཡོན་ཏན་གྱི་སྙན་པ་གསན་པས་རྒྱལ་པོ་ཧུ་ལས་སྟོད་ནས་འབུལ་མོ་ཆེ་ལན་གསུམ་བྱས། གཞན་ཡང་སིངྒྷ་གླིང༌། ཏི་ར་ཧུ་ཏི། ཡ་ཚེའི་རྒྱལ་པོ་རྣམས་ཀྱི་ཀྱང་འབུལ་བ་མང་དུ་བྱས། དེ་ནས་དྲུག་ཅུ་རྩ་ལྔ་བཞེས་པ་མེ་མོ་ཡོས་ཀྱི་ཚེས་བཅོ་བརྒྱད་ལ་དག་པའི་དབྱིངས་སུ་གཤེགས། གདུང་བཞུ་བས་མེ་ཏོག་གི་ཆར་དང་འོད་ཆེན་པོ་གཉིས་བྱུང་བས་ཉི་མ་གསུམ་ཤར་ཟེར་བ་བྱུང༌། གདུང་གིས་ཀྱང་གསུང་ལན་གཉིས་བྱོན། གདུང་སྦྱངས་པའི་ཚེ་བྱང་ཆུབ་ཆེན་པོའི་མཆོད་རྟེན་ཟུར་བཞིར་རིང་བསྲེལ་གྱིས་བརྒྱན་པ་ལ་སོགས་པ་དཔག་ཏུ་མེད་པ་ཤིན་ཏུ་མང་བ་བྱོན། བུ་སློབ་ཀྱང་གྲུབ་ཐོབ་སྨོན་ལམ་འབར་ཞེས་པ་ཁྲག་འོ་མར་འབབ་པའི་ངོ་མཚར་ཅན་སོགས་མང་དུ་བྱོན། རྒྱལ་བ་རིན་པོ་ཆེ་ལ་གཅུང་བཅུ་གཉིས་པ། གཏེར་རྒྱབ་རིན་པོ་ཆེ་ལ་རྡོར་རིན་པ་འཁྲུངས་པ་ལས། བཅུ་གཉིས་པ་ནི། འགྲོ་མགོན་རིན་པོ་ཆེའི་སྐུ་སྐྱེར་ཡང་གྲགས་ཏེ། ས་ཕོ་སྟག་གི་ལོ་ལ་འཁྲུངས། སློབ་དཔོན་ནམ་འགག་པ་ལས་རབ་ཏུ་བྱུང༌། མཚན་རིན་ཆེན་རྡོ་རྗེར་གསོལ། ལོ་ཉི་ཤུ་རྩ་གཉིས་པ་ལ་དབུས་སུ་བྱོན་ནས་རྗེ་སྤྱན་སྔ་དང་མཇལ། ཉི་ཤུ་རྩ་ལྔ་པ་ལ་མཁན་པོ་ཞང་སེ་གསེབ་བར་པ་དང༌། སློབ་དཔོན་ཡར་ཁང་པ་དང༌། གསང་སྟོན་སྟོད་ལུངས་པ་རྣམས་ལས་བསྙེན་རྫོགས་མཛད། དེའི་རྗེས་སུ་རྗེ་ལ་བཀའ་བརྒྱུད་ཀྱི་ཆོས་རྣམས་རྫོགས་པར་གསན། ལོ་བཅུ་གཉིས་ཀྱི་བར་དུ་སྔས་ལ་དབུ་མི་འཇོག་པའི་དམ་བཅའ་མཛད་ནས་ཐུགས་དམ་མཛད་པས་དུ་མ་རོ་གཅིག་གི་རྟོགས་པ་འཁྲུངས། རྗེ་གཤེགས་ཁར་བྱིན་རླབས་མཛད་པས་རྟོགས་པ་མཐར་སོན། དེ་རྗེས་རྒྱལ་བའི་དྲུང་དུ་ཟབ་ཁྲིད་ལྷག་མ་རྣམས་གསན། དགུང་ལོ་ལྔ་བཅུ་པ་མེ་མོ་ཡོས་ལ་གདན་སར་ཕེབས། ལོ་བཅུ་བཞི་བཞུགས། རབ་གནས་དང་རྟེན་འབྲེལ་ལ་མངའ་བརྙེས། མངོན་པར་མཁྱེན་པ་ཐོགས་པ་མེད་པ་དང༌། བུ་ཧྲངས་ལོ་ཆུང་གི་དགྲ་ནག་ལ་གསོལ་བ་བཏབ་པས་ལྷོ་རྒྱུད་ཀྱི་འཁྲུག་པ་ཞི། སྨན་ལུང་བ། རྡོར་ཐོག་པ། དཔོན་ཐུང་རི་བ་རྡོ་རྗེ་དཔལ་རྣམས་ཀྱིས་རིན་པོ་ཆེ་པ་ཧེ་རུ་ཀ་དང་རྟ་མགྲིན་དང་བྱམས་པར་མཐོང་བ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་མངའ། གདན་སར་ཕེབས་པ་ཉིད་ནས་རྒྱལ་བ་རིན་པོ་ཆེའི་དགོངས་པ་རྫོགས་ཐབས་ཀྱི་སྒོ་མངས་འགྲན་ཟླ་དང་བྲལ་བ་འདི་བཞེངས་ཏེ། གདན་སའི་སྒོ་མངས་རྣམས་ཀྱི་ཐོག་མ་ཡིན། དགུང་ལོ་དྲུག་ཅུ་རྩ་གསུམ་པ་ལྕགས་ཕོ་འབྲུག་གི་ལོའི་ཧོར་ཟླ་བཅུ་གཉིས་པའི་ཉིན་གཤེགས། ལོ་འདི་ལ་འགྲོ་མགོན་འཕགས་པ་ཡང་གཤེགས། གདུང་སྦྱངས་པས་མེ་ཏོག་གི་ཆར་དང༌། གདུང་ལ་བདེ་མཆོག་དང༌། རྟ་མགྲིན་དང༌། སྒྲོལ་མ་དང༌། སྤྱན་རས་གཟིགས་རྣམས་བྱོན་ཞིང༌། རིང་བསྲེལ་དཔག་ཏུ་མེད་པ་བྱོན་ནོ། །དེ་ལ་བུ་སློབ་མང་བར་བྱུང་བའི་ནང་ནས། མཁན་ཆེན་ཀུན་གསལ་བ་རིན་ཆེན་རྒྱལ་པོ་ཟེར་བ། རྗེ་བཙུན་མི་ལ་ལ་བྱུང་བའི་ཐུགས་དམ་གྱི་ཉམས་རྣམས་བྱུང་ནའང༌། རི་ཁྲོད་དུ་སྡོད་ཡུན་ཐུངས་པས་རུས་པ་ཁྱོར་བ་ཡ་གྱལ་གང་བྱུང་ཟེར་བ་དེ་དང༌། སློབ་དཔོན་སྟོན་ནག་ལ་སོགས་མང་དུ་བྱོན་ནོ། །རིན་པོ་ཆེ་གྲགས་པ་ཡེ་ཤེས་པ་ནི། དཔོན་མགོན་པོ་རྒྱལ་གྱི་སྲས་པོ་ཁྲོ་བོ་འབན་ལ། བུ་རིན་ཆེན་ཤེས་རབ། རིན་པོ་ཆེ་བ། གཉིས་མཆོད་པ། དཔོན་རིན་ཆེན་སྐྱབས་དང་བཞི་འཁྲུངས་པ་ལ། རིན་པོ་ཆེ་གྲགས་ཡེ་བ་ལྕགས་ཕོ་བྱི་བ་ལ་འཁྲུངས། གཞོན་ནུ་ལ་རྗེ་སྤྱན་སྔ་དང་མཇལ། ཟླར་དགོན་དུ་ཡིག་ཀློག་བསླབས། དེ་རྗེས་རྒྱལ་བའི་བཀས་ཕག་མོ་གྲུར་བྱོན་ནས་རབ་ཏུ་བྱུང༌། ཆོས་ཁྲིད་རྣམས་རྫོགས་པར་གསན། དེ་ནས་ས་སྐྱར་འགྲོ་མགོན་འཕགས་པའི་སྤྱན་སྔར་བྱོན། ཞོགས་པ་རེ་ལ་མདོ་སྡུད་པ་ཚར་རེ་ཙམ་མཁྱེན་པ་བྱུང་ནས་ཤེས་རབ་ཆེ་བར་གྲགས། སླར་བཅུ་གཉིས་པ་ལ་ཟབ་ཆོས་གསན་ནས་སྒྲུབ་པ་མཛད། ཞེ་གཉིས་པ་ལྕགས་མོ་སྦྲུལ་ལ་གདན་སར་ཕེབས་ནས་ལོ་བརྒྱད་བཞུགས། ཞེ་དགུ་པ་ས་ཕོ་བྱི་བ་ལ་གཤེགས། གྲགས་ཡེ་བ་གདན་སར་བྱོན་པའི་ལྕགས་སྦྲུལ་འདི་ལ་ཧོར་དམག་བོད་དུ་ཤོར་ནས་བྱ་རོག་རྫོང་ཧོར་དམག་གིས་བཅོམ། དཔོན་ཆེན་ཀུན་དགའ་བཟང་པོ་ཧོར་གྱིས་བསད། དེའི་རྟིང་ལོའི་ཆུ་རྟ་ལ་གྲུབ་ཆེན་ཨུ་རྒྱན་པས་བསྟན་རྩིས་བསམ་ཡས་སུ་མཛད། གྲུབ་ཆེན་པས་གདན་ས་ཐེལ་དུ་ཕེབས་པ་ཡང་རིན་པོ་ཆེ་གྲགས་ཡེ་བའི་དུས་ཡིན། ཁོང་གདན་སར་བྱོན་ནས་ལོ་གསུམ་པ་ལུག་ལོ་ལ་ཡིན། ལོ་དེ་ལ་ཀར་མ་པ་ཤི་གཤེགས། ཤ་གྲགས་སེང་བ་འཁྲུངས། དེའི་ཕྱི་ལོ་ཤིང་སྤྲེལ་རང་བྱུང་རྡོ་རྗེ་འཁྲུངས། རིན་པོ་ཆེ་གཉིས་མཆོད་པ་ནི། ལྕགས་ཕོ་ཁྱི་ལ་འཁྲུངས། ལོ་དྲུག་པ་ལ་རྗེ་སྤྱན་སྔ་གཤེགས། བཅུ་གཉིས་པ་ལ་ཚོགས་ཁྲིད་གསན། རབ་ཏུ་བྱུང་བའི་མཚན་གྲགས་པ་རིན་ཆེན་དུ་བཏགས། བཞི་བཅུ་པ་ས་མོ་གླང་ལ་གདན་སར་བྱོན། ལོ་ཉི་ཤུ་རྩ་གཉིས་ཀྱི་བར་དུ་བཞུགས། ཏི་ཤྲཱི་གྲགས་འོད་དང་རྒྱལ་བུ་གཉིས་ཀྱིས་སྟག་མགོ་གནང་བས་བླ་དཔོན་སྦྲགས། གདན་སར་བྱོན་པའི་ལོ་གཉིས་པ་ལྕགས་ཕོ་སྟག་ལ་ས་སྐྱ་པས་འབྲི་ཁུང་བཅོམ། སྐུ་འབུམ་ཤར་ནུབ་ཀྱི་གསེར་ཐོག་ཁྱད་པར་ཅན་འདི་རྣམས་ཀྱང་ཁོང་གི་རིང་ལ་ཡ་ཚེ་རྒྱལ་པོས་ཕུལ་ནས་བྱུང་སྟེ་སྤྱན་སྔ་གསེར་ཐོག་པར་གྲགས། དགུང་ལོ་དྲུག་ཅུ་རྩ་གཅིག་པ་ལྕགས་ཕོ་ཁྱིའི་ལོ་ཟླ་བ་གསུམ་པའི་ཉི་ཤུ་གསུམ་ལ་གཤེགས། དུང་མཚོ་རས་པས་འདི་གདན་སར་བཞུགས་རིང་ལ་གཏུགས་པ་ཡིན། ཚེས་བཞི་རྙིང་མ་བ་ནི། དཔོན་རིན་ཆེན་སྐྱབས་དང་ཞང་ལྕམ་མའི་སྲས་སུ་ཆུ་མོ་སྦྲུལ་གྱི་ལོ་ལ་འཁྲུངས། ཡུམ་ལ་རྨི་ལྟས་བཟང་པོ་མང་པོ་བྱུང༌། སྐུ་ན་གཞོན་ནུའི་དུས་སུ་མཁན་པོ་ཚུལ་དར་དང༌། སློབ་དཔོན་ཞང་བཙུན་བུ་ཧྲངས་པ་ལས་རབ་ཏུ་བྱུང་བའི་མཚན་གྲགས་པ་རྒྱལ་མཚན་དུ་གསོལ། མཁན་པོ་ཚུལ་དར་འདི་ཀུན་དགར་ར་བའི་ཞལ་ངོ་ཡིན། དཔོན་པོ་གཞོན་ནུ་བཟང་པོ་ལ་དཔོན་པོ་ཟེར་བ་ཡང་ཁོང་གི་དབོན་པོ་ཡིན་པས་མིང་དུ་ཆགས། གཉིས་མཆོད་པ་ལ་ཆོས་ཁྲིད་རྣམས་ཞུས། བླ་མ་ལྷ་ཁང་བས་ཆོས་སྒོ་ཕྱེ། བླ་མ་བྲག་པ་རིན་ཆེན་ལ་ཆོས་སྐྱོང་རྣམས་གསན། དེ་དུས་ཁྱེད་ལ་ཆོས་སྐྱོང་འགོ་བར་འདུག་གསུང་ནས་ལུང་བསྟན། བླ་མ་ཏི་སེ་བ་དར་མ་རྒྱལ་པོ་སོགས་ལ་བཀའ་བརྒྱུད་ཀྱི་གདམས་པའི་ཞིབ་ཆ་རྣམས་གསན། དེ་ནས་ལྕགས་ཁྱི་བཅོ་བརྒྱད་པ་ལ་གདན་སར་བྱོན། ལོ་ལྔ་བཅུ་རྩ་གཅིག་གི་བར་ཚོགས་པ་བསྐྱངས། པྲ་ཏི་བ་དང་ཏི་སེ་བའི་རི་བ་རྣམས་ལ་མངོན་མཁྱེན་གསུངས། གཤེགས་ཁར་མཁའ་འགྲོ་མས་བསུ་བ་དང་སེང་གེའི་ཁྲི་ལ་གཤེགས་པ་མཐོང་བའང་བྱུང༌། དགུང་ལོ་དྲུག་ཅུ་རྩ་བརྒྱད་པ་ལྕགས་ཕོ་བྱི་བའི་ལོ་ཟླ་བ་བཅུ་པའི་ཚེས་གསུམ་ལ་གཤེགས། གདུང་སྦྱངས་བས་རིང་བསྲེལ་མང་དུ་བྱོན། ཁྱད་པར་ཅན་གྱི་སློབ་མ་བཅུ་གཉིས་རིན་པོ་ཆེ་དང༌། སྔ་ཚར་གྱི་སློབ་མ་བླ་མ་མཁར་ཐོག་པ་ཟེར་བ་ལོ་བཅུ་གཉིས་སུ་སྒྲུབ་པ་མཛད་པས་མངོན་མཁྱེན་མངའ་བ་དང༌། བླ་མ་སྣེའུ་བ་དང༌། རྡོར་འཛིན་སངས་རྒྱས་རྒྱལ་མཚན་ཞེས་པ་སྤྲོས་བྲལ་རྟོགས་པ་དང༌། བླ་མ་མགོན་གཞོན་པ་ཞེས་པ་ཡེ་ཤེས་མགོན་པོའི་ཞལ་གཟིགས་པ་སོགས་མང་དུ་བྱོན། ཕྱི་ཚར་ལ་མཚུངས་མེད་རིན་གཞོན་པ་ཞེས་པ་སྒྲུབ་བརྒྱུད་ཀྱི་བསྟན་པའི་བདག་པོར་གྱུར་པ་ལ་སོགས་པ་མང་དུ་བྱོན་ནོ། །བཅུ་གཉིས་གསར་མ་བ་ནི། ཁྲི་སྨོན་མ་འབུམ་སྐྱིད་ལ་དཔོན་རིན་ཆེན་སྐྱབས་ཀྱི་སྲས་ཏའི་སི་ཏུ། བཅུ་གཉིས་གསར་མ་བ། དྲུང་བསོད་ནམས་བཟང་པོ་བ་རྣམས་འཁྲུངས་པ་ལས། གྲགས་ཤེས་པ་ལྕགས་ཕོ་ཁྱི་ལ་འཁྲུངས། ཤིང་སྐམ་ལ་མེ་ཏོག་ཤར་བ་ལ་སོགས་ལྟས་ཁྱད་པར་ཅན་བྱུང༌། ལོ་བརྒྱད་ལ་ཐེལ་དུ་ཕེབས། དགུ་ལ་མཁན་ཆེན་གཡུང་དྲུང་བསོད་ནམས་དང་སློབ་དཔོན་དབང་བསོད་གཉིས་ལས་རབ་ཏུ་བྱུང་ནས། མཚན་གྲགས་པ་ཤེས་རབ་ཏུ་བཏགས། ཚེས་བཞི་པ་ལ་ཆོས་ཁྲིད་རྣམས་རྫོགས་པར་གསན། དགུང་ལོ་ཉི་ཤུའི་ཐོག་ཏུ་མཁན་ཆེན་སེང་རྒྱལ་བ་ལ་བསྙེན་པར་རྫོགས། ཆོས་རྗེ་བླ་མ་དམ་པ། བུ་སྟོན་རིན་པོ་ཆེ། རྒྱལ་སྲས་ཐོགས་མེད་པ་སོགས་ལ་ཆོས་མང་དུ་གསན། ཡར་ཀླུངས་སྟོད་ཀྱི་སྣ་མོ་རྫོང་དུ་ཆོས་སྐྱོང་གི་བསྙེན་པ་དུང་ཕྱུར་ཙམ་མཛད། མངོན་པར་མཁྱེན་པ་མངའ་བར་ཡང་གྲགས། སེམས་བསྐྱེད་གསུངས་པས་མེ་ཏོག་གི་ཆར་ལན་མང་དུ་བབ། དགུང་ལོ་ལྔ་བཅུ་རྩ་གཅིག་པ་ལྕགས་བྱི་ལ་གདན་སར་བྱོན། ལོ་བཅུ་གཅིག་བཞུགས་ནས་དྲུག་ཅུ་རྩ་གཅིག་པ་ལྕགས་ཕོ་ཁྱིའི་ཟླ་བ་དགུ་པའི་ཚེ་བཅུ་གསུམ་ལ་གཤེགས། ཚེས་བཞི་གསར་མ་བ་ནི། དྲུང་རིན་རྡོར་བ་དང་ཟིན་བཀྲ་ཤིས་སྐྱིད་ཀྱི་སྲས་རྒྱལ་སྲས་གྲགས་རིན་པ་དང་ཚེས་བཞི་པ་གཉིས་འཁྲུངས་པ་ལས། ཚེས་བཞི་པ་མེ་ཕོ་སྤྲེའུའི་ལོ་ལ་འཁྲུངས། མཁན་ཆེན་སང་རིན་པ་སྤྱན་དྲངས་པས། སྨན་བླའི་ཕོ་བྲང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པ་སྐུ་ལུས་ལ་ཐིམ་པ་གཟིགས་པས་ལུང་བསྟན་བཟང་པོ་མཛད། ལོ་བཞི་ནས་ཀློག་ཡིག་བསླབས། རྒྱལ་སྲས་གྲགས་རིན་པ་ལ་བརྟག་གཉིས་ཀྱི་ལུང་མནོས་ནས་གསན་སྦྱོང་མཛད། བཅུ་གཉིས་པ་ལ་དགེ་བསྙེན་མཛད་དེ། མཚན་གྲགས་པ་བྱང་ཆུབ་ཏུ་བཏགས། ཆོས་དྲུག་གི་ཁྲིད་ཀྱང་གསན། སློབ་དཔོན་ཚུལ་རྒྱལ་བས་བརྡ་བཞིའི་སྒོ་ནས་སྨིན་པར་མཛད། དེ་རྗེས་རྩེས་ཐང་དུ་བརྟག་གཉིས་གསུངས། དགུང་ལོ་བཅོ་ལྔ་པ་ལ་དཔལ་ལྡན་བླ་མ་དམ་པ་དང༌། མཁན་ཆེན་གཞོན་དབང་པ་ལས་རབ་ཏུ་བྱུང༌། དུས་ཕྱིས་སྔར་གྱི་མཁན་སློབ་དང་སློབ་དཔོན་ཚུལ་རྒྱལ་བས་གསང་སྟོན་མཛད་དེ་བསྙེན་པར་རྫོགས། བཅུ་དྲུག་པ་ལ་གདན་སར་ཕེབས། བཅུ་དགུ་ནས་ལོ་བརྒྱད་ཀྱི་བར་བླ་དཔོན་སྦྲགས་པའི་ཚེ། རྩེར་བཞུགས་པའི་དུས་སུ་ཡང་འཇིག་རྟེན་གྱི་བྱ་བ་རྣམས་ལ་ཞལ་མི་འཇུག་པར་ཐུགས་དམ་མཛད་གོ་སར་ལོ་བཅུ་དྲུག་བཞུགས། རྒྱལ་སྲས་ཐོགས་མེད་པ། ལོ་ཆེན་བྱང་རྩེ་སོགས་ལ་ཆོས་མང་དུ་གསན། སྤྱན་རས་གཟིགས་དང་བདེ་མཆོག་ཞལ་གཟིགས། མངོན་པར་མཁྱེན་པ་མངའ། བླ་མ་སྙེ་ཐང་བ་བཀྲས་སེང་བས་ཆོས་རྗེའི་དབུ་ཐོག་ན་བྱམས་པ་བཞུགས་པ་དང༌། ཆོས་ཁང་བླ་མཆོད་ཀྱིས་སྤྱན་རས་གཟིགས་སུ་མཐོང་བའང་བྱུང༌། དགུང་ལོ་སོ་གཅིག་པ་མེ་ཕོ་སྟག་གི་ལོ་ཟླ་བ་གཉིས་པའི་ཚེས་ལྔ་ལ་གཤེགས། ལོ་འདི་ལ་ཆོས་རྗེ་ཉེར་གཉིས་པ་འཁྲུངས། གཤེགས་རྗེས་སུའང་མེ་ཏོག་གི་ཆར་བབ། རིང་བསྲེལ་ཀྱང་མང་བར་བྱོན། རྗེ་བཙུན་ཙོང་ཁ་པ་ཆེན་པོས་ཀྱང་ཞབས་དྲུང་དུ་གཏུགས་ནས་ཆོས་དྲུག་ལ་སོགས་པ་ཟབ་ཆོས་རྣམས་གསན། ཐུགས་ཤིན་ཏུ་མོས་པས་རྟོགས་བརྗོད་ལྷུན་པོའི་བསྟན་བཅོས་ཀྱང་མཛད་དོ། །ཆོས་རྗེ་བསོད་གྲགས་པ་ནི། དཔོན་རིན་རྡོར་བ་དང་ངོ་བྲག་བ་དཔོན་མོ་རིན་མཚོའི་སྲས་སུ་ས་མོ་ཕག་ལ་འཁྲུངས། ལོ་དགུ་པ་ལ་བཅུ་གཉིས་པ་ལ་དགེ་བསྙེན་མཛད། ཆོས་ཁྲིད་རྣམས་གསན། དེའི་རྗེས་སུ་སྣེའུ་གདོང་དུ་ཆོས་རྗེ་བླ་མ་དམ་པས་མཁན་པོ་དང༌། མཁན་ཆེན་གཞོན་དབང་པས་སློབ་དཔོན་མཛད་དེ་རབ་ཏུ་བྱུང༌། དགུང་ལོ་བཅུ་པ་ལ་རྩེས་ཐང་དུ་བྱོན་ནས་ལོ་ལྔ་གདན་ས་མཛད། ལྷ་སར་དགེ་བཤེས་མང་དུ་འཚོགས་པའི་སར་ཆས་འཁོར་མཛད། དེ་ནས་ལོ་ཆེན་བྱང་རྩེ་དང་མཁན་ཆེན་གཞོན་དབང་པ། སློབ་དཔོན་ཚུལ་རྒྱལ་རྣམས་ལས་བསྙེན་པར་རྫོགས། སྣེའུ་གདོང་རྩེའི་གོ་སར་ལོ་ལྔ་བཞུགས། མེ་ཕོ་སྟག་གི་ལོ་དགུང་ལོ་ཉེར་བརྒྱད་པ་ལ་ཐེལ་གྱི་གདན་སར་བྱོན་ནས་ལོ་ཉི་ཤུ་བཞུགས། མཚོ་དཀར་བ་ལ་ཕྱག་ཆེན་གྱི་ཁྲིད་སོགས་མང་དུ་གསན་པས་ཐུགས་དམ་ཁྱད་པར་ཅན་འཁྲུངས། དཔལ་ལྡན་བླ་མ་དམ་པ་ལ་ཆོས་སྐྱོང་གི་རྗེས་གནང་གསན་དུས། ཆོས་སྐྱོང་ཆུང་བ་འདི་སློབ་དཔོན་བསོད་གྲགས་ལ་འཁོར་བ་ཅིག་འོང་བ་འདུག་གསུང་བ་བཞིན་དུ་ཆོས་སྐྱོང་གིས་ཕྲིན་ལས་བསྒྲུབ་པས། ཁྱུང་པོས་གདན་ས་པའི་ཕྲིན་ལས་པ་ལ་རྒྱབ་པ་ལ་ཁྱུང་པོ་རྣམས་ལ་ཆོས་འཕྲུལ་དཔག་ཏུ་མེད་པ་བྱུང༌། གངས་རྡིབ་ཀྱིས་ཡུལ་ཁམས་བརླག་པ་སོགས་མང་དུ་བྱུང༌། ལོག་པར་སྒྲུབ་པ་གཞན་མང་པོའང་ཕུང༌། ཐུབ་པ་ཆུ་ཁོལ་མ་ལ་གསོལ་པ་བཏབ་པས་སྟོད་ལུངས་ཕུར་ཆུ་ཁོལ། བྱང་དུ་ལྷོག་ཚང་སྟེངས་སུ་སྒར་མཛད་པས་མི་ཕྱུགས་གང་ལའང་གནོད་པ་མེད། སྣང་སྒོམ་ཞེས་པ་ནང་བའི་ཆོས་ལ་ཐུགས་དམ་དུ་བྱེད་ཀྱང༌། འཕྲལ་བོན་པོའི་ཚུལ་འཛིན་ཅིང་མངོན་ཤེས་ཡོད་པར་གྲགས་པ་ཞིག་གིས་སྤྱན་སྔ་ནས་ལ་གཉན་ཐང་ལྷས་བསུ་བ་བྱེད་པ་དང༌། ཆོས་སྐྱོང་མང་པོ་བྱོན་པར་མཐོང་བས་དད་དེ་རབ་ཏུ་བྱུང༌། གླང་ལུང་པས་རྡོ་རྗེ་འཆང་དོངས་སུ་མཐོང་བ་ལ་སོགས་པའི་ཡོན་ཏན་དུ་མ་མངའ་འོ། །གདན་སར་ལོ་ཉི་ཤུ་བཞུགས་ཤིང་གདན་ས་གཏད་ནས་ཀྱང་ལོ་བཞི་བཞུགས་ཏེ། དགུང་ལོ་ལྔ་བཅུ་པ་ས་ཕོ་བྱི་བའི་ལོ་ལ་གཤེགས། ཞག་ཞེ་དགུའི་བར་དུ་མེ་ཏོག་གི་ཆར་དཔག་ཏུ་མེད་པ་བབ་བོ། །སྤྱན་སྔ་དཔལ་ལྡན་བཟང་པོ་བ་ནི། ཡབ་བདག་པོ་ཤཱཀ་རིན་པ་དང༌། ཡུམ་ཟི་ན་རིན་ཆེན་འཛོམ་པ་ལ་སྲས་དྲུག་ཡོད་པའི་བཞི་པ། ཆུ་མོ་ཕག་ལ་འཁྲུངས། དགུང་ལོ་གསུམ་པ་ལ་སྤྱན་སྔ་གྲགས་པ་བྱང་པ་ལ་དགེ་བསྙེན་མཛད། མཚན་དཔལ་ལྡན་བཟང་པོར་བཏགས། དགུ་པ་ལ་བརྟག་གཉིས་ཀྱི་སློབ་གཉེར་མཛད། བཅུ་པ་ལ་སྤྱན་སྔ་ཀུན་སྤངས་པ་ལ་ཆོས་ཁྲིད་རྣམས་གསན། མཁན་ཆེན་གྲགས་རྡོར་བ་དང་སློབ་དཔོན་ཞི་བ་དཔལ་གཉིས་ལ་རབ་ཏུ་བྱུང༌། མཚན་གྲགས་པ་བློ་གྲོས་སུ་བཏགས། བླ་མ་ཆོས་དཔལ་ཤེས་རབ་ཀྱིས་ཆོས་སྒོ་ཕྱེ། བཅུ་བཞི་པ་ལ་རྩེས་ཐང་དུ་རྟག་གཉིས་གསུངས། ཉེར་གཅིག་པ་ལ་མཚམས་བཅད་དཔོན་པོ་མཛད། ཉེར་གཉིས་ལ་མཁན་ཆེན་སང་བློ་བ་དང༌། མཁན་ཆེན་རྒྱལ་བཟང་པས་ལས་སློབ། གསང་སྟོན་མཁན་ཆེན་དཀའ་བཅུ་པས་མཛད་དེ་བསྙེན་པར་རྫོགས། ཉེར་གསུམ་པ་ཤིང་མོ་བྱ་ལ་སྤྱན་སྔའི་གོ་སར་ཕེབས། བླ་ཆེན་རིན་གཞོན་པ་ལ་བཀའ་བརྒྱུད་ཀྱི་གདམས་པ་རྣམས་རྫོགས་པར་གསན། ཚོགས་ལོ་གཉིས་བསྐྱངས་ནས་ཉེར་ལྔ་པ་མེ་མོ་ཕག་གི་ལོ་ཟླ་བ་བཅུ་པའི་ཉེར་དགུ་ལ་གཤེགས། སྤྱན་སྔ་བསོད་ནམས་བཟང་པོ་བ་ནི། ལྕགས་ཕོ་སྤྲེའུ་ལ་འཁྲུངས། སྤྱན་སྔ་གྲགས་བྱང་པ་ལ་དགེ་བསྙེན་གྱི་སྡོམ་པ་ཞུས། སྤྱན་སྔ་བསོད་གྲགས་པ་ལ་ཆོས་ཁྲིད་མང་དུ་ཞུས། མཁན་ཆེན་གྲགས་རྡོར་བ་དང་སློབ་དཔོན་ཚུལ་རྒྱལ་བ་ལས་རབ་ཏུ་བྱུང༌། ཆོས་སྒོ་བ་ཚུལ་ཁྲིམས་བཟང་པོས་བརྡ་བཞིའི་དབང་བསྐུར། བརྟག་གཉིས་ལ་གསན་སྦྱོང་མཛད་ནས་རྩེས་ཐང་དུ་གསུངས། རྗེ་རིན་པོ་ཆེ་བློ་བཟང་གྲགས་པ་དང་མཁན་ཆེན་བསོད་བཟངས་བས་ཐོག་དྲངས་རྣམས་ལ་དབང་རྒྱུད་མན་ངག་མང་དུ་གསན། ཉེར་དགུ་པ་ས་ཕོ་བྱི་བ་ལ་གདན་སར་བྱོན། བླ་ཆེན་རིན་གཞོན་པ་ལ་བཀའ་བརྒྱུད་ཀྱི་ཆོས་ཁྲིད་རྣམས་ཞུས། ས་མོ་ལུག་གི་ལོ་ལ་རྗེ་བློ་བཟང་གྲགས་པ། མཁན་ཆེན་རྒྱལ་བཟང་པ། གསང་སྟོན་པ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་མཛད་དེ་བཀྲ་ཤིས་དོ་ཁར་བསྙེན་པར་རྫོགས། གདན་སར་ལོ་དགུ་བཞུགས་ནས་སོ་བདུན་པ་ཤིང་ཕོ་སྤྲེའུའི་ལོ་ཟླ་བ་བཅུ་གཉིས་པའི་ཉེར་བརྒྱད་ལ་གཤེགས། ཆོས་རྗེ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ་ནི། ཡབ་བདག་པོ་ཤཱཀྱ་རིན་ཆེན་པ་དང༌། ཡུམ་ཟི་ན་རིན་ཆེན་འཛོམ་པ་གཉིས་ལ་སྲས་དྲུག་འཁྲུངས་པའི་ལྔ་ཚིགས་པ་མེ་ཕོ་སྟག་གི་ལོ་ལ་སྐུ་འཁྲུངས། སྤྱན་མི་འཛུམས་པར་མནལ་མཛད་པ་ཞིག་བྱུང་བས། མཁན་ཆེན་དཀའ་བཅུ་པའི་གསུང་ནས། བླ་མ་འཕགས་པ་ཡང་ཆུང་ངུའི་དུས་སུ་སྤྱན་མ་བཙུམ་པར་མནལ་མཛད་པ་ཞིག་བྱུང་བས། ཆོས་རྗེ་ས་པཎ་གྱིས་འདི་ལ་འོད་གསལ་གྱི་བག་ཆགས་སྟུག་པོ་ཡོད་པར་འདུག་ཅེས་གསུངས་པ་བཞིན་དུ། དྲུང་པ་འདི་ལ་ཡང་འོད་གསལ་གྱི་བག་ཆགས་འཐུག་པོ་ཡོད་པར་འདུག་ཅེས་གསུང༌། སྐུ་ཆུང་ངུ་ནས་ཐུགས་གསལ་ཞིང་གཞན་སྡུག་བསྔལ་བ་གཟིགས་པ་ན་སྤྱན་ཆབ་ངང་གིས་འབྱུང༌། དགུང་ལོ་དྲུག་པ་ལ་མཁན་ཆེན་སང་བློ་བ་ལ་གཤེད་དམར་གྱི་དབང་གསན། བདུན་པ་ནས་བརྟག་གཉིས་ལ་གསན་སྦྱོང་མཛད། དེའི་དགུན་མཁན་ཆེན་གྲགས་རྡོར་བ་དང༌། སློབ་དཔོན་ཞི་བ་དཔལ་དང༌། དུས་སྒོ་བ་ཆོས་སྒོ་བ་ཆོས་དཔལ་ཤེས་རབ་པས་མཛད་དེར་རབ་ཏུ་བྱུང༌། ལོ་གསུམ་གྱི་བར་དུ་རྒྱུད་ཀྱི་གསན་སྦྱོང་མཛད་པའི་སྐབས་ཤིག་ཏུ། ཆོས་རྗེ་ལེགས་པ་བ་ལ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བརྟག་གཉིས་འཕགས་མཚན་བསྡུས་དོན་དང་བཅས་པའི་ལུང་ཡང་གསན། ཡེ་ཤེས་མགོན་པོའི་རྗེས་གནང་ཡང་གསན། ཆོས་རྗེ་བྱང་རྒྱལ་བ་ལ་ཚེ་དབང༌། ཆོས་སྒོ་བ་ཆོས་དཔལ་ཤེས་རབ་ལ་ཕག་མོ་བརྡ་བཞིའི་དབང༌། སྤྱན་སྔ་བསོད་གྲགས་པ་ལ་ཆོས་དྲུག་གི་མགྱོགས་ཁྲིད་དང༌། ཡེ་ཤེས་མགོན་པོའི་རྗེས་གནང༌། སྐུ་རགས་མའི་རྒྱ་གཞུང་མན་ངག་དང་བཅས་པ་ལ་སོགས་པ་དང༌། དཔལ་ཕག་མོ་གྲུ་པའི་བཀའ་འབུམ་ལ་སོགས་པ་གསན། མཁན་ཆེན་བཀའ་བཅུ་པ་ལ་ཀྱེ་རྡོར་ལྷ་དགུའི་དབང་དང་རྡོ་རྗེ་ཕྲེང་བའི་དབང་སོགས་མང་དུ་གསན། མཁན་ཆེན་བསོད་བཟངས་པ་ལ་ཚེ་སྒྲུབ་དང་རྟ་མགྲིན་ལ་སོགས་པ་མང་དུ་གསན། ཆོས་རྗེ་བྱང་རྒྱལ་པ་ལ་དུས་འཁོར་ཡེ་ཤེས་ལེའུའི་བཤད་པ་དང༌། པཎ་ཆེན་གྱི་སྙན་བརྒྱུད་བདུན་ལ་སོགས་པ་མང་དུ་གསན། ཞ་ལུང་རིན་པོ་ཆེ་གྲགས་པ་རྒྱལ་མཚན་པ་ལ་ཡོ་གའི་དབང་མོ་ཆེ་ལ་སོགས་པའི་དབང་མང་དུ་གསན། གཙོ་བོར་ཐུགས་སྦྱོང་དང་བདེ་མཆོག་གི་བསྙེན་པ་སྦྲེལ་བས། དགུང་ལོ་དགུ་པའི་ཚེ་བསྙེན་པ་འབུམ་ཚོ་གསུམ་སོང༌། བཅུ་གཅིག་པ་ལ་རྩེས་ཐང་དུ་བཤད་གསར་མཛད་དེ་བརྟག་གཉིས་གསུངས། དེར་རྟིང་སློབ་དཔོན་ཤེར་དོན་པ་ལ་བརྟེན་ནས་ཚད་མ་རྣམ་འགྲེལ་གྱི་ཐུགས་སྦྱོང་མཛད་ནས་མཁས་པར་མཁྱེན་ཏེ། རྩེ་ཆེན་པ་གྲགས་ཡོན་ལ་སོགས་པའི་མཁས་པ་དུ་མ་སྐུ་མདུན་དུ་བོས་ནས་རིགས་ལུང་སྦྱངས། ཆོས་རྗེ་ཉིད་ཀྱི་བགྲོ་གླེང་ཚར་ནས་ཁོང་རྣསམ་ཀྱི་བར་ལ་ཆོས་སྐྱོང་གི་བསྙེན་པ་མཛད་པས་ས་ཡ་དགུ་སོང༌། བཅོ་ལྔ་བཞེས་པའི་ཚེ་རྩེས་ཐང་ནས་རིགས་པར་སྨྲ་བའི་སྡེ་སྣོད་འཛིན་པ་ཉི་བརྒྱ་ཙམ་ཕྱགས་ཕྱིར་ཁྲིད་ནས། ལྷ་སར་སྐྱི་ཤོད་ཀྱི་སྡེ་སྣོད་འཛིན་པ་ཆེན་པོ་རྣམས་སྤྱན་དྲངས་ནས་ཆོས་ཀྱི་འཁོར་ལོ་བསྐོར། དེའི་ཚེ་སྐྱིད་ཤོད་ལུང་པ་ན་མཁས་ཤིང་སྐུ་ན་བགྲེས་པ་རྒྱལ་བའི་སྲས་པོ་བདེ་འབྱུང་བའི་གསུང་གིས། སྡེ་སྣོད་ཀྱི་རྒྱ་བདག་ཆེན་འཇམ་དབྱངས་པ་དེ་ཆེ། སྟོན་པ་ནི་འདི་པ་བཟང་གསུང་ནས་བསྔགས་པ་མཛད། དེའི་ཚེ་ཇོ་ཤཱཀ་རྣམ་གཉིས་ལ་གོས་ཟུང་ལ་སོགས་པའི་བྱེ་བྲག་ཀྱང་མང་དུ་ཕུལ། དེའི་ཚེ་གོང་མ་ཆེན་པོ་ལ་གཞན་གྱིས་སྙན་ཕྲ་བྱས་པས། སློབ་དཔོན་ཤེར་དོན་བ་ཀོང་པོར་མཁའ་སྤྱོད་པའི་དྲུང་དུ་ཐེགས་དགོས་བྱུང༌། དེ་ནས་གོང་མས་སློབ་དཔོན་དུ་སྙེ་ཐང་པ་རིན་ཆེན་རྒྱལ་པོ་བསྐོས་ནས་གསས་ཁང་དུ་ཆོས་བར་ལ་བཞུགས་པ་ལ། ཕྲ་མ་ཞུ་བ་པོ་ལ་གཏོར་མ་ཅིག་མཛད་པས་གཏོར་ལྟས་ཀྱང་ལེགས་པར་བྱུང་གསུང༌། དེ་ནས་སློབ་དཔོན་གཟིམས་ཆུང་དུ་བཞུགས་སུ་བཅུག །གཟིམས་གཡོག་པ་དཔོན་སངས་རྒྱས་ཀྱིས་ཞབས་འབྲིང་བྱས་ནས་མཚན་མོ་བྲོས་ཏེ་བྱོན་པས། ཆར་ཆེན་པོ་བབ་ནས་འོ་བརྒྱལ་བ་བྱུང༌། དེ་ནས་མཚན་དེ་ཉིད་ལ་ཤན་ལྗང་འཕྲང་གི་མར་ཟུར་དུ་ཕབ་ནས། སྔ་དྲོ་ན་བཟའ་རྣམས་བསྐམས། དེ་ནས་ཞབས་ཐང་ལ་བྱོན་པ་ན། ཞབས་ཀྱིས་ཅུང་ཟད་མ་ཕེར་བའི་ཚེ་བ་ཤི་རྡོར་རིན་རྟ་ཅིག་ཞོན་ནས་བྱུང་བས། ཁྱོད་ཀྱི་རྟས་གདན་འདྲེན་དགོས་བྱས་པས་གདན་དྲངས་ཏེ། ཡང་དགོན་ནང་སོར་སྤྱན་སྔ་ཀུན་སྤངས་པའི་དྲུང་དུ་ཕེབས། སྤྱན་སྔའི་དྲུང་ནས་ཞལ་བརྡ་གཅེས་གཅེས་མང་དུ་གནང༌། གཟིམས་ཆུང་ནས་ན་བཟའ་ཐམས་ཅད་ཀྱང་བརྗེས། དེ་ནས་སྒྲུབ་པ་རྩེ་གཅིག་ཏུ་མཛད་དགོངས་ཏེ་མངོན་དགར་བཞུགས་ས་མཛད་ནས། བླ་ཆེན་རིན་གཞོན་པ་སྤྱན་དྲངས། ཁྲིད་རྣམས་ལེགས་པར་གསན། སྐུ་རགས་མི་འགྲོལ་པ་དང་སྐུ་ལུས་སྲོང་བའི་ཕྱིར་དབུ་སྐྲ་ལ་ཐག་པ་བཏགས་ནས། དེ་གདུང་མ་ལ་བཏགས་ཏེ་བཞུགས་ནས་རྩེ་གཅིག་ཏུ་བསྒོམས་པས། རྐེད་པ་རྨར་སོང་སོང་དུ་བསྒྲུབས་པས་ཏིང་ངེ་འཛིན་བཟང་པོ་ཡང་དག་པ་འཁྲུངས། གོང་མ་ཆེན་པོས་བཀའ་བཀྱོན་པས་སྐུ་མཆེད་གཞན་གཉིས་ཀྱིས་གཉེར་བ་ལ་བཀའ་ལུང་མཛད་དེ་གསོལ་ཆས་རྣམས་གསངས་ནས་བསྐྱལ། དེ་ནས་ལོ་གསུམ་སོང་བ་དང་ཆོས་རྗེ་བྱང་རྒྱལ་བས་གོང་མ་ཆེན་པོ་ལ་ཞལ་བརྡ་ཞུས་ནས་ཐུགས་ཁྲེལ་སངས་བ་མཛད་དེ། ཡོན་མཆོད་གཉིས་རྒྱལ་བཟངས་ན་བཞུགས་པའི་དྲུང་དུ་བྱོན། གོང་མ་ཆེན་པོའི་དགོངས་པ་ལ་འདི་ཅུང་ཞིག་དམའ་དབབ་དགོས་དགོངས་ནས། ཆེན་པོ་ཡོན་རིན་པ་བགྲོ་གླེང་ཞུར་བཅུག་པས། ཆོས་རྗེ་ཉིད་ལེགས་པར་རྒྱལ་བས་ཁྱེད་ཆེན་པོ་བ་དབུས་ཕྱོགས་ན་སྟོན་པ་བཟང་སྟེ། བགྲོ་གླེང་འམ་དེ་ངའི་སློབ་དཔོན་དེ་བཟང་བར་འདུག་གསུངས་པས། དེར་གོང་མ་ཆེན་པོ་ཡང་སྔར་གྱི་གཏམ་ཐམས་ཅད་མི་བདེན་པར་འདུག་དགོངས་ནས་ཐུགས་ཁྲེལ་ཐམས་ཅད་སངས། དེ་ནས་སློབ་དཔོན་ཤེར་དོན་པ་དང་དཔོན་སློབ་ལྷན་དུ་བཞུགས་པས་ཆོག་པ་བྱུང༌། དེ་རྗེས་གཡང་ཧྲིལ་དུ་ཕེབས། བླ་ཆེན་པ་ལ་གདམས་ངག་གི་འཕྲོ་རྣམས་ཚོགས་ཆོས་སུ་གསན་པའི་ཚེ། ཉིན་ཅིག་ཕྱག་རྒྱ་ཆེན་པོའི་རྟོགས་པ་ནམ་མཁའ་དང་མཉམ་པ་འཁྲུངས། སྔར་མ་བསླབས་པའི་གསུང་རབ་ཐམས་ཅད་ཀྱང་གཟིགས་པ་ཙམ་གྱི་མཁྱེན་པ་བྱུང༌། འདི་ནི་བཀའ་བརྒྱུད་པ་དག་གི་ལུགས་ལ་ཡོན་ཏན་ཁྱད་པར་ཅན་སྐྱེ་བའི་སྔ་རོལ་ཏུ་གེགས་འབྱུང་ཞིང༌། གེགས་དེ་ལས་གྲོལ་མ་ཐག་ཏུ་ཡོན་ཏན་སྐྱེས་པ་མང་དུ་བྱུང་སྣང་བས། འདིར་ཡང་དེ་དང་འདྲ་བར་གོའོ། །དེ་ནས་གདན་ས་དང་རྩེས་ཐང་ལ་སོགས་པར་ཡང་ལོ་ཤས་བཞུགས། མཁན་པོ་སངས་རྒྱས་བློ་གྲོས་པ། ལས་སློབ་དགྲ་བཅོམ་པ་རྒྱལ་མཚན་བཟང་པོ། གསང་སྟོན་མཁན་ཆེན་བཀའ་བཅུ་པ་བསོད་ནམས་སེང་གེས་མཛད་ནས་བསྙེན་པར་རྫོགས། གཞན་ཡང་སློབ་དཔོན་ཤེར་དོན་པ། ལྷོ་རིན་པོ་ཆེ་གྲགས་པ་ཡོན་ཏན། ཆོས་རྗེ་ཀུན་སྤངས་པ། ཆོས་རྗེ་དེ་བཞིན་གཤེགས་པ། ཆོས་རྗེ་བློ་བཟང་གྲགས་པ། མཁན་ཆེན་རྒྱལ་དབང་བློ་གྲོས་པ། ཆོས་སྒོ་པ་ཆོས་དཔལ་ཤེས་རབ་ལ་སོགས་པ་རྣམས་ལས་ཆོས་མང་དུ་གསན། དེ་དག་གི་སྐབས་ཤེད་དུ་སྣར་ཐང་མཁན་ཆེན་གྲུབ་པ་ཤེས་རབ་པ་ལ་སོགས་པའི་སྣར་ཐང་པའི་ཆེ་བགྲེས་རྣམས་གྲོས་མཛད་ནས་སྣར་ཐང་དུ་སྤྱན་དྲངས་ཏེ། སྣར་ཐང་སྡེ་མ་ལག་དུ་བཅས་པ་ཕྱག་ཏུ་ཕུལ། དེ་ནས་ཕྱིར་ཕེབས་ལོ་གཅིག་གི་བར་དུ་ཐུགས་རླུང་གི་བསྙུན་དྲག་པོ་ཅིག་བྱུང་ཡང་གཞན་གིས་མི་མངོན་པར་མཛད། དགོན་གསར་དུ་བྱོན་པའི་ཉིན་ཅིག་བསྙུན་དེ་ལས་གྲོལ་བས། ཨ་ལ་ལ་སྣང་བའི་བདེ་ཤ་ལ། ཞེ་བྱ་བ་ལ་སོགས་པའི་མགུར་གསུངས། དེ་ནས་ནི་རྟོགས་པ་ལ་འཕེལ་འགྲིབ་མེད། མནལ་ཡང་འོད་གསལ་འབའ་ཞིག་ཏུ་གྱུར། མནལ་འཐུག་པོར་སོང་འདུག་བསམ་པའི་ཚེའང་བཟླས་བརྗོད་མཛད་པའི་ཕྲེང་བའི་གྲངས་མི་འཆོལ། ཕྱག་རྒྱ་ཆེན་པོའི་ངང་ལས་ནམ་དུ་ཡང་མི་གཡོ་བར་བཞུགས་པ་ལས། སྤྱན་སྔ་ཉེར་བརྒྱད་པ་ཞི་བར་གཤེགས་པའི་གཤེགས་རྫོངས་ཀྱི་གྲལ་དབུ་ལ་སྟག་ལུང་ཆོས་རྗེ་བཀྲ་ཤིས་དཔལ་རྩེགས་ཉི་མའི་དབང་པོ་བསྲུང་བའི་གོ་ཆ་སྤྱ་དྲངས་ནས། གཤེགས་རྫོངས་གྲུབ་འཕྲལ་ལ། སྟག་ལུང་ཆོས་རྗེས་ཀ་བཞི་སྟེངས་སུ་བཞུགས་སྟན་མཐོན་པོ་ཡང་དག་པ་བཤམས། ཆོས་རྗེ་རིན་པོ་ཆེའི་ཕྱག་ནས་གཟུང་སྟེ། སྟན་དེ་ལ་བཞུགས་སུ་གསོལ། དེ་བཀའ་བརྒྱུད་རིན་པོ་ཆེ་སྤྱི་དང་གདན་ས་འདིའི་བདག་པོ་ཁྱེད་ལས་འོས་པ་སུ་ཡང་མེད་གསུང་ནས། དེ་ཉིད་དུ་ཤིས་བརྗོད་ཀྱི་མེ་ཏོག་གཏོར། གུས་པའི་ཕྱག་མང་དུ་མཛད། དེ་ལྟར་གྲུབ་པའི་དབང་པོ་དེས་མངའ་གསོལ་བས། ཕྲ་སྦོམ་ཐམས་ཅད་ཀྱི་ཐུགས་ལ་བཀའ་བགྲོས་ཡོད་མེད་དང་འཐད་མི་འཐད་ཀྱི་རྩིས་གདབ་མེད་དེ། མེ་མོ་བྱ་ནས་ཤིང་ཕོ་སྟག་གི་བར་གདན་ས་ཆེན་པོ་དང༌། ཆུ་རྗེ་བའི་དབང་གིས་རྩེས་ཐང་གཉིས་སུ་སྤེལ་མར་བཞུགས། ཕན་ཚུན་གཉིས་ཀར་བཟང་ངན་དང་མི་ཆེ་ཆུང་གི་རྩིས་གདབ་མེད་པར་ཞུ་འདོད་ཡོད་པ་ཐམ་ཅད་ལ་ཕྱག་རྒྱ་ཆེན་པོའི་ཁྲིད་གནང༌། གདན་སའི་མཁན་སློབ་དད་རི་དགེ་བཟའ་བ་དང་བཅས་པ་སུང་ཀྱང་བཀའ་ལས་མི་འདའ། ཕྱོགས་ཐམས་ཅད་དུ་སངས་རྒྱས་འམ་ཞིག་དེ་ན་བཞུགས་ཡོད་པར་འདུག་ཅེས། གཙོ་བོར་རི་སུལ་ན་སྒྲུབ་པ་ལ་བཞུགས་པ་རྣམས་ཀྱི་ཡིད་ཕྲོགས། འཁྱོག་པོའི་བློ་ཅན་རྣམས་ཀྱི་གཉའ་བར་ནི་གསེར་གྱི་གཉའ་ཤིང་བས་ཀྱང་ལྕི། མངའ་རིས་ནས་ཕྲིན་ལས་པ་ཕྱིར་འོངས་པ་ལ་ལྷ་ཙེ་བས་སྣ་དྲངས་པའི་ཇག་པ་མང་པོས་བཅོམ་པ་ལའང་བདེན་པའི་བཀའ་བརྗོད་པ་ཙམ་གྱིས་ཤི་ཆད་དང་དམར་ཤལ་ལ་སོགས་པའི་ཡམས་ཆེན་པོ་བྱུང་སྟེ་བཀའ་བསྲུངས་ཀྱིས་ཆད་པ་ཕབ། དེ་བཞིན་དུ་པུ་ཧྲངས་སུ་དཀར་གདུམ་པ་བྱ་བའི་བོན་པོ་རང་རེའི་སྒོམ་ཆེན་པ་རྣམས་ལ་གནོད་པ་ཆེན་པོ་བྱེད་པ་ཞིག་བྱུང་བ་ལ་ཡང་དགེ་འདུན་གྱི་ཚོགས་སུ་བདེན་པ་བརྗོད་པས་དེ་རྣམས་མི་ཚང་དང་བཅས་པ་ཡུལ་དོན། གདན་ས་དང་ཉེར་བར་འགའ་ཞིག་གིས་གུས་པ་མ་ཡིན་པ་བསྟན་པའི་མི་ཚང་རྣམས་ཇེ་ཕྲ་ཇེ་ཕྲར་སོང་སྟེ་རྗེས་མེད་དུ་གྱུར། སྨྲ་བའི་སེང་གེ་རོང་སྟོན་ཆེན་པོ་ལ་སོགས་པའི་སྡེ་སྣོད་འཛིན་པ་མཁས་དགུ་རྣམས་དྲུང་དུ་ལྷགས་ཏེ། དེ་རྣམས་ལ་འབྲེལ་བའི་གཏམ་གནང་བ་ན་ཡང་དག་པར་བག་འཁུམས་པར་གྱུར། རྒྱ་མ་རིན་པོ་ཆེ་གཞོན་འོད་པས་ནི་བདེ་མཆོག་དངོས་ཀྱི་འདུ་ཤེས་ཀྱིས་ཞབས་ལ་གུས་པས་བསྟེན་པར་མཛད། བུ་ཆེན་རྟོགས་ལྡན་ཟབ་ཁྲིད་ཀྱིས་འགྲོ་བ་འདྲེན་ནུས་བའང་དིང་སང་གི་བར་དུའང་མང་དུ་བཞུགས། དགུང་གོ་ཞེ་དྲུག་པ་ལ་རྒྱུ་རིན་པོ་ཆེ་ལས་གྲུབ་པའི་སྒོ་མངས་ལེགས་པར་བཞེངས་པའི་ཞལ་བཀོད་སྣང་བས་ལྷ་རྣམས་གཞན་ལས་བྱོན་ལེགས་པ་གྲུབ། དེ་ལྟ་ན་ཡང་སྙིགས་མ་ལས་ཀྱང་སྙིགས་མའི་དུས་འབྱུང་བར་གཟིགས་ནས་ཤིང་ཕོ་སྟག་གི་ལོ་ཟླ་བ་དང་པོའི་མར་ངོའི་ཉེར་གཅིག་ལ་ཆོས་ཀྱི་དབྱིངས་སུ་སྐིུ་བཀོད་པ་བསྡུས། དེ་ལ་སྐུ་འཁོར་རྣམས་ཀྱིས་མཛེས་བཙལ་བས་ཉེར་གཉིས་པར་གྲགས། དགུང་ལོ་བཞི་བཅུ་རྩ་དགུ་བཞེས་པ་ཡིན། དེ་ནས་མིའི་དབང་པོ་གྲགས་པ་འབྱུང་གནས་ཀྱིས། དུས་མི་བདེ་ཡང་སྐུ་འདད་སྟོབས་ཆེན་པོ་ཡང་དག་པར་བསྒྲུབས། གདན་སའི་མཆོད་ཁང་དུའང་དངུལ་གྱི་མཆོད་རྟེན་ཆེ་བ་བཀྲ་ཤིས་སྒོ་མངས་ཀྱི་རྣམ་པ་ཅན་ཅིག་བཞེངས། དེ་རྗེས་མིའི་དབང་པོ་གྲགས་པ་འབྱུང་གནས་པ་ཐུགས་རབ་ཤིན་ཏུ་ཆེ་ཞིང༌། གསང་སྔགས་ཀྱི་མཁྱེན་པ་ཤིན་ཏུ་རྒྱས་པར་གྱུར་ཀྱང་གདན་སའི་བཞུགས་ཁྲི་རིན་པོ་ཆེ་ཤིན་ཏུ་གཉན་པར་དགོངས་ནས། གདན་སར་མ་བཞུགས་ཀྱང་གནས་ཆེན་དུ་འགྲོ་བའི་རི་བ་རྣམས་ལ་མགྱོགས་ཁྲིད་གསུངས་པས། ཞི་བར་གཤེགས་ནས་ཞལ་སློབ་དུས་མཆོད་འཛིན་པ་ནི་མང་དུ་བྱུང་མོད། གདན་ས་ནི་ཆུ་མོ་བྱའི་བར་ལོ་ཉི་ཤུར་སྟོངས། དེ་རྗེས་བདག་པོ་ཆེན་པོ་ཀུན་དགའ་ལེགས་པ་དང་ཆེས་སངས་རྒྱས་རྒྱལ་མཚན་པ་བཀའ་བགྲོས་མཛད་ནས་ཤིང་ཕོ་ཁྱིའི་ལོ་ཟླ་བ་བཅུ་གཅིག་པའི་ཚེས་བཅུ་ལ་ཆོས་ཀྱི་རྗེ་རིན་པོ་ཆེ་དཔལ་ངག་གི་དབང་པོ་དགུང་ལོ་བཅུ་དྲུག་བཞེས་པ་ཞིག་རིན་པོ་ཆེའི་གདན་སེང་གེའི་ཁྲི་ལ་བཞུགས་སུ་གསོལ། དེ་ནས་ས་ཕོ་སྟག་གི་ལོ་ལ་ལྷོ་བྱང་གི་དུས་གཟིངས་ལ་བརྟེན་ནས་སྣེ་གདོང་ནས་གདན་སར་རང་བྱོན་མཛད་ནས་བདག་ཏུ་གཟུང༌། དེ་ནས་ལོ་བཅུ་དྲུག་པ་ཆུ་མོ་སྦྲུལ་ལ་ལྷ་དང་མཁའ་འགྲོ་ཆོས་སྐྱོང་གཞི་བདག་རྣམས་ཀྱིས་སྤྱན་དྲངས་ཏེ་གདན་སེང་གེའི་ཁྲི་ལ་བཞུགསསོ། །འགྲོ་མགོན་རིན་པོ་ཆེ་འཁྲུངས་ནས་དིང་སང་གི་མེ་ཕོ་སྤྲེའུ་ཡན་ལ་ལོ་སུམ་བརྒྱ་དང་དྲུག་ཅུ་རྩ་བདུན་སོང་ངོ༌། །ཕག་མོ་གྲུ་པའི་གདན་རབས་ཀྱི་སྐབས་སོ། །། ༨.༡༡ འབྲི་ཁུང་ཆོས་རྗེ་དངོས་སློབ་དང་བཅས་པའི་སྐབས། གདུང་བརྒྱུད་རིན་པོ་ཆེ་བདག་ཅག་རྣམས་ཀྱིས་མཐོང་ཐོས་སུ་གྱུར་པ་མཐའ་གཅིག་དུ་དབེན་པར་སྤྱོད་ཅིང་སྤོང་བ་ལ་དགྱེས་པ་ནི་སྐུ་མཆེད་རིན་པོ་ཆེ་རྣམ་པ་གཉིས་ཡིན་ཏེ། ལྷོ་རིན་པོ་ཆེ་གྲགས་པ་ཡོན་ཏན་ནི། མེ་མོ་ཕག་ལ་འཁྲུངས། ཆོས་རྗེ་རོལ་པའི་རྡོ་རྗེ་ལ་སོགས་པ་ལས་གདམས་པ་མནོས་ནས་སྒྲུབ་པ་ཁོ་ན་ལ་གནས་ཤིང༌། ཁམས་སྟོད་ཀྱི་ལྷོ་བ་རྣམས་ཀྱི་བླ་མར་གྱུར་པས་ལྷོ་རིན་པོ་ཆེ་ཞེས་གྲགས། དྲུག་ཅུ་རྩ་བརྒྱད་པ་ལ་གཤེགས། ཤར་རིན་པོ་ཆེ་ནི། ཤིང་ཕོ་རྟ་ལ་འཁྲུངས་ནས་སྡེ་སྣོད་ལ་སྦྱངས་པ་ཆེན་པོ་ཡང་མཛད། མདོ་སྨད་ཤར་བ་དག་གི་བླ་མར་གྱུར་པས་ཤར་རིན་པོ་ཆེ་ཞེས་གྲགས། རྒྱལ་བུ་དང་བཙུན་མོ་རྣམས་ཀྱི་བླ་མར་ཡང་གྱུར། རྭ་སྒྲེང་དང་གསང་ཕུ་ལ་སོགས་པའི་གཙུག་ལག་ཁང་རྣམས་ཀྱི་ཡང་ཞབས་ཏོག་རྒྱ་ཆེར་བསྒྲུབས། བདུན་ཅུ་རྩ་བཞི་པ་མེ་མོ་ལུགས་ལ་གཤེགས། དིང་སང་ཆོས་ཀྱི་རྗེ་ཉེར་གཉིས་རིན་པོ་ཆེའི་གསུང་རྗེས་སུ་ཟློས་ཤིང་ཁྲིད་ཀྱི་རིམ་པས་སློབ་མ་སྐྱོང་བར་མཛད་པའི་མཆོག་ནི་མཁན་ཆེན་རིན་ཆེན་བཟང་པོ་བ་དང༌། རྣལ་འབྱོར་གྱི་དབང་ཕྱུག་བང་རིམ་པ་རྣམ་པ་གཉིསསོ། །དེ་ལ་དཔལ་ཕག་མོ་གྲུ་པས་གང་གི་ལུས་ཀྱི་འཁྲུལ་འཁོར་བཅོ་བ་མཛད་དེ། ཁྱོད་ལ་སྒོམ་ཆེན་བཟང་པོ་ཅིག་འོང༌། ཁྱོད་ལ་སྒོམ་ཆེན་ཙམ་ལ་བཟང་བ་ཅིག་འོང་ཞེས་གསུང་དབྱངས་ཆེན་པོས་ལུང་བསྟན་པ་ཆོས་རྗེ་འབྲི་ཁུང་པ་ནི། ཡུལ་ལྡན་སྟོད་གཙོང་དུ་ཞེས་བྱ་བར། ཡབ་འབྲུག་རྒྱལ་སྐྱུ་རའི་གདུང༌། རྙིང་མའི་གྲུབ་ཐོབ་ཟམ་མ་ཆད་པ། བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ལ་རྣལ་འབྱོར་དུ་མཛད་པའི་རྡོ་རྗེ་ཞེས་བྱ་བ་དང༌། སྦས་པའི་རྣལ་འབྱོར་མ་བཙུན་མ་ཞེས་བྱ་བའི་སྲས་སུ་ཆུ་མོ་ཕག་ལ་བལྟམས། གཞོན་དུས་ནས་ཡབ་ཆོས་ཕལ་ཆེར་མཁྱེན། དེར་ཉམ་ང་བའི་མུ་གེ་བྱུང་བས་ལྷོར་བྱོན་ནས་ཕྱུག་པོ་དག་ཀློག་དོམ་བླངས་ཏེ། དེའི་ཡོན་གྱིས་རང་དང་གནས་པོ་གསོ་བའང་མཛད། དེ་ནས་དགུང་ལོ་དགུ་ལོན་པའི་ཚེ་གཞན་གྱི་སློབ་དཔོན་དུ་ཡང་གྱུར། ཅི་རིགས་པར་སྒྲུབ་པ་དང་གཞན་ལ་ཆོས་སྟོན་པ་སྤེལ་ཞིང་གནས་པའི་ཚེ། དཔལ་ཕག་མོ་གྲུ་པའི་སྙན་པ་གསན་པས་དཔེ་མེད་པའི་དད་པ་འཁྲུངས་ཏེ། ཟླ་བ་ཤར་བ་ན་ཟླ་བ་ཡ་གིས་ངའི་བླ་མ་དེ་མཐོང་བ་རེ་དགའ་སྙམ་པའང་བྱུང༌། དེ་ནས་ཆ་རྐྱེན་ཅུང་ཟད་དང་བཅས་ཏེ་དཔལ་ཕག་མོ་གྲུར་རྟོལ་ཇ་དང་རྟ་རྣམས་ཕུལ་བས་ཇ་ནི་བཞེས། རྟ་ནི་ཁོ་བོ་དུད་འགྲོའི་འབུལ་བ་མི་ལེན་གསུང་ནས་མ་བཞེས། ཇ་དེ་སྐོལ་ནས་དབུ་ཆེ་བརྒྱད་ཅུ་ཙམ་ཚོགས་བྱུང༌། ཇ་དེ་བཞེས་པས་འགྲོ་བའི་མགོན་པོའི་ཞལ་གྱི་དཀྱིལ་འཁོར་མདངས་དང་ལྡན་པར་གྱུར་པས་ཐུགས་ཅུང་ཟད་གཟེངས་མཐོ་བར་གྱུར་པ་ཡང་མཁྱེན་ཏེ། འགྲོ་མགོན་གྱི་ཞལ་ནས། དགེ་བསྙེན་ཁྱོད་དང་རང་ལ་རེ་ཆེ་བར་འདུག་སྟེ། ངས་བསྐལ་པ་མང་པོར་ཁྱེད་རྣམས་ཀྱི་དོན་དུ་དཀའ་བ་སྤྱད་པ་ཡིན་གསུང༌། ཚོགས་དེ་ན་བཞུགས་པའི་དགེ་འདུན་ནོ་ཅོག་ལ་ཕྱག་མཛད་པ་ལ་སོགས་པས་དགེ་བསྙེན་དད་པ་ཅན་དུ་ཡང་གྲགས། གདམས་པ་གསན་པས་ཆོས་ཐམས་ཅད་ཀྱི་དེཁོ་ན་ཉིད་མངོན་སུམ་དུ་གཟིགས་པའི་ཡེ་ཤེས་ཆེན་པོ་ནི་འཁྲུངས། འགྲོ་མགོན་གྱི་ཞབས་དྲུང་དུ་ཕེབས་ནས་ཟླ་བ་སུམ་ཅུ་རྩ་གཉིས་ན་འགྲོ་བའི་མགོན་པོ་གཤེགས། དེ་ནས་ཨེ་ཆུང་ཕུག་པར་ཐུགས་དམ་ལ་བཞུགས་པས་གློ་བུར་དུ་བསྙུན་མཛེ་དྲག་པོ་ཞིག་བྱུང༌། དགོངས་པ་ལ་རྫ་གསེབ་ཏུ་ཞུགས་ཏེ་གདུང་མིས་མི་མཐོང་བར་བྱ་སྙམ་ནས་འབྱོར་པར་ཆས། ཡི་དམ་སྤྱན་རས་གཟིགས་ཀྱི་སྐུ་ཞིག་ཡོད་པ་ལ་ཕྱི་ཕྱག་བགྱིས། སྐུ་ཤེད་ཆུང་བས་ཁ་སྦུབ་ཏུ་ཆུང་ཞིག་གནས་པ་ན། དང་པོར་རང་གི་སྡུག་བསྔལ་བསམས། དེ་ནས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བསམས་པས་གླགས་མེད་པའི་སྙིང་རྗེ་ཆེན་པོ་ཆུ་བོ་ལྟར་རྒྱུན་མི་འཆད་པ་འཁྲུངས་ཏེ། མཚན་མོའི་མཐར་མལ་ཐསམ་ཅད་ཀྱང་སྤྱན་ཆབ་ཀྱིས་ཁེངས། ཀླུ་གདོན་དེ་ཡང་འཁོར་དང་བཅས་པ་སྐུ་ལུས་ལས་འཐོན་ནས་སོང་བ་གཟིགས། དེ་ཉིད་དུ་ནད་ཐམས་ཅད་རྣམ་པར་དག་ཀྱང་གཞན་དག་ལ་ཞག་གསུམ་དྲོ་དང་བཞིའི་ནང་བར་ན། མི་ཁོ་བོའི་ལས་ངན་རང་སར་དག།ཅེས་བྱ་བ་གསུངས། དེར་རྒྱུ་འབྲས་ཆོས་ཀྱི་ཐམས་ཅད་ཀྱང་མངོན་སུམ་དུ་གྱུར། དཔལ་ཧེ་རུ་ཀས་ཀྱང་ཞལ་བསྟན། སངས་རྒྱས་ཉིད་དང་མཚུངས་པའི་གོ་འཕང་བརྙེས། དེ་ནས་འུར་ལངས་ཏེ་གཞན་སྟོན་མོ་བྱེད་པའི་གྲལ་དབུར་གདན་དྲངས་པའི་ཚེ། ཐོད་པ་བསམ་གྲུབ་ཀྱི་སྲས་མོ་ནམ་མཁའ་རྒྱན་གྱིས་སྐུ་མདུན་དུ་གཅེར་རྒྱུགས་བྱས་པས། ང་རྟེན་དགེ་བསྙེན་དུ་སོང་བས་འདིས་བརྙས་པ་ཡིན། ད་ཅི་ནས་ཀྱང་རབ་ཏུ་འབྱུང་དགོངས་པ་བྱུང༌། སྐབས་དེར་ཐུགས་རྗེ་ཆེན་པོས་མཛེ་པོ་མང་པོ་ཡང་གསོས། དགུང་ལོ་སུམ་ཅུ་རྩ་ལྔ་ལ་ཞང་སུམ་ཐོག་པས་མཁན་པོ། ལས་སློབ་སློབ་དཔོན་ཙི་ལུང་བ། གསང་སྟེ་བ་གཉལ་པ་འདུལ་འཛིན་རྣམས་ཀྱིས་མཛད་དེ་ཚིག་རྫོགས་ཀྱི་བསྙེན་པར་རྫོགས་པ་མཛད། གཉལ་པ་འདུལ་འཛིན་ལ་གྱུང་ཁ་ལུང་དུ་འདུལ་བ་མདོ་རྩ་བ་གསན་པས་ཤིན་ཏུ་མཁས་པར་གྱུར། བླ་མའི་གདན་ས་ཡང་ལོ་ངོ་གསུམ་དུ་ཉེ་བ་ཅིག་མཛད། སུམ་ཅུ་རྩ་བདུན་པ་ས་མོ་ཕག་ལ་འབྲི་ཁུང་དུ་ཕེབས། ལོ་དེ་ཉིད་ལ་བཙུན་གསར་བརྒྱ་ཐམ་པ་བྱུང༌། བར་སྐབས་ཤིག་ཏུ་གངས་ཏི་སེར་འབྱོན་པར་ཆས་པས་གཉན་ཐང་ལྷས་བསུ་བའི་བཀོད་པ་རྒྱ་ཆེན་པོ་བྱས་པ་དཔོན་སློབ་ཉི་ཤུ་རྩ་བཞི་ལས་གཅིག་མ་གཏོགས་པ་ཐམས་ཅད་ཀྱིས་མཐོང༌། སྐུ་ཤིན་ཏུ་ཆེ་བའི་ཀུན་དགའ་བོ་ཞིག་ཀྱང་གཟིགས་ཤིང་གསུང་གི་སྣང་བ་ཡང་བྱུང༌། སླར་ཡང་འབྲི་ཁུང་ཉིད་དུ་ལོག་སྟེ་དགེ་སློང་གི་དགེ་འདུན་བགྲང་བར་དཀའ་བ་འདུས། ཟབ་མོའི་གདམས་པས་དེ་ཁོ་ན་ཉིད་རྟོགས་པར་མཛད་པའི་སློབ་མ་མང་པོ་ཨུ་རྒྱན་དང་ཛ་ལན་དྷ་ར་ཚུན་ཆོད་དང་རི་བོ་རྩེ་ལྔ་ཡན་ཆོད་ཀྱི་ལུང་སུལ་དང་རི་ཁྲོད་ཐམས་ཅད་དུ་ཁྱབ་པར་མཛད། ཉིན་གཅིག་འདུས་པའི་ཚད་ཀྱང་གཉོས་ཀྱི་བུར་སྟོན་ལ་ཚོགས་པ་ལྔ་ཁྲི་ལྔ་སྟོང་ལྔ་བརྒྱ་ཉི་ཤུ་རྩ་ལྔ་འདུས། དེ་ཡང་བོད་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་འགའ་ཞིག་སངས་རྒྱས་ཀྱིས་དྲང་བ་དང་ངེས་པའི་དོན་གཉིས་སུ་གསུངས་པའི་དྲང་བའི་དོན་ཐམས་ཅད་སྟོན་པ་ཐུས་བསྐྱེད་བཟང་བས་རྫུན་དུ་མིང་མི་འདོགས་ཀྱང་ཚང་མའི་གནོད་པ་ཅན་དུ་བཞེད་པ་ལ། ཆོས་རྗེ་རིན་པོ་ཆེ་ནི་སངས་རྒྱས་ཀྱི་གསུང་ཡིན་ཕྱིན་ཆད་ཡི་གེ་གཅིག་ལ་ཡང་ཚང་མས་གནོད་མི་སྲིད། འོ་སྐོལ་གྱི་སྟོན་པ་གཅིག་པུའི་ལུགས་མ་ཡིན་གྱི། སངས་རྒྱས་ཐམས་ཅད་ཀྱི་ལུགས་ཡིན་པས་སངས་རྒྱས་ཐམས་ཅད་དགོངས་པ་གཅིག་པར་བཞེད། ལུང་གི་ཆོས་ལ་ཡང་ཕ་རོལ་ཏུ་ཕྱིན་པ་དང་སྔགས་ཀྱི་ཕྱོགས་ལས་ལུས་པ་མེད་པའི་དོན་བཀའ་སྩོལ་བས། གསུང་ཕྱོགས་རིས་སུ་ནི་མ་ཆད། ཐུགས་ནི་བྱང་ཆུབ་ཀྱི་སེམས་གཉིས་དབྱེ་བ་མེད་པའི་རང་བཞིན་ལས་སྐད་ཅིག་ཀྱང་མི་གཡོ། བསྟན་པའི་རྩ་བ་དགེ་འདུན་ཡིན་ཞིང༌། དེ་ཡང་ཚུལ་ཁྲིམས་རིན་པོ་ཆེ་ལ་རག་ལས་པར་གཟིགས་ནས་རང་ཉིད་འདུལ་བའི་བཅས་པ་ཕྲ་མོ་ལས་མི་འགལ། དམར་དང་ཆང་གི་དྲི་ཙམ་ཡང་མི་སྣོམ། སློབ་མ་ཐམས་ཅད་ཀྱང་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་ལྡན་པས་དབེན་པའི་གནས་སུ་འདུག་པ་དག་ཀྱང་བག་ཡངས་སུ་མི་འགྱུར། སྙན་པས་ནི་ཛམྦུའི་གླིང་མཐའ་དག་ཁྱབ། དེ་ལྟར་སངས་རྒྱས་ཀྱི་མཛད་པ་ཅན་དེ་ནི། དང་པོར་དུས་གསུམ་མཁྱེན་པ་འབྲི་ཁུང་དུ་བྱོན་ཏེ། ཁྱེད་ནི་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཡིན་ནོ་ཞེས་ཞུས། ཕྱིས་དགུང་ལོ་དྲུག་ཅུའི་སྟེངས་སུ་ཕེབས་པའི་ཆེ། སིངྒྷ་གླིང་གི་དགྲ་བཅོམ་པས་ཁ་ཆེ་པཎ་ཆེན་གྱི་གཅུང་པོ་ལ་མེ་ཏོག་བཞི་པ་ཅིག་སྒམ་བུར་རྒྱས་བཏབ་ནས་སོ་སོར་མ་འཕྲོད་ཀྱི་བར་དུ་མི་རྙིང་བར་བྱིན་གྱིས་བརླབས་ཏེ། གཅིག་འབྲི་ཞེས་བྱ་བའི་ས་ཕྱོགས་ན་སློབ་དཔོན་ཀླུ་སྒྲུབ་བྱང་ཆུབ་སེམས་དཔའ་རིན་ཆེན་དཔལ་དུ་སྐྱེ་བ་སྤངས་ནས་ཡོད་པ་དེ་ལ་ཕུལ། གཅིག་རཏྣ་ཀཱུ་ཊི་ཞེས་བྱ་བའི་གཙུག་ལག་ཁང་ན་བྱང་ཆུབ་སེམས་དཔའ་སྐལ་ལྡན་ཤིང་རྟ་ཡོད་པས་དེ་ལ་ཕུལ། གཅིག་དྭི་བྷཱ་ཥི་ཞིག་ཡོད་པ་དེ་ལ་ཕུལ། གཅིག་དེས་ལྷ་ཆེན་པོ་ཞིག་བཞེངས་པ་འདུག་པས་དེའི་ཐུགས་ཀར་ཞོག་ཅེས་དགྲ་བཅོམ་པས་ཀྱང་ཀླུ་སྒྲུབ་ཏུ་ངོས་གཟུང༌། ཁ་ཆེ་པཎ་ཆེན་གླས་མོ་ཆེར་བཞུགས་པ་ན། འབྲི་ཁུང་པའི་ཁམས་བཙུན་ཞིག་གིས་པཎ་ཆེན་ལ་ཆོས་གོས་བླངས་པས། ཉེ་གནས་ཀྱི་སྐུ་ལ་བསྣམས་པ་འདི་ཁ་ལས་མེད་ཅེས་མ་བྱིན་པས། ཁོས་སྐུ་ལ་བསྣམས་པ་དེ་ཉིད་ལ་འསྔུས། དེར་ཉེ་གནས་ཀྱིས་ཁོ་ལ་ཕུལ་བརྡེག་བྱས་པས། ཁོ་ཁ་བརྡབས་ཏེ་སྣ་ཁྲག་བྱུང༌། པཎ་ཆེན་ཐུགས་དམ་གྱི་ཚེ་རྗེ་བཙུན་མ་གེགས་མེད་པར་འབྱོན་པ་ལ། དེ་ཉིན་ནས་ཞག་བདུན་དུ་མ་བྱོན། ཅིས་ཉེས་མ་དགོངས་པས་སྤྱི་བཤགས་མཛད་ཅིང་གསོལ་བ་བཏབ་པས། ཞག་བདུན་ན་བྱོན་ཡང་སྐུའི་རྒྱབ་བསྟན་བྱུང་བས། འཕགས་མ་བདག་གིས་ཅི་ཞིག་ནོངས་ཞུས་པས། ཁྱེད་དཔོན་སློབ་ཀྱིས་སློབ་དཔོན་ཀླུ་སྒྲུ་ཀྱི་སློབ་མ་ལ་སྡིག་བསགས་གསུང༌། དེ་ཡང་མི་དྲན་ཞུས་པས། ཁ་སང་གི་སྣ་ཁྲག་བྱུང་བའི་བཎྡྲེ་དེ་ཡིན་མོད་གསུང༌། ད་སྡིག་པ་དེ་ཇི་ལྟར་བྱས་ན་འབྱང་ཞུས་པས། རབ་ཏུ་བྱུང་བ་གཞན་ལ་རང་གི་ལོ་གྲངས་དང་མཉམ་པའི་ཆོས་གོས་བྱིན། དེས་འབྱང་གསུང༌། ཕྱིས་པཎ་ཆེན་དབུས་སུ་ཕེབས་ནས་སྲིན་པོ་རིར་བཞུགས་པའི་ཚེ། འཚུར་ཕུ་བ་དང༌། འབྲི་ཁུང་བ་དང༌། རྒྱ་མ་བ་རྣམས་ཀྱི་གདན་འདྲེན་བྱུང་བས། པཎྜི་ཏ་བི་བྷཱུ་ཏི་ཙནྡྲས། ཕྱག་རྒྱ་བ་འདི་རྫུན་ཆེ་བ་ཡིན་ཟེར། འོ་སྐོལ་བཀའ་གདམས་པའི་སར་འབྱོན་པ་འཐད་ཞུས་པས། པཎ་ཅེན་ཐུགས་ཧུར་ཕྱུང་སྟེ། བྷུ་ཏི་བྷུ་ཏི་དེ་སྐད་མ་ཟེར། སངས་རྒྱས་ལ་འཁྲུལ་པ་མི་མངའ། འབྲི་ཁུང་བ་སློབ་དཔོན་ཀླུ་སྒྲུབ་ཡིན། ཁྱོད་ཀྱིས་ལས་ཆེན་པོ་བསགས། ད་ཁོང་ནི་དྲུང་དུ་སོང་ལ་བཤགས་པ་གྱིས། ཆོས་ཞུས་གསུངས་པས། བི་བྷུ་ཏིས་ཀྱང་དེ་ཁོ་ན་བཞིན་དུ་མཛད། དེ་ནས་རྗེ་བཙུན་མ་ལ་པཎ་ཆེན་གྱིས། བི་བྷུ་ཏིའི་ཉེས་པ་དེས་དག་གམ་ཞུས་པས། གནས་འདིར་བདེ་མཆོག་གི་ལྷ་ཁང་ཞིག་བཞེངས་ན་དེས་འདག་པར་འགྱུར་གསུང་བ་བཞིན་ལྷ་ཁང་ཡང་ལེགས་པར་བཞེངསསོ། །དེ་ལྟ་བུའི་བདག་ཉིད་ཆེན་པོ་དེ་ནི་ལོ་བདུན་ཅུ་རྩ་ལྔ་བཞེས་པ་མེ་མོ་གླང་གི་ལོ་ལ་གཤེགས་པའི་ཚུལ་བསྟན། ལོ་འདི་ལ་རྒྱལ་བརྟེན་ནེ་ཡང་གཤེགས། སྙེ་མདོ་ཐམས་ཅད་མཁྱེན་པ་འཁྲུངས་པ་ཡིན། གཤེགས་པར་ཉེ་བ་ན་དྲུང་ན་འདུག་པས། ད་ཆོས་རྗེ་རིན་པོ་གང་དུ་གཤེགས་ཤེས་ཞུས་པ་ན། ང་གང་དུ་ཡང་མི་འགྲོ། ཁྱེད་རང་སློབ་མ་རྣམས་ཀྱི་ཁམས་རྒྱུད་ལ་སྡོད་པ་ཡིན་གསུང༌། སྔར་ཙ་རི་གཡུ་མཚོར་བྱོན་པས་སྒོ་མངས་མཆོད་རྟེན་ཁྱད་པར་ཅན་གཟིགས་པའི་བཀོད་པ་ཇི་ལྟ་བ་བཞིན་དུ་དང་པོར་ཤིང་ལས་བསྒྲུབས་པ་ཞིག་བཞེངས། དེ་རྗེས་རིན་པོ་ཆེ་ལས་བསྒྲུབས་པ་ཞིག་མཛད། ཞི་བར་གཤེགས་ནས་སློབ་མ་གཙོ་བོ་རྣམས་ཀྱིས་ཀྱང་སྒོ་མངས་ཆེན་པོ་ཞིག་བསྒྲུབས། སློབ་མ་ཡང་གྲུབ་པ་བརྙེས་པ་བགྲང་བར་མི་ནུས་ཀྱང་ཕྱིས་འགྲོ་བའི་དོན་ཆེན་པོ་སྐྱོང་བ་ན། རྗེ་སྤྱན་སྔ་རིན་པོ་ཆེ། དབོན་རིན་པོ་ཆེ། གཅུང་རིན་པོ་ཆེ། གཉོས་འགར་ཆོས་གསུམ། དཔོན་ཤེར་འབྱུང༌། བསོད་སྙོམས་གླིང་པ། ཏི་ཤྲཱི་རས་པ། ཤྲཱི་རི་ཕུག་པ། བ་ལུ་གོང་པ། སྦོ་སྦོ་བཀྲ་ཤིས་སེང་གེ། ཉི་མ་བྱང་ཆུབ། བྱ་ལུང་པ་བྱང་ཐང་རས་པ། གཡག་རུ་དཔལ་གྲགས། སྤྲ་གངས་པ། འཇུ་གེ་གངས་པ། འབུ་བན་གངས་པ། བྱང་ཆུབ་རྡོ་རྗེ་ལ་སོགས་པ་མང་དུ་བྱོན་ནོ། །དེ་ལ་གཉོས་རྒྱལ་བ་ལྷ་ནང་བ་ནི། གཉོས་ལོ་ཙཱ་བའི་བརྒྱུད་པ། ཆོས་དང་འཇིག་རྟེན་གྱི་འབྱོར་པ་ཆེན་པོ་ཅན་གཉོས་ནག་གྲགས་པ་དཔལ་གྱི་སྲས་སུ་ཤིང་ཕོ་སྤྲེའུ་ལ་འཁྲུངས། འདི་བླ་མ་ཞང་གིས་ནག་པོ་སྤྱོད་པ་བར་ངོས་གཟུང༌། གཞོན་པའི་དུས་སུ་ཡབ་ཀྱིས་ཆོས་རྣམས་ལེགས་པར་བསླབས། མཚན་ཉིད་ཀྱི་སར་ཡང་སྦྱངས་པ་ཆེན་པོ་མཛད། ཡབ་མེད་རྣམས་བཞིན་དུ་རྒྱ་གར་དུ་ལོ་ཙཱ་སློབ་ཏུ་འགྲོ། དེ་ལ་འབྲི་ཁུང་ཆོས་རྗེའི་ཞལ་ཅིག་བལྟས་ནས་བར་ཆད་མི་འོང་བའི་ཐབས་ཞུ་སྙམ་སྟེ་བྱོན་པས་ཆོས་རྗེ་མལ་གྲོར་ཕེབས་པ་དང་མཇལ། ཆོས་རྗེའི་གསུང་གིས་ཐག་མ་རྡོར་གཞོན་ལ་རབ་བྱུང་བསྙེན་རྫོགས་གྱིས་ལ། གཟོད་ངའི་ཐད་དུ་བྱོན་གསུང་བས། ཐག་མས་མཁན་པོ་དང་སྦལ་ཏིས་སློབ་དཔོན་མཛད་ནས་ཚིག་རྫོགས་མཛད། སླད་ཀྱིས་འབྲི་ཁུང་དུ་བྱོན་གདམས་པ་གསན་ཞིང་སྐུ་ཉམས་སུ་བཞེས་པས་རྟོགས་པ་ཁྱད་པར་ཅན་འཁྲུངས། ལུས་དང་ལོངས་སྤྱོད་དང་འཁོར་ཐམས་ཅད་ཆོས་རྗེ་ལ་ཕུལ། ཕྱིས་ཏི་སེའི་ལྷ་ནང་དུ་སྒྲུབ་པ་མཛད་པས་རྒྱལ་བ་ལྷ་ནང་པར་གྲགས། ཕྱགས་ཕྱིར་དགེ་འདུན་ཡང་དཔག་ཏུ་མེད་པ་འདུས་ནས་ལྷོ་མོན་དང་དབུས་གཙང་དུ་དགེ་འདུན་གྱི་ཚོགས་པ་བསྐྱངས། ཆོས་ཀྱི་འཁོར་ལོ་བསྐོར། སྐུ་ཚེའི་སྨད་ལ་བྱང་དུ་ལྷ་ཐེལ་རིན་ཆེན་གླིང་བཏབ། དེ་ནས་རིང་པོ་མ་ལོན་པར་དྲུག་ཅུ་རྩ་གཅིག་པ་ཤིང་ཕོ་སྤྲེའུའི་ལོ་ལ་གཤེགས། ཤིང་སྤྲེ་འདི་འབྲི་ཁུང་ཆོས་རྗེ་གཤེགས་ནས་ལོ་བརྒྱད་པ་ཡིན་ནོ། །འགར་དམ་པ་ཆོས་སྡིངས་པ་ནི། ཁམས་སུ་ལྕགས་བྱི་ལ་འཁྲུངས་ནས། ཡབ་མེས་ཀྱི་ཆོས་རྡོ་རྗེ་འཇིགས་བྱེད་ལ་རྣལ་འབྱོར་དུ་མཛད། ཆུང་ངུའི་དུས་ནས་འབྲི་ཁུང་དུ་བྱོན། ཐལ་ཉལ་བ་ཡང་ལོ་འགའ་མཛད། དེ་ནས་གཟིམས་ཁང་ནང་དུ་ནང་མིར་ཚུད། དང་པོར་ཙ་རིར་བྱོན་གསང་སྔགས་ཀྱི་སྤྱོད་པ་ལེགས་པར་བསྐྱངས། ཕྱིས་དྭགས་པོར་འགར་ཕུག་ཏུ་བཞུགས་པའི་ཚེ་བོད་ཀྱི་ལྷ་འདྲེ་ཐམས་ཅད་འདུས་ནས། དང་པོར་སྐུ་ལུས་ལ་ཟང་ཐལ་དུ་སོང་བའི་མཚོན་ཆ་མང་པོ་རྒྱབ། ནམ་ལངས་སུ་ཉེ་བ་ན་ཐམས་ཅད་ཐང་ཆད་དེ་སྐྱབས་སུ་སོང་ནས་སྲོག་གི་སྙིང་པོ་ཕུལ། ལས་སྟོད་དང་སྐྱི་རོང་སོགས་སུ་བྱོན། གདུལ་བྱ་ཆེན་པོ་བྱུང་བ་ལ་བར་ཆད་འོང་བར་གཟིགས་ནས། དེ་བསལ་བའི་ཕྱིར་ཆོས་རྗེས་འབྲི་ཁུང་དུ་བཀའ་མང་པོ་བཀྱོན་པས་སླེབ་བྱུང་བས་འདུ་བ་རྣམས་ཆད། སླར་འབྲི་ཁུང་དུ་འོངས། རླུང་ཤོད་དར་ད་ཆོས་སྡིང་བཏབ། དེར་དགེ་འདུན་ཤིན་ཏུ་མང་བར་འདུས་པས་འབྲི་ཁུང་གི་འགྲན་ཟླར་འགྲོ་བ་འདུག་དགོངས་ནས། དགོན་པ་དོར་ནས་ཡར་སྟོད་ལ་ལམ་མཛད་དེ་དྭགས་པོ་ནས་རིམ་གྱི་སྤོ་བོར་བྱོན། དེར་ཕུར་དགོན་རིན་ཆེན་གླིང་གི་རྩིག་རྨང་བཏིང༌། དེ་ནས་ཞག་དྲུག་ཅུ་རྩ་གསུམ་ལོན་པ་ན་ཞི་བར་གཤེགས་ཀྱང༌། བྱིན་རླབས་ཀྱིས་རྩ་བའི་གདན་སར་སོང༌། དེ་ཁོང་རང་གི་དཔོན་པོ་ཨུ་རྒྱན་པ་ལ་སོགས་པ་རྣམས་ཀྱིས་གཟུང༌། འགར་དམ་པ་ནི་འཕགས་པའི་སློབ་མ་སློབ་དཔོན་ཨཱརྻ་དེ་བ་ཡིན་པར་བཞེད་དོ། །དཔལ་ཆེན་ཆོས་ཡིས་ནི། ཆོས་རྗེ་ལ་གདམས་པ་རྣམས་གསན་ཞིང་གཟིམས་གཡོག་ཡུན་རིང་དུ་མཛད། གཉོས་འགར་གཉིས་དང་ལྷན་ཅིག་ཏུ་ཙ་རིར་བྱོན། དེའི་ཚེ་གཉོས་འགར་གཉིས་དང་མཐུན་པའི་གསང་སྔགས་ཀྱི་ཀུན་དུ་སྤྱོད་པ་མ་མཛད་པས། ཆོས་རྗེས་ད་དུང་ཙ་རིར་སོང་ལ་གསང་སྔགས་ཀྱི་ཀུན་སྤྱོད་གྱིས་ཤིག་པར་བཀའ་སྩལ་བ་བཞིན་བྱས་པས་ཡོན་ཏན་ཁྱད་པར་ཅན་མང་པོ་བརྙེས། འདི་རྔོག་སེང་གེ་ཁ་བའི་ཡང་སློབ་མ་ཡིན། རིན་པོ་ཆེ་བཞི་འགྲོས་ཤེས་བྱ་བའི་བསྟན་བཅོས་ལ་སོགས་པ་འགའ་རེའང་མཛད། འདི་ལ་འབྲི་ཁུང་ན་ནག་ཚང་བ་ཞེས་གྲགས། དིང་སང་གི་བར་དུ་ཡང་ཙ་རིར་རི་ཐེབས་གཏོང་བ་མ་ཆད་པར་ཡོད། བལ་བུ་གོང་བ་ནི། དགོན་པི་མིང་གིས་བཏགས་པ་ཡིན། ངོར་རྗེ་རས་པ་ཡང་ཟེར། ཁོང་མཚན་ཉིད་ལ་མཁས་པས་ཆོས་རྗེའི་དྲུང་དུ་མཐོ་འཚམ་དུ་བྱོན་པས་ཞལ་མཐོང་བས་དད་དེ་གདམས་པ་ཞུས་པས་ཡོན་ཏན་གྱི་ཁྱད་པར་ཆེན་པོ་བརྙེས། ཁ་ཆེ་པཎ་ཆེན་ལའང་ཆོས་མང་དུ་གསན། བསྟན་པའི་སྙིང་པོ་བྱ་བའི་བསྟན་བཅོས་ཆེན་པོའང་བརྩམས། དབོན་ཤེར་འབྱུང་ནི། གདུང་ཀྱུར། དེའི་ནང་ཚན་འོ་ཕྲོ་མ། དེ་ལ་ལྷ་དགྲ་ལྷ་སྣང་གཉིས་ལས་ལྷ་དགྲ། དེ་ལ་དཔལ་ཆེན་དང་རྒོད་གཉིས་ལས་དཔལ་ཆེན་ནོ། ཡབ་སྟོན་པ་སངས་རྒྱས་དཔལ་ཞེས་བྱ་བ་རྗེ་མར་པའི་སྐྱེ་བ་དེ་དང༌། ཡུམ་སྔགས་མཚན་ཉིད་ཀྱི་ཆོས་མང་དུ་ཤེས་པ་ཆོས་ལྡན་ཞེས་བྱ་བ་ཞིག་སྟེ། དེ་གཉིས་ལ་སྲས་དྲུག་དང་སྲས་མོ་གཅིག་སྟེ་བདུན་འཁྲུངས་པའི་ཆེ་བ་དབོན་ཤེར་འབྱུང༌། དེ་འོག་ཐུབ་པ་བསོད་སྙོམས་པ། ཐ་ཆུངས་སྤྱན་སྔ་སྒམ་པོ་བའོ། །དེ་ལ་དབོན་ཤེར་འབྱུང་ནི་འཇིག་རྟེན་མགོན་པོའི་ཞེ་ལྔ་པ། རྗེ་སྤྱན་སྔའི་བཅུ་གསུམ་པ་མེ་མོ་ལུག་ལ་འཁྲུངས། དགུང་ལོ་བརྒྱད་ལ་ཀློག་མཁས་པར་བསླབས། བཅུ་གཅིག་ལ་བྲིས་མཁས་པའི་ཕུལ་དུ་ཕྱིན། དུས་ཕྱིས་རྣམ་ཐར་རྡོ་རྗེ་རིན་པོ་ཆེའི་རྩོམ་སྟན་ལས་དཔེ་གསར་པ་བླངས་པའི་དུས་ཉིན་ཅིག་ལ་ཚར། བཅུ་གསུམ་ལོན་དུས་མགུར་དང་གླུ་བྲོ་ལ་མཁས། དང་པོར་རྣལ་འབྱོར་པ་ཁོ་ན་བྱེད་པའི་བློ་ཡོད་ཀྱང་བཅུ་བདུན་བཞེས་པའི་ཚེ་དཔལ་དང་ཕུ་བ་ཡུལ་དེར་བྱོན་པ་ལ་ཡབ་ཀྱིས་ཕུལ་ཏེ་དད་པར་གྱུར་ནས་རབ་བྱུང་བྱེད་པའི་བློ་གཤའ་མར་སྐྱེས། བཅུ་བདུན་པ་དེ་ཉིད་ལ་དང་ཕུ་ཉིད་དུ་ཕྱིན་ནས་རབ་ཏུ་བྱུང༌། ཆོས་ཁྲིད་ཞུས་ཤིང་ལོ་བཞིར་བསྟེན། ཕྱག་རྒྱ་ཆེན་པོའི་སྒོམ་གཤའ་མར་འཁྲུངས། ཆས་ངན་པས་ཉེ་གནས་བརྙས་པ་ལ་འདི་སུ་ཡིན་ང་མིན་པས་མི་ཤེས། ད་གཟོད་འགྲོ་བའི་འདྲེན་པ་ཆེན་པོ་ཅིག་འོང་གསུང༌། ཉི་ཤུ་པ་ལ་དང་ཕུ་བ་གཤེགས། དེའི་ཕྱི་ལོ་འགྲུལ་བ་སུམ་བརྒྱ་ཙམ་དང་འགྲོགས་ནས་དབུས་སུ་སླེབ། འཇིག་རྟེན་མགོན་པོ་དང་མཇལ། སྒོམ་པས་མཆོད་གནས་བྱེད་ཟེར་བ་བྱས་པས་ལོ་གསུམ་གྱི་བར་ལོངས་སྤྱོད་མེད། དེ་རྟིང་འཇིག་རྟེན་མགོན་པོའི་སྐུ་མདུན་དུ་ཤིན་ཏུ་བྲིན། རིམ་གྱིས་གཟིམས་གཡོག་གི་བར་དུ་མཛད། ཐོས་པ་འཛིན་པས་སྔོན་ཆོས་གང་གསུངས་ཐམས་ཅད་ཐུགས་ལ་གནས་པ། ཕྱིས་འཇིག་རྟེན་མགོན་པོ་ཆོས་གསུང་བའི་དུས་བསྙེལ་བ་ལྟར་མཛད་པ་རྣམས་ལ་ཡང་ཟུར་ལེགས་པར་གསོས། བླ་མའི་ཞབས་ཏོག་དང་མཁྱེན་པ་གཉིས་ཀ་ལ་མཐའ་མེད་པས་ཐམས་ཅད་ཀྱིས་སློབ་དཔོན་པ་ཞེས་ཟེར། བཀའ་ནན་གྱིས་གདན་ས་གྱིས་གསུང་བ་ལ་སྒྲུབ་པ་འབའ་ཞིག་བྱེད་པར་ཞུས་པས་ཕྱིས་དེ་ཀ་ཙུགས་རྗེས་སུ་ཡང་གནང༌། འཇིག་རྟེན་མགོན་པོའི་བཀྲ་ཤིས་སྒོ་མངས་ཀྱི་ནང་རྫོངས་དང་རྟེན་འབྲེལ་ཐམས་ཅད་ཀྱང་ལྷུར་བླངས། གཤེགས་རྗེས་སྐུ་གདུང་གི་གཉེར་མཛད་དེ་ཅུང་ཟད་ཀྱང་མ་གོད་པར་རིན་པོ་ཆེའི་ཟ་མ་ཏོག་ཁ་སྦྱར་དུ་བཞུགས་སུ་གསོལ་ནས་བྲེའི་ནང་ན་བཞུགས། སྐུ་འབུམ་ཆེན་མོ་རྩིག་པའི་དང་ངོས་དང་ནང་བཞུགས་འབྲི་ཁུང་ཐེལ་བ་ཡུན་རིང་དུ་བཀྲ་ཤིས་པའི་རྟེན་འབྲེལ་རྣམས་ཀྱང་མཛད། དགོངས་པ་རྫོགས་ཐབས་རྣམས་ལེགས་པར་གྲུབ་ནས་ས་ཕོ་སྟག་གི་ལོ་གནམ་མཚོར་བྱོན། མཆོག་དགོན་དུ་བཞུགས། ས་མོ་ཡོས་བུའི་ལོ་ལ་ཏི་སེར་ཐེགས། མངའ་བདག་ཨ་དི་ག་ལ་ཕྱག་རྒྱ་ཆེན་པོའི་ཁྲིད་གནང་རོ་གཅིག་གི་རྟོགས་པ་ལ་བཀོད། མངའ་བདག་ཡ་ཙེ་བ་དཔུང་བསྐྱེད་ནས་བྱུང་བའང་ཤིན་ཏུ་མོས་པར་གྱུར་ནས་དབང་དང་སེམས་བསྐྱེད་གནང༌། དེ་ལ་སོགས་པའི་གཞན་དོན་གྱི་མཛད་པ་མཐའ་མེད་པ་མཛད། པཎྜི་ཏ་མང་པོ་དང་མཇལ་བའང་དེ་རྣམས་ཤིན་ཏུ་མོས་པར་གྱུར། དེའི་ཚེ་ནང་ནད་དང་འཁྲུག་ལ་སོགས་པའི་སློངས་མང་པོ་བྱུང་བ་ལ་བརྟེན་ནས་རྒྱུ་འབྲས་རྟེན་འབྲེལ་ཐམས་ཅད་མངོན་དུ་གྱུར། ས་བཅུ་པ་བར་དོན་གྱིས་ཞལ་གྱིས་བཞེས། སྟོད་ཕྱོགས་སུ་ལོ་བདུན་བཞུགས་ནས་སོ་དགུ་པ་ཤིང་མོ་བྱའི་ལོ་ལ་འབྲི་ཁུང་དུ་བྱོན། བྱ་དེའི་ལོ་མཇུག་ལ་ལྷོ་བྲག་ལ་ཐེགས། ལམ་དུ་བསམ་ཡས་སུ་ཆོས་རྗེ་ས་སྐྱ་པ་དང་མཇལ། ཁོང་རང་གིས་ཞབས་རྗེན་དང་ཕྱག་ཏུ་སྤོས་རེང་བསྣམས་ནས་དགེ་འདུན་དང་བཅས་པས་བསུ་བ་མཛད། ཁོང་རང་ལ་བཞུགས་སྟན་ཅི་ཡོད་བརྩེགས་ནས་བཞུགས་སུ་བཅུག །ཆོས་ཀྱི་གསུང་གླེང་མང་དུ་མཛད། རེ་ཤིག་བཞུགས་གསུང་ཡང་ལྷོ་བྲག་ལ་ཐེགས་ཏེ་ཁྱིའི་ལོ་ལ་ལྷོ་བྲག་ནས་འབྲི་ཁུང་དུ་འབུལ་བ་ཚན་ཆེར་བརྫངས། དེའི་དབྱར་སྨད་སློབ་དཔོན་སྒོམ་སང་པས་གྲོ་བོ་ལུང་ཕུལ། ཁྱི་ལོའི་དགུན་མཁར་ཆུར་ཕེབས་ནས་ཁྱད་ཆོས་བརྒྱ་དང་དགུ་བཅུ་པ་སྟེ་དགོངས་གཅིག་ཡི་གེར་བཀོད། དེ་ཉིད་དུ་ཕྱིས་བརྒྱ་ལྔ་བཅུར་བསྡུ་བ་མཛད། གཞན་ཡང་ཕྱོགས་དེར་གང་ཟག་སོ་སོའི་དོན་དུ་བསྟན་བཅོས་མང་དུ་མཛད་དོ། །སྤྱིར་ཤིང་མོ་བྱའི་ལོ་མཇུག་དེ་ལྷོ་བྲག་ཏུ་བྱོན། ཤིང་ཕོ་རྟའི་ལོ་མགོ་ལ་འབྲི་ཁུང་དུ་ཐེགས་ཏེ་དགུན་བརྒྱད་མཁར་ཆུར་བཞུགས། དབྱར་བརྒྱད་ཀྱི་དང་པོ་གྲོ་བོ་ལུང་དུ་བཞུགས༌། དེ་རྗེས་ཀྱི་དྲུག་ཡ་རྒྱལ་དུ་བཞུགས། ཕྱི་མ་དེ་ཡར་འབྲོག་ལ་ཕེབས། ཚོགས་མ་བསྐྱངས་བར་རི་ཁྲོད་ཁོ་ན་མཛད་ཀྱང་གཅོང་ཧྲུག་གེ་བ་ལྔ་བརྒྱ་རེ་འདུས། ལྷོ་བྲག་ནས་ལམ་ཡར་ཀླུངས་ལ་བཏོད་དེ་ཕག་མོ་གྲུ་ལ་བྱོན། སྤྱན་སྔ་རིན་པོ་ཆེས་ཞབས་ཐང་ལ་ཕྱག་འཚལ་སྒང་དུ་བྱོན། སེར་ཕྲེང་གི་སྣ་ཡང་ཁོང་རང་གིས་མཛད་ནས་བསུ་བ་གནང༌། སྤྱན་སྔའི་དྲུང་དུ་ཕྱག་རྟེན་ཕུལ་ནས་ཆོས་འབྲེལ་ཞུས་པས་བརྒྱུད་པ་རིན་པོ་ཆེ་ལ་བརྒྱུད་པའི་ཆོས་དང༌། བརྒྱུད་པ་རིན་པོ་ཆེའི་གྲུབ་པའི་མཐའ་གཉིས་གསུངས། དེ་ནས་འབྲི་ཁུང་ཐེལ་ལ་བྱོན། བསུ་བ་བྱུང་དོགས་ནས་གསངས་ནས་བྱོན་ཏེ་དཔོན་དང་མཇལ་ནས་འབུལ་མོ་ཆེ་མཛད། དེར་ཡང་སྐུ་མཆེད་གསུམ་པོ་འཛོམ། ལོ་དེ་ལ་སྒམ་པོར་གདན་འདྲེན་བྱུང་ནས་ཐེགས། ལོ་དེའི་ནང་དུ་དཔོན་རིན་པོ་ཆེ་གཤེགས། སླད་དེ་ལོ་རང་འབྲི་ཁུང་ཐེལ་དུ་བྱོན་ནས་དགོངས་གཅིག་ལ་ཚོམས་བདུན་དུ་བྱས་ནས་གསུངས། སྒོམ་པས་གདན་སའི་རྟེན་འབྲེལ་སྒྲིགས་ཀྱང་མ་མཛད་པར་གདན་ས་རྗེ་སྤྱན་སྔ་ལ་བསྐོས། སླར་ཡང་སྒམ་པོར་བྱོན། ཇོ་བོ་ཡ་ཙེ་བའི་གདན་འདྲེན་སླར་ཡང་བྱུང་ཀྱང་མ་ཐེགས། རིན་པོ་ཆེ་དམ་པ་འགར་འབྲུ་མདར་བྱོན་ནས་ཆོས་ཕར་གསན་ཚུར་གསན་མཛད། སྐུ་ཚེའི་སྨད་ཀྱི་གདུལ་བྱ་དགོས་སུ་ཕལ་ཆེར་བསྐྱངས་ནས་ལྔ་བཅུ་རྩ་ལྔ་བཞེས་པ་ལྕགས་མོ་གླང་གི་ལོ་ལ་གཤེགས། སྐུ་ཚེ་ཕྱི་མ་ལ་ཆོས་རྗེ་འཇིག་རྟེན་མགོན་པོ་དང་སྐུ་གསུང་ཐུགས་དབྱེར་མེད་དུ་འགྱུར་བར་ཞལ་གྱིས་བཞེས། མཁན་པོ་འདུལ་འཛིན་གྱི་རྗེས་ལ་སྒམ་པོའི་གདན་སར་ཡང་བཞུགསསོ། །དཔལ་ཤྲཱི་རི་ཕུག་པ་ནི། འཇིག་རྟེན་མགོན་པོ་ལ་གདམས་པ་གསན་པས་གྲུབ་པ་བརྙེས་ནས་མདོ་སྨད་དུ་བྱོན་པས་ཕྲིན་ལས་དཔག་ཏུ་མེད་པ་བྱུང་ནས་ཡུལ་སྐྱོང་ལྷ་ཁང་བཞེངསསོ། །སྦོ་སྦོ་བཀྲ་ཤིས་ནི། འཁྲུངས་ཡུལ་ཟངས་རི་ལུ་གུང་སྒང་པ་ཡིན། དེ་ཡང་བུ་ཆེན་རྣམས་རྫུ་འཕྲུལ་འགྲན་པའི་ཚེ། ཆོས་རྗེའི་ཐུགས་ཀར་ཡི་གེ་ཨར་སྤྲུལ་པ་སོགས་ཡོན་ཏན་དུ་མ་མངའ་འོ། །ཡང་ཆོས་རྗེའི་སློབ་མ་གཙང་ཞིག་ཅེས་བྱ་བའི་གྲུབ་ཐོབ་ཅིག་གིས་གཉལ་གྱི་དད་རྐྱལ་བཏབ། ཁོང་ཆང་ལ་མཉེས་པས་ཆང་གི་དུས་མཆོད་དིང་སང་གི་བར་དུ་མ་ཆད་པར་ཡོད། དེའི་རྗེས་སུ་ཞང་དང་རྐྱལ་བ་མཚན་གཟི་བརྗོད་རིན་ཆེན་བྱོན། འདི་གཉོས་རྒྱལ་བ་ལྷ་ནང་བའི་ཡང་སློབ་མ་ཡིན། ཁ་ཆེ་པཎ་ཆེན་དང་ཆག་དགྲ་བཅོམ་ལས་བསྙེན་པར་རྫོགས། དེ་རྗེས་གཉི་བ་གཉལ་ཞིག་ཡིན་ཏེ། མཚན་རྒྱལ་བ་རི་ཁྲོད་སེང་གེ། འདི་ཆུ་མིག་པའི་སློབ་མ་ཡིན་པ་ལ་ཕྱིས་བླ་མར་སོང་ནས་ཆུ་མིག་པ་ཕྱག་རྒྱ་ཆེན་པོ་ལ་བཀོད། དྭགས་པོ་སྒོམ་ཚུལ་གྱིས་བཏབ་པའི་འབྲུག་ཏུ་སྒྲུབ་པ་མཛད། དེ་ནས་དགོན་པ་གཉིས་ལ་དང་འབྲུག་ཅེས་ལྷན་ཅིག་ཏུ་སྡེབ། དེ་རྗེས་གསལ་རྗེ་བ། འདིས་གཡུར་སྦེ་བ་རྣམས་སྲོག་གཅོད་སྤོང་དུ་བཅུག་པས་ད་ལྟའི་བར་དུ་ལོ་རེ་བཞིན་ཆོས་སྐྱོང་གི་དྲུང་དུ་མནའ་སྐྱེལ་བའི་སྲོལ་རྒྱུན་མ་ཆད་པར་ཡོད། དེ་རྗེས་མཁས་གྲུབ་རིན་ཆེན་རྒྱལ་མཚན། དེ་རྗེས་ནས་ད་ལྟ་ཡན་དུ་བླ་མ་དྲུག་སོང་ཡང་གོང་མ་གསུམ་གྱི་མཚན་མ་རྙེད། དེ་ནས་ཆོས་རྒྱལ་རིན་ཆེན། རིན་ཆེན་བློ་གྲོས། ད་ལྟ་རིན་ཆེན་དཔལ་བཟང་རྣམསསོ། །གཙང་ཞིག་གི་སྐུ་སྐྱེ་ཟ་ར་བ་ཆེན་པོ་ཡིན་ཏེ། དེའི་བཞུགས་གནས་ཚན་གསུམ་གྱི་དགའ་ལྡན་ཡིན། རྟེན་ནི་དགེ་སློང་དུ་བཞུགས། གཡུར་སྦེ་བ་རྣམས་གཙང་ཞིག་གི་སྐུ་འདྲ་ལ་ཆང་གི་མཆོད་པ་བྱས་པས་དགའ་ལྡན་གྱི་ཟ་ར་དགེ་སློང་བཟི་ཡོང་ཟེར་བ་ཡང་ཡོད་དོ། །འབྲི་ཁུང་ཆོས་རྗེ་དངོས་སློབ་དང་བཅད་པའི་སྐབསསོ། ། ། ། ༨.༡༢ འབྲི་ཁུང་པའི་གདན་རབས་ཀྱི་སྐབས། དེ་ལ་གདན་སའི་རབས་ནི༌། མཁན་རིན་པོ་ཆེ་རྡོ་རྗེ་ཚུལ་ཁྲིམས་ཤིང་ཕོ་ཁྱི་ལོ་པ། ཆོས་རྗེ་གཤེགས་དུས་རེ་བཞི་ལོན་པ་ཞིག་གིས་གདན་ས་མཛད། རང་ལོ་རེ་བརྒྱད་པ་ལྕགས་སྦྲུལ་གྱི་སྨིན་དྲུག་ཟླ་བ་ལ་གཤེགས། དེའི་རྗེས་སུ་དབོན་རིན་པོ་ཆེ་ནི། ཆོས་རྗེའི་གདུང་གི་དབོན་པོ་ཡིན། མེ་མོ་ལུག་ལ་འཁྲུངས། གཞོན་པའི་དུས་སུ་ཆོས་རྗེའི་ཞབས་དྲུང་དུ་གདམས་པ་རྣམས་ཐོབ། སོ་གཅིག་པ་ལ་ཆོས་རྗེ་གཤེགས། ཆུ་རྟ་ནས་ཤིང་རྟའི་བར་ལོ་བཅུ་གསུམ་གདན་ས་མཛད། རྗེ་སྤྱན་སྔ་ཤིང་ལུག་ལ་འཁྲུངས། དྲུག་ཅུ་པ་ཤིང་རྟ་ལ་འབྲི་ཁུང་དུ་ཕེབས་ནས་གདན་ས་ལོ་ཉེར་གཉིས་མཛད་དེ། གྱ་གཅིག་པ་ཤིང་ཡོས་ལ་གཤེགས། ཏིལླི་པའི་སྤྲུལ་པ་གཅུང་རིང་པོ་ཆེ་རྡོ་རྗེ་གྲགས་པ་ལྕགས་ལུག་ལ་འཁྲུངས། ཆོས་རྗེ་གཤེགས་དུས་ལོ་བདུན། དབོན་གཤེགས་དུས་ཉེར་བཞི། ཞེ་ལྔ་པ་ཤིང་ཡོས་ལ་གདན་སར་བྱོན། རེ་དགུ་པ་ས་ཡོས་ལ་གཤེགས། ཐོག་ཁ་བ་རིན་ཆེན་སེང་གེ་མེ་མོ་ཕག་ལོ་པ། གཅུང་གཤེགས་དུས་ང་གསུམ་བཞེས། ས་ཡོས་ནས་ཤིང་བྱའི་བར་ལོ་བདུན་གདན་ས་མཛད། རང་ལོ་ང་དགུ་པ་ལ་གཤེགས། མཚམས་བཅད་པ་གྲགས་པ་བསོད་ནམས་ལྕགས་ཕོ་བྱི་བའི་ལོ་པ། ཐོག་ཁ་བ་འདས་དུས་ཞེ་དྲུག །རང་ལོ་ཞེ་དགུ་པ་ས་བྱི་ལ་གཤེགས། རིན་པོ་ཆེ་ཆོས་སྒོ་བ་རྡོ་རྗེ་ཡེ་ཤེས་ཆུ་ལུག །མཚམས་བཅད་པ་འདས་དུས་རེ་དྲུག །རང་ལོ་དོན་གཅིག་པ་ཆུ་སྦྲུལ་ལ་གཤེགས། རིན་པོ་ཆེ་རྡོར་རིན་པ་ས་ཕོ་སྟག་ལོ་པ། ཆོས་སྒོ་བ་འདས་དུས་བཅུ་དྲུག །རང་ལོ་སོ་བརྒྱད་པ་ཤིང་ཡོས་ལ་གཤེགས། རྡོ་རྗེ་རྒྱལ་པོ་ཤིང་ཕོ་སྤྲེའུ། རྡོར་རིན་པ་འདས་དུས་སོ་གཉིས། རང་ལོ་རེ་བརྒྱད་པ་ལྕགས་ཡོས་ལ་གཤེགས། ཆོས་ཀྱི་རྒྱལ་པོ་ཤིང་མོ་ཕག་ལོ་པ། བཅུ་བདུན་པ་ལ་རྡོ་རྗེ་རྒྱལ་པོ་འདས། རྗེ་རིན་པོ་ཆེ་བློ་བཟང་གྲགས་པ་འདིའི་སློབ་མ་ཡིན། འདིའི་རྗེས་ལ་དྲུང་བཤེས་གཉེན་པ། དབང་བ། ཆོས་རྗེ་དྲུང་ཆེན་ནོ། ཆོས་ཀྱི་རྒྱལ་པོས་ཉི་ཤུ་རྩ་གསུམ་བཞེས་པའི་ཚེ་རྗེ་རིན་པོ་ཆེ་འཁྲུངས། འཇིག་རྟེན་མགོན་པོ་འཁྲུངས་ནས་རྡོ་རྗེ་རྒྱལ་པོ་གཤེགས་པ་ཡན་ལ་ལོ་ཉིས་བརྒྱ་དང་དགུ་སོང༌། ད་ལྟའི་མེ་ཕོ་སྤྲེའུ་ཡན་ལ་ལོ་སུམ་བརྒྱ་དང་སུམ་ཅུ་རྩ་བཞི་སོང་ངོ༌། །འབྲི་ཁུང་པའི་གདན་རབས་ཀྱི་སྐབས་སོ། ། །

༨.༡༣ སྟག་ལུང་པ་སློབ་མ་དང་བཅས་པའི་སྐབས། དཔལ་སྟག་ལུང་ཐང་པའི་རིམ་པ་ནི། སྟག་ལུང་ཐང་པ་ཆེན་པོ་བཀྲ་ཤིས་དཔལ་ནི། གཡང་ཤོང་བོང་ར་སྟེངས་སུ་ཡབ་བ་ན་བློན་འབར་པོ་དང༌། ཡུམ་བྲབ་ཤི་གཟའ་དགེ་སུམ་ཁྲོ་མོའི་སྲས་སུ་ཆུ་ཕོ་ཁྱིའི་ལོ་ལ་འཁྲུངས། དེའི་ཕྱི་ལོ་འབྲི་ཁུང་ཆོས་རྗེ་འཁྲུངས་པ་ཡིན། གདུང་རུས་དབྲག་ཟི་འབྲིང་པོའི་ནང་ཚན་ཀླུ་དགེ་ཡིན། ཡུམ་སྔ་མོ་ནས་གྲོངས་ནས་སྲུ་མོ་ཅིག་ཡབ་ཀྱིས་བླངས་པས་དེ་མ་བྱམས་ནས། ཡང་སྲུ་མོ་ཕྱོགས་ཤིག་བླངས་པས་དེས་བྱམས་པར་བྱས། དེ་ནས་ཆེར་སྐྱེས་པ་དང་ཆོས་ལ་ལན་འགའ་བྲོས་ཀྱང་ཡབ་ཀྱིས་བཀག །བཅོ་བརྒྱད་བཞེས་པའི་ཚེ་ཐང་སྐྱ་ལྷ་ཁང་དུ་བླ་གང་པའི་སར་བྲོས་ནས། མཁན་པོ་ག་སྟོན་བླ་གང་བ་ཤེས་རབ་རྡོ་རྗེ་དང་སློབ་དཔོན་ཚར་སྟོན་སྒོ་མངས་པ་ལས་རབ་ཏུ་བྱུང༌། དེ་ཚར་བ་དང་ཡབ་ཀྱིས་ར་མདའ་ལ་སླེབ། ཡབ་ན་རེ། ཁྱེད་ལ་ཁྲིམས་གྲལ་བྱ་བ་ཡོད་ཟེར། ཀླུ་དགེ་འབར་པོའི་བུ་ཡིན་ཟེར་ནས་གྲལ་ཞབས་སུ་མ་བཞག་ཅིག་ཟེར་བས། མཁན་པོས་མདུན་གྲལ་ཅིག་གི་གྲལ་མགོར་བཞག །དེ་ནས་དགེ་བཤེས་བྲག་དགོན་པ་ལ་འགྲེལ་ཆུང༌། སྤྱོད་འཇུག །བསླབ་བཏུས། ལམ་སྒྲོན། དོ་ཧ་རྣམས་གསན། དེའི་དུས་སུ་རྒྱ་གར་དུ་འབྱོན་བཞེད་ཡོད་པ་ལ་ལྡན་མ་བླ་མ་སེར་འབལ་བྱ་བས་རྒྱ་གར་དུ་འགྲོ་ཟེར་བས། དེ་དང་སྡོད་ཆད་བྱས་པས་ཁོ་མ་བྱུང་བར་སྦོམ་པོར་བ་བླ་མ་ཨ་སྐྱབས་དང་འགྲོགས་ནས་འབྱོན་རྩིས། ཁོང་ད་ནང་ནས་སོང་ནས་རྗེས་མ་ཟིན། རྡང་ཁང་དམར་དུ་སླེབ་དུས་ར་མདའ་སླེབ་ནས་ཕྱིར་ལོག་དགོས་བྱུང༌། དེ་ནས་ཡང་བླ་མ་ཧྭ་ཤང་རྒྱ་གར་དུ་འགྲོ་ཟེར་བས་ཁོང་དང་འགྲོགས་པར་ཆད་པས་ཀྱང་ཁོང་སྔོན་ལ་སོང་འདུག །རིན་པོ་ཆེ་བས་རྟ་གཅིག་ལ་སྒྲོ་བ་གཉིས་བཀལ་ནས་མཚན་ལ་བྱོན་པས་ཁ་བ་བབ་པས་གྲང་བ་དང་སྐོམ་པར་བྱུང༌། བྲབ་ཤི་སུམ་པའི་གྲུ་མུར་དུ་སླེབ་པ་དང་ར་མདའ་བྱས་སླེབ་ནས་ཡང་ལོག་དགོས་པར་བྱུང༌། ཐང་སྐྱ་ལྷ་ཐེལ་དུ་སྟོན་བཙས་མའི་མི་མང་པོ་བྲེལ་ཚུབ་བྱེད་པ་གཟིགས་པས་སྙིང་རྗེ་ཆེན་པོ་འཁྲུངས། དེ་ལ་བརྟེན་ནས་སྣང་བ་འདི་ཐམས་ཅད་ངོ་བོ་ཉིད་མེད་པར་མཁྱེན། ནུབ་ཅིག་མནལ་ལམ་དུ་ལམ་ཚེར་མས་གང་བའི་གཟུར་ས་མེད་པ་ཅིག་ཏུ་བུད་མེད་ནག་མོ་ཆེན་མོ་ཅིག་དང་ཕྲད། དེས་མགུལ་ལ་འཁྱུད་པས་རིན་པོ་ཆེས་ལྷའི་ང་རྒྱལ་གྱིས་འོག་ཏུ་བཅུག་པས། ད་ཐོང་ཁྱོད་ལྷ་བཅུ་གསུམ་གྱིས་བྱིན་གྱིས་བརླབས་པ་ཡིན་ཟེར། ཡང་ཐང་སྐྱ་ན་རྒན་མོ་ཤི་ལོག་བྱ་བ་ཅིག་ཡོད་པ་ན་རེ། ཁྱོད་འདི་འདྲ་བ་ཅིག་འོང༌། འཁོར་ཡང་འདི་ཙམ་ཞིག་འོང་ཟེར་བ་ཕྱིས་འགྲོ་མགོན་གྱི་གསུང་དང་ཡང་མཐུན་པར་བྱུང༌། དེ་ནས་སྐབས་ཤེད་དུ་ཐང་སྐྱ་ནས་སྟེང་ཁང་དུ་བྱོན་ཙ་ན་མོ་མ་ཅིག་ལ་ཕག་མོ་གྲུ་པའི་སྐུ་ཆ་བཏབ། མཐུ་བོ་ཆེ་ཅིག་འདུག་གསེར་གྱི་ཐང་མ་བརྡལ་བ་བསྡུ་ཟེར། ཁྱོད་རང་རི་ཀླུང་སེར་བ་ཐང་སྐྱ་ཆ་ལེ་བ་ཅིག་ལ་འགྲོ་བར་འདུག །ལྟོ་ཅིག་གིས་དེ་མ་བྱས་ན་མགོ་ཆག་པའམ་རྦབ་ཕོག་ཟེར་བ་འོང་ཟེར། དེ་ནས་རྟིང་སེར་དུ་དབྱར་ཅིག་བཞུགས་ཏེ། དེ་ནས་སྙེལ་དེར་བཞུགས་ཙ་ན་བླ་མ་རྨོག་ལ་ཕག་མོ་གྲུ་པའི་སྐུ་འབག་ཅིག་བསྐུར་བྱུང་བ་ལ། ཁྱོད་རང་ཡང་མཆོད་པ་ལ་ཨེ་འོང་ཟེར་བས་མར་མེའི་རྒྱུ་གཟུང་ནས་མཆོད་པ་ལ་བྱོན་པས། འདིའི་རྩར་ཅིག་མ་བྱོན་ན་སྙམ་པའི་ཞེ་བཅད་འཁྲུངས། དེ་ནས་དབུས་སུ་འབྱོན་ཁར་མནལ་ལམ་དུ་སྐས་རིངས་ཤིག་ལ་འཛེགས་ནས་བྱོན་པས། ཐོག་ཁར་མ་ཐོན་ཙ་ན་མི་དཀར་པོ་ཆེན་པོ་ཅིག་བྱུང་ནས་ཕྱག་ནས་གཟུང་ནས། དེས་མ་ཐེན་ན་མི་ཐོན་ཟེར་བ་རྨིས། ཕྱིས་འགྲོ་མགོན་གྱི་ཞལ་ནས། དེ་ཁོ་བོ་ཡིན་གསུང༌། དེ་ནས་འབྱི་ངོས་སུ་བྲོས་ནས་རྟིང་སེར་དུ་བྱོན། དེ་ནས་སློབ་དཔོན་སངས་རྒྱས་སྐྱབས་ཅན་དུ་སྟེང་བྱང་དུ་བྱོན་ནས་ཞག་འགའ་བཞུགས། དེ་ནས་མདོར་ལྷོ་སྟེངས་སུ་བྱོན་ནས་སྐྱེལ་མི་ཅིག་དང་རྟ་སྤྲུགས་ནས་ཆུ་ལ་བརྒལ་བས། རབ་འབྱམས་ནས་ཆུས་དེའུ་ཁྱེར་བྱས་ཙ་ན། རྟས་སྤོ་ཏོ་ཅིག་ལ་རྐང་པ་ཐེབས་ནས་ཐོན། །དེ་ནས་བྱང་ལམ་ལ་འཐོན་ནས་སྟོང་བཞེར་བཅུ་སྟོན་བྱ་ཡུལ་དུ་མར་མེ་འཛུགས་སུ་འགྲོ་བ་དང་འགྲོགས་ནས་བྱོན་པས་ཅོམ་ཐང་དུ་སླེབ། དེ་ཙ་ན་ཅོམ་པ་དང་ཕོད་མདོ་བ་བཙས་མའི་དུས་སུ་འདུག །ཉན་པའི་སྨན་པ་གཅིག་ན་རེ། ངེད་ཀྱི་ཡུལ་བ་ཕ་སྤུན་ཁ་ཅིག་ཚྭ་ཁྱེར་ནས་ཕག་མོ་གྲུའི་སྒོ་ཁར་འགྲིམ་པ་ཡིན་ཟེར་བས་ཁོང་དང་འགྲོགས་ནས་ཀླུངས་ཤོད་ལ་ལམ་བཏོད་དེ་ཉན་དུ་བྱོན་ནས། ཚོང་པ་དང་འགྲོགས་ནས་འོན་ལ་ཕེབས། དེ་ནས་ཟླ་བོ་མེད་པར་ལྗང་འཕྲང་ལ་བྱོན་ཏེ་ཚ་རོང་དུ་ཕེབས། དེ་ནས་བོན་པོ་གཟའ་མི་གཉིས་དང་བསྡོངས་ནས་བཞུད་པས་རྩིབས་ལམ་ཟད་པ་ནས་དགོན་པའི་ས་དཀར་ལྷག་གེ་མཐོང༌། དེ་ནས་སྒོ་རྩར་བྱོན་ནས་ནང་དུ་འབྱོན་རྩིས་བྱས་པས་འབྲོག་ཆུང་བས་སྒོ་བཀག །སིང་སྟོན་གྱིས་སྣ་ལེན་བྱས་ཏེ་དྲོ་རྟིང་ལ་སྤྱན་སྔར་མཇལ། གསེར་དུམ་ཅིག་གིས་ཕྱག་རྟེན་བྱས། འགྲོ་མགོན་གྱི་ཞལ་ནས་ཐང་མ་ཆད་དམ་གསུང༌། ཆུས་དེའུ་ཁྱེར་བྱས་པ་ལ་རྟའི་རྐང་པ་སྤོ་ཏོ་ཅིག་ལ་ཚུགས་པས་ཐོན་ཞུས་པས། ད་དུས་ཁོ་བོ་དེར་ཡོད་པ་ཡིན། ལར་ཁོ་བོ་རྡོ་རྗེ་གདན་ན་འདུག་ཀྱང་ཁྱོད་འོང་དགོས་པ་ཡིན། སྐྱེ་བ་འདི་ཁོ་ནའི་བླ་མ་མ་ཡིན། ཉམས་རྟོགས་བསྐྱེད་པའི་བླ་མ་ཡིན་གསུང༌། དེ་ནས་ཕྱིས་གཏོར་མའི་དུས་སུ་ད་ཕྱིར་སར་པ་སྒོ་ཁ་ན་སླེབ་ནས་ནང་དུ་མ་འོངས་བའི་བར་དེར་སར་པའི་ལུས་ལས་སར་པ་འདྲ་བ་ཅིག་ཆད་ནས་ཁོ་བོ་ལ་ཐིམ་གསུང༌། དེ་ནས་ཕྱི་ཞིག་ནི་ཁྱོད་ལ་གྲྭ་པ་འདི་ཙམ་ཞིག་འོང༌། དེའི་ནང་ནས་ཁྱོད་རང་ཙམ་འདི་འོང་གསུང༌། དེའི་དུས་སུ་ལུང་པ་འདི་ན་ང་རང་ལས་དྲག་པ་ཨེ་ཡོད་དགོངས་པ་བྱུང༌། ཉེ་གནས་སྦས་སྒོམ་ལ་སྦས་སྒོམ་སར་པ་འདི་བྱ་ཡུལ་བ་འདྲ་བ་ཨང་གསུང༌། དེ་ནས་ཟླ་བ་གསུམ་ན་ང་ནི་ཀླད་པ་ལུག་ཀྱང་གསོལ་བ་བཏབ་པས་ཆོག་སྙམ་པའི་དགོངས་པ་བྱུང༌། གསེར་ཞོ་གང་གིས་མཎྜལ་བྱས་ནས་ཕུལ་བ་ཞུ་བྱས་དངོས་གྲུབ་ལྟ་བུ་ཅིག་བྱེད་པ་ཡིན། གདམས་ངག་ཀྱང་མི་ཞུ་བྱས་པས། ལན་ཅིག་བཞུད་ནས་གསེར་བཞེས། མཎྜལ་ཕྱིར་གནང་ནས་དེ་དད་པས་ཁམས་གསོ་ནུས་པ་བྱ་བ་ཡིན། མཎྜལ་ཕུལ་ལ་གསོལ་བ་ཐོབ་དང་ད་དུང་འཆར་རྒྱུ་མང་པོ་ཡོད་པ་ཡིན་གསུང༌། དེ་ནས་ལན་ཅིག་ན་ཆོས་བྱུང་ཚད་ཟུང་དང་ཁོ་བོ་ལ་བརྒྱུད་པ་འདེད་མི་དགོས་པ་ཡིན། ཁྱོད་ལ་དགོས་པའི་དུས་ཤིག་འོང༌། བོད་ན་ཞུ་བྱས་དངོས་གྲུབ་ལས་ཞེན་པ་ཆུང་བ་མེད་དེ་ལུང་ཡི་པ་ཅིག་ཡོད་པ་ཡིན། རྒྱ་གར་ན་བི་རཱུ་པ་ཞེན་པ་ཆུང་སྟེ་བརྒྱད་སྟོང་པ་ཅིག་ཡོད་པ་ཡིན་གསུང༌། ཡང་བླ་མ་བསྟེན་པ་གདམས་ངག་ཡིན། རང་གིས་ཉམས་སུ་མྱོང་བ་མན་ངག་ཡིན་གསུང་བས། དེ་ཕྱིན་ཆད་ཚིག་བཞི་པ་ཡན་ཆད་གསུང་ཐམས་ཅད་ལ་ཡི་གེར་མ་བྲིས་པ་མེད་གསུང༌། ཉིན་ཅིག་གདམས་ངག་གཅིག་གསུངས་པ་བརྗེད་དོགས་ནས་རྩིག་ངོས་ལ་བྲིས་ནས་ཕྱིར་བྱོན། དེ་ནས་ནང་དུ་བྱོན་ནས་དེ་གཟིགས་པས་དེ་ཕྱིན་ཆད་བརྗེད་དོགས་པ་མ་བྱུང་ཕག་མོ་གྲུར་བྱོན་ནས་ལོ་གསུམ་ཙམ་ལོན་པའི་དུས་སུ་ཁྱོད་ད་ལྟ་སོང་ཡང་མཁན་སློབ་ཀྱིས་ཆོས་ཞུ་བ་འོང་བ་ཡིན་གསུང༌། ཁོ་བོའི་ཆོས་ཀྱི་བདག་པོ་ཁྱོད་ཀྱིས་བྱེད་པ་ཡིན་ཡང་གསུང༌། དགེ་སློང་ཅིག་གིས་གསུང་བ་ལ་བདག་སྒྲུབ་པ་བྱེད་པ་ཡིན་པས། དགེ་སློང་མི་བྱེད་པར་ཞུ་ཞུས་པས། དཔལ་རྒྭ་ལོ་ཡང་དགེ་སློང་ཡིན་ཏེ། གནམ་མཚོ་ལ་ལོ་བདུན་བསྒོམས་འདུག །དིང་སང་མི་ཆེན་པོའི་ཕྱག་ལེན་བྱེད་དགོས་པ་ཡིན་གསུང༌། སྐབས་ཤེད་དུ་གཟིམས་མལ་ན་བཞུགས་པ་ལ་སྔར་མེད་པའི་ཆོས་ཚན་ཅིག་ཐུགས་ལ་འཁྲུངས། དེར་འགྲོ་མགོན་ཕྱག་མཁར་བསྣམས་ནས་བྱོན་ཏེ། ཕྱག་མཁར་ཐུགས་ཀར་གཏད་ནས་འདི་ཁོ་བོ་མིན་པས་མི་ཤེས་གསུང༌། ནུབ་ཅིག་ཡབ་ཀྱིས་ཏེའུ་ཆུ་ཅིག་བྱིན་པ་རྨིས་པས་བཟའ་མི་ཟད་པའི་གཏོར་ལ་ལོངས་སྤྱོད་པ་ཡིན་གསུང༌། ཡང་ཡབ་ཀྱིས་ལྡེ་མིག་ཡ་གཅིག་བྱིན་པ་རྨིས་ཏེ་ཕྱིན་ཆད་ཆེད་དུ་བྱ་མི་དགོས་པ་བྱུང༌། དགུང་ལོ་ཉི་ཤུ་རྩ་བཞིའི་བཙས་མའི་དུས་ཕག་མོ་གྲུར་ཕེབས། ལོ་དྲུག་ཕག་མོ་གྲུར་བཞུགས། དཔལ་ཕག་མོ་གྲུ་པ་གཤེགས་ནས་ཟླ་བ་གཅིག་ཕག་མོ་གྲུར་བཞུགས་ནས་དབོན་ཕྱག་དང་ཡོན་བདག་རྨོག་སྒོམ་ལ་སོགས་དང་འགྲོགས་ནས་མལ་གྲོ་ལ་བྱོན་ཏེ་འཆད་ཁ་བ་ལ་ཆོས་གསན། དེ་ནས་ཀླུང་ཤོད་ན་ཡང་བཀའ་གདམས་པ་འགའ་ཞིག་དང་འགྲོགས་ནས་བྱོན་པས་ཁོང་རྣམས་ན་རེ། ཞྭ་དེ་སྤོས་ཟེར་བ་ལ། དེར་ངའི་ཞྭས་དབུར་སྟོད་འདིར་སྐྱེལ་མ་ཐུབ་པ་ཅིག་བྱེད་དགོས་དགོངས་པ་བྱུང༌། དེ་ནས་ཕོད་མདོ་ཁང་ཆེན་དུ་བྱོན་པས་དགེ་བཤེས་ཁང་ཆེན་པ་ཕྱིར་བྱོན་པ་དང་སྒོ་འགག་ཏུ་མཇལ་བས་ཁོང་དད་ནས་ཁོང་གི་བླ་མཆོད་དུ་ཐང་མགོ་དགོན་པར་དགུན་ཅིག་བཞུགས། དེའི་དཔྱིད་ནས་སེ་གླེར་བཞུགས། དེ་དུས་ཁམས་ནས་རྟ་བཟང་པོ་ཅིག་དང་བསུན་མ་བྱུང་བས་ཕག་མོ་གྲུར་བྱོན་ནས། གདུང་རྟེན་བཞེངས་པའི་ཞལ་བརྡ་དང་ལྷ་བཟོའི་བསྙེན་བཀུར་ལ་དབྱར་ཅིག་བཞུགས་ནས་རྟ་ལ་སོགས་པའི་འབུལ་བ་མཛད། སེ་གླེར་བཞུགས་པའི་ཕྱི་ལོ་སློབ་དཔོན་སྒོམ་པ་ཡང་བྱོན་ནས་བྲག་སྐས་ཁ་ན་ཡར་བྱོན་པས། ནང་ན་ཕག་མོ་གྲུ་པའི་གསུང་ལྷང་ལྷང་འདུག་པར་ཐོས་ནས་ནང་དུ་བྱོན་ཏེ། ཁྱེད་ཀྱི་གསུང་ཕག་མོ་གྲུ་པའི་གསུང་རང་དུ་ཐོས། སྔར་ཕག་མོ་གྲུ་པའི་གསུང་གིས། ཁོ་བོ་གར་འགྲོ་བར་ཁྱོད་འཁྲིད་པ་ཡིན་གསུང་བ་ཡོད་པ་དེ་ཡིན་པར་འདུག་སྙམ་པ་བྱུང་གསུང༌། དེ་ནས་ཞང་ཤོ་མར་པ་བགྲེས་པོ་ཅིག་ལ་མཁན་པོ་ཞུས། ལས་ཀྱི་སློབ་དཔོན་མར་པ་རྩོམ་ཐང་བ། གསང་སྟེ་བ་ཞང་སྟོན་སྒོ་མིག་པས་མཛད་དེ་ཤོ་མ་རང་བསྙེན་པར་རྫོགས། དེ་ནས་ཡང་སེ་གླེར་བཞུགས་པའི་ཚེ་ཁམས་ནས་བསུ་རྟས་སླེབ། ཁོ་གཙང་དུ་སོང་ཤུལ་དུ་ཕག་མོ་གྲུར་འབུལ་བ་སྐྱེལ་དུ་བྱོན་ནས་མྱུར་བར་ལོག་བྱོན་པས་ཁང་ཆེན་པས་རིག་ནས་མི་ཚང་བསྡུས་ནས་ཁམས་སུ་མི་བཞུད་པའི་ཞུ་བ་འབུལ་དུ་བཅུག་པས་བཞུགས་པར་ཞལ་གྱིས་བཞེས། དེ་ནས་གྲྭ་པ་མང་དུ་འཚོགས་ནས་མ་ཤོང་བར་དགོན་པ་འཕོ་བཞེད་པའི་ཚེ། སེ་གླེར་ནམ་མཁའ་ལ་སྒྲ་ཅིག་གྲག་ནས། ཁྱོད་ད་སྟེ་ལོ་བདུན་ན་དར་སྤྲས་རོང་གསུམ་དབང་དུ་འདུ་ཟེར་བ་ཅིག་བྱུང༌། དེ་ནས་དགོན་ས་བྲག་པོ་ཆེ་ཕྱིན་ཆད་དུ་གཟིགས་པས་མ་རྙེད་པར་ལོག་བྱོན་པས་ཏར་མདར་སླེབ་ཙ་ན། འགོང་ལུག་ན་རེ། ཕ་རི་སྟག་ལུང་ཟེར་བ་འདི་དགེ་བཤེས་སྤོ་ཏོ་བའི་བཞུགས་ས་ཡིན། ཕུ་ན་བྲག་ཕུག་ལེགས་པོ་ཅིག་ཀྱང་ཡོད་ཟེར་བས། སྟག་ལུང་དུ་བྱོན་ནས་བྱིན་རླབས་བྲག་ཁུང་དུ་དེ་ནུབ་བཞུགས། དེ་ནས་སྟག་ལུང་གི་མཛོ་རའི་གོང་དེར་ཡང་དགོན་བཏབ་ནས་བཞུགས། དེ་དུས་དཔོན་སློབ་བཅོ་བརྒྱད་ཡོད། དེ་ལ་སྤྱིར་སྟག་ལུང་འདི་འགྲོ་བའི་མགོན་པོ་རིན་པོ་ཆེས་དགུང་ལོ་དྲུག་ཅུ་བཞེས་པ་ས་མོ་གླང་གི་ལོ་ལ་སྐུ་ལུས་ཀྱི་བཀོད་པ་བཅུ་གཉིས་མཛད་པའི་ཚེ། སྐུ་ལུས་ཀྱི་བཀོད་པ་གཅིག་གིས་སྟག་ལུང་གིས་ཐམས་ཅད་ཞབས་ཀྱིས་བཅགས་ཤིང་བྱིན་གིས་བརླབས་ཏེ། སྟག་ལུང་གི་ས་ཐམས་ཅད་སྔགས་འདམ་དང་ཆུ་ཐམས་ཅད་སྔགས་ཆུ་མཛད་ནས། འགྲོ་བའི་མགོན་པོ་རིན་པོ་ཆེའི་ཞལ་ནས། ཁྱོད་ཀྱི་ཕྲིན་ལས་རྒྱས་པའི་ས་ཅིག་ཉི་མ་བྱང་ཕྱོགས་ཕ་གིར་འདུག །རབ་ཁྱོད་ཁམས་སུ་འགྲོ་ཐང་བ་ཡིན་པས་ཁྱོད་ཁམས་སུ་ཐེངས་གཅིག་སོང༌། དེའི་རྗེས་སུ་སྔོན་གྱི་ལས་ཀྱིས་བསྐོས་པའི་གནས་ཤིག་དང་འཕྲད་ཅིང༌། གནས་དེར་ཕྲིན་ལས་ཐམས་ཅད་རྒྱས་པ་ཡིན། དེ་ཡང་ས་ཤིན་ཏུ་རྩུབ་ཅིང་མི་ལས་གྱུར་པའི་འདྲེ་ཅིག་གིས་སྣ་དྲངས་པའི་ལྷ་འདྲེ་གདུག་ཅན་དཔག་ཏུ་མེད་པ་གནས་པས་སུས་ཀྱང་མི་ཟིན་པ་ཡིན་པ་ལ། ཁོ་བོས་ཐམས་ཅད་ཞབས་ཀྱིས་བཅགས། ལྷ་འདྲེ་ཐམས་ཅད་བཏུལ། བྱམས་པའི་ལས་དང་ལྡན་པར་བྱས་ནས་གནས་དེ་ཁྱེད་ཀྱིས་ཟིན་པ་ཡིན་གསུང་ནས། ཁ་བ་ཅན་ལྗོངས་བྱང་གི་ཕྱོགས། ཞེས་པ་ལ་སོགས་པས་ལུང་བསྟན་པ་ཡིན་ནོ། །ཡང་ན་ནམ་མཁའ་ལ་སྒྲ་བྱུང་སྟེ། ད་དུང་སྟག་ལུང་མི་ནོན་པས་བདེ་མི་བདེ་བྱུང་ན་འཕོས་ཟེར། དེར་དབང་ཕྱུག་གྲགས་ཀྱིས་ཕོད་མདོར་ཕྱིན་པས་སྤྲས་པའི་སྤྲང་པོས་མགོ་བཅག་པ་ལ་བརྟེན་ནས། ད་སེ་བ་ལུང་དུ་ལོ་བདུན་སྡོད་པ་ཡིན་གསུང་ནས་བྱོན། དེར་གྲྭ་པ་མང་དུ་འཚོགས། ལྷ་རྗེ་བོང་ཆུང་བ་དང་ཕོད་མདོ་བས་མཁར་ལས་ཆེན་པོ་བྱེད་རྩིས་བྱས་ནས་རྨང་ཉི་མ་བརྒྱད་བཏིང་བ་ལ། འོ་སྐོལ་འདིར་མི་སྡོད། གྲྭ་པ་མང་དུས་འདིར་མི་ཤོང༌། སྟག་ལུང་དུ་བོང་བུ་ལ་ནས་ཁལ་ཉིལ་ལེ་བ་ཅིག་བྱེད་པ་ཡིན་གསུང་པས་མཁར་ལས་གཤོལ། དེ་ནས་དར་སྤྲས་རོང་གསུམ་དང་ཕོད་མདོ་བས་སྟག་ལུང་དུ་གདན་དྲངས་ཏེ། དགུང་ལོ་སུམ་ཅུ་སོ་དགུ་པ་ལྕགས་ཕོ་བྱི་བའི་ལོ་ལ་བླ་བྲང་ནག་པོར་ཕྱགས་ཕེབ་ནས་བཞུགས། དེ་དུས་བྱ་རོག་གིས་ཤིང་དང་བོང་དུམ་ཅི་རྙེད་ཁྱེར་ནས་ད་ལྟའི་ཡང་དགོན་ཡོད་སར་བསྐྱལ་བས། དེར་བླ་བྲང་འཕོས། དེ་ནས་ལོ་འགའ་སོང་བ་དང་ཁམས་ནས་བླ་མ་ཟླ་འོད་པ་ལ་སོགས་པས་བསུ་བ་ལ་བྱོན་ནས་གཙེར་བས། དཔོན་སློབ་ལྔ་དྲུག་གིས་གླང་ལིང་ལ་ཁ་བར་དུ་བྱོན་ནས་ལ་ཕར་ལྐོག་གི་ཆུ་ལས་གསོལ། དབང་སེང་ཇ་སྐ་མོ་སྐོལ། ཁྱག་རུམ་ཁར་བུ་རམ་བསྒོར་གསུང་ནས་གསོལ། ཁོ་བོས་ཀུ་ཡུང་སྒངས་སུ་ཕྱིན་པ་ཡིན་གསུང༌། དེ་ནུབ་ཞལ་ཤར་དུ་གཟིགས་ནས་གཟིམས་པ་ལ། ཤར་ཕྱོགས་སྤྲིན་གྱིས་འཁྲིགས། ནུབ་ཕྱོགས་ཀྱི་ནམ་མཁའ་དྭངས་སིང་ངེ་བ་བྱུང་བས། དེའི་རྒྱུ་མཚན་ཞུས་པས། ཐང་སྐྱ་ཉམས་དམས་འགྲོ་བའི་རྟགས་ཡིན་གསུང༌། ཕྱིར་ནང་ཉི་མ་ཤར་ཕྱོགས་ཀྱི་སེམས་ཅན་རྣམས་ཀྱི་དོན་མཛད་པ་ཡིན་གསུང་ནས་མི་འབྲལ་བ་དྲན་པ་གསུམ་གྱི་ཆོས་གསུངས། དེ་ནས་ལོག་ནས་ཀོ་ཁྱིམ་དུ་བཞུགས། དེ་ནས་བསུ་མི་ལ་ཕོད་མདོ་བས་ཞུ་བ་བྱས་ནས་ཁམས་སུ་ཐེགས་མ་དགོས་པར་ཚུར་སྤྱན་འདྲོངས། དེའི་ཕྱི་ལོའི་དབྱར་བཀྲབ་ཏིང་ན་བཞུགས། དེའི་ཚེ་ཤེ་པ་དར་རེ་བསད་ནས་དར་ཡུལ་བ་དང་རོང་པ་མ་འཆམ་པའི་བར་དུ་སྤྱན་དྲངས། དར་རེའི་མགོ་ཕུལ། ཤ་བཙོན་མང་དུ་ཡོད་པ་བཏང་ནས་དར་རོང་གཉིས་དབང་དུ་འདུས། དེ་ནས་སྤྲས་པས་སྤྱན་དྲངས་ཏེ་སྤྲས་པ་དབང་དུ་འདུས། འཕྲལ་གྱི་རྣམ་ཐར་མཛད་ལུགས་ཟླ་བ་གཅིག་གི་ཚེས་གཅིག་ནས་གནམ་སྟོང་གི་བར་གྱི་མཛད་ལུགས་ནི་ཐོ་རངས་སྔ་མོ་ནས་བཞེངས་ནས་སྐུ་ཁྲུས་མཛད། དེ་ནས་ཕྱག །དེ་ནས་མཎྜལ། དེ་ནས་གསོལ་འདེབས། ནམ་ལངས་ནས་ཉེ་གནས་ཀྱིས་སྤྱན་སྔའི་མཆོད་པ་བརྗེ། གསུང་བཅད་འབྱེད་པར་ཞུ། སྐུ་ཁམས་ཨེ་བདེ་ཞུས་ནས་བཞེས་པ་འདྲེན་པ་ཞུ། དེའི་རིང་ལ་གྲྭ་པ་འགྲོ་འདུག་བྱེད་པ་དང་དོན་ཡོད་པ་ཀུན་ཉེ་གནས་ཀྱིས་ཞུ། གཞན་སུ་དང་ཡང་མི་མཇལ། བཞེས་པ་ཚར་ནས་དྲོ་མ་རན་བར་དུ་གསུང་གཅོད། དྲོ་རན་ནས་ཉེ་གནས་ཀྱིས་མཆོད་པ་བརྗེ། གསུང་བཅད་འབྱེད་པར་ཞུ། སྐུ་ཁམས་ཨེ་བདེ་ཞུ། ཆབ་ཚ་སྐོལ་བ་ཞུ། འགྲོན་པོ་མི་ཆེན་འབོད་དགོས་ཡོད་ན་ཞུས་ནས་འབོད། གྲོ་ཟིན་ནས་ཆོས་ཁྲི་ལ་འབྱོན། མཇལ་འོས་རྣམས་མཇལ། ཁྲིད་མཛད། དེ་ནས་ཕྱེད་ཇ་སྐོལ་རན་པ་དང༌། ཆབ་ཚ་སྐོལ་བ་ཞུ། རིན་པོ་ཆེ་པ་གཟིམས་སྤྱིལ་དུ་བྱོན་ནས་གསུང་གཅོད། ཆབ་ཚ་གསོལ་རན་པ་དང་གསུང་བཅད་འབྱེད། ཆབ་ཚ་གསོལ་བ་ཞུ། ཆབ་ཚ་འདྲེན་འོས་ཡོད་ན་འབོད། ཕྱིས་ཚོགས་ཆེན་པོར་སོང་ནས་དྲོ་རྟིང་ལ་གསུང་བཅད་མཛད་ནས་ཆོས་ཁྲི་ལ་འབྱོན། ཕྱེད་ཇ་མི་གསོལ། དེ་ནས་གཏོར་མ་མཛད་ནས་གསུང་གཅོད། ཉེ་གནས་ཀྱི་གཏོར་ཇ་སྐོལ་བ་ཞུ། མགྲོན་པོ་ཡོད་ན་འབོད། མར་མེ་འབུལ། མཆོད་པ་བརྗེ། དེ་ནས་ཆབ་ཚ་འདྲེན། སྐུ་ཁམས་བཟང་ན་ཆོས་དང་བཀའ་སྩལ་མང་དུ་གསུང༌། དེ་ནས་གཟིམས་ཁར་ཕྱི་ནང་ཅི་བཞེས་ཞུ། གསུང་གཅོད་པ་རྣམས་ཞག་རེ་བཞིན་གྱི་མཛད་པ་ཡིན། སྐུ་ཁམས་མ་བདེ་ན་གསུང་ཆོས་མི་འོང༌། བཟང་ན་ཡར་ངོ་ལ་འོང༌། བཅུ་དྲུག་ནས་གནམ་སྟོང་བར་དུ་སྔར་ཞུས་མེད་ན་སུ་དང་ཡང་མི་མཇལ། སྤྱིར་རབ་ཏུ་བྱུང་ནས་ཤ་ཆང་ཞལ་དུ་འཁྱེར་མ་མྱོང༌། དུད་ནག་པའི་སྦྲ་དང་ཁང་པར་འབྱོན་མ་མྱོང༌། སྐུ་རགས་བཤིག་མ་མྱོང༌། ཕག་མོ་གྲུར་བཞུགས་རིང་ལ་ཡང་གཡས་གཡོན་གཞན་དུ་འབྱོན་མ་མྱོང༌། ཕག་མོ་གྲུ་པས་ཆོས་ཚིག་བཞི་པ་ཅི་གསུང་ཡང་རྩ་ན་མི་བཞུགས་པ་མེད། ཤ་དང་བུད་མེད་གཟིམས་ཁང་ནང་དུ་འགྲིམ་མ་མྱོང༌། ཡང་དགོན་དང་ནག་ཚང་གཉིས་ནས་ཤ་མགྲོན་ལ་འདྲེན་མ་མྱོང༌། གླིང་གསེབ་ཏུ་ཆང་འོང་མ་མྱོང༌། བུད་མེད་གླིང་གསེབ་ཏུ་ཞག་གསུམ་ལས་མི་འཇོག །ནག་ཚང་དུ་ཆབ་ཚ་སྐོལ་བ། གཎྚི་བརྡུང་བ། ཆབ་སྐད་གཏོང་བ། དུང་གཏོང་བ། དུང་ལུང་འགྱེད་པ། གྲྭ་པ་འགྲོ་འདུག་བྱེད་པ་ལ་སོགས་ཅི་བྱེད་ཐམས་ཅད་ཞུ་དགོས། ངོ་མཚར་ཅན་གྱི་མཐོང་སྣང་ནི་སྤྲས་པའི་དང་ར་བ་ཇོ་བོ་བགྲེས་པོས་བསྟན་པའི་བདག་པོར་མཐོང༌། ཤེས་རབ་དཔལ་གྱིས་ཐུགས་རྗེ་ཆེན་པོར་མཐོང༌། གཞན་ཡང་བདེ་མཆོག་ལྷན་སྐྱེས། རྗེ་བཙུན་མར་མཐོང་བ་ལ་སོགས་པ་དཔག་ཏུ་མེད་པ་དང༌། སྐུའི་བཀོད་པ་དུ་མ་དུས་གཅིག་ལ་མཐོང་བ་ལ་སོགས་པ་མང་དུ་བྱུང༌། འགྲོ་མགོན་གྱི་ཞལ་ནས། ཨིནྡྲ་བུདྡྷི་གསུམ་བྱུང་བའི་སྔ་ཕྱི་གཉིས་ཁོ་བོ་ཡིན། བར་པ་ཁྱོད་ཡིན། གསུམ་ག་ངོ་བོ་གཅིག་པ་ཡིན་གསུང་གསུང༌། ཆོས་ཁྲི་ལ་བཞུགས་དུས་སྒོམ་བསམ་གྱིས་ཕག་མོ་གྲུ་པའི་སྐུ་རང་དུ་མཐོང་བ་དང༌། འདའ་ཁར་ཁོ་བོ་བདེ་བར་གཤེགས་པ་དང་འབྲལ་མ་མྱོང༌། ཐུགས་རྒྱུད་གཅིག་པ་ཡིན་གསུང༌། གཟིམས་སྤྱིལ་དུ་སློབ་དཔོན་དཔོན་པོ་དང་ཉེ་གནས་རྣམས་ལ་བདེ་བར་གཤེགས་པ་དང་ཁོ་བོ་འབྲལ་མ་མྱོང་བྱས་པས་མ་གོ་བར་འདུག །བདེ་བར་གཤེགས་པ་ཁོ་བོ་རང་ཡིན་གསུང༌། དེ་ལ་སྤྱིར་ཆུ་ཕོ་ཁྱི་ལ་འཁྲུངས། བཅོ་བརྒྱད་ལ་རབ་ཏུ་བྱུང༌། ཉི་ཤུ་རྩ་བཞི་ལ་དབུས་སུ་བྱོན་ནས་འགྲོ་མགོན་ལོ་དྲུག་བསྟེན། ཉི་ཤུ་རྩ་དགུ་ལ་ཕོད་མདོར་བྱོན། ཕོད་མདོ། སེ་གླེ། ཐང་མགོ་རྣམས་སུ་ལོ་ངོ་བདུན། སེ་བ་ལུང་དུ་ལོ་ངོ་གསུམ། ལྕགས་བྱི་ལ་སྟག་ལུང་དུ་ཕེབས་ནས་ལོ་ངོ་སུམ་བཅུ་ཐམ་པའི་བར་དུ་བཞུགས། གྲྭ་པ་དཔག་ཏུ་མེད་པ་འདུས། སྐུ་མདའ་ཁར་གྲྭ་པ་སུམ་སྟོང་ལྷག་ཙམ་ཚོགས། ཆོས་དང་གསེར་དངུལ་གྱི་འབུལ་བ་དཔག་ཏུ་མེད་པ་བྱུང༌། ཕག་མོ་གྲུར་ལན་གསུམ་བྱོན་པའི་ཕྱིི་མ་ལ་གསེར་སྐུ་དངུལ་སྐུ་ལ་སོགས་རྟེན་དཔག་ཏུ་མེད་པ། པོ་ཏི་སྔོ་སྐྱ་ཕྱེད་དང་དྲུག་བརྒྱ། གསེར་སྦྲམ་དང་གཡུ་རྡོ་བཞི་བཅུ། ཇ་སིག་དྲུག་ཅུ། དར་ཟབ་སྟོང་ཚོ་གསུམ། མཛོ་རྟ་བརྒྱ། གསེར་སྲང་བརྒྱ་ལྷག་གི་མར་མེ། བེར་ཁྲབ་ལ་སོགས་མང་དུ་ཕུལ། སྤྱིར་ཕག་མོ་གྲུར་མར་མེ་ཉིས་བརྒྱ་བརྒྱད་ཅུ་རྩ་གསུམ་བཙུགས། འདའ་ཁར་པོ་ཏི་སྔོན་པོ་བདུན་བརྒྱ། སྐྱ་བོ་དཔག་ཏུ་མེད་པ། གསེར་སྦྲམ་དང་གཡུ་རྡོག་ལྔ་བཅུ། དར་ཟབ་ཕྱེད་དང་སུམ་སྟོང་ལ་སོགས་དཔག་མེད་ཕུལ། ས་མོ་སྦྲུལ་གྱི་ལོ་ལ་ཕག་མོ་གྲུའི་ཆོས་རྣམས་གདན་དྲངས་པ་གསན་པས་རྐྱེན་བྱས་ཏེ། ཐུགས་མུག་སྐྱེས་ནས་སྐུ་ཁམས་མ་བདེ་བར་ཁྲིད་དང་མཇལ་ཁའང་དགུན་དེ་ལན་འགའ་ཟུང་ལས་མ་བྱུང༌། སྐུའི་རིམ་གྲོ་བྱེད་པར་ཞུས་པས་མ་གནང༌། དྲུག་ཅུ་རྩ་དགུ་བཞེས་པ་རྟ་ལོའི་དཔྱིད་དང་དབྱར་ཀྱང་ཁྲིད་དང་མཇལ་ཁ་ལན་འགའ་ཟུང་ལས་མ་བྱུང༌། མགོ་ཉའི་ཚེས་བཅུ་དྲུག་གི་ནུབ་སློབ་དཔོན་དབོན་པོ་ལ་དཔེ་མཛོད་ཀྱི་ལྡེ་མིག་གཏད་ནས། ཁྱོད་ལ་དེ་སྔ་ཡང་ཁོང་རྣམས་རྩི་བར་འདུག་པས་ཁོང་གིས་བཞག་སར་སྡོད་གསུང༌། ལྡེ་མིག་ཕྱག་གིས་བདག་ལ་གནང་བར་ཞུ། སེམས་ཅན་ལ་ཕན་ཐོགས་པའི་སྨོན་ལམ་ཅིག་ཀྱང་ཞུ་ཞུས་པས་མཛད། བཅུ་བདུན་ལ་ཚོགས་སུ་ཞལ་བསྟན། ཆོས་དང་ཞལ་བརྡ་མང་དུ་གསུངས། བཅོ་བརྒྱད་ལའང་ཚོགས་སུ་བྱོན། བཅུ་དགུའི་དགོངས་ཇ་ཁའི་དུས་སུ་གཤེགས། གདུང་སྦྱངས་པས་ཐུགས་ལྗགས་སྤྱན་གསུམ་བྱོན། སྐུ་དང་རིང་བསྲེལ་ཀྱང་གྲངས་མེད་པ་བྱོན་ནོ། །ལོ་གསར་གྱི་ཟླ་བའི་ཚེས་གསུམ་ལ་སྐུ་ཡལ་རིན་ཆེན་མགོན་གདན་སར་བཞུགས་སུ་གསོལ། དེ་ནས་རིང་པོར་མ་ལོན་པར་སངས་རྒྱས་སྒོམ་པ་ཡང་སྐུ་གཤེགས། དེ་ལ་སངས་རྒྱས་སྒོམ་པ་འདི་འགྲོ་བའི་མགོན་པོ་རིན་པོ་ཆེའི་སློབ་མ་ཡིན་པ་ལ། དུས་ཕྱིས་འགྲོ་མགོན་གཤེགས་ནས་སྟག་ལུང་ཐང་པ་ཆེན་པོ་དང་སྟབས་གཅིག་ཏུ་བཞུགས་པ་དེ་ཡིན་ནོ། །སྟག་ལུང་ཐང་པ་ཆེན་པོའི་དབོན་པོ་དཀར་པོ་ཞེས་ཀྱང་བྱ། འགྲོ་མགོན་རིན་པོ་ཆེ་ཉིད་སྟག་ལུང་ཐང་པའི་ཕྲིན་ལས་སྐྱོང་གྲོགས་ལ་བྱོན་པ་ཡིན་པས་སྐུ་ཡལ་བ་ཞེས་ཀྱང་བྱ། མཚན་དངོས་རིན་ཆེན་མགོན་ནི། ཡབ་ཡུལ་ཀུ་ལུང་གི་སྒང་གཡང་ཤེད་ལུང་པ་ཡིན། སྒོས་བོང་ར་སྟེངས་འཁྲུངས་ས་ནི་རབ་སྒང་ན་མཁར་གསུམ་ཡོད་པའི་དབུས་མལ་ཞོལ་དུ་འཁྲུངས། གདུང་ནི་སྟག་ལུང་ཐང་པ་ཆེན་པོ་དང་གཅིག །ཡབ་བན་བློན་མགོ་ཡགས། ཡུམ་ཇོ་ཟི་གཟའ་བཀྲ་ཤིས་མཚོ། རིན་པོ་ཆེ་པ་ལྷུམས་ན་བཞུགས་དུས་ཡབ་ཀྱིས་སྟག་ལུང་དུ་མཇལ་དུ་འོངས་ནས་བཞུགས་པའི་ཚེ། ཉིན་ཅག་སྟག་ལུང་་ཐང་པ་ཆེན་པོའི་ཞལ་ནས། མགོ་ཡགས་ལ་འདིར་ཤོག་གྱིས་དང་གསུང༌། བྱུང་བ་དང༌། ཁྱོད་ཀྱི་ཤུལ་དུ་གཞན་བུ་ཅིག་སྐྱེས་ཡོད་པར་འདུག་དེ་ང་ལ་ཕུལ། འབུལ་གྱིས་འབུལ་གྱིས་གསུང་བས་འབུལ་ལགས་ཞུས། དེ་ནས་ལོ་གཉིས་གསུམ་ཙ་ན་འཚུར་ཕུ་བ་གཤེགས་ནས་འཚུར་ཕུ་བའི་གདན་ས་གང་གིས་བྱེད་ཟེར་བ་ལ། སྟག་ལུང་ཐང་པའི་གསུང་ནས། འཚུར་ཕུ་བའི་གདན་ས་གང་གིས་བྱེད་ཀྱང་ངས་ནི་གདན་ས་བ་ཅིག་ཚགས་བྱས་ཡོད་གསུང༌། སྟག་ལུང་ཐང་པ་ཆེན་པོས་ལྔ་བཅུ་བཞེས་པ་ལྕགས་མོ་ཕག་གི་ལོ་ལ་འཁྲུངས་པ་ཡིན། དེ་ནས་ལོ་གསུམ་པ་ཆུ་གླང་ལ་དབུས་དང་བླ་མ་ཞང་དང་གླང་ལུང་པ་རྣམས་གཤེགས་པ་ཡིན། ལོ་བཅུ་གཅིག་ལོན་པའི་ཚེ་སྟག་ལུང་ཐང་པས་ཕྲུག་ཆུང་གི་ཆམ་ཚེ་གཅིག་གིས་སྣ་དྲངས་པའི་གནང་སྦྱིན་མང་དུ་བསྐུར་ནས་བྱིས་པ་དེ་བཙུན་པ་གྱིས། མིང་འདི་སྐད་ཐོགས་གསུང་བ་བྱུང་བས། ཡུམ་གྱིས་བཙུན་པ་མི་བཟོ་ཟེར་བས། ཡབ་ཀྱིས་ཁོང་རང་ལ་དྲི་ཟེར། ངས་བཙུན་པ་བྱས་ནས་སྟག་ལུང་དུ་ཕྱིན་ནས་དགེ་བཤེས་བྱས་ཆོས་བསླབས་ནས། ཁྱེད་ཕ་མ་ལ་ཡང་གདམས་ངག་ཕྲིན་དུ་བསྐུར་བཏང་ཅིག་གསུང་ནས། ལོ་དེ་ལ་མཁར་པོ་སྤྱི་དཔོན་པ་དང༌། སློབ་དཔོན་འགོས་ལྷ་ཁང་ལྷག་པ་ལས་ཐང་སྐྱར་རབ་ཏུ་བྱུང༌། མཁན་སློབ་གཉིས་དང་ནགས་ལུང་པ་ལ་ཆོས་མང་དུ་གསན། དགུང་ལོ་བཅུ་གསུམ་པ་ལ་དབུས་སུ་བྱོན། ཡུལ་མི་རྣམས་ཀྱིས་སྐྱེལ་ཐུང་བྱས། མ་ན་རེ། བུ་ཆོས་བྱེད་ཟེར་ན་ང་དང་མ་ཕྲད་ཀྱང་མི་སྟོ་ཆོས་གྱིས་ཤིག་ཟེར་ནས་ཕྱིར་སོང༌། སྟག་ལུང་ནས་བསུ་མི་བཏང་བ་དང་གླང་ལི་ལ་ཁར་མཇལ་ནས་ལམ་འདི་ནས་དབུ་རུ་ལུང་ལ་བྱོན་ནས་ཕེབས་པའི་ཉིན་སྟག་ལུང་ཐང་པའི་གསུང་ནས། དར་དཀར་པོ་ཅིག་ལ་ལམ་གྱིས། འཕྱར་དར་ཅིག་རྒྱབ་ཏུ་ཚུགས། རི་ཐེལ་ལ་འཕྱར་དར་ཆུ་བ་ཅིག་སྔོན་ལ་ཕྱོར། དགེ་འདུན་རྣམས་ཀྱིས་ཡ་ཐང་ལ་བསུ་བ་གྱིས་གསུང༌། དེ་ནས་དར་ཡུག་ཅིག་ལ་ཕྱག་རྟེན་བྱས་ནས་སྤྱན་སྔར་མཇལ་འཕྲལ་དུ་ཁམས་འདྲི་ཞེ་ས་ཅན་མཛད། སྟག་ལུང་ཐང་པའི་གསུང་ནས་སྐྱེས་བུ་འོ་མ་བརྒྱལ་ལམ་གསུང་བས། སྐུ་དྲིན་གྱིས་ཉན་པར་བྱུང་གསུང་ནས་དྲི་སྨེད་མང་དུ་མཛད། དེ་ནས་སྐབས་སུ་ཤིག་ཏུ་རྟ་བརྒྱུགས་པས། ཡབ་ཀྱིས་རིན་པོ་ཆེ་བ་ལ་བཙུན་ཆུང་ཆུན་ཞུས་པས། ཁྱོད་རང་ཁ་རོག་སྡོད། བཙུན་ཆུང་གི་ཚོད་ཁྱོད་ཀྱིས་མི་ཟིན། ཁོས་གོ་ཆོད་ནས་འོང་ཅིག་གསུང༌། དེ་ནས་གླིང་གསེབ་ཀྱི་སྤྱིལ་པོ་སྒོ་ཤར་ལྟ་ཅིག་ཏུ་འདག་འབྱར་མཛད། ཁྲིད་ཞུ་བའི་སྐབས་མ་གཏོགས་སྤྱན་སྔར་ཡང་མ་བྱོན་པར་སྒྲུབ་པ་ལོ་བདུན་མཛད། དེའི་དུས་སུ་སྟག་ལུང་ཐང་བའི་གསུང་ནས་གླིང་གསེབ་འདི་ན་བཙུན་ཆུང་གཅིག་གིས་སེམས་ཅན་དཔག་ཏུ་མེད་པའི་དོན་བྱེད་པ་གཅིག་ཡོད་གསུང༌། དགུང་ལོ་བཅུ་དགུ་ལ་མཁན་པོ་གཙང་པ། ལས་སློབ་སངས་རྒྱས་སྒོམ་པ། གསང་སྟེ་བ་སློབ་དཔོན་སངས་རྒྱས་རྣམས་ལས་བསྙེན་པར་རྫོགས། སྤྱིལ་པོའི་ཀ་བ་བཏེག་ནས་གཞན་གྱི་གོས་འོག་ཏུ་འཛུད་པ་དང༌། སྲན་མ་བདུན་བདུན་ཙམ་དུས་རེ་ལ་མཐེབ་མཛུབ་ཀྱིས་ཕྱེ་བཞིན་གཏོང་བ་དང༌། ཇ་སིག་ལ་སྒོ་དང་རྩེ་བ་བཞིན་མཛད་པ་དང༌། སྐྱིལ་དཀྲུང་མཛད་ནས་ངོས་ཆེན་པོ་ཁང་ཐོག་ཏུ་བསྒྱུར་བ་ལ་སོགས་མང་དུ་མཛད། སྤྱིར་སྟག་ལུང་ཐང་པ་ཆེན་པོ་ལོ་བརྒྱད་བསྟེན། ཉི་ཤུ་བཞེས་པའི་ཚེ་སྟག་ལུང་ཐང་པ་ཆེན་པོ་མཉེལ་ནས། ཉིན་ཅིག་སྐུ་ཡལ་བ་ལ་སྐུ་ཕྱམ་ཅིག་དང་ཞྭ་ཐེབ་ཅིག་གཡོགས། དཔལ་ཕག་མོ་གྲུ་པའི་ཕྱག་མཁར་དེ་ཕྱག་ཏུ་གཏད་ནས་འབོལ་ཁར་བཞུགས་སུ་བཅུག །བཞེངས་ལ་སྒོར་སྒོར་གྱིས། ཤམ་ཤམ་གྱིས། དེ་བཞིན་དུ་མཛད་པས་འོང་བར་འདུག །ང་བས་བསོད་ནམས་ཆེ་བ་ཅིག་འོང་གསུང༌། དཔེ་མཛོད་ཀྱི་ལྡེ་མིག་གཏད་ནས། འདི་ན་གླིང་གསེབ་ཏུ་མ་གྲགས་པའི་ཆོས་ཚན་ཅིག་ཀྱང་ཡོད་དེ། ཁོ་བོས་ཆོས་ལ་སེར་སྣ་བྱས་པ་མིན། རྟེན་འབྲེལ་གྱི་གནད་ཅིག་དང་ཕག་མོ་གྲུ་པའི་གསུང་ཅིག་ལ་བརྟེན་པ་ཡིན། ཁྱོད་ཀྱིས་བསྟན་དུ་བཏུབ་པས་སུ་ཞུ་ལ་བྱིན། བྱང་སེང་ལའང་བྱང་སེང་དང་རིན་ཆེན་མགོན་གཉིས་སྟག་ལུང་སྐྱོང་བ་ལ་ཁུར་མཉམ་པ་ཡིན་ནོ་གསུང༌། དེ་ནས་སྟག་ལུང་ཐང་པ་དང་སངས་རྒྱས་སྒོམ་པ་གཤེགས་བའི་བྱ་བ་རྒྱ་ཆེན་པོ་རྣམས་མཛད། མཁན་པོ་བས་ད་རིན་པོ་ཆེ་པས་དཔེ་ཆ་ལའང་གཟིགས་རྟོག་མཛད་པར་ཞུ་ཟེར་བས། མཁན་པོ་བ། འོ་སྐོལ་གྱི་བརྒྱུད་པ་འདི་སློབ་མ་མདུན་དུ་བྱུང་བའི་དུས་སུ་རྒྱུད་ཚོད་དང་བསྟུན་ནས་ཆོས་གང་འོས་སྟོན་ཤེས་པ་ཅིག་མིན་པ། དཔེ་ལ་ལྟ་རྟོག་བྱས་པའི་དགེ་བཤེས་ཅིས་ཅང་འོང་བ་ཡིན་ནམ་གསུང་ནས། གདམས་པ་ཞུ་བ་རྣམས་ལ་གང་ལ་གང་འདུལ་དུ་སྟོན། བཟང་ངན་འབྲིང་གསུམ་ལ་ཐུགས་རྩིས་མཛད། གཞན་གྱིས་སྟག་ལུང་ཐང་པར་མཐོང་བ་གྲངས་མེད་པ་བྱུང༌། སྐུའི་བཀོད་པ་དུ་མར་མཛད་པ་ཡང་ལན་མང་དུ་མཛད། གཞན་ཡང་ཐུབ་པ་དང་བདེ་མཆོག་སོགས་སུ་མཐོང་བའང་མང་དུ་བྱུང༌། མངོན་པར་མཁྱེན་པའང་རྒྱ་ཆེན་པོ་མངའ་བའི་ལོ་རྒྱུས་ཀྱང་མང་དུ་ཡོད། གཞན་ཞ་བ་དང་འོན་པ་དང་ལོང་བ་དང་ནད་ཚབས་ཆེན་གྱིས་བཏབ་པ་རྣམས་རྟེན་འབྲེལ་སྣ་རེའི་གསུང་སྣ་རེས་གསོས་པའང་གྲངས་མེད་པ་མཛད། སྐུ་འབུམ་འབུམ་ཁང་དང་བཅས་པའང་བཞེངས། འབུམ་ཁང་གི་སའི་བྲག་བརྐོས་པས་ཞབས་བསྙུང༌། ས་དཔྱད་མཁན་ལ་བསྟན་པས་བླ་མའི་བླ་རི་ཡིན་པ་བརྐོས་པས་ལན་ཟེར། དངུལ་གྱི་གདུང་ཁང་ཁྲུ་གང་བ་ཅིག་དང་མཐོ་གང་བ་ཅིག་བཞེངས། དེ་རྗེས་དངུལ་གྱི་གདུང་ཁང་ཆེན་མོ། ཉི་མའི་དཀྱིལ་ན་གསེར་སྲང་བཅུ་བདུན་ལ་ཕག་མོ་གྲུ་པའི་སྐུ་བླུགས་པ་བཞུགས་པ་དང༌། དངུལ་གདུགས་ཅན་གྱི་ཉི་མའི་དཀྱིལ་ན་དངུལ་བྲེ་གཅིག་ལ་བཞེངས་པའི་སྟག་ལུང་ཐང་པ་ཆེན་པོའི་སྐུ་བཞུགས་པ་གཉིས་བཞེངས། དེའི་ལྟག་ལ་སྟག་ལུང་བའི་དངུལ་སྐུ་ཆེན་མོ་བཞེངས། དེར་མཁན་སློབ་ལ་སོགས་གྲོས་ལ་དབང་བ་རྣམས་བསགས་ནས། རྟེན་རྣམས་དང་གསུང་རབ་རྣམས་མངས་ནས་མི་ཤོང་བར་འདུག་པས་མཆོད་ཁང་ཆེ་བ་ཅིག་བཞེངས་པའི་གྲོས་གྱིས་ལ་ལན་ཐོང་གསུངས་པས། སློབ་དཔོན་ཁུ་ན་རེ། མཆོད་ཁང་ཅི་འདྲས་ཀྱང་ཆོག་སྒོམ་ཁྲིད་སྐྱོང་བར་ཞུ། གསེར་འབུམ་བརྒྱ་བས་སྒོམ་ཆེན་ཅིག་དགའ་ཟེར། གཞན་རྣམས་ན་རེ། མཆོད་ཁང་ཡང་བཞེངས་པར་ཞུ་སྒོམ་ཁྲིད་ཀྱང་སྐྱོང་བར་ཞུ་ཟེར་བས། དགུང་ལོ་སུམ་ཅུ་རྩ་བཞི་བཞེས་པ་ཤིང་ཕོ་སྤྲེའུ་ནས་གཙུག་ལག་ཁང་ཆེན་མོ་རྩིག་པ་ལ་ཟུག །ནགས་ཤོད་དུ་ཤིང་གཅོད་དུ་བཏང་བས་འབྲི་ཁུང་པས་བཀག་ནས་བོད་ནས་ཤིང་བཙལ་རྡོ་ནས་ཤིང་མང་དུ་དྲངས། དེའི་སྐབས་སུ་ཕོད་མདོའི་ལྡེ་མིག་ཕྱག་ཏུ་བྱུང་བས། དེ་ལ་བརྟེན་ནས་འབྲི་ཁུང་པའི་དཔོན་པོས་ནགས་ཤོད་ནས་ཤིང་འདྲེན་པར་ཞུས་ནས་ནགས་ཤོད་ནས་ཤིང་རྣམས་དྲངས། བྲན་ཀས་ས་བརྟགས་པས་གླིང་གི་ཕོད་འདྲ་བ་ཅིག་བྱས་ན་བཟང་ཟེར་ནས་གླིང་གི་མགོར་བྱས། མཆོད་ཁང་ཀ་བ་བརྒྱད་ཅུ་ལ་ཁྱམས་སྟོད་ཀ་ཚར་བཞི་ལ་སོ་གཉིས། ཁྱམས་སྨད་ཀ་ཚར་གསུམ་ལ་ཉི་ཤུ་རྩ་བཞི། འགྲམ་གཉིས་ན་དྲུག་དྲུག་སྟེ་བཅུ་གཉིས། གློ་འབུར་གཉིས་ན་གཉིས་གཉིས་ཏེ་བཞི། སྒོ་ཁང་ལ་བཞི། སྒོ་ཕུབས་ལ་བཞི་སྟེ་བརྒྱད་ཅུའོ། །ཤིང་བརྩེགས་བཅུ་གསུམ་ཡོད། བྱི་བ་ལོ་ལ་ཁྱམས་སྟོད་སྨད་ཚར། མཁན་སློབ་བསྐོས་ནས་རབ་བྱུང་སྒྲུབ་པ་དང༌། ཆོས་སྒོ་འབྱེད་པ། ཉན་བཤད་སྒོམ་སྒྲུབ་བྱེད་དུ་འཇུག །རིན་པོ་ཆེ་པ་རང་ནི་སྟག་ལུང་ཐང་པ་ཆེན་པོའི་རྣམ་ཐར་ཇི་ལྟ་བ་བཞིན་དུ་མཛད། གདམས་ངག་ལ་བསྲེ་བསླད། གསོལ་འདེབས་དང་སྨོན་ལམ་ལ་བསྒྱུར་བ་ཚིག་གཅིག་ལའང་མི་མཛད། རྟག་ཏུ་ཙོག་པུར་བཞུགས་ནས་དབུ་སྔས་ལ་འཇོག་མ་མྱོང༌། བྱང་དུ་འབྱོན་དུས་འཁོར་རྣམས་ལའང་ཤ་སྡོམ། མཚོན་ཆའི་འབུལ་བ་བྱུང་ཚད་སྐུ་མདུན་རང་དུ་གཅོག །རྟེན་འབུལ་རྣམས་ཕྱག་ཏུ་བཞེས། གཞན་མིས་སྡུད། ནག་ཆགས་ལ་ཁྲིད་མི་མཛད། ནགས་ཆགས་ཀྱི་དྲི་སྨེད་མི་མཛད། དོན་མེད་པའི་ཞལ་བཀྱལ་མི་གསུང༌། གདན་སར་ཕེབས་དུས་ཡོན་བདག་གི་ཁུལ་རྣམས་ཀྱང་རྒུད་དེ་ལས་མེད་ཀྱང་དེ་རྣམས་ཀྱང་དར་རྒྱས་སུ་འཕེལ། འབུལ་བ་འོང་བ་ལའང་བསམ་གྱི་མི་ཁྱབ། ནང་ནས་རྒྱགས་འགྱེད་དགོས་ཀྱང་ཤིན་ཏུ་མང་བར་ཡོད། དེ་རྣམས་ལ་ཟླ་རེ་ལ་ཁལ་ཕྱེད་མ་འགྱེད། གཞན་རྣམས་ལ་འགན་རེ་སྟེར། ཚན་ཅིག་ལ་ཅི་དགོས་སྦྲེང༌། ནང་སོ་ནས་ཐབ་ཁ་བརྒྱད་ཅུ་རྩ་གཉིས་སྐྱོང༌། ཕྱི་ནས་འོང་བ་མཐོང་ན་འདི་ཙམ་གར་ཤོང་ན་བསམ་པ་འབྱུང༌། ནང་ནས་འགྲོ་བ་མཐོང་ན་ལར་ཕྱིད་མི་འོང་བསམ་པ་འོང༌། གཙུག་ལག་ཁང་ཆེན་མོ་ཡང་རྟེན་གསུམ་གྱིས་ཁེངས། དང་པོར་གདན་སར་བྱོན་དུས་གྲྭ་པ་རྣམས་མི་འགྱེས་པའི་བཅའ་བ་བྱས་ཀྱང་མ་ཉན་པ་གྱེས། སྤྱིལ་པོ་རྣམས་ཀྱང་ཞིག་ནས་སོག་བཏབ། གྲྭ་པ་བདུན་བརྒྱ་ཙམ་ལས་མེད་པ་བྱུང་ནའང༌། དེ་རྟིང་གྲྭ་པ་མང་དུ་འཕེལ་ནས་ཉིས་སྟོང་བརྒྱད་བརྒྱ་བྱུང༌། དེ་ཡང་འཕེལ་ནས་སུམ་སྟོང་བདུན་བརྒྱ་ཚོགས། སྤྱིལ་པོ་ཡང་མང་དུ་འཕེལ། གཤེགས་དུས་ནི་ལྔ་སྟོང་ཙམ་ཚོགས། དང་པོ་གདན་སར་ཕེབས་གདོང་དུ་ནས་ཁལ་བདུན་ལས་མེད། གསེར་སྲང་ལྔ་བརྒྱ་ཙམ་གྱི་བུ་ལོན་ཡོད་པ་ལ། དུས་ཕྱིས་ནང་ཐམས་ཅད་གསེར་དངུལ་གོས་དར་ལ་སོགས་པས་ཁེངས། ཕྱི་ཐམས་ཅད་གནག་རྟ་སྟོང་སྟོང་ཙམ་གྱིས་གང་བ་བྱུང༌། སྟག་ལུང་པའི་ཁྱི་ལའང་ལྡོག་ཚ་ཟེར་བའང་རིན་པོ་ཆེ་འདིའི་རིང་ནས་བྱུང་བ་ཡིན། བཞི་བཅུ་རྩ་བདུན་བཞེས་པ་མེ་ཕོ་སྤྲེའུའི་ལོ་ལ་འཇའ་དང་སྒྲ་དང་འོད་དང་ས་གཡོ་བ་ལ་སོགས་མང་དུ་བྱུང༌། ཆིབས་འབྲུག་ཁྱུང་སེང་གེ་ལའང་སྔོ་བྱུང༌། གྲྭ་པ་གཡས་གཡོན་དུ་འགྲོ་བ་རྣམས་ལ་གར་ཡང་མ་འགྲོ་གསུང་ནས། ལ་ལ་ལ་ཁྱོད་ཀྱིས་ཁྲིད་ཚར་བ་ཡིན་གསུང་བ་ལ་སོགས་པ་མང་དུ་མཛད། ཉེ་གནས་རྣམས་ལའང་ཇ་དང་བུ་རམ་དང་མེ་ཤིང་ལ་སོགས་པའི་ཚོགས་ཆེན་པོ་དགོས་པ་ཡིན་གསུང༌། དེ་ནས་ཞལ་བརྡ་མང་དུ་མཛད་ནས་གཤེགས། གདུང་སྦྱངས་པས་རིང་བསྲེལ་གྱི་ཆར་བབ། ཐུགས་ལྗགས་སྤྱན་ཕྱག་སོར་ལྷ་སྐུ་རིང་བསྲེལ་མང་དུ་བྱོན། མཐོང་སྣང་ཀྱང་གྲངས་མེད་པ་བྱུང་ངོ༌། །དེའི་གདན་ས་བ་སངས་རྒྱས་ཡར་བྱོན་ཤེས་རབ་བླ་མ་ནི། བོད་ར་སྟེངས་ཀྱི་གདོང་སྣར་ཡབ་ཆེན་མགོན་རྒྱལ་དང༌། ཡུམ་ལྷ་མོ་དཔལ་གྱི་སྲས་སུ་ཆུ་མོ་ཕག་གི་ལོ་ལ་སྐུ་བལྟམས། ཆུ་ཕག་འདི་སྟག་ལུང་ཐང་པའི་དྲུག་ཅུ་རྩ་གཉིས། འབྲི་ཁུང་པའི་རེ་གཅིག །སྐུ་ཡལ་བའི་བཅུ་གསུམ་པ། རོང་པ་རྒྭ་ལོ་འཁྲུངས་པའི་ལོ་དེ་ཡིན། སྐུ་གཞོན་པ་བྱིས་པའི་དུས་ནས་དད་པ་དང་བརྩོན་འགྲུས་དང་སྙིང་རྗེ་ཆེ་བ། ན་མཉམ་རྣམས་སྡིག་པ་ལས་ཟློག་ཅིང་དགེ་བ་ལ་སྦྱོར་བ། གཅིག་པུ་དབེན་པར་སྤྱོད་པ་ཅིག་བྱུང༌། བཅུ་དྲུག་པ་ལ་མཁན་ཆེན་ག་སྟོན་བླ་མ་དང་སློབ་དཔོན་ལྷ་ཁང་ལྟག་པ་ལས་རབ་ཏུ་བྱུང༌། མཚན་ཤེས་རབ་བླ་མར་གསོལ། འདུལ་བའི་ཕྲན་རྣམས་ཀྱང་གསན། སློབ་དཔོན་ནགས་པ་ལ་གདམས་པ་མང་དུ་གསན། ས་ཕུ་དགོན་དུ་སྒྲུབ་པ་མཛད། གཟིམས་ཁང་གི་ཁར་བྱ་རོག་གིས་འཕྱག་པ་སོགས་མང་དུ་བྱུང༌། བཅུ་དགུ་ལ་དབུས་སུ་བྱོན་ནས་སྟག་ལུང་ཐང་དུ་སྐུ་ཡལ་བའི་དྲུང་དུ་མཇལ། ཆོས་ཁྲིད་རྣམས་ཡོངས་སུ་རྫོགས་པར་གསན། མཁན་པོ་གཙང་པ་དང་སློབ་དཔོན་ཁུ་སྟོན་དང༌། གསང་སྟེ་བ་སློབ་དཔོན་དོན་མོ་རི་པས་མཛད་ནས་བསྙེན་པར་རྫོགས། ལོ་བཅོ་ལྔའི་བར་དུ་སྒྲུབ་པ་མཛད། མངོན་པར་མཁྱེན་པ་རྒྱ་ཆེན་པོ་མངའ། སུམ་ཅུ་རྩ་བཞི་པ་མེ་ཕོ་སྤྲེའུ་ལ་སྐུ་ཡལ་རིན་པོ་ཆེ་གཤེགས་ནས་གདན་སར་ཕེབས། གསེར་འབུམ་དང༌། དངུལ་གྱི་གདུང་ཁང་དང༌། མཆོད་ཁང་ཆེན་མོའི་ཐིགས་ཁང་དང་རས་བྲིས་མང་དུ་བཞེངས། དངུལ་སྐུ་ཆེན་མོ་དང་ཆུང་བ་མང་པོ་བཞེངས། གསུང་རབ་རྒྱུན་འདོན་དང་ལོ་རེ་བཞིན་འདོན་པའི་སྲོལ་མང་དུ་བཙུགས། སཱ་ཙ་གྲངས་མེད་པ་དང་སྐུ་གྲངས་མེད་བཞེངས། དགེ་འདུན་སུམ་སྟོང་དྲུག་བརྒྱར་འདོད་པ་རྣམས་ཆོས་དང་ཟང་ཟིང་གིས་ཡང་དག་པར་བསྐྱངས། བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་ལ་གཙོ་བོ་མཛད་ནས། དགེ་འདུན་གྱི་གླིང་རྣམས་ཀྱང་ནག་ཁྲིམས་ལ་སོགས་ཤིན་ཏུ་དམ་པར་མཛད། འགྲོ་མགོན་ཆོས་རྒྱལ་འཕགས་པ་གོང་ནས་བྱོན་པའི་དུས་སུ་མངྒལ་གུར་རུ་ཕོད་མདོར་སྤྱན་འདྲེན་དུ་བྱོན་པས། ཁྱེད་ཀྱི་བླ་མ་སངས་རྒྱས་ཡར་བྱོན་ཚོགས་སུ་འབྱོན་ན་ང་ཡང་འོང༌། མི་འབྱོན་ན་ངེད་ཀླུང་ཤོད་ལ་འགྲོ་བ་ཡིན་གསུང་བས། སངས་རྒྱས་ཡར་བྱོན་ཚོགས་སུ་འབྱོན་པའི་ཞུ་བ་བྱས་པས། ང་མ་ཤིའི་བར་དུ་ཡང་དགོན་གྱི་ཐེམ་པ་མི་རྒྱག་བསམ་ཡོད་པ་ཡིན་ཏེ། ད་བླ་མའི་གསུང་མི་ཆོགས་གསུང་ནས་བླ་ཡེ་ཐང་ལ་བྱོན་ནས་བླ་མ་འཕགས་པ་དང་ཕྱག་རྩེ་སྤྲོད་མཛད། སངས་རྒྱས་ཡར་བྱོན་ཁུ་དབོན་གཉིས་སུས་ཀྱང་མི་མཐོང་བ་ལ་དེ་རིང་མཐོང་བ་དེ་ཁྱེད་རྣམས་ལ་ངའི་ཁྱོས་མ་ཡིན་གསུང༌། སངས་རྒྱས་ཡར་བྱོན་པས་ངེད་ཀྱི་དབོན་པོ་བཀྲ་ཤིས་བླ་མས་མགོ་བྱས། སྟག་ལུང་བའི་སྡེ་མ་ལག་དང་བཅས་པའི་རྒྱབ་ཁ་བདག་གཉེར་ཁྱེད་མཁྱེན་པའི་ཞུ་བ་མཛད། བདུན་ཅུ་བཞེས་པ་ཆུ་ཕོ་སྤྲེའུ་ལ་གཤེགས། གཤེགས་ཁར་ཉེ་གནས་རྣམས་ཀྱིས་བཀའ་གསལ་ཞུས་པས། ཤར་ཕྱོགས་རྡུལ་དང་བྲལ་བའི་ཞིང་ཁམས་ན་ཆོས་རྗེ་ཡབ་སྲས་རྣམས་བཞུགས་པས་དེར་གསོལ་བ་ཐོབ་གསུང༌། གདུང་སྦྱངས་པས་ནམ་མཁའ་འཇས་གང༌། མེ་ཏོག་དང་རིང་བསྲེལ་ཆར་ལྟར་བབ། ཐུགས་ལྗགས་དང་རིང་བསྲེལ་མང་དུ་བྱོན་ནོ། །མངྒལ་གུ་རུ་ནི། མེས་བན་གླང་འབར་པོ་ལ་སྲས་བཞི་ཡོད་པའི་ཆེ་ཤོས་སྟག་ལུང་ཐང་པ། ཡོན་བདག་མགོ་ཡགས། མགོ་རྒྱལ། བླ་མ་ཟླ་འོད་དང་བཞིའོ། །མགོ་ཡགས་ལ་སྲས་སྐུ་ཡལ་བར་བ། ཡོན་བདག་ཆོས་ཡགས། ཨ་ཀུན། ཆོས་སྐྱབས་དང་བཞིའོ། །ཆོས་ཡགས་ལ་སྲས་མངྒལ་གུ་རུ། ཞང་སྐྱབས། ཐུབ་པ། ལོང་པོ་དང་བཞིའོ། །བླ་མ་ཟླ་འོད་པས་ཕྱིས་སྟག་ལུང་དུ་བྱོན་ནས་སྐུ་ཡལ་བའི་སྐབས་སུ་སྟག་ལུང་དུ་གཤོགས། མངྒལ་གུ་རུ་ཆོས་ཡགས་དང་ཟོ་ཟི་གཟའ་གཟུངས་སྒོམ་གྱི་སྲས་སུ་ལྕགས་མོ་ཡོས་ལ་འཁྲུངས། ལྕགས་ཡོས་འདི་སངས་རྒྱས་ཡར་བྱོན་གྱི་ཉི་ཤུ་རྩ་དགུ་པ་ཡིན། དགུང་ལོ་བཅུ་དྲུག་པ་ལ་མཁན་པོ་ཐང་སྐྱ་བ་དང༌། སློབ་དཔོན་མཁས་པ་གྲགས་པ་བཟང་པོ་ལས་རབ་ཏུ་བྱུང༌། མཁན་སློབ་ལ་འདུལ་བ་དང་ལམ་སྒྲོན་དང༌། ཇོ་བོ་རྗེ་ནས་བརྒྱུད་པའི་ཆོས་མང་དུ་གསན། བླ་མ་མཁས་གྲུབ་ཆེན་པོ་ལ་ཀྱེའི་རྡོ་རྗེ་དང༌། དུས་འཁོར་དང༌། གསང་འདུས་སྒྲོན་གསལ་དང༌། གདན་བཞི། མ་ཧཱ་མཱ་ཡཱ། ཕག་མོ། དཔྱལ་གྱི་ཆོས་དྲུག་དང༌། གུར་དང༌། སམྦུ་ཊི། སྟག་ལུང་ཐང་བ་ཆེན་པོའི་ཟབ་ཆོས། ཕག་མོ་བརྡ་བཞི། ནཱ་རོ་པའི་བཞི་ཆོས་རྩ་འགྲེལ། བདེ་མཆོག་སྙན་བརྒྱུད། སེམས་བསྐྱེད་སུམ་སྦྲེལ། རིན་ཆེན་ཐེམ་སྐས། དབང་གི་ལག་ལེན། ཟབ་མོ་བླ་མའི་རྗེས་གནང༌། ལམ་ལྔའི་བཤད་པ་དང་མན་ངག་གི་རིམ་པ་མང་པོ། བཤད་བརྒྱུད་མང་པོ། སྙན་བརྒྱུད་མང་པོ། དབང་བྱིན་རླབས་ཀྱི་བཀའ་མང་དུ་ཞུས། ཉི་ཤུ་རྩ་ལྔ་ལ་དབུས་སུ་བྱོན་པའི་དུས་སུ་བླ་མ་མཁས་གྲུབ་ཆེན་པོས་སྐྱེལ་ཐུང་མཛད་དེ། རྫོགས་སུ་མགུར་ཡང་གསུངས་ཏེ། བླ་མ་དེ་ནི་མཁྱེན་པ་དང་ཐུགས་དམ་ཤིན་ཏུ་བཟང་བ་ཅིག་ཡིན་པར་འདུག །སྟག་ལུང་དུ་ཕེབས་པའི་ཕྱི་དེ་ཉིན་ཡང་དགོན་དུ་སངས་རྒྱས་ཡར་བྱོན་དང་མཇལ། ཁམས་ནས་སློབ་གཉེར་ལ་ཡོང་བ་མང་པོ་དང་ལྷན་དུ་མཇལ་བས། འདི་རྣམས་སུ་ཡིན་གསུང༌། འདི་རྣམས་མདོ་ཁམས་ནས་མི་དྲག་གི་བུ་རྐྱང་ལགས་པ་སློབ་གཉེར་བྱེད་དུ་འོངས་པ་ལགས་ཞུས་པས། ཁྱེད་རང་རྣམས་སློབ་གཉེར་བྱེད་པར་འདོད་ན་གསང་ཕུར་སོང༌། དབོན་པོ་རང་གླིང་གསེབ་ཏུ་བསྐྲུ་སྤྲང་མ་བྱེད་པར། ནང་སོ་ནས་ནས་ཞོ་་ལྔ་ལོང་ལ་ནང་པར་ནས་མཚམས་ལ་སྡོད། སློབ་གཉེར་ཁམས་སུ་བྱས་པ་དེས་ཆོག །རང་རེའི་བརྒྱུད་པ་འདི་སྒྲུབ་བརྒྱུད་ཡིན་པས་སྒྲུབ་པ་གལ་ཆེ་བས་སྒྲུབ་པ་ལ་གཙོ་བོ་གྱིས་ལ་འབད་པ་ཐོན་གསུང༌། ནང་བར་བླ་མ་གླིང་པ་ལ་མཇལ་དར་ཞུས་པས། ནང་སོ་ནས་ཇ་ཞོ་དོ། བུ་རམ་སྒོ་གང༌། ཏ་ཧུྃ་གི་བེར་ཐུལ་གཅིག་རྣམས་གླིང་པ་ལ་བསྐུར་ནས། བེར་ཐུལ་གྱོན་སང་ནུ་བོ་འཕྲད་དུ་འོང་བར་འདུག་པས། ཆོས་བརྒྱད་གཟོབས་ཀྱིས་གསུང་ནས་བཀྲ་ཤིས་བླ་མས་མཇལ། ལོ་དེ་ཉིད་ལ་མཁན་པོ་ཐང་དཀར་པ་འོད་ཟེར་འབྱུང་གནས། སློབ་དཔོན་མཁན་དཔོན་པ་རིན་ཆེན་བཀྲ་ཤིས་ལ་སོགས་ལས་བསྙེན་པར་རྫོགས། དེ་ནས་སངས་རྒྱས་ཡར་བྱོན་གྱི་དྲུང་དུ་ནཱ་རོའི་ཆོས་དྲུག་དང་ཕྱག་རྒྱ་ཆེན་པོ་ལ་སོགས་པ་གདམས་པ་མང་དུ་ཞུས་ནས་ལོ་བཅུ་དྲུག་ཏུ་སུ་དང་ཡང་མི་མཇལ་བའི་སྐུ་མཚམས་དམ་པར་མཛད་ནས་རྟག་ཏུ་བསམ་གཏན་ལ་མཉམ་པར་བཞག་པས་ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་བརྙེས་ནས། རོ་གཅིག་གི་སྒོམ་ཐུགས་ལ་འཁྲུངས་ཏེ། གསེར་སྲང་བཅུ་གཅིག་ཐང་སྐུ་བཅུ་གསུམ། རོ་གཅིག་གི་རྟོགས་པ་དང་བཅས་པ་སངས་རྒྱས་ཡར་བྱོན་ལ་ཕུལ། ལོ་བཅུ་དྲུག་སོང་རྗེས་ཆོས་རྒྱལ་འཕགས་པ་གོང་ནས་ཕོད་མདོར་ཕེབས་པའི་སྤྱན་སྔར་བྱོན་ནས་སྟག་ལུང་དུ་སྤྱན་དྲངས། དེའི་ཚེ་འགྲོ་མགོན་འཕགས་པ་དཔོན་གཡོག་བདུན་མཛད་ནས་ཀ་དྲུག་ཏུ་ཕེབས་པ་ལ། བྱིན་རླབས་སྒྲུབ་ཐབས་དང་བཀའ་ལུང་མང་པོ་ཞུས། རྒྱབ་ཁ་བདག་གཉེར་མཛད་པའི་ཞུ་བ་སངས་རྒྱས་ཡར་བྱོན་གྱིས་ཕུལ་བ་བཞིན་འཕགས་པས་ཞལ་གྱིས་བཞེས། དེ་ནས་སངས་རྒྱས་ཡར་བྱོན་གཤེགས་ཁར་སྟག་ལུང་བ་ཡོན་མཆོད་པ་རྣམས་ངས་ཇི་ལྟར་བསྐྱངས་པ་བཞིན་དུ་ཁྱོད་ཀྱིས་སྐྱོངས། བཅའ་བ་དང་རྣམ་ཐར་རྣམས་ཀྱང་ངའི་ལུགས་བཞིན་གྱིས་གསུང་ནས། ཞབས་སྤྱི་བོར་བཞག་རང་ལོ་ཞེ་གསུམ་པ་ཆུ་མོ་བྱ་ལ་གདན་སར་ཕེབས་ནས། མཛད་སྦྱོང་རྣམ་ཐར་ཐམས་ཅད་གོང་མ་རྣམས་ཀྱི་ལུགས་བཞིན་དུ་མཛད། མངོན་པར་མཁྱེན་པ་ཡང་རྒྱ་ཆེན་པོ་མངའ་བའི་ལོ་རྒྱུས་ཀྱང་གྲངས་མེད་པ་ཡོད་དེ། སྟོང་གསུམ་ཟིལ་གནོན་གྱི་ཐུབ་པའི་སྐུ་ཆེན་པོ་བཞེངས་པའི་དུས་སུ། གྲོས་པ་རྣམས་ཀྱིས་དེ་ཙམ་གསེར་གྱིས་མི་ལྕོགས་པས། རག་སྐུ་ཇོ་བོའི་སྐུ་ཚད་ཙམ་ཅིག་བཞེངས་པ་འཐད་ཞུས་པས། གསེར་ང་ལ་མེད་དེ་རྒྱལ་པོ་ཆེན་པོ་ལ་ཡོད་གསུང༌། ཕྱིས་སེ་ཆེན་གྱིས་གསེར་བྲེ་དྲུག་གནང་བྱུང་བ་ལ་སོགས་ཤིན་ཏུ་མང་བར་ཡོད། གདན་སར་ཕེབས་རྗེས་སུ་གདུང་རྟེན་བཀྲ་ཤིས་དཔལ་འབར་གྱི་ཁྲིད་དེ། སྐུ་འབུམ་གྱི་བཟོ་ལྷག་མ་ལ་སོགས་མཛད་ཅིང༌། ལྷ་ཆེན་སྟོང་གསུམ་ཟིལ་གནོན་བཞེངས་པར་བརྩམས་པའི་ཚེ་དོ་བ་དར་ཤེ་ལ་གྲོས་གནང་བས་རིན་པོ་ཆེའི་ཐུགས་དགོངས་གྲུབ་ནས་འོང༌། ངས་ཀྱང་ཅི་ནུས་ཀྱི་ཞབས་ཏོག་བྱེད་གསུང་ནས། རྟ་ཉིས་བརྒྱ་དང་དགུ་བཅུ་གོ་བརྒྱད་ཕུལ། རུས་ཤིང་བཙུགས་པའི་སྐབས་སུ་ས་གཡོ་བ་ལ་སོགས་པའི་ལྟས་ཁྱད་པར་ཅན་མང་དུ་བྱུང༌། ཚར་བའི་དུས་སུ་ཆོས་རྗེ་དཔལ་བཟང་པོ་དང༌། གཅུང་བྱ་བྲལ་བ། མཁན་པོ་གཙང་པ། སློབ་དཔོན་རྒྱལ་པ། ཀོང་པ་དར་ཤེ། གཉན་ཐོག་ནམ་ཡེ་རྣམས་ཀྱིས་རབ་གནས་མཛད། ཤར་སྒོའི་ནང་དུ་གྱང་རིས་དང༌། ལྡེར་སྐུ་རྣམས་ཀྱང་བཞེངས་པ་ལ་སོགས་པའི་བྱ་བ་དཔག་ཏུ་མེད་པ་མཛད་ཅིང༌། ལོ་ཉི་ཤུ་རྩ་ལྔའི་བར་དུ་གདན་སར་བཞུགས། དགུང་ལོ་དྲུག་ཅུ་རྩ་བདུན་བཞེས་པ་མེ་མོ་བྱའི་དབྱར་འབྲིང་གི་ཚེས་བཅུ་དྲུག་ལ། རིན་པོ་ཆེ་དཔལ་བཟང་པོ་སྐུ་མཆེད་ཀྱིས་དབུ་མཛད་པའི་མཁན་སློབ་དགེ་འདུན་མང་དུ་བོས་ནས། ངས་ཇི་ལྟར་བསྐྱངས་པ་བཞིན་དུ་དབོན་པོ་དཔལ་བཟང་པོས་གདན་ས་འདི་སྐྱོངས། གཅུང་གིས་དབུ་མཛད་རྣམས་ཀྱིས་ཀྱང་དེའི་རྗེས་སུ་འབྲོངས་གསུང་བ་ལ་སོགས་ཞལ་བརྡ་ཞིབ་པར་མཛད་ནས་ཞི་བར་གཤེགས། གདུང་སྦྱངས་པས་ཐུགས་ལྗགས་སྤྱན་གསུམ་བྱོན་ཞིང༌། རིང་བསྲེལ་ཀྱང་མང་དུ་བྱོན་ནོ། །ཆོས་རྗེ་དཔལ་བཟང་པོ་ནི། ཞང་སྐྱབས་ཀྱི་སྲས་བཞི་ལ་རིན་པོ་ཆེ་དཔལ་བཟང་པོ། ཡོན་བདག་ཐུགས་རྗེ་སྐྱབས། ཡོན་བདག་གསུང་དྲུང་འབུམ། གཅུང་བྱ་བྲལ་བ་རྣམསསོ། །ཡུམ་ཆོས་ལྕམ་གྱི་སྲས་སུ་མེ་མོ་སྦྲུལ་ལ་འཁྲུངས། ཆོས་རྒྱལ་འཕགས་པའི་ཞབས་ལ་གཏུགས་ནས་ཆོས་མང་དུ་གསན། ས་སྐྱ་ལ་སོགས་སུ་བཞུགས། མངྒ་ལ་གུ་རུའི་དྲུང་དུ་བཀའ་བརྒྱུད་ཀྱི་གདམས་པ་ཐམས་ཅད་ཚང་བར་གསན། རང་ལོ་ཞེ་གཅིག་པ་མེ་མོ་བྱ་ལ་གདན་སར་ཕེབས། ང་གསུམ་པ་ས་མོ་བྱ་ལ་རཏྣ་གུ་རུ་གདན་སར་བཞུགས་སུ་གསོལ་ནས་ཀུན་སྤངས་མཛད། ང་བཞི་པ་ལྕགས་ཕོ་ཁྱི་ལ་ཞི་བར་གཤེགས། ཆོས་རྗེ་རཏྣ་གུ་རུ་ནི། གཡང་ཤོད་བོང་ར་སྟེངས་སུ་ས་ཕོ་བྱི་བ་ལ་འཁྲུངས་ཏེ། ཡུམ་ནི་གཟུངས་ལྕམ་ཞེས་བྱའོ། །མཁན་ཆེན་བསོད་ནམས་ཡེ་ཤེས་པ་དང་སློབ་དཔོན་སེང་བཟངས་པ་ལས་རབ་ཏུ་བྱུང༌། ལོ་བཅུ་དྲུག་པ་ལ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་པ་དང་མཇལ་ནས་ཆོས་མང་དུ་གསན། དགུང་ལོ་བཅུ་དགུ་ལ་དབུས་སུ་བྱོན། རིན་པོ་ཆེ་སངས་རྒྱས་དཔལ་བཟང་པའི་དྲུང་དུ་ཀྱེ་རྡོར་དང༌། བདེ་མཆོགདང༌། གཤིན་རྗེ་དགྲ་ནག་གདོང་དྲུག་ལ་སོགས་པའི་བཀའ་མང་པོ་དང༌། ནཱ་རོ་ཆོས་དྲུག་ལ་སོགས་པའི་ཆོས་བཞུགས་པ་ཐམས་ཅད་གསན། ཉི་ཤུ་རྩ་གཉིས་པ་ས་མོ་བྱ་ལ་རིན་པོ་ཆེ་སངས་རྒྱས་དཔལ་བཟང་པོས་ལྷ་ཆེན་བཞེངས་པའི་རབ་གནས་དང་ལྷན་ཅིག་ཏུ་གདན་སར་བཞུགས་སུ་གསོལ། ལོ་དེ་ལ་ས་སྐྱར་བྱོན་ནས་འཇམ་དབྱངས་པ། བདག་ཉིད་ཆེན་པོ། གྲགས་པ་རྒྱལ་མཚན། ཀུན་དགའ་སེང་གེ་རྣམས་བསྟེན་ནས་ཆོས་མང་དུ་གསན། དེ་ནས་ཇོ་མོ་ནང་དུ་ཀུན་སྤངས་པའི་དྲུང་དུ་མཇལ་ནས། ཀུན་སྤངས་པས་མཁན་པོ། བསྟན་པའི་རྒྱལ་མཚན་གྱིས་སློབ་དཔོན། ཀུན་མཁྱེན་ཡོན་ཏན་རྒྱ་མཚོས་གསང་སྟེ་མཛད་ནས་བསྙེན་པར་རྫོགས། ཀུན་སྤངས་བའི་དྲུང་དུ་དུས་འཁོར་གྱི་དབང་མོ་ཆེ། སྦྱོར་དྲུག་ལ་སོགས་གདམས་པ་དཔག་ཏུ་མེད་པ་གསན། ཡོན་ཏན་ཁྱད་པར་ཅན་འཁྲུངས། ཀུན་སྤངས་བ་ཡང་ཤིན་ཏུ་མཉེས། ། དེ་ནས་ཁྱི་ལོ་ལ་ཕྱིར་ཕེབས། ལོ་དེ་ལ་རིན་པོ་ཆེ་སངས་རྒྱས་དཔལ་བཟངས་པོ་གཤེགས། གསེར་འབུམ་བཞེངས་པ་ལ་སོགས་པའི་བྱ་བ་རྒྱ་ཆེན་པོ་རྣམས་མཛད་དེ། རང་ལོ་ལྔ་བཅུ་རྩ་གཉིས་པ་ལ་ས་མོ་ཡོས་ལ་གཤེགས། ཆོས་ཀྱི་རྗེ་རཏྣཱ་ཀ་ར་ནི། ཡོན་བདག་ཐུགས་རྗེ་སྐྱབས་དང་ཡུམ་གཟུངས་ལྕམ་ལ་སྲས་གསུམ་འཁྲུངས་པའི་གཅེན་ཆོས་རྗེ་རཏྣ་གུ་རུ། དེ་འོག་རཏྣཱ་ཀ་ར་སྟེ་ལྕགས་ཕོ་བྱི་བའི་ལོ་ལ་འཁྲུངས། མཁན་ཆེན་བསོད་ནམས་ཡེ་ཤེས་དང༌། སློབ་དཔོན་སངས་རྒྱས་བཟང་པོ་ལས་ཐང་སྐྱ་ལྷ་ཁང་དུ་རབ་ཏུ་བྱུང༌། རིན་ཆེན་འབྱུང་གནས་སུ་མཚན་གསོལ། པཎ་ཆེན་ཤཱཀྱ་ཤྲཱིའི་སྡོམ་བརྒྱུད་འཛིན་པ་མཁན་ཆེན་ཤེར་མགོན་པ་དང་སློབ་དཔོན་བསོད་ནམས་དབང་ཕྱུག་པ་ལ་སོགས་པ་ལས་བསྙེན་པར་རྫོགས། འདིས་ཀྱང་ས་སྐྱར་བྱོན་ནས་བླ་མ་བདག་ཉིད་ཆེན་པོ། བླ་ཆེན་ཀུན་བློ་ལ་སོགས་པ་དང༌། དཔང་ལོ་ཙཱ་བ། འཇམ་དབྱངས་དོན་ཡོད་པ། ཆོས་རྗེ་བསོད་ནམས་རྒྱལ་མཚན་རྣམས་ཀྱི་དྲུང་དུ་གསན་པ་མང་དུ་མཛད། དེ་ནས་ཇོ་མོ་ནང་དུ་བྱོན་ནས་བྱང་སེམས་རྒྱལ་ཡེ་ལ་སྦྱོར་དྲུག་གི་ཁྲིད་དང༌། སེམས་འགྲེལ་སྐོར་རྣམས་ཡོངས་སུ་རྫོགས་པར་གསན་པས་ཏིང་ངེ་འཛིན་གྱི་སྒོ་ཕྱེ། དེ་ནས་སྟག་ལུང་དུ་བྱོན་ནས་རཏྣ་གུ་རུའི་དྲུང་དུ་བཀའ་བརྒྱུད་ཀྱི་ཆོས་མ་ལུས་པ་གསན། གཞན་ཡང་ལམ་འབྲས་ལ་སོགས་མང་དུ་གསན་ཞིང་ཀ་དྲུག་ཏུ་བཞུགས། རང་ལོ་བཞི་བཅུ་པ་ས་མོ་ཡོས་ལ་གདན་སར་བྱོན། དེ་དང་ཉེ་བའི་རྗེས་སུ་རཏྣ་གུ་རུ་གཤེགས་ནས། ལྷ་ཆེན་རྒྱབ་མཐོ་ཉི་ཤུ་རྩ་གཅིག་པ་དང༌། གསེར་འབུམ་མཐོ་ཉི་ཤུ་ཡོད་པ་དང༌། བསྟན་འགྱུར་བཞེངས་པ་ལ་སོགས་བྱ་བ་རྒྱ་ཆེན་པོ་རྣམས་མཛད། རྒྱུད་སྡེ་དང་སྡེ་སྣོད་ཀྱི་བཤད་པ་བཙུགས། ཆོས་དྲུག །ལམ་འབྲས། སྦྱོར་དྲུག་ལ་སོགས་པའི་ཁྲིད་རྣམས་བཏབ། རང་ཉིད་ཀྱང་བླ་མ་གོང་མ་རྣམས་ཀྱི་རྣམ་ཐར་བཞིན་དུ་མཛད་ཅིང༌། གཞན་དག་ཀྱང་བླ་མ་གོང་མ་རྣམས་ཀྱི་བཅའ་ཁྲིམས་བཞིན་དུ་མཛད་དེ་རང་ལོ་དྲུག་ཅུ་རྩ་གཉིས་པ་ལྕགས་མོ་གླང་ལ་གཤེགས། དེ་ཡན་གྱི་རིན་པོ་ཆེ་རྣམས་ཁམས་ནས་ཕེབས་པ་ཡིན། ཀུན་སྤངས་ནམ་མཁའ་དཔལ་བཟང་པོ་ནས་བོད་དུ་འཁྲུངས་པ་ཡིན་ནོ། ཆོས་རྗེ་ནམ་མཁའ་དཔལ་བཟང་པོ་ནི། ཡོན་བདག་ཡེ་ཤེས་རིན་ཆེན་དང༌། ཡུམ་ཕྱུག་མོ་དཔལ་ལེའི་སྲས་སུ་ཆུ་མོ་བྱ་ལ་འཕན་ཡུལ་གྱི་དར་ཡུལ་དུ་སྐུ་འཁྲུངས། ལོ་ལྔ་ཙམ་ནས་གཞན་སྡུག་བསྔལ་བ་གཟིགས་པ་ན་སྤྱན་ཆབ་འབྱུང་བ་ཙམ་གྱི་སྙིང་རྗེ་ཆེན་པོ་འཁྲུངས། སྐུ་གཞོན་པའི་དུས་སུ་སྤྲང་པོ་ལྟོགས་པའི་སྣང་བ་རྒྱུན་དུ་བྱུང་བས། མས་མིང་ཡང་སྤྲང་པོར་བཏགས། གཞན་ཡང་ཡོན་ཏན་རྒྱ་མཚོ། ཀུན་དགའ་བོ། ནམ་མཁའ་རིན་ཆེན་ཞེས་ཀྱང་བཏགས་ཏེ་སྔོན་གྱི་ལས་ཀྱི་དབང་གིས་མིང་ཡང་མང་གསུང༌། དགུང་ལོ་བདུན་པ་མེ་མོ་ཡོས་ལ་མཁན་པོ་བླ་མ་ནམ་ལེགས་པ། སློབ་དཔོན་དོན་ཡོད་པ་ལས་རབ་ཏུ་བྱུང༌། མཚན་ནམ་མཁའ་རྒྱལ་མཚན་དཔལ་བཟང་པོར་གསོལ། ལོ་བརྒྱད་པ་ལ་མངོན་ཤེས་འཁྲུངས། དགུང་ལོ་བཅུ་པ་ལ་བརྟག་གཉིས་ཀྱི་ཊཱི་ཀ་མཆན་ལ་སོགས་ལ་བྱང་བར་མཛད། སྦྱོར་དྲུག་ལས་འབྱུང་བའི་རྟགས་རྣམས་མ་བསྒོམས་པར་མངོན་དུ་གྱུར། བཅུ་གཅིག་པ་ལ་སྙིང་རྗེ་ཚད་མེད་པ། སྐྱོ་ཤས་དྲག་པོ། ཟབ་མོའི་གསུང་རབ་ལ་བརྟེན་ནས་གནས་ལུགས་ཟབ་མོའི་དོན་རྟོགས་པ། འཆི་བ་མི་རྟག་པ་རྣམས་བཅོས་མ་མིན་པ་འཁྲུངས། སྐུ་སྐྱེ་བ་སྔ་མ་རྒྱ་གར་དང་གཙང་ལ་སོགས་པར་འཁྲུངས་པའང་དྲན། དུས་ཕྱིས་ཏིང་ངེ་འཛིན་ལ་བཞུགས་པ་ན་འདས་མ་འོངས་རྣམས་ཀྱང་མཁྱེན་པ་དང༌། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ནུབ་མོ་གཉིས་སུ་ཆོས་གསན་པའི་སྣང་བ་བྱུང་གསུང་སྟེ། དེ་ལ་སོགས་པ་དཔག་ཏུ་མེད་ནའང་ཕལ་ཆེར་མི་གསུང༌། གནས་འདིར་ལོ་བཅོ་བརྒྱད་སྡོད་པའི་སྨོན་ལམ་བཏབ། སྤྱིར་ཚེ་ཚད་ལོ་སུམ་ཅུ་སོ་བཞི་ཡིན། གདམས་ངག་ཟབ་མོའི་བྱིན་རླབས་ལ་ངེས་པ་མེད་གསུང༌། དགུང་ལོ་བཅོ་བརྒྱད་ལ་ཆོས་རྗེ་བླ་མ་དང༌། ལོ་ཆེན་བྱང་རྩེ་ལས་དུས་འཁོར། སྤྱོད་འཇུག །ཐུབ་པའི་དགོངས་རྒྱན། སྐྱེས་རབས་ལ་སོགས་གསན་པས་ཚར་རེ་ལ་ཐུགས་སུ་ཆུད་དེ་ཐུགས་ལས་གསུང༌། ཁོ་བོས་སྐྱེ་བ་མང་པོར་དུས་འཁོར་ལ་སྦྱངས་ལས་ཆེ་སྟེ། ཚེ་འདིར་ཡང་དཀའ་མོ་བྱུང༌། ངེས་དོན་ལ་རྩོལ་བ་མ་བྱས་ཀྱང་ཤེས་པར་བྱུང༌། དང་པོ་མུ་སྟེགས་ཀྱི་ཆོས་ཤིག་ཨེ་ཡིན་བསམ་བྱུང་སྟེ། ད་ལྟ་ནི་ཁོ་བོ་ལས་ཞེན་པ་ཆེ་བ་མེད་གསུང༌། སྐབས་ཞིག་ཏུ་སངས་རྒྱས་དོན་ཡོད་གྲུབ་པའི་ཕྱག་ན་བཻ་ཊཱུརྻའི་ལྷུང་བཟེད་བདུད་རྩིས་གང་བ་བསྣམས་པའི་དཔུང་རྒྱན་གྱི་ནོར་བུ་ལས་འོད་འཕྲོས་པས་ཁོ་བོའི་ལུས་སྣང་བར་མཛད་པས་ཏིང་ངེ་འཛིན་བརྟན་པོར་གྱུར་ཀྱང་གསུང༌། ཁོ་བོས་གཙང་དུ་སྒོམ་ཡུན་རིང་དུ་བྱས་པས་ཚེ་འདིར་ཏིང་ངེ་འཛིན་སྐྱེ་མྱུར་བ་ཡིན་ལ་ཆེ་གསུང་སྟེ། གྲུབ་ཆེན་ཡུ་མོའི་སྲས་དྷརྨེ་ཤྭ་ར་ཡིན་པར་བཞེད་པ་ཡིན། སྦྱོར་དྲུག་བསྒོམས་དུས་མནལ་ལམ་དུ་འོ་མ་ཕོར་གང་གསོལ་འཕྲོ་ལ་ལུས་པ་ཅིག་བྱུང༌། ལོ་གཅིག་བསྒོམས་ན་མཆོག་འགྲུབ་པར་ངེས་ཏེ་གསུང༌། སྤྱིར་བླ་མ་བསྟེན་པ་ལ་ལོ་ཆེན་བྱང་རྩེ། དོན་ཡོད་རྒྱལ་མཚན། ཐོགས་མེད་པ། ཆོས་རྗེ་བླ་མ་དམ་པ། ཆོས་རྗེ་རཏྣཱ་ཀ་ར་ལ་སོགས་དྲུག་ཙམ་བསྟེན། དེ་རྗེས་སུ་ཇོ་སྟན་མཁན་ཆེན་བཀྲས་ཚུལ་བ། ལས་སློབ་ཚུལ་བླ་བ། སློབ་དཔོན་སྟོན་རྒྱལ་རྣམས་ལས་དགུང་ལོ་ཉི་ཤུ་རྩ་བདུན་པ་ལ་ལྷ་སར་བསྙེན་པར་རྫོགས། དགུང་ལོ་ཉི་ཤུ་རྩ་དགུའི་བར་དུ་དབྱར་ཆོས་དགུན་ཆོས་མ་ཆག་པར་དུས་འཁོར། བརྟག་གཉིས། སྤྱོད་འཇུག །ཐུབ་པའི་དགོངས་རྒྱན། སྐྱེས་རབས། ལམ་འབྲས་གསུངས། །ཉི་ཤུ་རྩ་དགུ་པ་ལ་རཏྣཱ་ཀ་ར་གཤེགས་ནས་སྐུ་འདབ། ལྷ་ཆེན་དང་རྣམ་རྒྱལ་མཆོད་རྟེན་བཞེངས་པ་ལ་སོགས་པ་མཛད་དེ་གདན་སར་བྱོན། ལོ་བཅོ་ལྔར་ཚོགས་པ་བསྐྱངས། སྦྱོར་དྲུག་གི་ཁྲིད་ཡིག་ངོ་སྤྲོད། རྩིས་ཡིག་ལ་སོགས་པའི་བསྟན་བཅོས་དཔག་ཏུ་མེད་པ་མཛད། ཟབ་མོའི་གདམས་པས་ཀྱང་གདུལ་བྱ་རྣམས་ལེགས་པར་བསྐྱངས། དུས་འཁོར་གྱི་བཤད་པ་རྒྱ་ཆེར་མཛད་བཞེད་ནའང་ཅུང་མ་གྲུབ། གཙོ་བོར་སྐུ་མཚམས་ཁོ་ན་ལ་བཞུགས། སོག་ཡན་ཆད་དུ་ལན་དྲུག་བདུན་གྱི་བར་དུ་བྱོན། དགུང་ལོ་བཞི་བཅུ་ཞེ་གསུམ་གྱི་བར་དུ་གདན་སར་བཞུགས། གླིིང་ཐམས་ཅད་ཀྱང་དར། དགེ་འདུན་གྱི་སྡེ་རྣམས་ཀྱང་འཕེལ་ཞིང་དར་རྒྱས་ཆེའོ། །དེ་ནས་རིན་པོ་ཆེ་བཀྲ་ཤིས་དཔལ་བརྩེགས་པ་གདན་སར་བཞུགས་སུ་གསོལ་ནས། སེ་གླེར་ལོ་བཞིའི་བར་དུ་བཞུགས། བསྐྱེད་པའི་རིམ་པ་བདེ་མཆོག་དང་གཤེད་དམར་ལ་མཛད། རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་པ་ལ་མཛད། སྔར་ལོ་སོ་དགུ་བཞེས་པའི་སྐབས་སུ་ད་སྟེ་ལོ་བཞི་བཅུ་ཞེ་བདུན་བརྒྱད་ཀྱི་སྐོར་ལ་སྐེག་ཆེན་ཡོད་གསུང་བ་བཞིན་རང་ལོ་ཞེ་བདུན་བཞེས་པ་ས་མོ་ལུག་ལ་གཤེགས། དེའི་ཕྱི་ལོ་སྤྲེའུ་ལོ་ལ་སྐུ་འབུམ་དང་ལྷ་ཆེན་ལ་སོགས་ཀྱང་བཞེངསསོ། །དེ་ལྟར་ན་དམ་པ་འདི་ནི་སྔོན་སྐུ་སྐྱེ་བ་སྔ་མ་མང་པོར་སྦྱངས་པའི་སྐྱེས་བུ་ཆེན་པོ། གཞན་པས་ཁྱད་པར་དུ་གྱུར་པ་སྟེ། །འཕགས་པའི་ཡུལ་དུ་བདག་ཅག་སྔོན། །ལོག་པར་ལྟ་བས་སེམས་ཁྲིད་ཀྱང༌། །དུས་ཀྱི་འཁོར་ལོ་དང་མཇལ་བས། །ཕྱི་ནས་གངས་རིའི་ཁྲོད་འདི་རུ། །ཡན་ལག་དྲུག་ལྡན་ཉམས་སུ་བླངས་ཞེས་དང༌། །ལོ་ལྔར་གྱུར་ཚེ་བག་ཆགས་སད། །ལོ་བདུན་ལོན་ནས་ཆོས་དང་མཇལ། །ལོ་དགུ་ལོན་ནས་གསང་སྔགས་ཤེས། །བཅུ་དྲུག་ལོན་ཚེ་ཕར་ཕྱིན་དང༌། །རྡོ་རྗེ་ཐེག་པ་ངེས་པར་རྟོགས། །ད་ནི་ཐེག་གསུམ་དགོངས་པའི་རོ། །གཉིས་སུ་མེད་པར་ཁོ་བོས་རྟོགས། ཞེས་ཀྱང་གསུང་བར་མཛད་དོ། ཆོས་རྗེ་བཀྲ་ཤིས་དཔལ་བརྩེགས་ནི། ཡབ་ཀུན་དགའ་བཤེས་གཉེན་དང་ཡུམ་འཇམ་དཔལ་སྐྱིད་གཉིས་ཀྱི་སྲས་སུ་ས་མོ་ཕག་གི་ལོ་ལ་སྐུ་བལྟམས། ཆོས་རྗེ་རཏྣཱ་ཀ་ར་བྱང་ནས་བྱོན་པ་ཅིག་ལ་མཇལ་བས། ཕྱག་གིས་བྱུགས་ཤིང་བྱིན་གྱིས་བརླབ་པ་མཛད། འགྲོ་བ་དཔག་ཏུ་མེད་པའི་མཆོད་གནས་སུ་འགྱུར་བར་ལུང་བསྟན། དགུང་ལོ་དྲུག་པ་ལ་སློབ་དཔོན་སྒོམ་པ་རིན་གཞོན་གྱིས་འབྲི་ཀློག་ལ་སོགས་ཕུལ། བཅུ་གཅིག་བཞེས་པའི་ཚེ་སློབ་དཔོན་རིན་ཆེན་དཔལ་བ་ཞེས་བྱ་བ་བཀའ་བརྒྱུད་ཀྱི་ཆོས་སྐོར་ཐམས་ཅད་ཀྱི་བདག་པོར་གྱུར་པ། མདོ་སྔགས་ཀྱི་ཡོན་ཏན་དུ་མས་ཕྱུག་པ། སྐུ་ཤིན་ཏུ་བཙུན་པ། མངོན་པར་ཤེས་པ་རྒྱ་ཆེན་པོ་མངའ་བ་དེ་ལ་སྤྲད་དེ། རྒྱུད་གསུམ་མན་ངག་དང་བཅས་པ་གསན། ཁྱད་པར་བརྟག་གཉིས་སྐོར་ལ་བྱང་བར་མཛད། སྤྱོད་འཇུག་དང་ཤེས་རབ་བརྒྱ་པ་ལ་སོགས་པ་མང་དུ་གསན། བཅུ་བདུན་པ་ལ་རིན་པོ་ཆེ་ནམ་མཁའ་དཔལ་བཟང་པོས་མཁན་པོ་མཛད། སློབ་དཔོན་གནས་བརྟན་རིན་ཆེན་འོད་ཀྱིས་མཛད་དེ་རབ་ཏུ་བྱུང༌། མཚན་བཀྲ་ཤིས་དཔལ་བརྩེགས་ཉི་མའི་དབང་པོ་བསྲུང་བའི་གོ་ཆར་གསོལ་ཏེ། དེ་ནི་རིན་པོ་ཆེ་ནམ་མཁའ་དཔལ་བཟང་པོའི་མནལ་ལམ་དུ་བྱོན་པ་བཞིན་བཏགས་པར་འདུག །དེ་ནས་ཆོས་དབང་གཉིས་པའི་དྲུང་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཡོངས་སུ་རྫོགས་པར་གསན། དེ་རྗེས་ནཱ་རོའི་ཆོས་དྲུག་དང་ཕྱག་རྒྱ་ཆེན་པོ་ལ་སོགས་པ་གསན་པས་ལམ་གྱི་དྲོད་རྟགས་བསམ་གྱིས་མི་ཁྱབ་པ་འཁྲུངས་ཤིང༌། བཀའ་བརྒྱུད་ཀྱི་ཆོས་རིན་པོ་ཆེ་བ་ལ་བཞུགས་ཚད་གསན། སྦྱོར་དྲུག་གི་ཁྲིད་ཞུས་པས་ཏིང་ངེ་འཛིན་གྱི་སྒོ་དུ་མ་ཕྱེད། གཞན་ཡང་ཤ་བ་རའི་སྦྱོར་དྲུག །ཆོས་རྗེ་བསོད་རྣམས་རྒྱལ་མཚན་པའི་སྦྱོར་དྲུག །གསང་འདུས་རིམ་ལྔའི་ཁྲིད་དང་ནག་ཁྲིད་སྐོར། དམར་ཁྲིད། དབུ་སེམས་ཀྱི་སེམས་བསྐྱེད། བློ་སྦྱོང་དོན་བདུན་མ། གཤེད་དམར་ཤིན་དུ་སྤྲོས་མེད། ལམ་འབྲས། གཅོད་ཡུལ་ལ་སོགས་མང་དུ་གསན། བཅོ་བརྒྱད་པ་མེ་ཕོ་འབྲུག་གི་ལོ་ལ་གདན་སར་བྱོན་ནས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར། ཉི་ཤུ་པ་ས་ཕོ་རྟ་ལོའི་སྨིན་དྲུག་གི་ཟླ་བ་ལ་ལྷ་སར་ཕེབས། མཚལ་པའི་སི་ཏུ་དགེ་སློང་བ་དང་སྣེལ་པ་དཔོན་གྲགས་པས་བསུ་བ་རྒྱ་ཆེན་པོ་མཛད། ལོ་ཆེན་བྱང་རྩེ་དབུས་སུ་ཕེབས་པ་དང་འཛོམ་ནས་ར་ཀ་བྲག་ཏུ་མཇལ། དེ་ནས་ལོ་ཆེན་བྱང་རྩེས་མཁན་པོ། ལོ་ཙཱ་བ་གྲགས་པ་རྒྱལ་མཚན་པས་སློབ་དཔོན། ལོ་ཙཱ་བ་ནམ་མཁའ་བཟང་པོས་གསང་སྟེ་མཛད་ནས་བསྙེན་པར་རྫོགས། ལོ་ཆེན་ལ་དུས་འཁོར་གྱི་དབང་ཡོངས་སུ་རྫོགས་པ། བདེ་མཆོག་ནག་པོ་པ། ཚེ་དཔག་མེད་ལ་སོགས་པའི་དབང་དང༌། ལོ་གྲགས་པ་ལ་གསང་འདུས་དམར་ཁྲིད། ཀྱེ་རྡོར་དང༌། བདེ་མཆོག་ལ་སོགས་པའི་དབང་མང་པོ། དུས་འཁོར་རྒྱུད་འགྲེལ། དབང་མདོར་བསྟན་རྩ་འགྲེལ། དོན་དམ་བསྙེན་པ་ལ་སོགས་དང༌། སེམས་འགྲེལ་གཞན་རྣམས་དང༌། དུས་ཞབས་སྙན་བརྒྱུད་དང༌། ཡུ་མོའི་གསལ་སྒྲོན་བཞི་དང༌། ཡེ་ཤེས་སྤྱན་སྒྲུབ། ཉི་ཟླ་སྒྲུབ་པ། དཔེ་མེད་འཚོའི་སྦྱོར་དྲུག །མན་ལུངས་པའི་སྦྱོར་དྲུག །གསང་འདུས་ཀྱི་སྦྱོར་དྲུག །དུས་འཁོར་རྒྱུད་ཕྱི་མ། མདོར་བསྡུས་དང་པོའི་འགྲེལ་པ་མི་གཡོ་སྣང་བ། བུའི་སྦྱོར་དྲུག །གདན་བཞིའི་འགྲེལ་པ། བཀའ་གདམས་ཀྱི་ལམ་རིམ་ལ་སོགས་པ་དཔག་ཏུ་མེད་པ་གསན། ཇོ་བོའི་དྲུང་དུ་ན་བཟའ་གསེར་གསོལ་དཀར་མེ་ལ་སོགས་པའི་མཆོད་པ་རྒྱ་ཆེན་པོ་མཛད། ས་མོ་ལུག་གི་ལོ་ལ་རིན་པོ་ཆེ་ནམ་མཁའ་དཔལ་བཟང་པོ་གཤེགས་ཞེས་འབྱུང་སྟེ། རིན་པོ་ཆེ་པ་རང་གི་རྣམ་ཐར་ན་ཀུན་སྤངས་ཞེ་གསུམ་པ་རྟ་ལོ་ལ་མཛད་ནས་རང་ལོ་ཞེ་བདུན་པ་ལ་གཤེགས། གདན་སར་ལོ་བཅོ་ལྔ་སོང་ཟེར་བ་འདུག །བཀྲ་ཤིས་དཔལ་རྩེགས་པའི་རྣམ་ཐར་ན་གདན་སར་སྦྲུལ་ལ་བསྐོས། དེ་རྗེས་ཀྱི་ལུག་ལ་ཆོས་རྗེ་ནམ་མཁའ་དཔལ་བཟང་པོ་གཤེགས་ཟེར་བ་འདུག་པས་གཉིས་པོ་ལོ་ནི་མི་འགྲིག་པར་སྣང་ངོ༌། །རིན་པོ་ཆེ་བའི་གདུང་སྦྱངས་པས་མེ་ཏོག་གི་ཆར། ལྷ་སྐུ། རིང་བསྲེལ་ལ་སོགས་པ་དཔག་ཏུ་མེད་པ་བྱོན། གཤེགས་འདབ་ཀྱི་བྱ་བ་རྒྱ་ཆེན་པོ་རྣམས་མཛད། དངུལ་གྱི་གདུང་ཁང་ཁྲུ་གང་པ། ལྷ་ཆེན། གསུང་རབ་མང་པོ་རྣམས་བཞེངས། དེ་རྗེས་མཁར་རྩེ་བ་ལ་ཛོང་ཟིས་དམག་དྲངས་པའི་བར་མཛད། དེ་ནས་སྟག་ལུང་དུ་ཕེབས་ནས་ཁྲིད་ཁ་གྲངས་མེད་པ་བཏབ་སྟེ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར། མཛད་སྤྱོད་རྣམ་ཐར་ཐམས་ཅད་བླ་མ་གོང་མའི་རྗེས་སུ་འཇུག །སྙན་པའི་གྲགས་པས་ཀྱང་ཕྱོགས་ཐམས་ཅད་དུ་ཁྱབ་པར་གྱུར་ཏོ། །གླིང་གསེབ་ཏུ་ཤ་མི་འགྲིམ་པའི་ཁྲིམས་ཀྱང་རིན་པོ་ཆེ་འདིས་མཛད། སྐབས་ཤེད་དུ་རྗེ་བཙུན་སྤྱི་ལྷས་པའི་གདན་ས་བ་འཕགས་པའི་སྤྲུལ་པར་གྲགས་པ་དེ་ལ་འབུལ་བ་དང༌། དགེ་འདུན་ལ་མང་ཇ་བསྐུར་བས་མནལ་ལམ་དུ་རིན་པོ་ཆེའི་པྲོག་ཞུ་རིགས་ལྔས་བརྒྱན་པ་ཅིག་དབུ་ལ་གསོལ་བ་རྨིས། བསྟན་པའི་བདག་པོར་དབང་བསྐུར་བའི་མཚན་ལྟས་དུ་མ་ལ་བརྟེན་ནས། སྤྱིར་བསྟན་པའི་དར་རྒྱས་དང༌། ཁྱད་པར་ཀུན་སྤངས་ནམ་མཁའ་དཔལ་བཟང་པོའི་ཐུགས་དགོངས་རྫོགས་པའི་ཕྱིར་དུ་དབུས་གཙང་གི་སྡེ་དགོན་ཐམས་ཅད་དུ་མང་སྐོལ་གྱི་རྣམ་བཞག་རྒྱ་ཆེན་པོ་མཛད། དེའི་ཕྱི་ཞིག་ནས་ལོ་བཞིར་སྐུ་མཚམས་ཤིན་ཏུ་དམ་པ་ལ་བཞུགས་ཏེ། ཏིང་ངེ་འཛིན་ལ་མཉམ་པར་བཞག་པས་ལྷོངས་ཆེན་པོ་བྱུང༌། དེ་ནས་ཆོས་རྗེ་ཀུན་བཀྲས་བ་རྭ་སྒྲེང་གི་བར་དུ་ཕེབས་པ་ལ་མཇལ། བདག་མེད་ལྷ་མོ་བཅོ་ལྔའི་དབང་ལ་སོགས་པ་དང༌། ལམ་འབྲས་དང་ནི་གུའི་སྐོར་མང་དུ་གསན་པའི་རྗེས་སུ་ཕག་མོ་གྲུ་པའི་ནང་ཟིངས་བྱུང་ནས། བར་སྐབས་སུ་འབུལ་བ་གནང་སྦྱིན་ཞལ་བརྡ་མང་དུ་མཛད། དེ་རྗེས་དབང་གྲགས་པ་རྒྱལ་མཚན་ལྷ་སར་ཕེབས་པའི་ཚེ་མཇལ་བ་ལ་ཕེབས། ཇོ་བོ་ལ་མར་ཁལ་སུམ་བརྒྱའི་དཀར་མེ། གསེར་སྲང་བཞིའི་ཞལ་གསེར། སྣམ་སྦྱར་དང་བླ་རེ་དང་མཎྜལ་ལ་སོགས་པའི་མཆོད་པ་རྒྱ་ཆེན་པོ་ཕུལ། དེ་རེས་ཡེར་པ་དང་འཚལ་ལ་སོགས་པར་བྱོན། སྟག་ལུང་ཐང་པའི་སྐུ་འདྲ་བཞེངས་ནས་སྒམ་པོར་སྤྱན་དྲངས། དྭག་པོའི་སྐུ་འདྲ་ལ་ན་བཟའ་གསེར་སྐོང༌། དེའི་སྐོང་རྒྱགས་ལ་སོགས་པ་བཙུགས། ཟངས་ལུང་དུའང་དཀར་མེ། ན་བཟའ། སྤྱན་སྔ་ཆོས་ཀྱི་སེང་གེ་བ་ལ་བེར་ཐུལ་ལ་སོགས་པའི་དགུ་ཚན་གྱི་འབུལ་བ། མང་ཇ་འགྱེད་དང་བཅས་པ་མཛད། སྔ་ཕྱིར་བྱང་རིས་དང་ཁམས་སྟོད་དུ་བྱོན་ནས་གཞན་གྱི་དུམས་མཛད་པ། འབུལ་བ་བཞེས་པ། ཆོས་གསུངས་པའི་རིམ་པ་ཡང་མང་དུ་ཡོད། སོག་པའི་འཇམ་དབོན་སེང་གེས་སྤྱན་དྲངས་པའི་རེས་ལ་ཞོར་ལ་སྐོང་དུ་ཕེབས་ནས། སྐོང་བའི་སྤྱན་སྔ་ནམ་མཁའ་དཔལ་རྩེགས་རྒྱལ་པོའི་བསྙེན་རྫོགས་ཀྱི་མཁན་པོ་མཛད། སྐབས་འདིར་རོང་པོ་ལ་འབྲི་ཁུང་པའི་ཛོང་ཇི་བསོད་ནམས་རིན་ཆེན་གྱིས་དམག་བྱས་ནས་སྟོད་མཐོན་པོར་དེད་པའི་བར་མཛད་པས་ཛོང་ཇིས་མ་ཉན། དེ་ནས་ཕག་མོ་གྲུར་ཕེབས་པ་ལ་བསམ་ཡས་སུ་ཕེབས་པའི་ཚེ་སྣེ་གདོང་ནས་སྔ་འདྲེན་བྱུང༌། རྟེན་གསུམ་ཐམས་ཅད་ལ་མཇལ། ཁྱད་པར་མཁན་པོའི་དབུ་ཐོད་ཐུགས་ཀར་གཟུང་ནས་ཡུན་རིང་བར་བཞུགས། དེ་རེས་མཆིམས་ཕུར་བྱོན་པས་ས་གཟར་སར་སྐུ་འཁོར་རྣམས་བགྲོད་དཀའ་བར་བྱུང་བ་ལ། རིན་པོ་ཆེ་ཉིད་ཞབས་ས་ལ་མ་རེག་པར་བཞུད་པ་མང་དུ་མཐོང༌། དེ་ནས་སྣེ་གདོང་དུ་ཕེབས་པའི་ཚེ་དབང་གྲགས་པ་རྒྱལ་མཚན་པས་ལྕང་གླིང་གྲུ་བཞི་ནས་བསུས། ཞག་བཞིར་བཞུགས། དངུལ་བྲེ་དང་གསེར་ཕོར་དང་ན་བཟའ་མང་པོའི་འབུལ་བ་བྱུང༌། ཁྲ་འབྲུག་དང་རྩེས་ཐང་རྣམས་སུའང་ཕེབས། ཚོང་འདུས་སུ་ཞག་གཅིག་བཞུགས་ནས་ཐེལ་དུ་ཕེབས། ཐེལ་བས་བསུ་བ་རྒྱ་ཆེན་པོ་མཛད་ནས་འཇག་སྤྱིལ་དུ་སྐུ་འདྲ་རིན་པོ་ཆེ་ལ་མཇལ་བའི་ཚེ་སྨོན་ལས་མང་དུ་མཛད་ཅིང་འདུག །སྐུ་འཁོར་རྣམས་ལ་བྱིན་རླབས་ཕེབས། ཉམས་འུར་བ་མང་པོ་བྱུང༌། སྤྱན་སྔ་བསོད་ནམས་གྲགས་པའི་དྲུང་དུ་འབུལ་བ་ཆེན་པོ་དང་མང་སྐོལ་ལ་སོགས་མཛད་ཅིང༌། ཐེལ་པས་ཀྱང་ཞབས་ཏོག་འབུལ་པ་བསམ་གྱིས་མི་ཁྱ་པ་མཛད། སྟག་ལུང་བྲག་མགོར་ཡང་ཕེབས། དེ་ནས་ཕྱིར་ལམ་ལྷ་ས་དང་གླང་ཐང་ལ་སོགས་སུ་བྱོན། ཁྱད་པར་དུ་རྒྱ་བྲག་ཏུ་ཕེབས་ནས་ཆོས་གསུངས་པས་མེ་ཏོག་གི་ཆར་རྡུལ་ནོན་ཙམ་དུ་བབ། འདིའི་སྐབས་སུ་ཆོས་རྗེ་དེ་བཞིན་གཤེགས་པ་ལ་རྒྱའི་གདན་འདྲེན་གྱི་ཏ་ཞིང་གིས་སླེབས། རྟོགས་ལྡན་ཤོ་ནག་རྒྱ་བོ་ཇ་འདོད་པ་དང༌། སྒོ་མོ་རིན་པོ་ཆེ་བཟང་དཔལ་བ་མར་འདོད་པ་རྣམས་མཁྱེན་ནས་བྱིན་པ་དང༌། ལྷ་ཆེན་བཞེངས་དུས་འདིར་བརྐོས་གསུང་ནས་བརྐོས་པས་རྡོ་ལུང་བྱུང་བ་དང༌། མཐིང་གི་བུམ་པའི་ལུང་ཐག་ཆད་པར་ཉེ་བ་མཁྱེན་པ་ལ་སོགས་པའི་མངོན་པར་མཁྱེན་པས་མཁྱེན་པའི་གསུང་དང་མཛད་པ་ཡང་གྲངས་ལས་འདས། སྐབས་ཤེད་དུ་ཤིན་ཏུ་མཉེལ་བ་ཅིག་བྱུང་ནས། སྐུ་རིམ་དུ་གསུང་རབ་ཀྱི་རྡུལ་སྤྲུག་ཀློག་འདོན་བཙུགས་དགེ་འདུན་ཕྱེད་དང་སུམ་བརྒྱས་ལོ་གསུམ་ན་ཚར། སྐབས་དེར་མངའ་རིས་བའི་འབུལ་བས་སླེབ། སྔོན་མེན་ཞང་གི་ཡུལ་ན་མི་རེ་ཤི་བའི་རོ་དང་ལྷན་དུ་གསོན་པོ་དྲུག་བདུན་རེ་བསྲེག་པའི་སྲོལ་ཡོད་པ་ལ་གཅུང་བྱ་བྲལ་བས་གྲུབ་རྟགས་མང་དུ་བསྟན་ནས་ལས་དེའི་འཕྲོ་ཤོལ་དུ་བཅུག་པས་ལོ་སུམ་ཅུར་བཅད། དེ་རྗེས་རྗེ་རིན་པོ་ཆེ་གོང་མས་རི་པ་ཅིག་བཏང་བས་ལོ་བཅུ་གཉིས་སུ་ཕུལ། ད་ཡང་མི་ཅིག་གཏོང་བར་ཞུ་ཟེར་བྱུང་བས། བླ་མ་འཇམ་དཔལ་སེང་གེ་བཏང་ནས་མེན་ཞང་གི་རྒྱལ་པོ་ཐ་གུར་ལ་ཆོས་བཤད། རྒྱལ་པོ་ལ་སྐུ་འདྲ། དབུ་ཞྭ་ལ་སོགས་པའི་གནང་བྱིན་མང་པོ་དང༌། བློན་པོ་བི་མ་ལ་དང་ཐིར་མ་ལེ་གཉིས་ལའང་གནང་བྱིན་བསྐུར་ནས་གསུང་བསྒྲགས་པས། རྒྱལ་པོ་དེ་ན་རེ། སྤྱིར་མར་གུལ་གུ་རུ་ནས་མེན་ཞང་གི་སྐྱབས་གནས་སྟག་ལུང་པ་ཡིན་ཟེར་ནས། མེ་འཁོར་ཟེར་བ་དེ་ཕུལ། སྨན་ལུང་པ་ཟེར་བ་ཅིག་ལའང་གསེར་མང་དུ་བྱིན་ནས་མེ་འཁོར་བླུས། རྒྱལ་པོ་ཉུངས་ཏི་རཏྣས་ཀྱང་ཕུལ། དེ་ནས་སྐབས་ཞིག་ཏུ་རྒྱལ་ཁམས་ལ་ཆག་སྒོ་ཡོང་གསུང་ནས། ཐམས་ཅད་ལ་རིམ་གྲོ་གྱིས་གསུང་ཞིང༌། དབང་གྲགས་པ་རྒྱལ་མཚན་པ་ལའང་རིམ་གྲོ་ཆེན་པོ་བསྐུལ། ནང་སོ་ནས་ཀྱང་སྐུ་རིམ་མང་དུ་མཛད་ནའང༌། ས་གཡོས་ཆེན་མོ་བྱུང་ནས་གཙུག་ལག་ཁང་གི་ཤར་སྒོའི་ཁང་པ་ཞིག །གླིང་གསེབ་ནས་སྤྱིལ་པོ་མང་དུ་འགྱེལ་བས་ཟླ་བ་ཕྱེད་དང་གཉིས་ཙམ་དུ་སྐུ་འབུམ་ལྟག་ཏུ་སྒར་མཛད་ནས་བཞུགས་པས། ཉེ་གནས་རྣམས་མེད་པའི་ཤུལ་དུ་རྣ་བ་ཁྱུ་ཆེན་པོ་ཅིག་གིས་སྐུ་མདུན་དུ་འོངས། ཁོང་རྣམས་ཕར་འདེད། ལ་ལས་ཕྱི་ནས་ན་བཟའ་ལ་ལྡག་བྱེད་པ་བྱུང༌། ཚུལ་ཁྲིམས་ཀྱི་དྲི་ངད་ཕུན་སུམ་ཚོགས་པ་སྐུ་མདུན་དུ་བཞག་པའི་སྤྱོད་པ་རྣམས་ལའང་བྲོ། མཚན་མོ་མར་མེ་ལ་བལྟས་དུས་གྲིབ་མའང་ཆེར་མི་འོང༌། སྒོ་མ་ཕྱེ་བར་ཕྱི་ནང་དུ་ཕར་ཏལ་ཚུར་ཏལ་དུ་འབྱོན་པའང་མཛད། མི་དཔོན་ཆེན་པོ་རྣམས་དང་རྒྱའི་ཏ་ཞིང་ལ་སོགས་པས་ཀྱང་སྐུའི་གཟི་མི་བཟོད་པར་ཞུམ་པར་གྱུར། སྤྱན་སྔ་རིན་པོ་ཆེ་བསོད་ནམས་བཟང་པོ་བ་གཤེགས་པའི་སྐུ་འདབ་ཀྱི་གྲལ་དབུ་ལ་ཕག་མོ་གྲུར་ཕེབས། གོང་མ་གྲགས་པ་རྒྱལ་མཚན་པས་རྡོ་མདའ་ནས་བསུ་བ་མཛད། ཐེལ་དུ་ཕེབས་ཉིན་ནམ་མཁའ་ལ་འཇའ་རྟ་བབས་ཀྱི་རྣམ་པར་ཡོད་པ་གསུམ། ཕྱེད་པ་བཞི་ལྔ་ཙམ་ཡོད་པ་བྱུང༌། དེ་རེས་ཞག་བཞི་བཞུགས་པའི་གཉིས་སོང་བའི་དྲོ་བཞེས་ལ་ཡང་དགོན་ནང་སོར་འབྱོན་ཁར་ཉི་མ་ཐམས་ཅད་དགེ་བ་ཡིན། རྒྱུ་སྐར་ཐམས་ཅད་བཟང་བ་ཡིན། ངེད་ལ་དེ་རིང་བྲེལ་བ་ཆེན་པོ་ཅིག་ཡོད་གསུང་ཞིང་བྱོན། དྲོ་བཞེས་གྲོལ་ནས་ཐུགས་དམ་ཅུང་ཞིག་གནང་ནས་དེ་རྗེས་གཟིམས་ཁང་དབེན་པ་ཞིག་ཏུ་ཇ་གྲབས་གྱིས། ཁྱེད་ཐེལ་པའི་མཁན་སློབ་དགོན་པ་གསར་རྙིང་ཐམས་ཅད་སོགས། ངེད་ཇ་འདྲེན་མཚོན་ཅིག་བྱེད་པ་ཡིན། ཆོས་རྗེ་བསོད་ནམས་རྒྱལ་མཚན་པ་ལ་བཞུགས་སྟན་མཐོན་པོ་བཤོམས་ལ། དེའི་སྟེང་དུ་ངེད་ཀྱི་སྟན་དམར་འདི་ཐིང༌། ངེད་རང་གི་ཕྱགས་ཕྱི་བ་ཚོས་ཁོང་བཞུགས་གདན་སྟེངས་སུ་གདན་དྲོངས་ལ་བཞུགས་སུ་གསོལ་གསུང་ནས་བཞུགས་པ་དང་འབུལ་བ་ཆེན་པོ་མཛད། སངས་རྒྱས་འཁོར་བ་འཇིག་གི་རྣམ་འཕྲུལ་མགོན་པོ་ཕག་མོ་གྲུ་པས་གནས་འདིར་སྐྱེ་འགྲོ་མཐའ་ཡས་པའི་དོན་མཛད། དེ་རྗེས་ཀྱུར་རིན་པོ་ཆེས་གདན་ས་བསྐྱངས། དེ་ནས་སྤྱན་སྔ་རིན་པོ་ཆེས་གདན་སར་བྱོན་པ་ནས། ད་ལྟའི་བར་དུ་གདུང་བརྒྱུད་དྲི་མ་མེད་པས་གདན་ས་བསྐྱངས། ད་རྒྱལ་ཚབ་ཁྱེད་ཀྱིས་མཛོད་ལ་གདུལ་བྱ་མཐའ་ཡས་པའི་འདྲེན་པ་མཛོད། གོང་མ་རྣམས་ལས་ཐུགས་རྗེ་དང་ཕྲིན་ལས་མི་ཆུང་བ་འོང་བ་ཡིན་གསུངས་པས། སྤྱན་སྔ་རིན་པོ་ཆེའི་གསུང་ནས་ཀྱང༌། བཀའ་བཞིན་སྒྲུབ་པར་ཞུ་གསུང༌། དེ་ནས་སྣེ་གདོང་དུ་ཕེབས་པ་ལ་ཉང་པོའི་ཤན་ཁར་ཤན་དང་སྐམ་གྱི་བར་ན་འདོམ་དོ་ཙམ་ཡོད་པ་ལ། ལ་ལས་ཆིབས་དང་བཅས་ནས་བཞུད་པར་མཐོང༌། ལས་ཆེན་རིན་རྒྱལ་བས་ཆིབས་བཤོལ་ནས་ཞབས་ཆུ་ལ་མ་རེག་པར་བཞུད་པ་མཐོང་བ་སོགས་མཐོང་སྣང་དུ་མ་བྱུང༌། དབང་གྲགས་པ་རྒྱལ་མཚན་པས་ཤན་ཁ་ནས་བསུས། ཞབས་ཏོག་དང་འབུལ་བ་ཆེན་པོ་མཛད་ནས་བྱ་ས་བར་དུ་སྐྱེལ་ཐུང་མཛད། ཕྱིས་ཕེབས་པར་ཞུས་པས། ད་མི་སླེབ་གསུང་ནས་ཕྱིར་ཕེབས། གོང་ནས་རྒྱལ་པོ་ཡེ་དབང་གིས་གུ་ཤྲཱིའི་ལས་ཀ།དངུལ་གྱི་ཐམ་ཁ་ཀའོ་མིང་དང་བཅས་པའི་གནང་སྦྱིན་མང་པོ་གནང་ནས་སླེབ། དེའི་ཕྱི་ཞིག་ན་སྐུ་གྲིབ་ལ་བརྟེན་པའི་བསྙུན་བློ་རྡེག་ཅིག་བྱུང་ནས་སྐུ་རིམ་དཔག་ཏུ་མེད་པ་མཛད། ཆོས་རྗེ་བྱང་ཆུབ་རྒྱ་མཚོ་བ་གདན་སར་བསྐོས། དེ་ནས་རེ་ཤིག་ན་དྭངས་སྐྱེད་ཆེ་བར་བྱུང༌། དེའི་དྭངས་ལུགས་ཞུས་པས། ངེས་འབྱུང་དྲག་པོ་ཅིག་ལ་བརྟེན་ནས་རླུང་སེམས་སྙིང་གར་འདུས་པ་དྷཱུ་ཏཱིར་ཚུད། དེས་རྐྱེན་བྱས་ནས་མདུན་གྱི་ནམ་མཁའ་ལ་རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར་དུ་བྱོན། དེའི་འོག་རིམ་ལ་ཡི་དམ་མང་པོ། དེ་དང་ཉེ་བར་སངས་རྒྱས་བྱང་སེམས་ཉན་རང༌། དེའི་འོག་ཏུ་དཔའ་བོ་དཔའ་མོ་ཆོས་སྐྱོང་དང་བཅས་པ་གསལ་བར་བྱུང༌། དེ་རྗེས་ཕྱག་རྒྱ་ཆེན་པོའི་ངང་དུ་གནས་པ་བྱུང་གསུང༌། སྟག་ལུང་ཐང་པ་ཆེན་པོ་ཉིད་སླར་བྱོན་པ་ཡིན་པར་ལན་གྲངས་དུ་མར་ཞལ་གྱིས་བཞེས། མགུར་ཆམ་གྱི་མཉེལ་གཞི་ཅིག་ལ་བརྟེན་ནས་དྲུག་ཅུ་རྩ་དྲུག་བཞེས་པ་ཤིང་ཕོ་འབྲུག་ལ་གཤེགས། གཤེགས་ཁར་གསོལ་བ་གང་དུ་འདེབས་ཞུས་པས། གཤེགས་རྫོངས་ཀྱི་ཉིན་འཇག་སྤྱིལ་སྟེང་གི་ནམ་མཁའ་ལ་འོང་བས་གསོལ་བ་ཐོབ། གཞན་བླ་མ་གོང་མ་རྣམས་ཀྱང་བཞུད་པས་དགའ་ལྡན་དུ་གསོལ་བ་ཐོབ་གསུང༌། ལྷའི་རོལ་མོའི་སྒྲ་སྣ་ཚོགས་གྲག་པ་དང༌། གཟིམས་ཁང་གི་སྟེང་དུ་འོད་དཀར་པོ་ཀ་བ་བཙུགས་པ་ལྟ་བུ་བྱུང་བ་ཀུན་གྱི་མཐུན་སྣང་དུ་གྱུར། གདུང་སྦྱངས་པས་དུང་གཡས་འཁྱིལ་བཞི་དང༌། ཐུགས་དང་རིང་བསྲེལ་མང་དུ་བྱོན། སྤུར་དུད་ཀྱིས་གར་ཁྱབ་ཏུ་མེ་ཏོག་གི་ཆར་འདབ་མ་བཞི་པའི་ཟེའུ་འབྲུ་རིང་བསྲེལ་ལས་བྱས་པའི་ཆར་བབ་སྟེ། ཚོགས་ཀྱི་དགེ་འདུན་རྣམས་ཀྱི་ཇ་ཕོར་ནང་དུ་བབ་ནས་ཀྱང་མང་དུ་བྱུང་ངོ༌། །ཆོས་རྗེ་བྱང་ཆུབ་རྒྱ་མཚོ་ནི། ཆུ་མོ་ལུག་གི་ལོ་ལ་འཁྲུངས། ཆུ་ལུག་འདི་ཆོས་རྗེ་བཀྲ་ཤིས་དཔལ་བརྩེགས་པའི་བཞི་བཅུ་རྩ་ལྔ་པ་ཡིན། རིན་པོ་ཆེ་འདི་ནི། དཔལ་མཁའ་སྤྱོད་པའི་གསུང་ལས། སྔོན་གྱི་འཕེན་པའི་ལྷག་མས་བྱང་ཕྱོགས་ཀྱི་རྒྱུད་བླ་མའི་གནས་སུ་སྤྱོད་ཅིང༌། དེའི་ཕྲིན་ལས་སྒྲུབ་པར་བྱེད་དོ་ཞེས་སྐུ་ཡལ་བའི་སློབ་མ་བཀྲ་ཤིས་གྲགས་པར་གྱུར་པའི་རྟེན་འབྲེལ་ལ་བརྟེན་ནས་དཔལ་མཁའ་སྤྱོད་པ་ཉིད་ཡིན་པའི་ངེས་པ་དུ་མ་ཡོད་དོ་ཞེས་ཟེར་རོ། །ཉི་ཤུ་རྩ་གཉིས་བཞེས་པ་ཤིང་ཕོ་འབྲུག་ལ་གདན་སར་ཕེབས། ལྕགས་ཕོ་ཁྱིའི་བར་དུ་ལོ་ངོ་བདུན་གདན་ས་མཛད། དེ་ནས་ཀུན་སྤངས་མཛད་དེ་ས་སྟོད་སྨད་ཐམས་ཅད་དུ་བྱོན་ནས་གཞན་དོན་བསྐྱངས། གཟིམས་ཁང་གཟིམས་སྤྱིལ་དུ་མཛད། མཐར་ཀོང་པོ་ནས་རིམ་པས་བརྒྱུད་དེ་མདོ་ཁམས་སུ་བྱོན་ནས་གདུལ་བྱ་དཔག་ཏུ་མེད་པ་བསྐྱངས། ཞེ་དྲུག་བཞེས་པ་ས་ཕོ་འབྲུག་ལ་མདོ་ཁམས་སུ་གཤེགས། ཆོས་རྗེ་བཀྲ་ཤིས་དཔལ་འོད་པ་ས་ཕོ་བྱི་བ་ལ་འཁྲུངས། ཉི་ཤུ་རྩ་གསུམ་བཞེས་པའི་ལྕགས་ཁྱི་ལ་གདན་སར་བྱོན། ལོ་ངོ་སུམ་ཅུ་རྩ་གཅིག་གི་བར་དུ་གདན་སར་བཞུགས། རང་ལོ་ལྔ་བཅུ་རྩ་གསུམ་བཞེས་པ་ལྕགས་འབྲུག་ལ་གཤེགས། ཆོས་ཀྱི་རྗེ་རིན་པོ་ཆེ་ངག་དབང་གྲགས་པ་དཔལ་བཟང་པོ་ནི། ས་ཕོ་ཁྱི་ལ་འཁྲུངས། སྐྱེས་བུ་དམ་པ་དུ་མ་ལ་བསྙེན་ནས་ཕ་རོལ་དུ་ཕྱིན་པ་དང་རྒྱུད་སྡེའི་གསན་པ་མང་དུ་མཛད། སྒྲུབ་བརྒྱུད་ཀྱི་གདམས་པ་མང་དུ་གསན། ཁྱད་པར་གཙང་ཕྱོགས་སུ་བྱོན་ནས་ཐམས་ཅད་མཁྱེན་པ་ཆོས་ཀྱི་རྒྱལ་པོ་ལ་སོགས་པའི་སྐྱེས་བུ་དམ་པ་མང་དུ་བསྟེན། དཔལ་མོ་ཆོས་སྡིངས་དང་ལ་ཕྱི་ལ་སོགས་པའི་གནས་མང་པོར་བཞུགས། སྙན་པའི་གྲགས་པས་ཕྱོགས་ཐམས་ཅད་དུ་ཁྱབ། དགུང་ལོ་བཞི་བཅུ་རྩ་བཞི་བཞེས་པ་ལྕགས་མོ་སྦྲུལ་ལ་གདན་སར་ཕེབས། ནང་གི་མཁྱེན་པ་དང་ཐུགས་དམ་ཐམས་ཅད་ལ་འགྲན་པའི་ཟླ་ནི་མེད། གཙུག་ལག་ཁང་ཆེན་པོའི་ཞབས་ཏོག་འཛིན་ཚུགས་ཐམས་ཅད་ཀྱང་ཁྱད་པར་དུ་འཕགས་པ་མཛད། དགེ་འདུན་གྱི་སྡེ་ཆེན་པོ་ཡང་དར་རྒྱས་སུ་གྱུར། དཔལ་སྟག་ལུང་ཐང་པའི་འཇིག་རྟེན་ཕྱོགས་ཀྱང་ཆོས་རྗེ་རིན་པོ་ཆེ་འདིའི་རིང་ཁོ་ན་དར་རྒྱས་ཆེ། མ་གི་ལྗང་གི་རྒྱལ་ཁམས་ཡན་ཆད་དུ་བྱ་བ་ཐམས་ཅད་བཞུགས་སྟན་མནན་པ་ཉིད་ཀྱིས་འགྲུབ། སྡེ་སྣོད་འཛིན་པ་ཐམས་ཅད་ཀྱང་ཞབས་དྲུང་དུ་ལྷགས་པ་ན་མཁྱེན་པའི་གཏིང་མི་དཔོགས་པར་ཞུམ། འཕྲལ་གྱི་མཛད་སྤྱོད་རྣམ་ཐར་ནི་བཟང༌། ཕྱི་ནང་ཐམས་ཅད་ནོར་ལོངས་སྤྱོད་ཀྱིས་ནི་གང༌། ལྷ་ཆེན་བཞེངས་པ་དང་སྦྱིན་གཏོང་རྒྱ་ཆེན་པོ་མཛད་པ་ལ་སོགས་པའི་མཛད་པ་རྣམས་ནི་བསམ་གྱིས་མི་ཁྱབ་པ་མཛད་ནས། དབོན་རིན་པོ་ཆེ་དགུང་ལོ་བཅུ་གསུམ་བཞེས་པ་ཅིག་གདན་སར་བཞུགས་སུ་བཅུག །ཆོས་རྗེ་རིན་པོ་ཆེ་ཉིད་ཀུན་སྤངས་མཛད་ནས་ཞབས་བརྟན་པར་བཞུགས། ཆོས་ཀྱི་རྗེ་རིན་པོ་ཆེ་བཀྲ་ཤིས་དཔལ་བ་ནི་ལྕགས་མོ་སྦྲུལ་ལ་བྱེ་མར་འཁྲུངས་ནས་ཆོས་རྗེ་རིན་པོ་ཆེ་ལས་བཀའ་བརྒྱུད་ཀྱི་ཆོས་མ་ལུས་པར་གསན། དགུང་ལོ་བཅུ་གསུམ་པ་ལ་གདན་སར་ཕེབསསོ། །དེ་ལ་སྤྱིར་བོད་གངས་ཅན་གྱི་རྒྱུད་འདིར། ལྷ་སའི་རྡོ་རིངས་ཀྱི་ཡི་གེ་ལས། འཕྲུལ་གྱི་ལྷ་བཙན་པོ་འོད་ལྡེ་སྤུ་རྒྱལ་ཡུལ་བྱུང་ས་དོང་ཚུན་ཆད་གདུང་མ་འགྱུར་བར་བོད་ཀྱི་རྒྱལ་པོ་ཆེན་པོ་ཆེན་པོ་མཛད་ཅེས་པ་ལྟར། རྗེ་གཉའ་ཁྲི་བཙན་པོ་འདོ་ལྡེ་ནས་རལ་པ་ཅན་ཡན་ཆོད་དུ་རྒྱལ་རབས་བཞི་བཅུ་རྩ་གཉིས་སུ་གདུང་མ་འགྱུར་བར་བོད་འབངས་ཐམས་ཅད་བསྐྱངས་པས། གདུང་རབས་རྒྱུན་རིང་ཞིང་ཤིན་དུ་བཀའ་དྲིན་ཆེ། ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྦྱིན་བདག་མཛད། མཁན་ཆེན་ཞི་བ་འཚོས་མཁན་པོ་མཛད་དེ། སད་མི་མི་བདུན་ལ་སོགས་པ་རབ་ཏུ་བྱུང་ནས་རབ་ཏུ་བྱུང་བ་ཐམས་ཅད་སྐྱོན་མེད་པའི་ཚུལ་ཁྲིམས་དང་ལྡན། ཐམས་ཅད་ཀྱང་མཁས་པའི་ཡོན་ཏན་གྱིས་སྡེ་སྣོད་གསུམ་ག་འཆད་པར་ནུས་པ་བྱུང་མོད་ཀྱི། དར་མས་བསྟན་པ་བསྣུབས་པས་རབ་ཏུ་བྱུང་བའི་བསྟན་པ་ལོ་དྲུག་ཅུ་རྩ་བདུན་ཙམ་ལས་མ་གནས། དེ་ནས་ལོ་བདུན་ཅུ་ལྷག་གི་བར་དུ་དབུས་གཙང་རྣམས་ཕན་ཚུན་འཐབ་རྩོད་ཀྱིས་གང་ཞིང་དགེ་འདུན་གྱི་སྡེ་མེད། དེ་ནས་བླ་ཆེན་པོའི་དྲིན་དང་དབུས་གཙང་མི་དྲུག་གམ་བཅུའི་དྲིན་གྱིས་དགེ་འདུན་གྱི་སྡེ་མང་དུ་འཕེལ་ནའང༌། སྡེ་ཕན་ཚུན་གྱི་རྩོད་པ་དང་དུས་ཕྱིས་ཧོར་དམག་གིས་རྭ་སྒྲེང་དུ་དགེ་འདུན་ལྔ་བརྒྱ་བཀྲོངས་པ་དང༌། རྒྱལ་དུ་མི་རྟ་ལྔ་བརྒྱ་ཙམ་བསད་པ་སོགས་མཐོ་དམན་མང་དུ་བྱུང༌། ཕྱིས་བླ་མ་འཕགས་པའི་སྐུ་དྲིན་གྱི་ས་སྐྱ་པས་དབུས་གཙང་ཁམས་གསུམ་གྱི་བདག་མཛད། འོན་ཀྱང་གདུང་བརྒྱུད་ནང་གི་ཆགས་སྡང་ལ་བརྟེན་ནས། བསྟན་པ་ལོ་བདུན་ཅུ་རྩ་ལྔ་ཙམ་ལས་མ་བྱུང༌། ཡང་རྗེ་དྭགས་པོའི་སློབ་མ་ཡང་སློབ་ལ་སོགས་པས་སོ་སོར་སྡེ་ཆེན་པོ་བཙུགས་པ་ལ། གདན་ས་ཐེལ་དུའང་འགྲོ་བའི་མགོན་པོ་གཤེགས་རྗེས་ནས་ཡུན་རིང་དུ་གདན་ས་བ་མེད་པས་མྱགས་པར་བྱུང༌། བོད་ཀྱི་ཡུལ་འདིར་གནས་གཅིག་ཏུ་དགེ་འདུན་གྱི་སྡེ་བཙུགས་པ་འབྲི་ཁུང་ཐེལ་ཆེ་བ་ཡིན། དུས་ཕྱིས་ས་སྐྱ་པས་དགོན་པ་ལ་མེ་བཅུག །གཙུག་ལག་ཁང་དང་རྟེན་ཐམས་ཅད་བསྲེགས་ཏེ་ཉམ་ཉེས་མང་དུ་བྱུང༌། སྟག་ལུང་པ་ནི་དང་པོར་སྟག་ལུང་ཐང་པས་དགོན་པ་བཏབ་པ་ནས་དིང་སང་གི་བར་བླ་རབས་མང་དུ་བྱོན་པ་ལ་གཙུག་ལག་ཁང་དང་དགེ་འདུན་གྱི་སྡེ་ཕུན་སུམ་ཚོགས་པ། དིང་སང་བར་དུ་སུའི་ཡང་གནོད་འཚེ་མེད་དེ། ཧོར་དམག་གི་འཇིགས་པ་ཆེན་པོ་བྱུང་དུས་ཀྱང་དམག་རྣམས་ཕོད་མདོའི་མདུན་ལ་འགྲིམས་པ་ལ། སྟག་ལུང་པ་ལ་གནོད་པ་ཅུང་ཟང་ཀྱང་མེད། དུས་ཕྱིས་འབྲི་ཁུང་པས་ལྷ་སྡེ་མི་སྡེ་གཉིས་ཀའི་དཔུང་གིས་རྩ་ཐང་གི་ཐང་ཆེན་པོ་དེ་ཁེངས་པ་ལ་སྟག་ལུང་པའི་བརྒྱ་ལྷག་ཅིག་གིས་ཤིན་ཏུ་ཕམ་པར་བྱ། མདོར་ན་ཆོས་སྡེ་ཚུགས་ནས་དིང་སང་གི་བར་དུ་ལོ་ཤིན་ཏུ་མང་བར་སོང་ཀྱང་གླིང་གསེབ་ཏུ་བུད་མེད་ཀྱིས་མིག་བལྟ་བར་དཀའ་བའི་ཆོས་ཁྲིམས་དང༌། ཉམས་ལེན་གྱི་ཚུགས་ཁ་མ་ཞིག་པ་འདི་ནི་འགྲན་ཟླ་དང་བྲལ་བ་ཡིན་ཏེ། དེ་ནི་བླ་མ་རིམ་པར་བྱོན་པ་རྣམས་གྲུབ་པ་ཐོབ་པ་ཤ་སྟག་བྱོན་པའི་བྱིན་གྱི་རླབས་སུ་རིག་པ་བྱ་ལ། བླ་མ་དེ་རྣམས་ཀྱང་རྟེན་འབྲེལ་སྒྲིག་པ་ལ་ཤིན་ཏུ་མཁས་པས་སྡེ་ཚུགས་ཤིན་ཏུ་རིང་བར་གནས་པ་ཡིན་ནོ་སྙམ་དུ་བསམསསོ། །དེ་ཡང་ཆོས་སྡེ་འདི་དང་པོ་ལྕགས་ཕོ་བྱི་བའི་ལོ་ལ་བཏབ་པ་ནས་བརྩམས་ཏེ། དིང་སང་གི་མེ་ཕོ་སྤྲེའུ་ཡན་ལ་ལོ་ཉིས་བརྒྱ་དང་དགུ་བཅུ་རྩ་བདུན་འདས་པ་ཡིན་ནོ། །སངས་རྒྱས་དབོན་ནི། སངས་རྒྱས་ཡར་བྱོན་གྱི་ལོ་བཞི་བཅུ་རྩ་དགུ་པ་ལྕགས་མོ་ཕག་ལ་མདོ་ཁམས་སུ་འཁྲུངས། ཡབ་ཡུམ་གྱིས་ཆུང་ངུའི་དུས་ནས་ཁྲིད་བྱོན་ཏེ་གླང་ལིང་ལའི་ནང་ཁོངས་སུ་ཕེབས་པ་ན། ཞབས་ལ་ཟོམ་པ་ཆུང་ངུ་ཅིག་གྱོན་ནས་ཁ་བའི་ཐོག་ཏུ་བྱོན་པ་ཁ་བ་ལ་སོར་མོའི་རྗེས་མ་འདྲེས་པར་དོད་པ་ཡང་མཛད། འདི་རྗེ་སྒམ་པོ་བའི་སྐུའི་སྐྱེ་བ་ཡིན་ཏེ། ཆོ་འཕྲུལ་མང་པོ་བསྟན་པའི་ཐོག་མ་ནི་ཞབས་རྗེས་དེར་སྣང༌། ཕྱིས་གྲོང་པའི་བྱིས་པ་ཟླ་བོ་རིལ་ཤིང་འཐུར་སོང་བ་དེ་རྣམས་དང་འདྲ་བའི་བྱིས་པ་མང་པོ་སྤྲུལ། རྩེད་མོ་རྩེ་བ་ཡང་མཛད་སྤྲས་སུ་བུ་མོ་གཞོན་ནུ་མ་འགའི་རྒྱན་ཆ་འཕྲོག་པ་མཛད་པས་སྐྱེས་པ་མང་པོས་འདེད་པར་བརྩམས་པ་ན། བར་དུ་མཚོ་ཆེན་པོ་ཞིག་སྤྲུལ་པས་འོང་མ་ནུས། དེ་ལ་སོགས་པ་བྱིས་པའི་དུས་ཀྱི་ཆོ་འཕྲུལ་གྱི་མཛད་པ་ཤིན་ཏུ་མང༌། དགུང་ལོ་བཅུ་གསུམ་ལ་སངས་རྒྱས་ཡར་བྱོན་གྱི་སར་རབ་ཏུ་བྱུང༌། སངས་རྒྱས་ཡར་བྱོན་ལ་བཀའ་བརྒྱུད་ཀྱི་ཆོས་མ་ལུས་པ་དང༌། འགྲོ་བའི་མགོན་པོ་ཕག་མོ་གྲུ་པ་ནས་བརྒྱུད་པའི་སྟག་ལུང་པ་ལ་སྙན་བརྒྱུད་འབའ་ཞིག་ཏུ་བཞུགས་པ་རྣམས་ཀྱང་ལེགས་པར་གསན། གཞན་སྡེ་སྣོད་དང་རྒྱུད་སྡེ་ལ་འདི་མི་མཁྱེན་བྱ་བ་མེད་དེ། མཁན་པོ་ཐང་སག་པ་ལ་སོགས་པ་ལ་དབུ་མའི་འགྲེལ་པ་ཆེན་མོ་རྣམས་ལེགས་པར་གསུངས་པ་དང༌། གཞན་དོན་དུ་གཉེར་བ་ལ་གསང་བ་འདུས་པའི་འགྲེལ་པ་སྒྲོན་མ་གསལ་བ་ལ་སོགས་པ་མང་དུ་གསུངས། མཚན་ནི་གྲགས་པ་དཔལ་ཞེས་བྱ། སངས་རྒྱས་ཡར་བྱོན་གཤེགས་ཁར་གདན་ས་གཏད། སྤྱིར་སངས་རྒྱས་ཡར་བྱོན་དེས་སྐུ་མཚམས་འབའ་ཞིག་མཛད་པ་ལ། འཕགས་པ་བྱོན་པས་ཚོགས་སུ་བྱོན་ནས་འཕགས་པ་དང་མཇལ། དེའི་དུས་སུ་དབོན་པོ་མངྒ་ལ་གུ་རུ་འཕགས་པ་ལ་གཏད་གཉེར་བཅོལ། མངྒ་ལ་གུ་རུ་ལ་ཡང་སངས་རྒྱས་ཡར་བྱོན་ཉིད་ཀྱི་གདན་ས་མཛད་དགོས་པའི་རྒྱུ་མཚན་མང་དུ་གསུངས། གཉིས་པོ་བླ་མའི་གདན་ས་ལ་ཐུགས་མི་མཐུན་པ་ལྟར་གྱུར། བླ་མ་འཕགས་པས་མང་གུར་བའི་བདག་གཉེར་མཛད་པས། སངས་རྒྱས་དབོན་གདན་ས་ལོ་གཅིག་མཛད་ནས་ཁམས་སུ་བཞུད་དགོས་པར་བྱུང་སྟེ། སྟག་ལུང་ཆོས་རྗེའི་བསིལ་ཁང་ནང་གི་རྣམ་སྣང་སྐམ་པོ་ལ་སོགས་པ་ཡང་ཀོ་ཐུམས་མཛད་དེ་བསྣམས། གཞན་རྟེན་ངོ་མཚར་ཅན་རྣམས་དང༌། རྗེ་བཙུན་མི་ལའི་ཕྱག་མཁར་དང༌། ཞལ་སྐྱོགས་ཡོད་པའང་བསྣམས། ས་སྐྱ་པའི་གསེར་ཡིག་པས་ཕྱག་མཁར་དང་ཞལ་སྐྱོགས་གཏོང་དགོས་བྱས་པ་ལ་མ་གཏད་པས་གསེར་ཡིག་པས་བློ་གྲོས་བཏོན་ནས། ང་ལ་ཐོད་པ་ཅིག་དང་ཡོག་པ་ཅིག་བླང་དང༌། ངས་དེ་ཁ་ཡིན་བྱ་ཡིས་ཟེར་བ་ལ། དཔོན་གྱིས་དེ་མི་བྱེད་ད་གཟོད་གཉི་ག་ལ་ཡིད་མི་ཆེས་པ་ཅིག་འོང་བ་ཡིན་གསུང༌། ཕྱགས་ཕྱིར་ཡོད་པའི་དགེ་འདུན་རྣམས་ཀྱིས་ཀྱང་གཏོང་བ་འཐད་ཞུས་པས། སངས་རྒྱས་ཡར་བྱོན་གྱི་གསུང་གིས། འདི་རྣམས་དང་མ་ཤི་བའི་བར་དུ་འགྲོགས་གསུང་པ་ཡོད། དེ་ལྟ་ཡིན་ན་ཁོ་བོ་འཆི་བ་ཡིན་གསུང་ནས་བསྙུང་བར་གྱུར་པ་ལ། གསོལ་བ་དྲག་ཏུ་བཏབ་པས་ལྷོགས། དེ་ནས་ཁམས་སུ་བྱོན་ནས་མི་ཕོ་བྱི་བའི་ལོ། རང་ལོ་ཉི་ཤུ་རྩ་དྲུག་པ་ལ་རི་བོ་ཆེ་བཏབ། དིང་སང་གི་བར་དུ་ཁམས་ན་ཆེ་བའི་སྡེ་ཆེན་པོ་དེ་བྱུང་བས། སངས་རྒྱས་ཡར་བྱོན་གྱིས་ཀྱང་མཐའ་དབུས་ལེགས་པར་གཟིགས་ནས་དབོན་པོ་གཉིས་ཀ་ལ་གདན་སའི་ཞལ་བརྡ་གནང་བ་ཡིན་ནམ་སྙམ་མོ། །རང་ལོ་བཞི་བཅུ་རྩ་དྲུག་པ་མེ་ཕོ་སྤྲེའུ་ལ་གཤེགས། དོ་པ་དར་མ་ཤེས་རབ་ནི། སངས་རྒྱས་ཡར་བྱོན་གྱི་ལོ་ཉེར་དྲུག་པ་ས་ཕོ་བྱི་བ་ལ་འགོད་དེ་དོར་རར་འཁྲུངས། སངས་རྒྱས་ཡར་བྱོན་གྱི་ཞབས་ལ་གཏུགས་ནས་གདམས་པ་རྣམས་གསན། ཁོ་རང་གི་གསུང་ལས་སངས་རྒྱས་ཡར་བྱོན་ཨི་ནྡྲ་བུདྡྷིར་གྱུར་པའི་དུས་ནས་མཇལ་ནས་སྐྱེ་བ་མང་པོར་རྗེས་སུ་གཟུང༌། ད་ལན་བཀའ་དྲིན་རྫོགས་པར་ཐོབ་ཅེས་གསུང༌། དྲུག་ཅུ་རྩ་གཅིག་ལ་སྐོང་དགོན་བཏབ། རང་ལོ་བརྒྱད་ཅུ་རྩ་གསུམ་ལ་གཤེགས། འདི་ཡང་ཕྱག་རྒྱ་ཆེན་པོའི་ལམ་ལ་མངའ་བརྙེས་པ། བཀའ་ལུང་ཙམ་གྱི་ཆོས་སྐྱོང་བསྐུལ་བར་ནུས་པས། ཨ་ཙ་ར་པ་ཤིས་འདམ་དུ་སླེབ། རྟ་གཡོག་བསྐུལ་བ་ལ་སྤྲེའུ་མང་པོའི་རྟ་གཡོག་བཀྱེ། དང་པོར་དབོན་པོ་ཁོ་ན་ལ་དད་པས་འབུལ་བ་རྣམས་ཀྱང་རི་བོ་ཆེར་སྐྱེལ། མངྒ་ལ་གུ་རུ་ལ་ཅུང་མི་དད། ཕྱིས་འདི་ཡང་གྲུབ་ཐོབ་ཏུ་འདུག་གསུང་ནས་འབུལ་བ་སྔ་ཕྱི་མང་དུ་མཛད་དོ། །དེའི་དབོན་པོ་མངྒ་ལ་རཏྣ། དེ་རྗེས་མཉམ་མེད་གྲགས་པ་རྒྱལ་པོ། སྐྱེས་མཆོག་ནམ་མཁའ་སྙིང་པོ། ནམ་མཁའ་དཔལ་བརྩེགས་རྒྱལ་པོ། །དཔལ་བརྩེགས་རྒྱ་མཚོ། དཔལ་བརྩེགས་བཟང་པོ་རྣམས་གདན་སའི་རིམ་པའོ། །སྟག་ལུང་པ་སློབ་མ་དང་བཅས་པའི་སྐབས་སོ། ། ། ༨.༡༤ གཡམ་བཟང་པའི་སྐབས། འགྲོ་མགོན་གྱི་བུ་ཆེན་ཟྭ་རའི་སྐལ་ལྡན་ཡེ་ཤེས་སེང་གེ་ནི། སྐྱེ་བ་སྔ་མ་ཁམས་སུ་ཙི་ཕུག་ཅེས་བྱ་བར་སྐྱེས་པའི་ཚེ་མིང་ཙོལ་བ། རུས་ཀླད་རུ་ཡིན། དེའི་ཚེ་ཡུམ་ནི་དམར་གཟའ་པདྨ་ཞེས་བྱ། དེའི་དུས་སུ་བལ་བོད་མཚམས་ནས་བྱོན་པའི་རྣལ་འབྱོར་པ་བདེ་མཆོག་མཁན་པོ་ཞིག་ཡོད་པ་དེས་དབང་བསྐུར། རྣལ་འབྱོར་པ་དེ་ལ་ཇོ་མོ་ཅིག་དང་གཡོག་པོ་ནག་པོ་ཅིག་ཡོད་པ་ཡང་ཁོང་ལ་གནང༌། ཡུལ་དེ་ན་མི་སྤུན་ལྔ་ཡོད་པའི་ལྔ་ཚིགས་ཀྱིས་ཁོང་གི་ཇོ་མོ་འཕྲོག །ཁོང་རང་གསོད་དུ་བྱུང་བས་བྲེད་ནས་མཛོད་ཕུགས་སུ་ཉལ་བས། གཡོག་ནག་པོ་དེ་ན་རེ། བྲེད་མི་དགོས་ངས་རུག་གེ་བསད་པས་ཆོག་ཟེར། ཁོའི་ལག་པའི་མཐིལ་ན་རལ་གྲིའི་མཚན་མའང་ཡོད། དེ་ནས་རུག་གེ་བསད། ངེས་པར་དབང་བསྐུར་བའི་སློབ་དཔོན་དེ་བདེ་མཆོག་དང༌། ཇོ་མོ་དེ་ཌཱ་ཀི་མ་དང༌། གཡོག་པོ་ནག་པོ་དེ་དཔལ་མགོན་པོ་ཡིན་པར་གདའ། ཞེས་ཟྭ་ར་བ་ཉིད་ཀྱིས་གསུངས། ཟཱ་ར་བ་སྐུ་ཚེ་འདིར་མོན་འགར་དུ་འཁྲུངས། གཞོན་དུས་ར་འཚོ་བའི་ཚེ་རི་ཁ་ནས་ཕག་མོ་གྲུ་པའི་དགོན་པའི་རི་མཐོང་བ་ཙམ་གྱིས་སྒོམ་རང་བྱུང་དུ་ཤར། སྒོམ་ཆེན་གཉིས་ཀྱིས་སྒོམ་གྱི་གླེང་སློངས་བྱས་པས། དེ་སྒོམ་ཡིན་ན་ངས་ཀྱང་སྒོམ་ཤེས་པར་འདུག་སྙམ་ནས། དགོན་པར་བྱོན་ནས་འགྲོ་མགོན་དང་མཇལ་བས། ཞལ་ནས། ཁྱོད་ཚེ་སྔ་མ་སྒོམ་ཆེན་བཟང་པོ་ཅིག་ཡིན་པར་འདུག་པ་ལ་དམ་ཚིག་གི་སེལ་ཅིག་ཡོད་པར་འདུག །སྒོམ་ཆེན་བཟང་པོ་ཡིན་པས་མའི་ལུས་ལ་ཡོད་པའི་ཚེ་ཡང་མའི་ལུས་སེམས་བདེ་བ་དང༌། ཁྱོད་རང་ལ་སྒོམ་རང་བྱུང་དུ་ཤར་བ་ཡིན། དམ་སེལ་ཡོད་པའི་རྟགས་སུ་ཁ་བུབ་མིན་པ་ཉལ་མི་ཤེས་པ་ཡིན་གསུང་ནས། ངོ་སྤྲོད་ཅིག་བཏབ་པས་རྟོགས་པ་ཁྱད་པར་ཅན་འཁྲུངས། མིང་ཡང་སྐལ་ལྡན་ཡེ་ཤེས་སེང་གེར་བཏགས། དུས་ཕྱིས་གྲ་རབས་སུ་ཟྭ་ར་དགོན་པ་བཏབ། གཟིམས་ཁང་གི་བླ་རྫམ་གྱི་རྩིག་ངོས་ལ་ཁོང་རང་གི་སྐྱེས་རབས་མང་པོ་ཡང་བྲིས། གདན་ས་ཕག་མོ་གྲུར་ཡང་སྤྱིལ་མོ་ཆེ་རྩིག་པ་སོགས་གུས་ཞེན་ཆེ་བར་མཛད། དེའི་སློབ་མ་གཡམ་བཟང་ཆོས་རྗེ་ནི། དེས་རྗེས་སུ་གཟུང་བ་ཡིན་ཏེ། དེ་ཡང་ཡབ་སྤྲང་མོ་ལྕམ་དང༌། ཡུམ་ཞང་ལྕམ་འབུམ་སྐྱིད་བྱ་བ་མཁའ་འགྲོ་མ་ཡིན་པ་ཞིག་གི་སྲས་སུ་ས་མོ་གླང་གི་ལོ་ལ་གཙང་ཞལ་གྱི་དམར་མོར་འཁྲུངས། གཞོན་པའི་དུས་བྱ་ཞིང་དུ་སྐྱལ་བ་ལ་དཀོན་མཆོག་མཆོད་པ་ལ་མཁས་པ་ཅིག་བྱུང༌། གནས་པོ་ན་རེ། ཁྱོད་རང་བཙུན་པ་བྱས་ན་འཐད་པར་འདུག་ཟེར་བས། སྒྲིན་མཁན་པོ་ཆོས་སྟོན་བྱ་བ་གཙང་བ་ཅིག་ལ་རབ་ཏུ་བྱུང༌། མཚན་ཆོས་སྨོན་ལམ་དུ་བཏགས། དེ་ནས་འཆང་དཀར་དུ་སློབ་དཔོན་རྣམས་ལ་འདུལ་བ་དང་བཀའ་གདམས་གསན། དེ་དུས་སྒོམ་རང་འཁྲུངས་སུ་བྱུང་བས། སློབ་དཔོན་ན་རེ། བཙུན་ཆུང་འདི་ལ་ཏིང་ངེ་འཛིན་བཟང་པོ་འདུག་གསུང༌། དེ་ནས་དགེ་སློང་མཛད་པར་དགོངས་ཏེ་རྒྱ་དུར་དགོན་པར་དགུང་ལོ་བཅོ་བརྒྱད་པ་ལ་མཁན་པོ་ཀླུབས་དཀར་དང༌། སློབ་དཔོན་གོང་གད་པ་གཉལ་དར་མ་གཟི་བརྗིད། གསང་སྟེ་བ་སློབ་དཔོན་མེ་ཆར་ལ་ཞུས་ཏེ་བསྙེན་པར་རྫོགས། ལོ་ལྔ་དྲུག་གི་བར་དུ་མཁན་པོའི་དྲུང་དུ་བཞུགས་ནས་འདུལ་བ་མཁས་པར་བསླབས་པས་བསྣུབས་འདུལ་བ་འཛིན་པར་གྲགས། ལོ་ཉི་ཤུ་རྩ་གཉིས་པ་ལྕགས་ཕོ་ཁྱིའི་ལོ་ལ་སྟེང་བ་ལོ་ཙཱ་བ་གཤེགས་པའི་འདད་དང༌། ལྟད་མོ་བྱས་ལུགས་རྣམས་དེར་ཕྱིན་པ་རྣམས་བོས་ཀྱང་གསལ་བར་གཟིགས་པའང་བྱུང༌། དགུང་ལོ་ཉི་ཤུ་རྩ་ལྔ་ལ་ཉི་ཟླ་སྒང་དུ་སློབ་དཔོན་གྱི་ཆོས་བཞི་བྱུང་བའི་ཚེ་ཞར་ཆོས་པ་མཛད་ནས་མདོ་རྩ་བ་ཐུགས་ནས་གསུངས། མཁན་པོ་ལ་ཕལ་པོ་ཆེ་སྤོང་བརྒྱད་མ་ཅིག་དང༌། ཁྲབ་བཟང་བ་ཅིག་གིས་སྣ་དྲངས་པའི་འབུལ་བ་ཕུལ་བས་མཁན་པོ་མཉེས། ཁྱོད་ལ་སྐྱེ་བ་འདི་ལ་ཆོས་མང་པོ་བསྡུད་པ་ཅིག་འོང་གསུང༌། དགུང་ལོ་ཉི་ཤུ་རྩ་བརྒྱད་པ་ལ་དགེ་འདུན་བྱ་ཞིང་པའི་གཉེར་བཟང་བ་ཅིག་མཛད། ལོ་དེ་ལ་མཁན་པོ་ཀླུབས་དཀར་གཤེགས་པས་མྱ་ངན་སྐྱེས་པའི་སྐྱོ་བསངས་ལ་བོས་རི་བ་དང་འགྲོགས་ཏེ་གྲར་ཕེབས་པའི་ཚེ། ཟྭ་ར་ན་སྐལ་ལྡན་ཡེ་ཤེས་སེང་གེ་བྱ་བ་སངས་རྒྱས་དངོས་ཅིག་བཞུགས། སྦྲང་མས་གདུགས་ཕུབ། ཕག་མོ་གྲུ་པའི་བུ་ཆེན་ཡིན་ཟེར་བ་གསན་ནས་དད་པ་སྐྱེས་ནས་ཟྭ་རར་བྱོན་པས། ཞལ་མཇལ་བ་ཙམ་གྱིས་བླ་མའི་ཐུགས་དང་གཉིས་སུ་མེད་པའི་རྟོགས་པ་འཁྲུངས། དེ་ནས་གཙང་ཕྱོགས་སུ་ཡུལ་ལྟད་མཛད། ཞིག་པོ་བདུད་རྩི་དང་མཇལ་ནས་ནས་འགྱེད་བླངས། སློབ་དཔོན་བྲ་སྦང་དང་རྒྱང་རོ་དར་མགོན་གྱི་ཞལ་མཇལ། སླར་དབུ་རུར་བྱོན་པས་བླ་མ་ཞང་འཁྲུག་པ་མཛད་ཟེར་བས་ཅུང་མ་དད་པར་མ་མཇལ། ཡང་ཕྱིས་མོས་གུས་དཔག་ཏུ་མེད་པ་ཐོབ་ནས་བླ་མ་ལྟ་བུར་འཛིན། འཕན་ཡུལ་བྲག་དཀར་དུ་བྲག་དཀར་བ་ལ་སེམས་བསྐྱེད་ཞུས། བྱ་ཡུལ་བསྣུབས་སྒོམ་ལ་སྐྱབས་འགྲོ་ཞུས། དེ་ནས་ཚུར་འོན་ལ་བྱོན་པས་རྗེ་འབྲི་ཁུང་བ་ཞལ་མཇལ་ནས་ཆོས་ཐུན་ཅིག་ཀྱང་གསན། དགུང་ལོ་སུམ་ཅུ་པ་ལ་འབུམ་ཞིང་དུ་འཇིག་རྟེན་བློས་བཏང་གི་སྒྲུབ་པ་མཛད། དེའི་ཕྱི་ལོ་ཟྭ་ར་བའི་སྤྱན་སྔར་བྱོན། ཁྱོད་ཀྱིས་དབང་བསྐུར་ཐོབ་བམ་གསུང་པ་ལ། མ་ཐོབ་ཞུས་པས། སློབ་དཔོན་དབོན་པོ་ལ་བཀའ་གནང་ནས་དབོན་པོས་རྣལ་འབྱོར་མའི་དབང་གནང༌། དེར་ཏིང་ངེ་འཛིན་གྱི་སྒོ་དཔག་ཏུ་མེད་པ་འཁྲུངས་པ་ལ་ཟྭ་ར་བས་ལུང་བསྟན་བཟང་པོ་མང་པོ་མཛད། དེ་ནས་ར་མོ་ན་རྗེ་བཙུན་མི་ལས་རས་ཆུང་བ་ལ་ལུང་བསྟན་པའི་མཐའ་ལུང་དང༌། འཆུ་གུའི་མགུལ་ལ་སོགས་པར་བཞུགས། དེའི་ཕྱི་ལོ་ཟྭ་ར་བའི་དྲུང་དུ་བྱོན་པས་སྙིང་པོ་ཕྱག་རྒྱ་ཆེན་པོ། ཁྱད་པར་སྙན་བརྒྱུད་ཀྱི་ངོ་སྤྲོད་ཐབས་ལམ་ནཱ་རོའི་ཆོས་དྲུག་ལ་སོགས་པ་གནང་ནས། ད་ཁོ་བོ་རབས་མི་འཆད་པར་འདུག་གསུང་ནས་མཉེས། འབུམ་ཞིང་དུ་དགུན་སེ་བ་ལ་མེ་ཏོག་བྱུང་བས་ཀླུས་མེ་ཏོག་ཕུལ་པའི་སྙན་གྲགས་ཀྱང་བྱུང༌། ཡབ་བསྙུང་པ་ལ་འགྲོངས་ཁར་ཞིག་པོ་བདུད་རྩི་བྱུང་ནས་བྱིན་གྱིས་བརླབས། མཐའ་ལུང་དུ་བཞུགས་པའི་ཚེ་རྒྱུ་འབྲས་ལེགས་པར་མཁྱེན་པ་ལ་སོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་འཁྲུངས། སློབ་དཔོན་གཉགས་སྒོམ་ལ་ལོ་རོ་བའི་ཆོས་དྲུག་དང་ཚེ་སྒྲུབ་ཞུས། གཉགས་སྒོམ་དེ་སུམ་པའི་ཉེ་གནས་ཡིན། དེ་ནས་འོ་དེ་གུང་རྒྱལ་ལ་བྱོན་པས་བཞུགས་སྙིང་འདོད་པ་མ་བྱུང་ནས་ལོག་ནས། ཁམ་བུ་ཡ་ལེ་ལ་གཅོད་ཐུན་གཅིག་མ་ཞུས། ཟྭ་ར་བས་ཕག་མོ་གྲུར་ཁང་པ་རྩིག་པའི་མཁར་ལས་ཀྱང་མཛད། ཁྱོད་ཀྱིས་ལྷོ་ནས་ཤིང་དྲོངས་ཤིག་གསུང་བ་ལ། དེ་མ་གྲུབ་པས་ཟྭ་ར་བའི་ཞལ་ནས། ཁྱོད་ཀྱིས་མ་དྲངས་ཀྱང་ངའི་ཤིང་འདྲེན་པའི་སྟབས་མ་ཆག་གསུང༌། སོ་དྲུག་པ་ཤིང་བྱི་ལ་ཁ་ཆེ་པཎ་ཆེན་བོད་དུ་བྱོན། ཤམྦུས་ཡོན་བདག་བྱེད་པར་ཁས་བླངས་ནས། སོ་བརྒྱད་པ་མེ་ཕོ་སྟག་ལ་གཡམ་བཟངས་བཏབ། དེའི་ཕྱི་ལོ་མེ་མོ་ཡོས་ལ་ཟྭ་ར་བ་གཤེགས། དེ་ནས་ཚོགས་པ་བསྐྱངས་སྐབས་ཤིག་ཏུ་རང་ཉིད་སྲོང་བཙན་སྒམ་པོ་ཡིན་པ་དང༌། ཁྲ་འབྲུག་གི་རྩིགས་ལུགས། ནོར་དང་ཆོས་ཀྱི་གཏེར་སྦས་ལུགས་ལ་སོགས་པ་མང་པོ་ཡང་གསུངས། ང་ཉིད་ལྔ་བརྒྱ་ཐ་མའི་ཚེ། །བཞི་བརྒྱ་ཉི་ཤུ་རྩ་ལྔ་ན། །ལྷོ་ཕྱོགས་གཡོར་པའི་རྒྱལ་ཁམས་སུ། །གླང་ཆེན་གསེར་གྱི་ལོ་ལ་འཁྲུངས། །མཚན་ནི་དྷ་རྨ་པྲ་ཎི་ཞེས། །རྒྱལ་པོ་འདི་སྐད་གསུང་ཞེས་པར། །དམ་པའི་ཆོས་རྣམས་འཆད་པར་བྱེད། །ཅེས་གསུངས་པ་དེ་ཡང་ཞལ་དུ་འདོན། ཆོས་ཀྱི་རྒྱལ་པོ་འདི་དགོན་པ་བཏབ་རྗེས་ནས་གཉལ་སྟོད་སྨད། མཚོ་སྣ། ལྷོ་བྲག །ཡར་ཀླུངས་ཤར་ནུབ་རྣམས་སུ་ཡོན་བདག་སོ་སོས་ཆོས་འཁོར་གྱི་གཙོ་བོར་གདན་དྲངས་ཏེ་ཆོས་གསུངས་པའི་ཆོས་ཁྲིའང་ལྷོ་བྲག་ཏུ་བཞི་བཅུ་རྩ་ལྔ། གཉལ་དུ་བཞི་བཅུ་རྩ་བདུན་བྱུང་ཞིང༌། དེ་རྣམས་མཆོད་རྟེན་རེ་བས་བྱིན་རླབས་ཆེ་གསུང༌། གནས་གཞན་དང་ཡར་ཀླུངས་ཤར་ནུབ་རྣམས་སུ་ཆོས་འཁོར་གྱི་གཙོ་བོ་མཛད་པ་དང༌། ཆོས་ཁྲི་བྱུང་བ་ལ་གྲངས་མ་བྱས་ལ། ཆོས་འཁོར་ལ་བྱུང་བའི་འབུལ་བ་རྣམས་ཀྱི་ཐོག་ནས་ཟྭ་རར་ཡང་སྔ་ཕྱི་མང་དུ་བསྐྱལ། ཟྭ་ར་བ་སྐུ་གཟི་བརྗིད་དང་ལྡན་པ་ཞལ་འཛུམ་པ་ཅན་གཟིགས་པའི་སྣང་བ་ཡང་མང་དུ་བྱུང་ངོ༌། །དུས་ཞིག་གི་ཚེ་ཤམྦུ་ལྕལ་དུ་སེར་མདུན་ལ་ཚོགས་པའི་ཞལ་བརྡའ་མཛད་པས། སྦྲ་དཀར་ནག་ཕྱེད་དང་བཞི་བརྒྱ། རབ་ཏུ་བྱུང་བ་ཁྲི་ཚོ་ཕྱེད་དང་གཉིས། མཁན་པོ་ཁུ་པས་དབུ་མཛད་སྐོས་གཏོང་བ་སུམ་བརྒྱ། གཡམ་བཟངས་པའི་རི་པ་བརྒྱ་ཚོ་ཉི་ཤུ་རྩ་གཅིག་འཚོགས། བྱར་ཨོག་ཨོག་ཡན། སྒ་འདྲ་མན། དྭགས་པོ་ཀྲོངས་ཁ་ཡན། མོན་འགར་མགོན་པོ་གདོང་མན། གྲོ་ཤུལ་ཆ་ཁྲོད་ཚུན། གངས་པར་གསེར་ཆུ་ཁ་ཡན། ལྷོ་བྲག་གཏམ་ཤུལ་ཚུན། ཡར་ཀླུངས་བྱ་སའི་བར་ལ་ལམ་རྒྱ་མཛད། གཞན་དོན་ཡུན་རིང་དུ་མཛད་ནས་དགུང་ལོ་དྲུག་ཅུ་རྩ་ལྔ་པ་ལྕགས་མོ་སྦྲུལ་གྱི་ལོར་གཤེགས། འདིས་གདུལ་བྱ་དཔག་ཏུ་མེད་པ་བསྐྱངས་པའི་ནང་ནས། སློབ་མ་སྒོམ་བཞིར་གྲགས་པ་ནི། གཉལ་སྨད་དཔལ་རི་བ་སངས་རྒྱས་བྱ་སྒོམ། གོར་གདོང་པ་སངས་རྒྱས་ལྷ་སྒོམ། གསེར་ལྟེ་བ་སངས་རྒྱས་ལེ་སྒོམ། དགོན་གསར་པ་སངས་རྒྱས་རྒྱ་སྒོམ་རྣམསསོ། །ཆོས་རྗེ་གཤེགས་རྗེས་ཤིང་ཕོ་རྟ་ནས་ཉེ་གནས་རིན་ཆེན་ཇོ་སྲས་ཀྱིས་ཆུ་ཕོ་སྟག་གི་བར་གདན་ས་ལོ་དགུ་མཛད་ནས་གཤེགས། དེའི་རྗེས་སུ་རྟོགས་ལྡན་རྒྱལ་པོ་དགེ་མཛེས་འོད་ཀྱིས་ཆུ་མོ་ཡོས་ནས་ལྕགས་འབྲུག་གི་བར་ལོ་སུམ་ཅུ་རྩ་བརྒྱད་གདན་ས་མཛད། གཙུག་ལག་ཁང་ཆེན་མོ་བཏབ། དེའི་རྗེས་སུ་མཁར་ཆུ་བ་ཆོས་བསམ་འོད་ཀྱིས་ལྕགས་སྦྲུལ་ནས་ས་ཁྱིའི་བར་ལོ་བཅོ་བརྒྱད་གདན་ས་མཛད། འདི་གྲུབ་ཆེན་ཨུ་རྒྱན་པའི་སློབ་མར་རྡོ་རྗེ་རྣལ་འབྱོར་མས་ལུང་བསྟན། དེ་རྗེས་ས་མོ་ཕག་ནས་ཟྭ་ར་བ་བདེ་ལེགས་འོད་ཀྱིས་ཆུ་ཁྱིའི་བར་ལོ་ཉི་ཤུ་རྩ་བཞི་གདན་ས་མཛད། གཉལ་ཚན་གསུམ་དུ་ཐར་པ་གླིང་གི་གདན་ས་མཛད། དེ་རྗེས་གདུང་བརྒྱུད་པ་བཀྲ་ཤིས་འོད་ཀྱིས་ཆུ་མོ་ཕག་ནས་ལྕགས་ཕོ་སྟག་གི་བར་ལོ་ཉི་ཤུ་རྩ་བརྒྱད་གདན་ས་མཛད། འདི་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱི་ཡང་སློབ་མ་ཡིན། འདིས་གདན་ས་ལྷ་གྲགས་པ་འོད་པ་ལ་གཏད་ནས་ཁོང་རང་ཀུན་སྤངས་མཛད། ལྷ་གྲགས་འོད་པ་ནི། ཤིང་མོ་ཕག་ལ་འཁྲུངས་ནས་བཅུ་བདུན་པ་ལྕགས་མོ་ཡོས་ནས་ཤིང་ཕོ་སྤྲེའུ་བར་ལོ་ང་བཅུ་རྩ་བཞི་གདན་ས་མཛད་དེ། རང་ལོ་བདུན་ཅུ་པ་ལ་གཤེགས། འདི་ནས་གདན་ས་ལྷས་གཟུང་བ་ཡིན། འདིས་ཆོས་རྗེ་བླ་མ་དམ་པའི་གཟིམས་གཡོག་ཀྱང་མཛད། བུ་སྟོན་རིན་པོ་ཆེ་ལ་སོགས་མང་དུ་བསྟེན་ནས་ཆོས་མང་དུ་གསན། འདི་ལ་ཆོས་རྗེ་ལྷ་ཁང་སྟེངས་པས་གཏུགས་ནས་ཆོས་མང་དུ་གསན་ནོ། །དེ་རྗེས་ལྷ་བསོད་ནམས་འོད་ཟེར་པས་ཤིང་མོ་བྱ་ནས་མེ་ཕོ་རྟའི་བར་དུ་ལོ་ཉི་ཤུ་རྩ་གཉིས། དེ་རྗེས་སྤྱན་སྔ་བསོད་ནམས་འོད་མཛེས་པས་མེ་ལུག་ནས་ཆུ་སྤྲེའུ་བར་ལོ་ཉི་ཤུ་རྩ་དྲུག །དེ་རྗེས་བྱ་ལོ་ལ་གདན་ས་མེད། དེ་རྗེས་ཤིང་ཕོ་བྱི་ལ་སྤྱན་སྔ་རྡོར་རྒྱལ་བ་བསྐོས་ནས་ཆུ་སྦྲུལ་གྱི་བར་ལོ་ཉི་ཤུ་བཞུགས། དེ་ནས་ད་ལྟའི་མེ་ཕོ་སྤྲེའུའི་བར་དུ་ལོ་གསུམ་སོང༌། སྤྱིར་ན་གཡམ་བཟང་ཆོས་རྗེས་མེ་གླང་ལ་འཁྲུངས་ནས་མེ་ཕོ་སྤྲེའུ་ཡན་ལ་ལོ་སུམ་བརྒྱ་དང་བརྒྱད་སོང་ངོ༌། །གདན་ས་འདིར་ལྷ་བསོད་ནམས་འོད་ཟེར་པའི་རིང་ལ་བླ་མ་ས་སྐྱ་པ་རིན་ཆེན་དཔལ་གྱིས་བསྐུལ་མ་དང་ཞལ་བཀོད་མཛད། གཙང་པ་ནམ་མཁའ་བྱང་ཆུབ་པས་བཤད་ཉན་མཛད་ནས་ད་ལྟའི་བར་དུ་འཆད་ཉན་གྱི་སྲོལ་མ་ཆད་དོ། །གཡམ་བཟང་པའི་སྐབསསོ། ། ༨.༡༥ ཆོས་རྗེ་གཙང་པ་བུ་ཆེན་གདན་རབས་དང་བཅས་པའི་སྐབས། དཔལ་ཕག་མོ་གྲུ་པའི་སློབ་མ་རྗེ་བཙུན་གླིང་ནི། མྱང་སྟོད་རིག་པའི་འབྱུང་གནས་ཀྱི་བཞེངས་ཀྱི་གླང་པོ་སྣ་ན་གླིང་སྟོད་སྨད་གཉིས་ལས་གླིང་སྨད་པ། ཡབ་རྒྱལ་པོ་སྐྱབ་བེ་བྱ་བ་སྔགས་ཀྱི་སྒྲུབ་སྐོར་མང་དུ་མཁྱེན་ཞིང་སྨན་དང་རྩིས་ཀྱི་ཡོན་ཏན་གྱིས་འཚོ་བ་ཞིག་ཡོད་པ་དེ་དང༌། ཡུམ་གཟུས་མོ་དར་ཆུང་གི་སྲས་སུ་ས་ཕོ་སྤྲེའུ་ལ་བལྟམས། མཚན་པདྨ་རྡོ་རྗེར་གསོལ། གཞོན་དུས་སུ་འབྲི་ཀློག་མཁས་པར་མཁྱེན། ལོ་བརྒྱད་པ་ལ་ལྷ་རྗེ་ར་སྨན་ལ་ཞིང་གཅིག་ཕུལ་ནས་སྨན་བསླབས་པས་མཁས་པར་མཁྱེན། བཅུ་གསུམ་པ་ལ་ཡབ་གཤེགས། བཅུ་བདུན་ལོན་པའི་ཚེ་སློབ་དཔོན་གླིང་པས་དགེ་བསྙེན་མཛད། སློབ་དཔོན་དཔལ་དབྱངས་ཀྱི་སྒྲོན་མ་རྣམ་དྲུག་ལ་སོགས་པའི་གདམས་པ་མང་དུ་གསན། རྗེ་དཔོན་ཅིག་དང་རབས་ཆད་ལ་མ་འཆམ་པས་དེ་པ་ཕུང་པར་གྱུར་ཏེ་མཐུ་ཆེ་བར་ཡང་གྲགས། དེ་ནས་དགེ་བཤེས་འོམ་ཐང་པ་ལ་རབ་ཏུ་བྱུང༌། ཇོ་སྟན་གྱི་བརྟུལ་ཞུགས་མཛད། དབུས་པ་ཞང་བྱ་བ་རྭ་དང་དཔྱལ་གཉིས་ཀའི་སློབ་མ་ཡིན་པ་ཞིག་ལ་ཇོ་མོའི་སྐོར་རྣམས་ཞུས། བསྣུབས་ཀྱི་སྲེག་པ་ལུང་དུ་རྭ་ལོ་ཙཱ་བ་ལ་དུས་འཁོར་དང༌། འཇིགས་བྱེད་དང༌། བདེ་མཆོག་དང༌། ཕག་མོ་རྣམས་གསན། དེ་ནས་བསོད་སྙོམས་མཛད་ཅིང་བྱོན་པས་སྨན་མོས་བྲིད་ནས་ཚུལ་ལས་ཉམས། དེ་ཡང་སྔོན་སངས་རྒྱས་ལོག་པར་དད་སེལ་གྱི་བསྟན་པ་ལ་དགེ་སློང་བྱང་ཆུབ་སེམས་དཔའ་གཉིས་ཀྱིས་བུད་མེད་ཀྱི་འཁོར་ལ་ཆོས་བསྟན་པ་ལ། གཞན་དགེ་སློང་དྲུག་ཅུའི་སྡེ་ཞིག་ཡོད་པ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་དེ་གཉིས་ལ་འཁྲིག་པའི་ཆོས་ཀྱིས་སྐུར་བ་བཏབ། དེས་སྐྱེ་བོ་རྣམས་ཀྱང་དེ་གཉིས་ལ་མ་དད་པར་གྱུར། ལས་དྲག་པོ་དེའི་རྐྱེན་གྱིས་དགེ་སློང་དྲུག་ཅུ་པོ་དམྱལ་བར་ལྷུང་ཞིང་ཡུན་རིང་པོ་གནས། དེ་ནས་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་བྱོན་པའི་ཚེ་དགེ་སློང་དྲུག་ཅུ་པོས་མི་ལུས་ཐོབ་ནས་སྟོན་པའི་སྤྱན་སྔར་ཡང་ལྷགས། བཅོམ་ལྡན་འདས་ཀྱིས་དེ་རྣམས་ཀྱི་ལས་ཀྱི་ཚུལ་གསུངས་པས་དྲུག་ཅུ་པོས་བཤགས་པ་མང་དུ་བྱས། འོན་ཀྱང་ལས་ཀྱི་ལྷག་མས་དྲུག་ཅུ་པོ་རྣམས་ཡུལ་ག་ན་ངན་པར་དབུལ་པོའི་རིགས་སུ་སྐྱེ་བ་སོགས་སུ་ལུང་བསྟན། རྗེ་བཙུན་གླིང་ནི་དེ་རྣམས་ཀྱི་ནང་ནས་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་འོད་བྱ་བ་ཡིན་པར་དཀོན་བརྩེགས་ཕྱིས་གཟིགས་པས་མངོན་པར་མཁྱེན་པར་གྱུར། དེའི་རྣམ་སྨིན་གྱི་ལས་ལྷག་མས་སྐུ་ཚེ་འདིར་ཡང་སྨན་མོ་དང་འབྲེལ་བ་ཡིན། །རབ་ཏུ་བྱུང་བའི་བསླབ་པ་ཉམས་པས། སྨན་མོ་ན་རེ། ངའི་ཕ་མ་གཉིས་ནི་ཕྱུག །ཁོང་གཉིས་ལ་བུ་མེད་པས་ནོར་བླངས་པས་སྟེར་བས། ཁྱུང་ཚང་བ་ལ་འོ་སྐོལ་གཉིས་ཀྱི་ལས་འདིས་མི་གནོད་པའི་གདམས་པ་ཡོད་པར་འདུག་པས་ཞུ། ཁོང་གི་དེ་གསེར་ཆོས་ཡིན་ཟེར་བས་ངའི་ཕ་མའི་ལག་ལས་གསེར་ཁྱེར་ནས་འགྲོ་མོད་བྱས་ནས་ཁྱུང་ཚང་བའི་ཐད་དུ་བྱོན་ནས། རས་ཆུང་བའི་གདམས་པ་རྣམས་གསན། དེར་ཡབ་ཡུམ་གཉིས་ཀས་ན་བཟའ་རས་གོས་རེ་གསོལ། ཁྱུང་ཚང་བ་རས་ཆུང་བ་དངོས་དང་མཇལ་བའི་གསུང་མང་པོ་གནང་བ་ལ་ཅུང་ཟད་ཐེ་ཚོམ་སྐྱེས་པས། དུས་ཕྱིས་རྟོགས་པ་མཐོན་པོར་གྱུར་ནས་ཀྱང་དྲོད་ནི་ཆུང་བར་བྱུང་གསུང༌། དེར་ཡབ་ཡུམ་གཉིས་ཀྱིས་རས་པའི་ཆ་ལུགས་བྱས། ཁྱུང་ཚང་བས་ཀྱང་རས་ཆུང་བའི་གདན་སར་སོང་ཅིག་ཅེས་གསུངས་པས། ནོར་རྫས་ཀྱང་དུམ་རེ་ཁྱེར་ནས་ལོ་རོར་བྱོན། ཉིད་ཀྱི་དགུང་ལོ་སོ་ལྔ་པ་ཆུ་ཕོ་རྟའི་ལོ་ལ་ལོ་རོར་སླེབ། རས་ཆུང་བ་ན་ནིང་ལྕགས་མོ་སྦྲུལ་དེ་ལ་གཤེགས་ནས་མ་མཇལ། དེ་རྗེས་རས་ཆུང་པའི་སློབ་མ་སུམ་པ་ལ་སྐུ་མཚམས་གཅོད་པའི་ནུབ་མོ་མཇལ་བས། ངེད་ཐག་རིངས་ནས་ཆོས་ཞུར་འོངས་པ་ཡིན་པས་ཐུགས་ལ་གདགས་པར་ཞུ་བྱས་པས། གདམས་ངག་བྱེད་དགོས་པས་སློབ་དཔོན་ལོ་ལ་དབང་ཞུས་ལ་ཤོག་གསུང༌། དེ་ནས་ལོའི་སྤྱན་སྔར་བྱོན་ནས། ལོས་གཙོས་པའི་གྲྭ་དེ་ན་བཞུགས་པ་རྣམས་ལ་ཇ་སྐོལ་དང་རྣམ་བཞག་བཟང་བ་ཞིག་ཀྱང་མཛད། དབང་ཡང་ཞུས། དེ་རྗེས་སུམ་པ་ལ་གདམས་པ་རྣམས་ཞུས། ཆོས་ཞུ་རེས་ཀྱིས་ཇ་རེ་ཡང་ཞུས་པས། དུས་ཕྱིས་ཇས་མ་ཕོངས་གསུང༌། སུམ་པས་གདམས་ངག་ཐམས་ཅད་ཚང་བར་གནང༌། ཚིག་རེས་དོན་མང་པོ་ཁྲོལ་བའི་ཐུགས་སྐྱེས་པས་ཕན་པ་ཡང་ཆེ། གདམས་པ་ཁ་ཚང་བར་གནང་བས་ད་ལྟ་འཛམ་བུའི་གླིང་ན་གདམས་པ་ང་རང་ལས་ཆེ་བ་མེད་སྙམ་པ་ཡང་བྱུང༌། སུམ་པ་ལ་གདམས་པ་ཞུ་བར་བཅུགས་པའི་མཚན་མོ་ཅིག །མནལ་ལམ་དུ་མི་དཀར་པོ་ཅིག་བྱུང་བ་ན་རེ། ད་སྟེ་ལོ་ལྔ་ན་ཁྱོད་ཀྱི་དོན་གྲུབ་འོང་བར་འདུག་ཟེར་བྱུང༌། གཞན་ཡང་བུར་སྒོམ་དང་བྱར་བོ་པ་ལ་སོགས་པའི་བུ་ཆེན་གཞན་རྣམས་ལའང་གདམས་པ་འགའ་རེ་ཞུས། དེ་ནས་དགུང་ལོ་སུམ་ཅུ་རྩ་བརྒྱད་པ་ཤིང་མོ་བྱ་ལ་དམ་པ་སུམ་པའི་གསུང་གིས། ད་ཁྱེད་བཞུད། ངེད་ཀྱི་གཉལ་འདི་སྲིན་པོ་ལྟོགས་གྲི་ཤི་བའི་ལུང་པ་ཡིན་གསུང༌། དེ་ནས་ལོ་དེ་ཉིད་ལ་ཕག་མོ་གྲུར་བྱོན་པས་དགུན་ཚེས་བཅོ་བརྒྱད་ཀྱི་ཉི་མ་ལྡོག་གདོང་ཅིག་ལ་འགྲོ་བའི་མགོན་པོ་ཆོས་ཁྲི་ལ་ཕེབས་པ་དང་མཇལ། དེར་དད་པ་ཚད་མེད་པ་སྐྱེས། ཤིང་དང་བྱ་འདི་རྣམས་ཀྱང་སྤྲུལ་བ་ཁོ་ན་ཡིན་ལ་ཆེ་སྙམ་པ་བྱུང༌། འགྲོ་བའི་མགོན་པོ་དེ་རྣལ་འབྱོར་བ་གཟའ་མིར་བྱས་པ་ལ་ཡེ་མི་དགྱེས་པ་ལ། གླིང་རས་ལ་ཤིན་ཏུ་དགྱེས་པར་བྱུང༌། དེར་འགྲོ་བའི་མགོན་པོས་ཁྲིད་གནང༌། དམ་བཅའ་ཅན་གྱི་མཚམས་བྱས་ནས་བསྒོམས་པས་ཞག་གསུམ་ན་རྟོགས་པ་ཁྱད་པར་ཅན་དཔེ་ལས་འདས་པ་འཁྲུངས་ཏེ། ལོ་བདུན་དང་ཟླ་བ་བདུན་ཞག་བདུན་གྱི་རིམ་པ་ལ་མ་ལྟོས་པར་མཚམས་བྲལ་ནས་འགྲོ་མགོན་གྱི་དྲུང་དུ་བྱོན། རྗེ་ཡི་ཞལ་ནས་གཉུག་མའི་དོན། །བསྒོམས་ཤིག་གསུང་ནས་བསྒོམས་ལགས་པས། །བསྒོམ་བྱ་དང་སྒོམ་བྱེད་སྟོར་ནས་ཐལ། །སྒོམ་ཐུན་མཚམས་གཟུང་རྒྱུ་ཡང་མི་གདའ་འོ། །ཞེས་བྱ་བ་ལ་སོགས་པའི་མགུར་མཛད་ཅིང་རྟོགས་པ་ཕུལ་བས། འགྲོ་བའི་མགོན་པོ་ཡང་དག་པར་དགྱེས། དེ་ལྟར་མེ་ཕོ་ཁྱི་ལོའི་དབྱར་ཟླ་བ་གསུམ་ཕག་མོ་གྲུར་བཞུགས། དེ་ནས་འོན་རྨི་སྡིངས་སུ་ཇོ་མོ་དང་བཅས་ནས་བཞུགས། སླར་འགྲོ་མགོན་གྱི་དྲུང་དུ་བྱོན་པས་ཞལ་སྔ་ནས་ད་ཇོ་མོ་འདི་ཐོང་གསུང༌། འདི་སྔར་ཡང་མང་དུ་བརྫངས་པ་ལགས་ཏེ་འགྲོར་མ་ཉན་ཞུས་པས། ད་ལན་འགྲོ་བས་རྫོངས། ངས་རྟེན་འབྲེལ་ཅིག་ཀྱང་བྱེད་གསུང་ནས། སྨན་མོ་བྱང་ཐང་གི་ཡར་ལུགས་སུ་བསྐྱལ། ངས་ཁྱོད་ཀྱི་ཕ་མའི་ནོར་ཡང་ཆེར་གོད་པ་མེད། ད་ཡུལ་དུ་སོང་ལ་ཕ་མའི་ནོར་རྣམས་ལ་ལོངས་ཆོད་ཅིག་བྱས་ཏེ་བཏང༌། དེ་ནས་ཕྱིར་བྱོན་ཏེ་སྐབས་ཤིག་ཏུ་ཟངས་རི་ནས་བུད་མེད་ཅིག་ཀྱང་ཕྱག་རྒྱར་བསྟེན་པས། དེ་མ་ལེགས་པར་དགོངས་ནས་ད་ངའི་རྗེས་ལམ་འབྲང་ཅིག་བྱས་ཀྱང་མོས་ཕྱི་བཞིན་དུ་འབྲངས་པས་ཁམས་སུ་བྲོས་ཏེ་བྱོན། ལམ་སྒམ་པོ་ལ་བྱས་པས་སློབ་དཔོན་སྒོམ་པ་དང་ཡང་མཇལ། མྱང་བོ་ནས་ནགས་ཤོད་ལ་བྱོན། དེར་འབུལ་བ་བྱུང་བ་རྣམས་ཀྱང༌། ང་བཀའ་བརྒྱུད་ཀྱི་བླ་མི་འཚོང་གསུང་ནས་མ་བཞེས། ཕྱིས་ཟངས་རི་བའི་ཕྱག་རྒྱ་མོ་དེས་ཁམས་སུ་རྗེ་བཙུན་འཚོལ་དུ་ཕྱིན་པས་ལམ་དུ་ཤི་ནས་ཟླ་དགོན་དང་ཉེ་བའི་རི་གཅིག་ལ་ནགས་བུད་མེད་ཀྱི་གཟུགས་འདྲབ་ཅིག་སྐྱེས། དེའི་བདག་བྱེད་པའི་མི་མ་ཡིན་ཅིག་ཏུ་སོང་ངོ༌། །ཝ་སྟོན་གྱིས་ཁྱེད་ནོར་གཞན་མི་བཞེད་ཀྱང་རྟ་འདི་ཆིབས། ཇ་འདི་སྐོལ་བྱས་ནས་ཕུལ་བས། ཕག་མོ་གྲུར་རྟ་དེ་ཕུལ་བས་ང་རྟ་མི་འདོད། རྒྱལ་བ་ལོ་ལ་ཕུལ་གསུང་ནས། ལོ་རོར་བྱོན་ནས་ལོ་ལ་རྟ་དང་སུམ་པ་ལ་གཡུ་ཕུལ། བླ་མ་གཞན་རྣམས་ལ་ཡང་ཞབས་ཏོག་བག་རེ་མཛད་དེ་མོག་སེར་བཞུགས། དེ་ནས་ཕག་མོ་གྲུ་འཁོར་དུས་འགྲོ་བའི་མགོན་པོ་གཤེགས་ནས་སྤུར་ཡང་སྦྱངས་ཟིན་འདུག །མང་སྐོལ་ཅིག་ལ་མི་སྟོང་ཙམ་འདུག་པའི་གྲལ་དུ། གྲོང་ཁྱེར་རྩ་མཆོག་ལྟ་བུ་ཡི། །དཔལ་ཕག་མོ་གྲུ་ཡི་ནགས་ཁྲོད་ན། །ཞེས་པ་ལ་སོགས་པའི་མགུར་བཞེངས། དེ་ནས་དབུས་གཙང་གི་ས་ཆ་མང་པོར་འབྱོན་བཞུད་མཛད། འཕྲང་པོར་བཙད་པོས་སྤྱན་དྲངས་ནས་འགའ་རེ་བཞུགས། བླ་མ་ཞང་གིས་འཁྲུག་པའི་གྲོགས་ཀྱིས་གསུང་བ་བྱུང་ནས། ཕོ་བྲང་མཁར་ཆུ་གླེའུ་ཆུང་བ་རྣམས་ཀྱི་དམག་ཁ་བཀག །སྐུ་བསོད་བདོ་བས་ཕྱག་རྫས་མང་པོ་བྱུང་སྟེ། ཁོང་གི་ལྷ་ཆེན་གྱི་ཕྱེད་ཙམ་ལྡངས་པའི་འཐུང་བསྐྱལ། གསུང་རབ་འབུལ་མི་བྱུང་བ་ཕག་མོ་གྲུར་བསྐྱལ། ཕག་མོ་གྲུར་བྱོན་པའི་ལམ་དུ་བསམ་ཡས་སུ་བུད་མེད་སྔོན་མོ་ཅིག་གིས་པོ་ཏི་ཅིག་ཁར་བཅུག་པའི་སྣང་བ་བྱུང༌། དེ་ནས་ཆོས་མཐོང་ཚད་མཁྱེན། མཁའ་འགྲོ་མའི་གནང་བ་བྱུང་བས་རྒྱུད་ཀྱི་རྣམ་བཤད་འགའ་རེ་བྱས་པ་ལ་རང་བཟོར་བྱས་ཟེར་ནས་འཆའ་བའང་མང་དུ་བྱུང༌། སྤྱིར་རྒྱུད་ཀྱི་རྣམ་བཤད་དང༌། སྒྲོན་མེ་རྣམ་དྲུག་དང༌། སེམས་ཀྱི་རྡོ་རྗེའི་བསྟོད་པ་དང༌། རྣལ་འབྱོར་འཇུག་པ་དང༌། བདེ་མཆོག་གི་དཀྱིལ་འཁོར་གྱི་ཆོ་ག་ལ་སོགས་པ་བརྩམས་ཤིང༌། བླ་མ་སྒྲུབ་པའི་ཕྱག་བཞེས་ཀྱང་རྗེ་བཙུན་གླིང་ནས་བྱུང་བ་ཡིན། ཕྱོགས་ཐམས་ཅད་དུ་འགྲོ་བའི་དོན་མཛད་ཅིང་སྐོ་རོ་རོ་བྱོན། ཕྱིས་སྣ་ཕུར་དགོན་པའི་གཞི་གཟུང་ནས་གཞན་དོན་ཀྱང་མང་དུ་བསྐྱངས་ཤིང༌། དེར་སློབ་མ་རྣམས་ཁྲིད་ཀྱི་རིམ་པ་དང་ཚོགས་ཆོས་ཀྱིས་སྐྱོང་ཞིང་བཞུགས་པའི་ཚེ། དམ་ཚིག་ལྔ་པ་གསུང་ཞིང་ཡོད་པའི་འཕྲོ་ལ་དམ་ཚིག་མི་གཙང་བའི་མི་གཉིས་བྱུང་བའི་རྐྱེན་གྱིས་ཚེམས་ཁྲིག་དེ་འཁྲིགས་ནས། ས་ཕོ་སྤྲེའུའི་ལོ་དྲུག་ཅུ་རྩ་གཅིག་པའི་དབྱར་ཟླ་ར་བའི་ཉེར་བརྒྱད་ལ་གཤེགས། སྔ་གོང་ནས་ཞལ་ཆེམས་ཀྱི་ཡི་གེ་བཀོད་དེ་ཕྱག་དཔེའི་ཁྲོད་ནས་བྱུང་བ། ངའི་ལུས་ངག་ཡིད་གསུམ་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དབྱེ་བ་མེད་པར་སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་ལ་བཞུགས་པས་གུས་པས་གསོལ་བ་བཏབ་ན་འདོད་པ་འགྲུབ་པར་འགྱུར་བྱ་བའི་དོན་ཅན་དུ་འདུག་གོ །ཡི་གེ་འགའ་ཞིག་ན་རྗེ་བཙུན་འདིས་སྦར་ཕུ་བ་ལ་དོ་ཧ་གསན་བྱ་བ་འདུག །དོ་ཧའི་ཊཱི་ཀ་མཛད་པ་ཡང་སྦར་ཕུ་བ་དང་ཅུང་སྒྲོས་མི་མཐུན་པར་སྣང་ངོ༌། །དེའི་སློབ་མ་ཆོས་རྗེ་གཙང་པ་ཡེ་ཤེས་རྡོ་རྗེ་ནི། འཁྲུངས་པའི་ཡུལ་ནི་ཧའོ་གངས་ཀྱི་མགུལ་མྱང་སྟོད་ཁུ་ལེའི་ཆར་འཁྲུངས། ཡབ་རྒྱ་ཟུར་བོ་ཚབ་པེ་དང༌། ཡུམ་མར་གཟའ་དར་སྐྱིད་ཀྱི་སྲས་བདུན་བྱུང་བའི་ཆུང་ཤོས་སུ་ལྕགས་མོ་སྦྲུལ་གྱི་ལོ་ལ་འཁྲུངས། ཡབ་སྲས་མང་བས་གཅེས་པར་མི་འཛིན་པ་ལ། ཡུམ་གྱིས་བོན་པོ་ཅིག་ལ་གཏད་དེ་མཚན་གཡུང་དྲུང་དཔལ་དུ་བཏགས། དགུང་ལོ་བརྒྱད་པ་ལ་ཡུམ་གཤེགས། བཅུ་གཉིས་པ་ལ་གཅེན་པོ་སྐལ་ལྡན་བྱ་བས་ཁྲིད་ནས་གཙང་རོང་དུ་སློབ་གཉེར་མཁས་པའི་དྲུང་དུ་ཀློག་བསླབས། བཅུ་གསུམ་པ་ལ་སློབ་དཔོན་རྟ་ཐང་བའི་སར་ལོ་གསུམ་བཞུགས་ནས་མངོན་པ་དང༌། ཡོ་ག་དང༌། ཞི་བྱེད་ལ་སོགས་ཞུས། བཅོ་ལྔ་པ་ལ་སློབ་དཔོན་མཁར་ལུང་བའི་སར་བྱོན་ནས་ལོ་བརྒྱད་བསྟེན་ནས་རྫོགས་ཆེན་དང་ཚད་མ་ལ་སོགས་པ་གསན། དེར་བསྙུང་གཞི་ཅིག་ཡོད་པའང་མཚམས་བཅད་མ་དགོས་པར་ཐོན། སློབ་དཔོན་འཁོར་རེ་བ་ལ་རྫོགས་ཆེན་རིགས་རྫོགས་གསན། སློབ་དཔོན་བཙང་ཚ་ལ་སྒྱུ་འཕྲུལ་དང་ཐུགས་རྗེ་ཆེན་པོ་གཏེར་མ་གསན། སོ་དར་མ་སེང་གེ་ལ་སྤྱོད་འཇུག །ཁུ་ལུང་གི་ལྷ་རྗེ་ཀུན་རྒྱལ་ལ་མཚན་བརྗོད། འོམ་ཐང་གི་སློབ་དཔོན་འདུལ་འཛིན་ལ་ཐུགས་རྗེ་ཆེན་པོ་ཇོ་བོ་ལུགས་གསན། དགུང་ལོ་ཉི་ཤུ་རྩ་གཉིས་ལ་ཡབ་ཀྱིས་སློབ་དཔོན་མཁར་ལུང་པ་སྤྱན་དྲངས་ཏེ། ཆོས་རྗེ་སྟོན་སར་བཏོན་ནས་ཆོས་གསུངས། རི་ཁྲོད་ལ་མངའ་བར་བཟང་དུ་བཞུགས། དེའི་རྗེས་སུ་རྗེ་བཙུན་གླིང་ར་ལུང་ན་བཞུགས་པ་ལ་ཚྭ་བྲེ་གང་ཙམ་གྱི་ཕྱག་རྟེན་མཛད་ནས་གསུང་གླེང་མང་དུ་ཞུས། ལས་འབྲེལ་དེའི་དུས་སུ་སད་པ་འདྲ་གསུང༌། དེ་ནས་སྣ་ཕུར་བྱོན་ནས་གདམས་ངག་ཞུས་པས་ཞག་བདུན་ནས་རས་ཐུབ་པ་བྱུང༌། དེར་འབྲུམ་པས་ཡུན་རིང་དུ་བསྙུང༌། དེ་དྭངས་ནས་རྟ་རྒོད་མ་བྱོལ་སོང་གི་རྒྱལ་མོ་བླངས་ནས་བླ་མ་ལ་ཕུལ། ཇ་བུར་ཡང་དྲངས། དེར་མཆོད་ཁང་རྩིག་པ་ལ་གྲྭ་པ་ཕྱོགས་སུ་འགྲོ་བ་དང་མཚམས་གཅོད་པ་ལ་གསེར་ཞོ་རེའི་ཆད་པ་འབེབས་ཀྱི་འདུག་པས་གསེར་ཞོ་གང་ཕུལ་ནས་ཡིག་མཚམས་བྱ་བར་ཞུས་པས། ཁྱེད་རང་གླེའུ་ཆུང་དུ་སོང་ལ་གྱིས་གསུང༌། དེར་བསམས་པས་བླ་མ་མ་མཉེས་ན་གདམས་ངག་གིས་ཅི་བཏུབ་ང་འདྲ་བ་འོང་བ་བྱས་ནས་བཤུམས། བླ་མའི་སྤྱན་སྔར་བུ་རམ་སྡེར་གང་ཁྱེར་ནས་ངས་ནོར་འདུག་བྱས་ནས་བཤགས་པ་ཕུལ་བས། འོ་ཆོས་གོ་བ་བྱ་བ་དེ་ཙུག་འོང་བ་ཡིན་གསུང་ནས་མཉེས། དེ་ནས་ཟླ་བ་ལྔར་ལས་བྱས་པས་སྒོམ་ངོ་མཚར་ཆེ་བ་ཡང་སྐྱེས། མཆོད་ཁང་ཡང་ཚར། ཉི་མ་བཞི་ལ་ཤོག་ལྡེབ་རེ་ཚར་བའི་ཡི་གེ་བྲིས། གདམས་ངག་ཐམས་ཅད་ཚང་བར་ཞུས། དར་རྡོར་བྱ་བ་ཅིག་དང་བགྲོ་གླེང་བྱས་པས་ཁོས་མ་ཐུབ་པས་ཤེས་རབ་ཅན་གྱི་གྲགས་པ་བྱུང༌། བླ་མའི་ཞལ་ནས། ང་ལ་ཆོས་ཤིག་དྲིས་དང་གསུང༌། དེ་མི་མཆི་བླ་མ་ལ་ཐལ་འགྱུར་ཕོག་ན་མི་རུང་ཞུས་པས། ངས་གནང་བ་བྱིན་པ་ཡིན་མོད་གསུང༌། ཆོས་སྐུའི་མཚན་ཉིད་ཅིག་བཞག་པར་ཞུ་ཞུས་པས། སྐྱེ་འགག་གནས་གསུམ་དང་བྲལ་བ་ཡིན་གསུང་པ་ལ། འོ་ན་ནམ་མཁའ་ཡང་ཆོས་སྐུར་ཐལ་ལོ་གསུངས་པས་ལན་མེད་ཅིང་མཉེས་པར་གྱུར། ཡུལ་དུ་རྒྱགས་ལེན་དུ་བྱོན་པས་ཡབ་ལ་ཕག་མོའི་བྱིན་རླབས་ཤིག་ཀྱང་མཛད། དེ་ནས་སྣ་ཕུར་བྱོན་ནས་དགུན་འདག་ཆར་མཛད་ནས་བསྒོམས་པས་རླུང་ཕྱིར་ནང་བསྲེ་ནུས་པ་དང༌། རྩིག་པ་ལ་ཐོགས་པ་མེད་པ། ཉོན་མོངས་པའི་གཡུལ་ལས་རྒྱལ་བ་སོགས་བཤད་ཚོད་དང་མཐུན་པར་བྱུང་ནས་བླ་མ་ལ་ཞུས་པས། རྗེ་བཙུན་མི་ལ་ལའང་འདི་ལྟར་བྱུང་བ་ཡིན། ངོ་མཚར་ཆེ་གསུང༌། སྤྱིར་སྣ་ཕུར་ལོ་ལྔ་བཞུགས་རིང་ལ་གདམས་ངག་ཐམས་ཅད་ཚར། དོན་ཁྲིད་ཚར་ནས་ཉམས་སུ་མྱོང༌། ཞར་ཆོས་གསུངས། གྲོས་འདུན་དང་སྤྱི་ལས་མ་ཆག །སློབ་དཔོན་རྔོག་པ་ཡབ་མཆེད་གཉིས་ལ་གུར་བརྟག་དང༌། མ་ཧཱ་མཱ་ཡཱ་དང༌། མཚན་བརྗོད་རྣམས་ཕྱག་ལེན་དང་བཅས་པ་གསན། རྗེ་སྣ་ཕུ་པའི་བསྟན་བཅོས་ཚར་གཅིག་ཡི་གེར་བཀོད། མཆེད་གྲོགས་སྙོམས་ཆུང་རྣམས་ཀྱི་དཔེ་འབྲི་བ་རྣམས་འཁྲོབས་པར་མཛད། དེ་ནས་གཞན་དུ་སྒོམ་དུ་འགྲོ་བར་ཞུས་པས། མ་འགྲོ་བར་ངའི་སྣ་ཕུ་གཟུང་གསུང་བ་དང༌། འབྲུག་འཛིན་པའི་ལུང་བསྟན་ཡང་བྱུང༌། བླ་མའི་གསུང་གིས་ད་བསྐལ་བཟང་ལ་བརྟེན་ལ་ཐབས་ལམ་སྦྱོངས་གསུང༌། སྐལ་བཟང་གི་དྲུང་དུ་བྱོན་ནས་བླ་མས་བཀའ་འདི་སྐད་གནང་བྱས་པས། སྐལ་བཟང་ན་རེ། ངས་དང་ཁྱེད་ཀྱི་ཞབས་ཏོག་བསྒྲུབས་པས་ཆོག་སྟེ། ང་ལ་ཁྱེད་ལ་བརྟེན་པའི་རྨི་ལམ་བཟང་པོ་མང་པོ་བྱུང༌། ཁྱེད་རང་རབ་ཏུ་བྱུང་བ་མཛོད་ལ་འགྲོ་དོན་སྐྱོང་བ་འཐད། ངེད་རང་གི་བླ་མ་འདིའང་ཆུ་བོ་གངྒཱ་ཚུན་ན་རྟོགས་པ་མཐོ་བ་ཅིག་ཡིན་ཏེ། ཕོ་རང་དུ་འདུས་པ་འདི་ང་ལ་སོགས་པ་ཡོད་པས་ཡིན་མོད་གསུང༌། དོད་ཀྱིས་མཁར་ཆུར་སྒོམ་དུ་འགྲོ་བར་ཞུས་པས། གནང་ནས་དོལ་མདར་མར་མ་གསེར་སྟེངས་སུ་བྱོན་ནས་རྩམ་པ་བླངས་པས། རྒད་པོ་ཅིག་ཁྱོད་སུའི་སློབ་མ་ཡིན་ཟེར། ང་རྗེ་བཙུན་གླིང་གི་སློབ་མ་ཡིན་བྱས་པས། ཁོའུ་ཟེར་བས། ཁོའི་ངག་དེ་ལ་ཐུགས་མ་ཆེས་ནས་ལོག་ནས་སྣ་ཕུར་བྱོན་པ་ན། གླིང་གཤེགས་ཟིན་འདུག །དེར་དགོངས་པ་རྫོགས་ཐབས་རྣམས་གྲུབ་གྲུབ་ཀྱི་བར་དུ་བཞུགས། དེ་ནས་དབྱར་དེ་ལོ་རོ་ཡེ་མགོན་ལ་སོགས་པ་བཞི་ཁྲིད་ནས་ར་ལུང་དུ་བྱོན། དེ་རྣམས་ཀྱི་ཁྲིད་ཚར་བར་མཛད། སྐུ་བསོད་ཀྱང་དེ་ནས་སྐྱེས། རྟ་རག་ཆུང་ཅིག་བསྣམས་སྣ་ཕུར་ཨ་མ་ཇོ་མོ་ལ་ཕུལ། གདུང་བརྟེན་རབ་གནས་དང༌། གདན་སའི་འདུན་མ་ཚར། དཔོན་སློབ་བདུན་གྱིས་མཁར་ཆུར་བྱོན་ནས་ལྕགས་ཕུལ་ཅན་དུ་འདག་འབྱར་མཛད་པས་བར་ཆད་ཀྱི་ཀློང་རྡོལ་ཏེ། ལྷ་འདྲེ་ཐམས་ཅད་ཀྱིས་དམག་བྱེད་པ་དང་སྐུ་ལུས་ལ་མི་བསྙུང་བའི་ས་གཅིག་ཀྱང་མེད་པ་ལ་སོགས་པ་བྱུང༌། དེར་བར་ཆད་ཐམས་ཅད་ཟིལ་གྱིས་མནན་ནས། རྟོགས་པ་ནམ་མཁའ་ལ་མདུང་བསྐོར་བ་བཞིན་སོང༌། རྟེན་འབྲེལ་གྱི་གནད་འགའ་ཞིག་ཀྱང་གཟིགས། དེར་ཡེ་ཤེས་མགོན་པོ་ཞལ་གཟིགས། དེ་དུས་ལས་སྦྱོར་བྱས་ན་གོས་བརྡབས་པ་ཙམ་གྱིས་མཐུ་ཆེན་པོ་འོད་པ་ཞིག་འོང་སྟེ། འཁོར་དང་ལོངས་སྤྱོད་ལ་གནོད་དོགས་པས་མ་མཛད། དེར་ལོ་གསུམ་བཞུགས་ནས་རྗེ་བཙུན་རས་ཆུང་པས་གཏེར་དུ་སྦས་པའི་རོ་སྙོམས་སྐོར་དྲུག་ཀྱང་དེ་རེས་ཐོན། དེའི་ཚེ་དགུང་ལོ་ཉི་ཤུ་རྩ་དགུ་པ་ས་མོ་བྱ་ཡིན། དེ་ནས་མདོ་བོ་རས་པ་མཇལ་དུ་བྱོན་ནས་ཆོས་དྲུག་གི་ཁྲིད་ཞུས་པས། ཁྱོད་བསྒོམས་པ་ཅིག་འདུག་གསུང༌། དེ་ནས་བྱ་སྐྱུངས་དང་ཆུ་བོ་རི་ལ་སོགས་པར་ཡང་དུམ་རེ་བཞུགས། འབྲི་ཁུང་དུ་བྱོན་ནས་ཚོགས་ཆོས་གསན། སྙིང་རྗེ་སྐྱེ་བའི་ཐབས་ཞུ་ཟེར་བའི་ཡི་གེ་ཕུལ་བས། སྐུ་མདུན་དུ་བོས་ཏེ་རབ་ཏུ་བྱུང་ཞིག་གསུང༌། སྙིང་རྗེ་ལ་བོགས་ནི་མ་ཐོན། དེ་ནས་མྱང་པོ་ལ་བརྒྱུད་དེ་སྒམ་པོ་དང་ཙ་རིར་བྱོན་ནས་དབྱར་ཅིག་བཞུགས། དེ་ནས་སྐྱི་ཤོད་དུ་ཕེབས་ནས་ཀློང་རྡོལ་བཏབ། དེ་འཕྲལ་དུ་བླ་མ་ཞང་གི་དྲུང་དུ་བྱོན་ནས་རྟོགས་པ་ཕུལ་བས་མཉེས། སྙིང་རྗེ་སྐྱེ་བའི་ཐབས་ཞུས་པས། ཁྱོད་ལ་གདམས་པ་བྱ་གསུང་ནས་སྙིང་རྗེ་བློ་རྡེག་མ་གནང༌། སྙིང་རྗེ་ལ་བོགས་ཆེན་པོ་ཐོན། ཅིས་ཀྱང་རབ་ཏུ་བྱུང་གསུང་བས་དགེ་ཚུལ་གྱི་མཁན་པོ་བཟང་བ་ལ་ཞུས། བསྙེན་རྫོགས་ཀྱི་མཁན་པོ་ཞང་རང་གིས་མཛད་ནས། དགུག་ལོ་སུམ་ཅུ་རྩ་གསུམ་ལ་ཆིག་རྫོགས་མཛད། དེ་ནས་གཙང་ཕྱོགས་དང་ཕོ་མ་ལ་སོགས་འི་འབྲོག་བོད་དང་བྱང་ཚ་ཁ་ཚུན་ཆད་དུ་ཁྲིད་བཏབ་པ་དང༌། གཞན་གྱི་ལོངས་སྤྱོད་དོན་ཡོད་པར་མཛད་པ་དང༌། འཁྲུག་བསྡུམས་མཛད་པ་དང་ཇ་མའི་གདན་སར་འབུལ་བ་བསྐྱལ་བ་ལ་སོགས་པ་དཔག་ཏུ་མེད་པ་མཛད། འབྲུག་ཏུ་དགོན་པ་བཏབ་པས་ལོ་དེ་ཉིད་ལ་སྤྱིལ་པོ་སྟོང་ཙམ་ཐེབས། དེ་ནས་ཡང་ས་ཕྱོགས་རྣམས་སུ་འགྲོ་དོན་ལ་བྱོན་ཞིང་ཟད་མི་ཤེས་པའི་དངོས་པོ་བྱུང་བ་ཆོས་ཀྱི་ཕྱོགས་ཁོ་ནར་བཀྱེ། དེ་ལྟར་གང་དང་གང་དུ་བྱོན་པ་ཐམས་ཅད་དུ་ལོངས་སྤྱོད་ཟད་མི་ཤེས་ཀྱང་སློབ་མ་རྣམས་ལ་འཇིག་རྟེན་གྱི་ཞེན་ལོག །ཚེ་བློས་བཏང་གི་སྒྲུབ་པ། བླ་མའི་མོས་གུས་གསུམ་གཙོ་བོར་འཛིན་དུ་བཅུག་ནས་ཕྱག་རྒྱ་ཆེན་པོའི་རྟོགས་པ་ཤར་བ་སྟོང་ཕྲག་ལྔ་ཙམ། ཨུ་རྒྱན་དང་ཛ་ལནྡྷར་དང་ཁ་ཆེ་དང་བྱ་རྒོད་ཕུང་པོའི་རི་བོ་དང༌། རྒྱའི་རི་བོ་རྩེ་ལྔ་དང་ཙ་རི་དང་ཤ་འུག་སྟག་སྒོ་དང་ཏི་སེ་ལ་སོགས་པའི་གནས་དག་ཏུ་ཚེ་དང་སྒྲུབ་པ་སྙོམས་པ་གྱིས་གསུང་བའི་བཀའ་གནང་ནས། འཁོར་འགྱེད་པ་མཛད། བྱ་རྒོད་ཀྱི་ཉིན་ལམ་བཅོ་བརྒྱད་དུ་འབྲུག་པའི་བུ་སློབ་ཀྱིས་མ་ཁྱབ་པ་མེད་བྱ་བ་བྱུང་སྟེ། འབྲུག་པ་ལ་གཏོགས་པའི་སྒོམ་ཆེན་ཡིན་ཕྱིན་ཆད་སྡེ་རིས་དང་སློབ་རིས་ཀྱི་ཆགས་སྡང་དང་འཁྲུག་པ་མེད་ཅིང་ཤིན་ཏུ་དུལ་བ་ཤ་སྟག་འབྱུང་ངོ༌། །ཆོས་རྗེ་འདི་ནི་དཔལ་ནཱ་རོ་པའི་སྤྲུལ་པར་གྲགས་ཤིང༌། ཕལ་ཆེར་དེ་ལ་ངེས་པ་ཡང་འཇོག་གོ །དེ་ནས་སྐུ་ཚེ་འདིའི་ཕྲིན་ལས་རྫོགས་ནས་དགུང་ལོ་ལྔ་བཅུ་རྩ་གཅིག་པ་ལྕགས་མོ་ལུག་གི་དབྱར་ཟླ་ཐ་ཆུངས་ཀྱི་མར་ངོའི་ཚེས་བཅུའི་ཐོ་རངས་ལ་གཤེགས། གདུང་བཞུ་བའི་ཉིན་འཇའི་གུར་དང་མེ་ཏོག་གི་ཆར་བབ། སྒལ་ཚིགས་ཉི་ཤུ་རྩ་གཅིག་ལ་སྤྱན་རས་གཟིགས་ཀྱི་སྐུ་ཉི་ཤུ་རྩ་གཅིག་བྱོན་ནས་ཕལ་ཆེ་བར་ལུང་དུ་གདུང་རྟེན་དུ་བཞུགསསོ། །འདིས་གཞན་དོན་རྒྱ་ཆེར་བསྐྱངས་པའི་སློབ་མའི་མཆོག་ནི། དང་པོར་ཆེ་བ་སྤ་རྐྱང་གཉིས། བར་དུ་ཆེ་བ་རྒྱ་འབྲས་གཉིས། ཐ་མར་ཆེ་བ་ལོ་རྒོད་གཉིས། ཞེས་བྱའོ། ། དེ་ལ་སྤ་རི་བ་ནི། དང་པོར་བླ་མ་ཞང་གི་གཏོར་བཤོམས་པ་ཡིན་ལ། ཆོས་རྗེ་གཙང་པ་རབ་བྱུང་ལ་བྱོན་དུས་ཆོས་རྗེ་གཙང་པ་ཡང་མཉེས། ཁོང་རང་ཡང་གུས་པར་བྱུང་བ་ཡིན། སྤ་རི་བ་ལ་གཙང་བས་ཕན་ཐོགས་པར་མཁྱེན་ནས། ཞང་གིས་ཀྱང་བཏང་ནས་གདམས་པ་ཞུས་པས་ཐུགས་དམ་ཁྱད་པར་ཅན་འཁྲུངས། སྤ་རི་བྱང་ཆུབ་གླིང་གོང་བཏབ། རྗེ་མཁྱེན་པའི་མངའ་བདག་ཏུ་གྲགས་ཤིང་འགྲོ་དོན་རྒྱ་ཆེ་བར་མཛད། དེ་ལས་གྱེས་པའི་དགོན་ལག་ཀྱང་ཆུ་བོ་རི་ལ་ཁ་ཤར་ལ་སོགས་པ་མང་དུ་བྱུང༌། དེ་ལ་སློབ་མའི་མཆོག་རྗེ་དགོན་གསར་པ་ཞེས་པ་ཡེ་ཤེས་མགོན་པོའི་ཞལ་གཟིགས་ཤིང་གྲུབ་རྟགས་མང་དུ་ཡོད་པ་ཅིག་བྱོན། །དེའི་དགོན་པའང་སྤ་རིའི་ཉེ་ལོགས་ན་ཡོད་ཟེར། རྐྱང་མོ་ཁ་བ་ནི། དང་པོ་བདེ་བ་ཅན་པའི་དགེ་བཤེས་ཡིན་པ་ཞིག་ཆོས་རྗེ་གཙང་པ་འབྲུག་ཏུ་བཞུགས་དུས་མཇལ་ནས། གདམས་པ་གསན་པས་ཐུགས་དམ་འཁྲུངས། བུར་དུ་རྐྱང་མོ་ཁ་བཏབ་ནས་འགྲོ་དོན་རྒྱ་ཆེན་པོ་མཛད། ། རྒྱ་ཡགས་པ་ནི། གྲའི་ཟར་པོ་ཕུར་རྒྱ་ཡགས་བཏབ་ནས་གཞན་དོན་མཛད་པས། རྒྱ་ཡགས་བཀའ་བརྒྱུད་ཟེར་བ་བྱུང་ངོ༌། ། འབྲགས་མོ་བ་ནི། དགོན་པའི་མིང་སྟེ་མྱང་སྟོད་ན་ཡོད། ཐ་མར་ཆེ་བ་ལོ་རྒོད་གཉིས་ནི་འོག་ཏུ་འཆད་དོ། ། ཆོས་རྗེ་གཙང་པ་གཤེགས་རྗེས་སུ་དབོན་རས་དར་མ་སེང་གེས་གདན་ས་མཛད་པ་ཡིན་ཏེ། དེ་ནི་རིགས་ཀྱི་དབོན་པོ་ཆོས་ཀྱི་སྲས་ཡིན་པས། རྗེ་རྒོད་ཚང་བ་ལ་སོགས་པའི་བུ་ཆེན་ཕྱི་ཚར་བ་རྣམས་ཀྱི་ཡང་བླ་མ་ཡིན་ནོ། །དེ་ནི་མེ་མོ་བྱ་ལ་འཁྲུངས། སོ་ལྔ་བཞེས་པ་ལ་ཆོས་རྗེ་གཙང་པ་གཤེགས། རང་ལོ་དྲུག་ཅུ་རྩ་གཅིག་པ་ལ་གཤེགས། དེའི་དབོན་པོ་གཞོན་ནུ་སེང་གེ་ལྕགས་ཕོ་སྤྲེའུ་ལ་འཁྲུངས། བདེ་དྲོད་ལ་དབང་འབྱོར་བས་སྐུ་མདུན་ན་ཡོད་པ་རྣམས་ཀྱང་གྲང་བའི་འཇིགས་པ་མེད་པ་བྱུང༌། སོ་བརྒྱད་པ་ལ་དབོན་རས་གཤེགས། རང་ལོ་དྲུག་ཅུ་རྩ་བདུན་པ་མེ་ཕོ་སྟག་ལ་གཤེགས། ། དེའི་དབོན་པོ་ཉི་མ་སེང་གེ་གཞོན་ནུ་སེང་གེས་ལྔ་བཅུ་རྩ་གཉིས་བཞེས་པ་ལྕགས་མོ་ཕག་ལ་འཁྲུངས། བར་འབྲོག་རྡོ་རྗེ་གླིང་གི་གདན་ས་ཡང་མཛད། རང་ལོ་སོ་བདུན་པ་མེ་མོ་ཕག་ལ་གཤེགས། ། སྤོས་སྐྱ་བ་སེང་གེ་རིན་ཆེན་གཞོན་ནུ་སེང་གེའི་ལྔ་བཅུ་རྩ་དགུ་པ་ས་ཕོ་རྟ་ལ་འཁྲུངས། ལྔ་བཅུ་རྩ་དྲུག་པ་ཆུ་མོ་གླང་ལ་གཤེགས། ། བཅུ་གསུམ་པ་སེང་གེ་རྒྱལ་པོ་ས་མོ་གླང་ལ་འཁྲུངས། ཉི་ཤུ་རྩ་ལྔ་པ་ལ་སྤོས་སྐྱ་པ་གཤེགས། རང་ལོ་སོ་བདུན་པ་ཤིང་མོ་གླང་ལ་གཤེགས། ། འཇམ་དབྱངས་ཀུན་དགའ་སེང་གེ་སྤོས་སྐྱ་བ་གཤེགས་པའི་ཕྱི་ལོ་ཤིང་ཕོ་སྟག་ལ་འཁྲུངས། རང་ལོ་སོ་བཞི་པ་མེ་མོ་ཕག་ལ་གཤེགས། ། བློ་གྲོས་སེང་གེ་ནི། ཀུན་དགའ་སེང་གེའི་སུམ་ཅུ་རྩ་གཉིས་པ་ཤིང་མོ་བྱ་ལ་འཁྲུངས། བཞི་བཅུ་རྩ་དྲུག་པ་ལྕགས་ཕོ་རྟ་ལ་གཤེགས། ། ཤེས་རབ་སེང་གེ་བློ་གྲོས་སེང་གེའི་ཉི་ཤུ་རྩ་བདུན་པ་ལྕགས་མོ་ཕག་ལ་འཁྲུངས། ཉི་ཤུ་རྩ་གཉིས་པ་ཆུ་ཕོ་སྤྲེའུ་ལ་འདས། ཡེ་ཤེས་རིན་ཆེན་ནི། བློ་གྲོས་སེང་གེའི་ཉི་ཤུ་པ་ཤིང་ཕོ་འབྲུག་ལ་འཁྲུངས། རང་ལོ་ལྔ་བཅུ་པ་ཆུ་མོ་སྦྲུལ་ལ་གཤེགས། ནམ་མཁའ་དཔལ་བཟང་ཡེ་ཤེས་རིན་ཆེན་གྱི་སོ་ལྔ་པ་ས་ཕོ་སྟག་ལ་འཁྲུངས། ཉེར་བརྒྱད་པ་ལ་གཤེགས། ཆོས་རྗེ་ཀུན་དགའ་དཔལ་འབྱོར་བ་ནི། ས་ཕོ་སྤྲེའུ་ལ་འཁྲུངས། འབྲུག་ར་ལུང་གི་གདན་ས་བསྐྱངས། འཁྲུལ་ཞིག་ནམ་མཁའི་རྣལ་འབྱོར་ལ་སོགས་པའི་བླ་མ་མང་དུ་བསྟེན། དུས་ཕྱིས་སྐམ་པོའི་གདན་ས་ཡང་མཛད་དེ། ཞེ་དགུ་བཞེས་པ་མི་ཕོ་སྤྲེའུ་ལ་གཤེགས། འདི་ལ་སྦ་གྲོ། གཙང༌། དབུས། དྭགས་པོ། ཀོང་པོ། གཉལ། ལོ་རོ། ལྷོ་མོན་ལ་སོགས་པ་རྣམས་སུ་གདུལ་བྱ་རྒྱས་ཤིང༌། ཆོས་ཀྱི་རྗེ་སྒམ་པོ་བའི་གདན་སར་བཞུགས་ནས། སླར་སྒམ་པོ་བའི་གདུང་བརྒྱུད་ལ་གདན་ས་གཏད་དེ་འགྲོ་བའི་དོན་བསྐྱངསསོ། །ཆོས་རྗེ་གཙང་པ་བུ་ཆེན་གདན་རབས་དང་བཅས་པའི་སྐབས་སོ། ། ༨.༡༦ སྨད་འབྲུག་གི་སྐབས། ཐོག་མ་དང་བར་དུ་ཆེ་བ་བཞི་པོ་ལ་འགྲོ་བའི་དོན་སྤྱོད་ནུས་པ་ཁོ་ནར་ངེས་མོད་ཀྱི། རྣམ་པར་ཐར་པ་ནི་གསལ་བར་མ་མཐོང་ངོ༌། །ཐ་མར་ཆེ་བ་ལོ་རྒོད་གཉིས་ལས། ཆོས་རྗེ་ལོ་རས་པ་ནི། གདུང་ལོ་ནང་ཡིན་པས་དེ་ལས་མཚན་ཆགས་པ་སྟེ། གཞུང་གི་གྲགས་ཆེན་ས་ན། ཡབ་རྣལ་འབྱོར་དང་ཡུམ་མེ་གཟའ་སྐྱིད་དེ་ཞེས་བྱ་བ་གཉིས་ལ་སྲས་མེད་ནས། ཇོ་བོ་ཐུགས་རྗེ་ཆེན་པོའི་དྲུང་དུ་མཆོད་པ་ཕུལ་ཞིང༌། བུ་འབྱུང་བར་གསོལ་བ་བཏབ་པས། སྤྱན་རས་གཟིགས་ཀྱི་བྱིན་རླབས་ལས་ཡུམ་ལ་ལྟས་བཟང་པོ་དང་བཅས་ཏེ། མེ་མོ་ལུག་གི་ལོ་ལ་སྐུ་བལྟམས། ཆུང་ངུ་ནས་ཆོས་ཀྱི་བག་ཆགས་མ་གཏོགས་བྱིས་པ་གཞན་གྱི་རྩེ་མོའི་ཟླ་ལའང་མི་བཞུགས། ལོ་དྲུག་ནས་ཀློག་ལེགས་པར་མཁྱེན། ལོ་བཅུ་དྲུག་པ་ལ་ཆོས་རྗེ་གཙང་པ་གཞུངདུ་བྱོན་པ་ལ་དད་པ་ཐོབ་ཅིང་བསྙེན་བཀུར་རྒྱ་ཆེར་བྱས། བཅུ་བདུན་པ་ལ་རྗེ་གོང་མ་སྙེ་ཐང་དུ་དུམས་ལ་ཕེབས་པའི་ཚེ་ཡབ་ཡུམ་སྲས་གསུམ་གྱིས་མཇལ། བཅོ་བརྒྱད་པ་ལ་བྲོས་ནས་སྐྱོར་མོ་ལུང་དུ་མཁན་པོ་སྦལ་ཏི་ལས་རབ་ཏུ་བྱུང༌། མཚན་ནི་དབང་ཕྱུག་བརྩོན་འགྲུསསོ། །དེ་ནས་རྗེ་གོང་མའི་སྤྱན་སྔར་བཞུགས་ཡུལ་ནས་བསྙེགས་མ་བྱུང་བས། རྗེའི་ཞལ་ནས། བར་ཆད་དུ་མི་འགྲོ་བས་ད་ལན་བཞུད་ཅིག་གསུང༌། ཡུལ་དུ་བྱོན་པ་ན་ཉེ་བ་རྣམས་ཀྱིས་བག་མ་བསུས་ནས། ལྕགས་འཇུག་པ་ལ་སོགས་པའི་གྲོས་བྱས་པ། ཨ་མས་བྱ་བཏང་བྱུང་བས། རྗེའི་སྤྱན་སྔར་བྲོས་ཏེ་བྱོན། གཏུམ་མོ་ལ་སོགས་པའི་ཁྲིད་འཕྲོ་རྣམས་ཞུས་པས། དེ་དུས་རང་ནས་དྲོད་ཁྱད་པར་ཅན་སྐྱེས་པས་རས་རྐྱང་མཛད། དེའི་སྟོན་དེ་ཆོས་རྗེ་གོང་མ་ཡུལ་དུ་སྤྱན་དྲངས་ནས་ཆོས་འཁོར་བསྐོར། ཉི་འབྲེལ་རྣམས་ཀྱིས་ཆོས་རྗེ་གོང་མ་ལ་འདི་འབབས་པའི་བཀའ་གནང་དགོས་ཞུས་པས། གཏམ་ལན་རང་གིས་འདེབས་པ་ཞུས་ནས། ང་འཆི་བའི་ཚེ་ཁྱེད་ཉེ་བས་ཤོལ་མི་ཐེབས། སྲོག་ལ་བབ་ཀྱང་འབབས་པའི་སྐབས་མེད་བྱ་བ་ལ་སོགས་པ་གསུངས་པས། དེར་ཚོགས་པ་ཐམས་ཅད་ལ་སྤྱན་ཆབ་བྱུང༌། དེར་ཡབ་ལ་སོགས་པ་ཐམས་ཅད་ཀྱང་རེ་ཐག་ཆད། ཆོས་རྗེའི་ཞལ་ནས་ཀྱང༌། ཚེ་འདི་ཕྱིའི་ཕོ་ཤན་དེ་རིང་ཕྱེད་གསུང་ནས་མཉེས། ཡབ་སྲས་ཀུན་གྱིས་འབྲུག་ཏུ་ཕྱགས་ཕྱིར་བྱོན། དབང་ཡང་ཞུས། སྟོན་དེ་བསྙེན་པར་རྫོགས་ནས་མདོ་རྩ་བ་ལ་སོགས་པ་གསན་ཞིང་བསླབས། བརྟག་གཉིས་དང་མ་ཧཱ་མཱ་ཡཱ་ལ་སོགས་པའི་རྒྱུད་དང༌། དོ་ཧ་ལ་སོགས་པའི་ཟབ་ཆོས་དང༌། བདེ་མཆོག་ལ་སོགས་པའི་སྒྲུབ་གཞུང་མང་དུ་གསན། དེ་ནས་ཡབ་བསྙུང་བས་ཡུལ་དུ་བྱོན། རིང་པོར་མ་ལོན་པར་ཡབ་འདས་ནས། ཆོས་རྗེ་འཁོར་དང་བཅས་པ་གཞུང་དུ་སྤྱན་དྲངས། ཁལ་ཉིས་སྟོང་བརྒྱད་བརྒྱས་གཙོས་པའི་འབུལ་བ་བསམ་གྱིས་མི་ཁྱབ་པ་ཕུལ། དགེ་འདུན་རྣམས་ལའང་སྟོན་མོ་བཟང་པོ་དང་དབུ་ཆེ་དང་ལས་དཔོན་ཀུན་ལ་འབུལ་བ་རྣམ་བཞག་དང་ཕོགས་བཟང་པོ་ཕུལ་ནས་ཆོས་འཁོར་བསྐོར། ཡུལ་མི་རྣམས་ལའང་སྟོན་འགྱེད་བཟང་པོ་ཡང་དག་པར་མཛད། མཐའ་བཞི་འཁོར་སྟོང་ལྷག་ཙམ་ཤོར། དེ་མིན་ཐམས་ཅད་ཆོས་ཕྱོགས་སུ་ཐོངས་པར་མཛད། བྲེ་གང་གིའང་འཛིན་ཆགས་མ་གཟུང་བར་འབྲུག་ཏུ་བྱོན་ནས། ཕ་ཡུལ་དུ་མི་འགྲོ་བ། རི་མི་འབབས། ཙོག་བུ་རྒྱུན་དུ་མཛད་པ། ཁྱིམ་པའི་ཐེམ་སྤངས། རས་རྐྱང༌། གསུང་བཅད། གཏོར་མ་བརྒྱ་རྩ་མ་ཆག་པ་སྟེ་དམ་བཅའ་བདུན་མཛད། རྗེའི་ཞལ་ནས། ཁྱེད་ལ་དམ་བཅའ་འདི་རྣམས་དགོས་རྒྱུ་མེད་དེ། ཐུབ་པས་ཀྱང་ལོ་དྲུག་ཏུ་དཀའ་བ་སྤྱད་པས་དམ་བཅའ་འདི་རྣམས་ལོ་དྲུག་གི་བར་དུ་སྐྱོངས། དེ་ནས་ཅི་བདེར་མཛོད་གསུང༌། དེ་ནས་རྒྱ་གར་གྱི་དུར་ཁྲོད་ལ་སོགས་པར་རོ་སྙོམས་ལ་འབྱོན་བཞེད་པ་ལ། རྗེའི་གསུང་ནས། བླ་མ་སྐུ་ཁམས་བཟང་རིང་ལ་འདིར་སྡོད་གསུང་ནས་བཞུགས། དེར་ཕ་སྤུན་གྱིས་ཡུམ་དང་སྲིང་མོ་མནར་བའི་གཏམ་དང༌། མཆེད་གྲོགས་ཀྱིས་ཆགས་སྡང་བྱེད་པ་དང༌། ལུས་ལ་ཤིག་ནད་ཚབས་ཆེ་བ་དང༌། ཐུགས་་རླུང་ལ་སོགས་པའི་འགལ་རྐྱེན་དྲག་པོ་བྱུང་ཡང༌།བླ་མའི་མོས་གུས་དང་མ་བྲལ་བར་ཐམས་ཅད་དགེ་སྦྱོར་གྱི་གྲོགས་སུ་གྱུར། དེ་ནས་གཙང་དུ་རྗེའི་ཞབས་དྲུང་དུ་བྱོན་ཞིང་གདམས་པ་མང་དུ་གསན། དབུས་སུ་ཆོས་ཁྲིའི་ཟུར་དུ་ཁང་ཆུང་བརྩིགས་ནས་ཚོགས་ཆོས་རྣམས་ཀྱང་མཚམས་ཁོངས་ནས་གསན། ལོ་ཉི་ཤུ་རྩ་ལྔ་པ་ལ་རྗེ་གཙང་པ་གཤེགས། དེ་ནས་ཁ་རག་གི་རྩེ་མོ་ཇོ་མོ་གྲོ་སར་བཞུགས་པས། འཚོ་བ་ནི་མེད། སྟེང་དུ་གངས་རུད་ཆེན་པོ་བྱུང་ནས་ཆུ་མེ་ཤིང་ཡང་བླང་དུ་མེད་པར་བཞུགས་པ་དང༌། དེ་བཞིན་དུ་ཇོ་མོ་གངས་དང༌། སེ་མོ་དོ་དང༌། སླར་ཡང་ཇོ་མོ་གངས་རྣམས་སུ་དཀའ་བ་དཔག་ཏུ་མེད་པ་སྤྱད་ཅིང་ནང་སེམས་ཀྱི་ནད་དང༌། ཕྱི་འབྱུང་པོའི་བར་ཆད་ལ་སོགས་པ་དང༌། དཀའ་ཐུབ་ཀྱི་གེགས་ལ་སོགས་པ་བློ་ལས་འདས་པ་མང་པོ་བྱུང་བ་རྣམས་ཐུགས་དམ་གྱི་གྲོགས་སུ་སོང་ནས་ནང་ཡེ་ཤེས་ཀྱི་སྟོབས་རྒྱས། མངོན་པར་ཤེས་པ་ཆེན་པོ་དང་ཡང་ལྡན། བླ་མ་རྣམས་དང་ཡི་དམ་ལྷས་ལུང་བསྟན་པ་བཞིན་གནས་དང་གནས་རྣམས་སུ་དགེ་འདུན་མང་དུ་འདུས་པ་རྣམས་ལ་སྒོམ་བཏབ་ནས་རི་ལ་འགྱེད་པ་ལན་མང་དུ་མཛད། ཆུ་མིག་དཀར་མོ་དང༌། ཤིང་སྐམ་དང༌། ལྕགས་སྤྱིལ་དང༌། དབུ་རི་ལ་སོགས་པའི་དགོན་པ་ཕྲན་རེ་མཛད་ནས་གཞན་དོན་བསྐྱངས། ཁྱད་པར་དབུ་རིར་ལོ་བདུན་བཞུགས་པས་ཚོགས་པའང་སྟོང་ལྷག་ཙམ་འདུས། ཕྱོགས་དེ་འཇིགས་པ་ཅན་གྱི་ས་ཡིན་པས་དེ་གཟུངས་པས་སྟོད་སྨད་གཞན་དུ་ཡང་འཇིགས་པ་དང་བྲལ། སྐྱེ་བོའི་ལམ་ཟན་འཛུགས་པ་ལ་སོགས་སྦྱིན་གཏོང་ཡང་རྒྱ་ཆེར་མཛད། འདི་ནས་བརྩམས་ནས་གདན་ས་ཡར་མར་དུ་འབུལ་བ་བཏང་བའང་གྲངས་ལས་འདས། ཕྱིས་མྱང་རོ་ལ་ལམ་བཏོད་ནས་ཇོ་མོ་ལྷ་རིར་ཡང་བཞུགས། དཔོན་སློབ་ཐམས་ཅད་ལ་ཧོར་དམག་གི་གནོད་པ་མ་བྱུང༌། དེ་ནས་སླར་གླང་གི་ལོ་ལ་དཀར་པོ་ཆོས་ལུང་བཏབ། ཚོགས་པ་མང་དུས་ཁྲི་ཚོ་ལྷག་པ་འཚོགས། ཐུགས་དམ་གསེར་གྱི་པོ་ཏི་མང་དུ་བཞེངས། དེ་ནས་ལྷོ་བྲག་མཁར་ཆུར་བྱོན། མཁར་ཆུའི་ལྷ་ཁང་ནང་འཁྲུག་གིས་ཞིག་པ་རྣམས་ཡང་དག་པར་གསོས་ཤིང་གསེར་གྱི་རྒྱལ་མཚན་བཙུགས། དེ་ནས་མོན་བུམ་ཐང་དུ་བྱོན་ནས། མོན་པ་དུད་འགྲོ་དང་འདྲ་བ་རྣམས་ཀྱང་བསྙེན་གནས་ལ་སོགས་པ་ལ་བཙུད། ཐར་པ་གླིང་གི་དགོན་པ་ཡང་བཏབ། དེ་ནས་སེང་གེ་རིར་ཕེབས་ནས། དེར་དགེ་སློང་བསླབ་པ་ཅུང་ཟད་ལྷོད་པ་རྣམས་ཀྱང་ཕྱིར་བཅོས་བྱེད་དུ་བཅུག་ནས་རབ་བྱུང་སྟོང་དང་ལྔ་བརྒྱ་ཙམ་ལ་བདེ་མཆོག་གི་དབང་མོ་ཆེ་རྒྱས་པ་ཞིག་ཀྱང་གནང༌། དེ་ནས་དུས་མཆོད་ཆེན་མོ་མཛད་ནས་ཟླ་བ་ཕྱེད་དང་གཉིས་ཀྱི་བར་དུ་ཆོས་མ་ཆག་པར་གསུངས། ལྕགས་ཕོ་ཁྱིའི་ལོ་དགུང་ལོ་དྲུག་ཅུ་རྩ་བཞི་པ་ཟླ་བ་དགུ་པའི་ཚེས་ཉི་ཤུ་གཅིག་ལ་གཤེགས། ཟླ་བ་རྟིང་མའི་ཚེས་གཅིག་ལ་སྐུ་གདུང་ཞུགས་ལ་ཕུལ་བས་ཐུགས་ལྗགས་དང་རིང་བསྲེལ་ལ་སོགས་པ་མང་དུ་བྱོན། ངོ་མཚར་བའི་ལྟས་ཀྱང་གྲངས་ཀྱིས་མི་ཆོད། དེའི་ཚེས་བཅུ་གཅིག་ལ་ལྷོ་བྲག་རྒྱུད་གྱི་དགེ་འདུན་བསྡུས་ནས་སྐུ་འདབ་མཛད། དེ་ལྟར་ན་སྐྱེས་བུ་དམ་པ་འདི་ནི་གཏོང་བ་ཕུན་སུམ་ཚོགས་པ་དང༌། ཞེན་ཆགས་མེད་པ་དང༌། སྒྲུབ་པའི་སྙིང་རུས་དང༌། མཁས་པའི་མཁྱེན་པ་དང༌། བརྩེ་བས་གཞན་དོན་མཛད་པ་ཐམས་ཅད་ཟླ་བོས་དབེན་པར་གྱུར་པ་ཞིག་གོ། ལོ་རས་གཤེགས་རྗེས་སུ་དབོན་པོ་ཙ་རི་བས་གདན་ས་གཟུང་ཞིང༌། སྤྱི་ལ་འགྲོ་དོན་ཡང་རྒྱ་ཆེར་མཛད། གྲུབ་ཐོབ་མགོན་ཡེས་ལ་སོགས་པའི་སློབ་མ་ཁྱད་པར་ཅན་ཡང་མང་དུ་བྱོན་ནོ། ལོ་རས་ཀྱི་སློབ་མ་འཇམ་དབྱངས་མགོན་པོ་ནི། ཡུལ་མྱང་སྟོད། བྱེ་བྲག་ཁམ་གྲོང༌། ཡབ་ཁྱུང་པོ་བསོད་ནམས་དཔལ་དང་ཡུམ་འདྲེ་མོ་ཁྱེ་འདྲེན་དཔལ་གྱི་སྲས་སུ་ས་ཕོ་འབྲུག་ལ་བལྟམས། སློབ་དཔོན་གཙང་སྟོན་ལ་གསོར་བཅུག །ཁོང་ཕྱག་དྲུག་པའི་ཕྲིན་ལས་གཏོང་བའི་དུས་སུ་ཕྱག་དྲུག་པ་ཡུད་ཙམ་ཞིག་གཟིགས། མཚན་བསོད་ནམས་མགོན་པོར་བཏགས། ལྷའི་ཡུལ་དུ་སྐྱེས་པ་སོགས་སྐྱེ་བ་མང་པོ་དྲན། རྨི་ལམ་རྒྱུན་དུ་ཟིན་ཡང་འོད་གསལ་དུ་འགྲོར་མ་འདོད། ལོ་བཞི་ལྔ་ནས་སྒོམ་རང་སྐྱེས་སུ་བྱུང་ནའང་ངོ་མ་ཤེས། ལོ་དྲུག་བདུན་ལོན་པའི་ཚེ་སློབ་དཔོན་ལྕེ་སྟོན་སངས་རྒྱས་དང༌། ལྕེ་སྟོན་མགོན་པོ་དང༌། གཡུ་ཐོག་ཇོ་རྒྱལ་ལ་སོགས་པ་མེ་ཏོག་སྡུད་པའི་ཆོས་གསུང་བ་བློ་ལ་ཟིན་ནས་བྱིས་པ་ཟླ་བོ་ལ་བཤད། གཞན་ཡང་གཞན་བགྲོ་གླེང་བྱེད་པ་ལ་སོགས་པ་ཐམས་ཅད་ཀྱང་ཟིན། ཇོ་གཟུངས་ལ་ཀློག་བསླབས་པས་ཟླ་གཅིག་དང་ཞག་བཅུ་བདུན་ལ་མཁས་པར་ཤེས། ལོ་བཅུ་ལོན་པའི་ཚེ་ཡུམ་གྲོངས། གཉེན་ཆད་བྱས་པའི་བུད་མེད་ལ་བོར་བྱིན་ནས་ཆོས་ལ་བྲོས་ནས་གཡས་རུར་ཕྱིན། བླ་མ་མར་སྟོན་ལ་རབ་ཏུ་བྱུང་ནས་མིང་ཤེས་རབ་འབྱུང་གནས་སུ་བཏགས། ཁྲིད་ཞུས་པས་སྔར་གྱི་སྒོམ་དང་ཁྱད་པར་མ་བྱུང༌། འོ་ཡུག་སོགས་སུ་མཚམས་དམ་པོ་བྱས་ཏེ་བསྒོམས། རིན་པོ་ཆེ་མར་སྟོན་གྱིས་མཁན་པོ་དང༌། དུང་ལུང་པས་སློབ་དཔོན་དང༌། སློབ་དཔོན་གཅུང་པོས་གསང་སྟེ་མཛད་ནས་བསྙེན་པར་རྫོགས། ཁྲོ་ཕུ་ལོ་ཙཱ་བ་ལ་བྱ་ཐང་དུ་སེམས་ཉིད་ངལ་གསོལ་དང་རིན་ཆེན་འབྲུ་དགུ་རྣམས་ཞུས། སྟན་གཅིག་ལོ་བཅུ་བཞི་དང༌། ཤ་མི་ཟ་བ་ལོ་བཅུ་བདུན་གྱི་བར་བྱས། དེ་ནས་དབུ་རི་བའི་སྙན་པ་གསན་ནས་དབུ་རིར་བྱོན་ནས་ལོ་བརྒྱད་ཀྱི་བར་བསྟེན། ཤིན་ཏུ་ཐུགས་ལ་འདོགས་པར་བྱུང་ནས་འབྲུག་པའི་ཆོས་སྐོར་དབང་བཀའ་ཐམས་ཅད་ཚང་བར་གསན། ལོ་ཉི་ཤུ་ལ་ས་གདོན་གྱི་རྟོག་པ་ཆེན་པོ་བྱུང་བས་འདག་འབྱར་བྱས་ནས་འཇམ་དཔལ་གྱི་བསྙེན་པ་བསྐྱལ་བས་ནད་ཀྱི་རྟོག་པ་སོལ། ལྷ་དང་གླེང་མོ་བྱས་ཆོག་པ་བྱུང་ཞིང་ཤེས་རབ་ཀྱང་ཆེ་བར་བྱུང༌། ལྷ་རི་མོ་དང་མྱང་སྟོད་དང་ཆོས་ལུང་རྣམས་སུ་འདག་འབྱར་མཛད་དེ་ཐུགས་དམ་མཛད། སེང་གེ་རིར་དབང་མོ་ཆེར་མཛད་པའི་ཚེ་ཁོང་མེད་པར་དབང་བསྐུར་བ་མི་འོང་གསུང་ནས། ཟླ་བ་གཅིག་གི་བར་དུ་སྒུག་པ་གནང་ནས་དབང་ཡང་ཐོབ། མཁན་པོ་སྟོད་ལུངས་པ། མཁན་པོ་དུང་ལུངས་པ། མཁན་པོ་ལས་སྟོད་པ་རྣམས་ལ་འདུལ་བ་ཉན། སློབ་དཔོན་སྦ་བ་གླན་སྟོན་ལ་ཚད་མ། ཀོང་ནག་ཆོས་ཀྱི་སོ་སེང་དང་འཇམ་གསར་ལ་ཚད་མ་ཞུས། བླ་མ་ལྷ་སྒང་བ་ལ་དུས་འཁོར་གྱི་དབང་རྒྱུད་རྣམས་གསན། སློབ་དཔོན་ཟླ་གྲགས་ལ་དབུ་མ་དང་ས་སྡེ་དང་སྤྱོད་ཕྱོགས་དང་གསང་འདུས་འཕགས་སྐོར་ཐམས་ཅད་དང་མ་རྒྱུད་ཀྱི་སྐོར་རྣམས་གསན། བླ་མ་དབུས་པ་ལ་སྤྱོད་ཡུལ་དཀའ་བརྒྱུད་དང་ཉམས་བརྒྱུད་རྣམས་གསན། འབྲུག་ཏུ་སངས་རྒྱས་དབོན་རས་ལ་འབྲུག་སྐོར་རྣམས་ཞུས། ཡར་འབྲོག་གི་སློབ་དཔོན་རོག་སྟོན་ལ་སྒྲའི་བསྟན་བཅོས་རྣམས་ཞུས། ཁྱུང་ཚང་བའི་བུ་ཆེན་དཀོན་མཆོག་རིན་ཆེན་ལ་རས་ཆུང་སྙན་བརྒྱུད་སྐོར་རྣམས་ཞུས། སློབ་དཔོན་སྟོན་གཞོན་ལ་སྦྱོར་དྲུག་ཞུས། དབང་ཞུས་པའི་མེ་ཏོག་ཕལ་ཆེར་དོན་ཡོད་གྲུབ་པ་ལ་ཕོག་པས་གསང་བའི་མཚན་དོན་ཡོད་རྡོ་རྗེར་བཏགས། བློ་ལ་ཡང་མཚན་ཉིད་ཀྱི་དབུ་མ་རྩ་ཤེ་ལ་སོགས་པོ་ཏི་མང་པོ་དང༌། སྔགས་ཀྱི་དུས་འཁོར་ལ་སོགས་མང་དུ་བཞུགས། ཀོ་བྲག་པས་ཧོར་བཟློག་པའི་རིམ་གྲོ་བསྐུལ་བ་ལ་དགེ་བཤེས་ཉི་ཤུ་རྩ་གསུམ་ཙམ་མངགས་བྱུང་བས། ཁོང་གིས་ཚོང་འདུས་ཡན་ཆད་ཀྱི་རིམ་གྲོ་བསྐུལ་བ་པོ་བྱས་པས། མི་རྣམས་ན་རེ། བཙུན་ཆུང་འདི་འདྲའི་ཤེས་རབ་ཆེ་བ་འཇམ་དབྱངས་རང་ཡིན་ཟེར་བས། འཇམ་དབྱངས་མགོན་པོར་གྲགས། ཆོས་རྗེ་ལོ་ལ་མྱང་སྟོད་སྨད་ཀྱིས་ཞུ་བ་ཕུལ་ནས། དེ་རྣམས་ཀྱི་སློབ་དཔོན་དུ་བསྐོས་པས། སྟོད་སྨད་ཀྱི་མཚམས་ཀུ་རུ་ལུང་དུ་དགོན་པ་བཏབ། བཞི་བཅུ་རྩ་གསུམ་པ་ལ་ལོ་རས་གཤེགས། བོ་དོང་ཕྱིན་ཆད་ནས་ལྷོ་བྲག་ཚུན་ཨེ་རོང་མན། དབུ་རི་ཚུན་ཆད་དུ་ཁྲོམ་མང་པོ་ཚོགས་པའི་སེམས་ཅན་གྱི་དོན་ལ་སེམས་བསྐྱེད་དང་དབང་དང་གདམས་ངག་དང་བསླབ་པ་སྦྱིན་པ་སོགས་གཞན་དོན་ཟད་མི་ཤེས་པ་བྱས། འདིས་མཛད་པའི་བསྟན་བཅོས་ཀྱང་སྔགས་ཀྱི་དབང་རྒྱུད་འགྲེལ་མན་ངག་གི་སྐོར་དང༌། མཚན་ཉིད་ཀྱི་གཞུང་བཤད་སྤྱི་བསྡུས་མང་པོ་དང༌། མི་དཔྱད་དང་རྟ་དཔྱད་སྨན་དཔྱད་ལ་སོགས་པའི་འཇིག་རྟེན་གྱི་བསྟན་བཅོས་མང་པོ་དང༌། ཐ་ན་རྒྱ་ཐབ་བཟོ་བ་ལ་སོགས་པའི་བཟོའི་བསྟན་བཅོས་མང་པོ་དང༌། རྒྱ་ནག་གི་རྩིས་ཀྱི་བསྟན་བཅོས་ལ་སོགས་པ་ཤིན་ཏུ་མང་བར་བརྩམས། རྒྱ་ནག་རི་བོ་རྩེ་ལྔར་ཡང་བྱོན་ནོ། །དེ་ལྟར་ལོ་རས་ནས་བརྒྱུད་པ་རྣམས་ལ་སྨད་འབྲུག་དང༌། རྒོད་ཚང་བ་ནས་བརྒྱུད་པ་རྣམས་ལ་སྟོད་འབྲུག་ཅེས་གྲགས་པས། འབྲུག་སྐོར་གཞན་ཐམས་ཅད་དེ་གཉིས་ཀྱི་གསེབ་ཏུ་ཐིམ་པ་ལྟ་བུར་གྱུར་རོ། །སྨད་འབྲུག་གི་སྐབསསོ། ། ༨.༡༧ རྒོད་ཚང་པ་བུ་ཆེན་དང་བཅས་པའི་སྐབས། ཆོས་ཀྱི་རྗེ་རྒོད་ཚང་པ་མགོན་པོ་རྡོ་རྗེ་ནི། ལྷོ་བྲག་དུ་ལུ་ཆུང་གི་ཁྲར། ཡབ་ཆུ་ཆལ་མོན་གྲགས་དང་ཡུམ་ཟུག་མོ་དཔལ་རྒྱན་གཉིས་ཀྱི་སྲས་སུ་ས་མོ་བྱ་ལ་སྐུ་བལྟམས། གླིང་རས་གཤེགས་པའི་ཕྱི་ལོ་ཡིན། གཅེན་པོ་གཉིས་སྔ་བར་གྲོངས་པས་སྲེའུ་གསོ་བའི་སློབ་དཔོན་ཟུག་སྟོན་བྱ་བ་ལ་གཏད། མཚན་མགོན་པོ་དཔལ་དུ་བཏགས། སྐུ་ན་ཕྲ་བ་ནས་སྐུ་མཛེས་པས་ཀུན་གྱི་ཡིད་དུ་འོང༌། གསུང་སྙན་པས་གླུ་ལ་མཁས། ཐུགས་འགྲོགས་བདེ་བས་གཞོན་པའི་དུས་བྲོ་པའི་བ་ཤི་མཛད། བ་ཤི་དོན་གྲུབ་སེང་གེར་གྲགས། སྐབས་དེར་སློབ་དཔོན་ཝ་ཞྭ་ལ་ལམ་རིམ། སློབ་དཔོན་སྟོད་ལ་དབུ་མ། སློབ་དཔོན་ཡུ་པི་བ་ལ་སྤྱོད་འཇུག །སློབ་དཔོན་ཞང་ལ་འགྲེལ་ཆུང་གསན་ཏེ། ཕལ་ཆེར་ཚར་རེས་མཁྱེན་པ་བྱུང༌། ལྷ་ས་ལན་གསུམ་སྐོར་དུ་བྱོན་ནས་ཆོས་འོང་བའི་སྨོན་ལམ་ཁོ་ན་བཏབ། ཡུལ་ན་ཆང་འཐུང་བྱེད་པ་ཅིག་གི་ཚེ་གཙང་ནས་གླུ་མཁན་བཞི་བྱུང་ནས་དེ་རྣམས་ཀྱིས། དགོན་པར་ལུང་གི་ཆོས་རྗེ་རྒྱ་རས་ལ། ཚེ་འདི་ཕྱི་གཉིས་ཀྱི་བདེ་ལེགས་ཡོད། ངེད་རང་གྲོགས་ཚན་ཟུང་ཅིག་དེ་རུ་གཤེགས་སམ། སྙིང་ནས་རང་དུ་ཆོས་ལ་གཤེགས། བྱ་བའི་གླུ་གསན་པས། མཚན་ཐོས་པ་ཙམ་གྱིས་དེ་ལས་ཆེ་རྒྱུ་མེད་པའི་མོས་གུས་ཤིག་སྐྱེས། ཡབ་ལ་ཞུས་པས་ཀྱང་གནང་ནས་ཟོང་དུམ་ཅིག་ཀྱང་ཐོགས་ཏེ། ཆོས་རྗེའི་སློབ་མ་ཟུག་སྒོམ་ཟེར་བ་ཅིག་ལ་ལམ་གྱི་འདྲེན་པ་ཞུས་ནས་ར་ལུང་དུ་རྟོལ། ཚོགས་ཆོས་གསུང་བ་དང་མཇལ་དེ་རང་དུ་རབ་ཏུ་བྱུང་མཚན་མགོན་པོ་རྡོ་རྗེར་བཏགས། མཇལ་རེས་ཀྱིས་ཆོས་རྗེ་ཞལ་འཛུམ་འོང་ཞིང་ཐུགས་ལ་བཏགས། དེར་གཏོར་དབང་ཅིག་གནང་ནས་ཁྲིད་ཞག་ཉི་ཤུ་རྩ་གཅིག་ཏུ་བསྐྱངས། མ་བདེ་བ་འགའ་རེ་བྱུང་བའང་ཁད་ཀྱིས་སོལ། དེར་སྐྱབས་འགྲོ་སེམས་བསྐྱེད། སེམས་བསྐྱེད་ཆེན་མོ། རྣལ་འབྱོར་བཞི། ལྷན་ཅིག་སྐྱེས་སྦྱོར། ཐབས་ལམ་གྱི་ཁྲིད། རོ་སྙོམས་ཀྱི་དམིགས་པ་མང་པོ། རབས་བདུན། ཆིག་ཆོག །གསང་སྤྱོད་ལས་ཕྲ་རྒྱས་ལ་སོགས་པ་དང༌། རྩ་ལྟུང་བཅུ་བཞི་པ་ལ་སོགས་དམ་ཚིག་གི་ཆོས་སྐོར། སྒྲུབ་ཐབས་བཅུ་གསུམ་མ་དང་ཞལ་གཉིས་མ་ལ་སོགས་པ་ཐམས་ཅད་ཀྱི་ལུང་གསན། དེ་ནས་འབྲུག་ཏུ་བྱོན་ནས་ཟླ་བ་གསུམ་དུ་བླ་སྒྲུབ་མཛད། ཚོགས་ཆོས་ལ་སོགས་མང་དུ་གསན། དགེ་འདུན་སྤྱིའི་ཤིང་བུ་འཐུ་བ་དང་བླ་མའི་ཞབས་ཏོག་རྣམས་ཐལ་འཆག་ཡན་ཆོད་མཛད་པས་སྒྲིབ་པ་དག་པའི་རྟགས་བྱུང༌། འབྲི་ཁུང་དུ་འགྲོ་བར་ཞུས་པས་གནང་ནས་དབུ་རུ་བྱང་ཕྱོགས་ཀྱི་བླ་མ་བཟང་ཚད་ལ་ཆོས་འབྲེལ་ཞུས། འབྲི་ཁུང་དུ་དང་པོར་ཚོགས་ཆོས་གསན་དེ་ནས་ཟབ་ཆོས་ཤིག་གསུང་བ་ལ་ཁྱོད་ཀྱི་ཁྲིད་ཚར་རམ་གསུང༌། ཚར་ཞུས་པས། འོ་ན་འདིར་སྡོད་གསུང་ནས་ཟབ་ཆོས་གནང༌། མོས་གུས་ཀྱང་ཡང་དག་པར་ཐོབ། རྭ་སྒྲེང་ཚུན་ཆད་དུ་བྱོན་ནས་སྟག་ལུང་པ་དང་མཚལ་བ་ལ་སོགས་པ་དང་མཇལ་བས་ཀྱང་ཆོས་རྗེ་རས་པ་ལ་མོས་གུས་ཆེར་སོང༌། དེ་ནས་ཆོས་རྗེའི་སྐུ་མདུན་དུ་བྱོན། ཆོས་རྗེ་རིང་པོ་མ་ལོན་པར་གཤེགས། སང་ཕོད་དེ་ཆོས་འཁོར་ཆེན་པོ་བཙུགས་པས། སློབ་དཔོན་ཉིས་བརྒྱ་དང་བདུན་ཅུ། དགེ་འདུན་བཞི་སྟོང་བརྒྱད་བརྒྱ་འཚོགས། དེ་ཚར་ནས་ནི་ལྷོ་བྲག་མཁར་ཆུ་དང༌། གངས་ཏི་སེ་དང༌། ཁ་ཆེའི་ཡུལ་དང༌། ཛ་ལན་དྷ་ར་ལ་སོགས་པར་བྱོན་ཞིང་བཞུགས་ནས་སྒྲུབ་པ་ཁོ་ན་མཛད། མཁར་ཆུ་ནས་གཟུང་སྟེ་གནས་དེ་རྣམས་སུ་གྲུབ་རྟགས་འགའ་རེ་ཡང་བསྟན། ཁྱད་པར་ཛ་ལན་དྷ་ར་ན་རྣལ་འབྱོར་མ་འགའ་ཞིག་ཚོགས་འཁོར་བྱེད་པའི་སྒོ་ལ་འཚངས་ཏེ་བྱོན་པས། ཚོགས་དཔོན་མ་དེ་ན་རེ། རྣལ་འབྱོར་པ་དེ་ཐོང་གསུང༌། དེར་ཚོགས་ལ་ཡང་ལོངས་སྤྱད་ཅིང་བྱིན་རླབས་ཀྱང་ཆེ་བར་བྱུང༌། རྣལ་འབྱོར་མ་དེ་ནི་ཕྱིས་ཞབས་དྲུང་ན་ཡོད་པའི་འགྲོ་བ་བཟང་མོ་ཡིན། ཁོ་ལ་གསེར་འོང་དུ་རེ་ནས་ལམ་དུ་ཆོམ་རྐུན་གྱིས་བསྒུགས་ནའང་བླ་མ་སྤྱི་བོར་བསྒོམས་པས་ཅི་ཡང་ཉེས་པར་མ་གྱུར། སླར་བོད་དུ་ཕེབས་ཏེ་དཔལ་མོ་དཔལ་ཐང་གི་དཀྱིལ་དུ་ཕེབས་ཙ་ན་གསོལ་རྒྱུ་མེད་པས། སྐུ་ལུས་ཀྱི་སྟོབས་ཞན་པར་གྱུར་པ་ལ། དེར་བོན་པོ་ཅིག་བྱུང་བ་ལ་གཤེན་རབས་མི་བོའི་སྤྲུལ་པ་ཁྱེད་ལ་བཟའ་རྒྱུ་འདྲ་ཡོད་དམ་བྱས་པས། ཁོ་ན་རེ། ཁྱེད་ཆོས་པ་འདི་རྣམས་འདི་ཁོ་ན་ཡིན། དཀའ་བ་སྤྱོད་མ་རན་པར་སྤྱོད་ཟེར་ནས་ཟན་དུམ་བུ་ཅིག་དང༌། རྒྱུ་མའི་སྣ་འགའ་བྱིན་བྱུང་བས་མུར་ཞིང་བྱོན། ཕྱིས་དིང་སང་གི་བརྒྱ་འབུལ་བས་བོན་པོའི་སྐྱོས་མ་དེ་དགའ་གསུང་ནས་དགྱེས་པའི་གཏམ་ཡང་གསུང༌། དེ་ནས་ར་ལུང་དུ་བྱོན་ནས་དབོན་རས་དར་མ་སེང་གེ་དང་མཇལ། དབོན་གྱི་ཞལ་ནས་ཁྱེད་རང་ལྷ་ཁབ་ཏུ་སྒྲུབ་པ་ལ་བཞུགས་དང༌། ཐུགས་དམ་འཕེལ་པོ་འོང་གསུང་བས་ཕོ་མ་ལྷ་ཁབ་ཏུ་བྱོན་ནས་སྤྱིལ་པོ་ཅིག་ཏུ་ལོ་གསུམ་དུ་བླ་མ་སྒྲུབ་པ་མཛད། སྐབས་ཤེད་དུ་ངའི་བླ་མ་ཆོས་རྗེ་རས་པ་དེ་ས་བཅུ་པའི་བྱང་ཆུབ་སེམས་དཔའ་ཡིན་སྙམ་པ་བྱུང་བས། དེ་མ་ཐག་ཏུ་སེམས་སངས་རྒྱས་སུ་ངོ་སྤྲོད་པའི་བླ་མ་ལ་ས་བཅུ་པ་བར་མཐོང་བ་ཁྱོད་ཁོ་ན་བྱས་ནས་རང་ལ་སྨད། དེ་ཕྱིན་ཆད་སངས་རྒྱས་ཀྱི་འདུ་ཤེས་དང་འབྲལ་མ་མྱོང༌། དེར་ལོ་གསུམ་བཞུགས་རིང་ལ་མཚོ་ལད་ནས་སྤྱིལ་བོ་ཆུས་གང་ནས་སྐུ་སྨད་ཆུ་ནང་དུ་བཞུགས་པ་ལས་མི་གཡོ་བར་མཛད། གསོལ་བ་ནི་ཆུ་འཐུང་བ་ཁོ་ན་ཡིན། ཉིན་ཅིག་མཚོ་འགྲམ་དུ་ཤ་བའི་རོ་ཅིག་འདུག་པ་ལེན་དུ་བྱོན་ནས། རྐྱང་ཅིག་འདུག་པ་ལ་བཀལ་བས་སྤྱིལ་པོའི་བར་དུ་དེས་བསྐྱལ། དུས་ཤིག་གི་ཚེ་ནམ་མཁའ་ལ་སྦྲུལ་གྱི་ཆར་འབབ་པའི་སྣང་བ་བྱུང་ཞིང༌། དེས་རྐྱེན་བྱས་ནས་བསྙུན་མཛེ་བྱུང་བའང་མྱུར་དུ་དྭངས། དེ་ནས་དབོན་རས་ཀྱི་དྲུང་དུ་བྱོན་བསྙེན་པར་རྫོགས་པ་མཛད། དེ་ནས་ཙ་རི་ལ་བྱོན་ནས་ལོ་གསུམ་བཞུགས། གཡུ་མཚོ་སྐོར་བ་ལ་བྱོན་པས་མཁའ་འགྲོ་མ་སེང་གེའི་གདོང་ཅན་གྱིས་གསེར་སྐྱོགས་གང་གནང་བྱུང་བའང་མཚོ་མཆོད་མཛད། དེར་ཙ་རི་ན་བཞུགས་པ་རྣམས་ཀྱི་གཡོག་འབའ་ཞིག་མཛད་པས་རྫ་ཁྲོད་ཤར་ནུབ་ཀྱི་བོང་བུ་སེར་པོ་ཟེར་བའང་བྱུང༌། མ་ཆེན་པ་རྣམས་ཀྱི་རྩམ་པ་སྐྱེལ་འདྲེན་གྱིས་སྒལ་པ་རྣག་ཏུ་སོང་སོང་གི་བར་དུ་མཛད། ཐུགས་ནི་བྲོད་པར་བྱུང་གསུང༌། དེར་ནུབ་ཅིག་མནལ་ལམ་དུ་ནང་ལྟོ་ཐམས་ཅད་མཐོན་ནས་ཁོག་པ་སྟོང་བར་སོང་བ་རྨིས། ད་འདི་ཕྱིར་ལྡོག་གམ་མི་ལྡོག་སྙམ་པ་ལ། མི་དཀར་པོ་ཅིག་ན་རེ། ད་ལན་རང་འདི་མི་ལྡོག་ཟེར། དེར་ཐུགས་དམ་ཤིན་ཏུ་འཕེལ་བར་གྱུར་ནས། སླར་ཡང་བྱོན་ནས་ཆོས་རྗེ་དབོན་དང་མཇལ། དབོན་གྱི་ཞལ་ནས་ཁྱེད་ཐུགས་དམ་འཕེལ་བར་བྱུང་འདུག་པས། ད་ངའི་ཁྲིད་གཉེར་བ་གྱིས་གསུང༌། ཁོ་བོ་ལ་སྟོད་དུ་འགྲོ་འདོད་ཞུས་པས་མ་གནང༌། གྲོགས་པོ་ཀུན་ན་རེ་ཡང་འགྲོ་རྒྱུ་མི་འོང་ཟེར་བ་ལ། གྲུབ་ཐོབ་ཡིན་ཡིན་ལྟ་བྱས་ནས་ལྐོག་ཏུ་མཎྜལ་མང་པོ་ཕུལ། གཟོད་ཞུ་བ་ཕུལ་བས། ད་འོ་ན་སོང༌། བསྟན་པ་མེད་པའི་ས་ཕྱོགས་སུ་བླ་མའི་བསྟན་པ་དར་བར་བྱས་ན་དེ་རང་ཞབས་ཏོག་ཏུ་ཆེ་གསུང༌། དེར་ལ་སྟོད་དུ་བྱོན་ནས་བྱ་རོག་ཚང་དུ་ཕ་སྒྲུབ་པ་ཞིག་པོ་དང་མཇལ་བས། ཀུན་དུ་བཟང་པོ་བྱ་བ་འདི་རང་ཡིན་སྙམ་པའི་མོས་པ་བྱུང༌། གདམས་ངག་ཀྱང་ཞིབ་ཚགས་དང་བཅས་ཏེ་གནང༌། དེ་ནས་ཁྱུང་དཀར་དུ་ལོ་གསུམ་བཞུགས་པས་ཐུགས་དམ་ཤིན་ཏུ་འཕེལ། དེར་ཤིག་ནད་དྲག་པོ་ཞིག་བྱུང་ནས་འགྲོངས་པ་ལ་ཕྱོགས་ཡོད་ཙ་ན། ཉེ་གནས་བསོད་སྙོམས་ལ་སོང་བ་དེ་ཡང་བྱ་རོག་ཚང་དུ་ན་བས། ད་ངས་ཁོ་བློས་བཏང་བས་མི་འོང་དགོངས་ནས་འབྱོན་པའི་འདུན་པ་བཏང་འཕྲལ་ལ་ཤིག་ནད་དེ་ཡང་སོས། །བྱ་རོག་ཚང་དུ་བྱོན་ནས་ཉེ་གནས་བླངས་ཏེ་གསོས་པས་དཔོན་སློབ་གཉིས་ཀ་དྭངས། ཡང་ཡང་དཀར་དུ་རྗེ་བཙུན་མི་ ལའི་ཞབས་རྗེས་ཡོད་སར་དབྱར་ཅིག་བཞུགས་པས་ཀྱང་ཐུགས་དམ་འཕེལ། དེ་ནས་རྒོད་ཚང་དུ་སྐྱེས་ནས་མཚམས་ཀྱི་དམ་བཅའ་དྲག་པོ་མཛད། མནལ་ལམ་དུ་བུད་མེད་ཅིག་ལ་ངས་མཚམས་བྱས་པ་དང༌། གཞན་དོན་བྱས་པ་ཁེབས་གང་ཆེ་བྱས་པས། མཚམས་བྱས་ན་གཞན་དོན་ཆེན་པོའང་འོང་ཟེར་བས་མཚམས་མཛད། གྲོགས་པོ་སྒོམ་གྲགས་ཀྱིས་ཐབས་ལམ་བསྒོམས་པས་མངོན་ཤེས་ཕྱི་ཐལ་ནང་ཐལ་དུ་བྱུང་བ་ལ། སྟེང་འོག་གི་གདོན་ཐམས་ཅད་རྒོད་ཚང་དུ་འདུས་ནས་ཆོས་ཉན་པ་མཐོང་བས། སྔར་གཞན་དོན་མི་མཛད་པར་སྙམ་པའི་བློ་ཡོད་པ་དེར་ལོག །དེ་ནས་རྒོད་ཚང་ནས་བྱོན་ནས་ལས་སྟོད་ཀྱི་རི་སུལ་རྣམས་སུ་བྱོན་ཞིང་གསང་སྤྱོད་མཛད། དེ་ཡང་ཆོས་རྗེ་འདིས་གནས་ཆེན་རྣམས་སུ་བདེ་སྡུག་སྣ་ཚོགས་བྱུང་བ་རྐྱེན་དང་བསྲེས་པ་དང༌། ཤིག་ནད་ལན་བཅུ་གསུམ་དུ་བྱུང་བའང་བྱང་ཆུབ་ཀྱི་སེམས་ཀྱིས་ཤིག་གཅིག་ཙམ་ཡང་མ་དོར་བར་རྐྱེན་ཕྱག་རྒྱ་ཆེན་པོ་དང་བསྲེས་པས་མྱུར་ཞིང་མྱུར་བར་སོས་པ་དང༌། རྟེན་འབྲེལ་མཛད་པས་ཅི་འདོད་འོང་བ་ལ་སོགས་པའི་གྲུབ་པའི་མཚན་མ་མངའ་ཞིང༌། ཁྱད་པར་དུ་རྣམ་པར་རྟོག་པ་ཡང་གཉིས་སུ་འཐུང་སྲིད་ཀྱི། གསུམ་ཕག་ཆད་དུ་ཕྱག་རྒྱ་ཆེན་པོའི་ཏིང་ངེ་འཛིན་དུ་གྱུར་ནས་འཐུང་མི་སྲིད་པ་དང༌། ཚེ་འདིའི་རྣམ་པར་རྟོག་པ་སྤུ་ཙམ་ཡང་མི་སྐྱེ་བ། དགེ་སྦྱོར་གྱི་གཙོ་བོ་ཕྱག་རྒྱ་ཆེན་པོ་དང་མ་བྲལ་བའི་མོས་གུས་ཁོ་ན་ལ་མཛད་པ། མནལ་སད་འཕྲལ་ལ་མདང་མ་ཤི་བ་ལེགས། དེ་རིང་གྲུབ་པ་ཅི་ཐོབ་བྱ་སྙམ་པའི་བརྩོན་འགྲུས་དང་ལྡན་པ། ཆོས་གང་ལའང་ཐོགས་པ་མེད་པའི་ཤེས་རབ་མངའ་སྟེ། ཤྲཱི་རིར་བཞུགས་དུས་བུད་མེད་དམར་མོ་ཅིག་གིས་པུ་སྟི་ཅིག་ཁར་བཅུག་བྱུང་བས། དེ་ཕྱིན་ཆད་བོད་དུ་འགྱུར་བའི་ཆོས་ལ་མི་ཤེས་པ་མེད་གསུང་བ་ཡིན་ནོ། །དེ་ནས་སྐུ་ཚེའི་སྨད་ལ་སྟེང་གྲོ་དང༌། སྤུད་དྲ་དང༌། བྱང་གླིང༌། བདེ་ཆེན་སྟེངས། བར་འབྲོག་རྡོ་རྗེ་གླིང་ལ་སོགས་པའི་དགོན་པ་མང་དུ་བཏབ། དགོན་པ་རེ་རེ་ནས་ཀྱང་དགེ་འདུན་སྒྲུབ་པ་པོ་སྟོང་ཚོ་མང་པོ་ཐོན་པ་བྱུང༌། དེ་ཡང་ཆོས་རྗེ་འདིས་དགུང་ལོ་བཅུ་དགུ་ལ་རབ་ཏུ་བྱུང་ནས་ལོ་ངོ་གསུམ་གཙང་པའི་དྲུང་དུ་བཞུགས། ཉེར་གཅིག་ལ་སྒྲུབ་པའི་ཁོངས་ནས་གཞན་དོན་དུམ་རེ་མཛད། མཁར་ཆུར་ལོ་གསུམ་དང་ཉི་ཤུ་རྩ་ལྔ། ཏི་སེ་དང་ཛ་ལནྡྷ་རར་ལོ་བཞི་སྟེ་ཉི་ཤུ་རྩ་དགུ། ལྷ་ཁབ་ཏུ་ལོ་གསུམ་སྟེ་སོ་གཉིས། ཙ་རིར་ལོ་གསུམ་སྟེ་སོ་ལྔ། ཁྱུང་དཀར་དང་ཡང་དཀར་གཉིས་སུ་ལོ་གསུམ་སྟེ་སོ་བརྒྱད། རྒོད་ཚང་དུ་ལོ་བདུན་ཏེ་ཞེ་ལྔ། སྟེང་གྲོར་ལོ་བཅུ་གསུམ་བཞུགས་ཏེ་ལྔ་བཅུ་རྩ་བརྒྱད། བདེ་ཆེན་སྟེངས་དང་དགའ་ལྡན་གཉིས་སུ་ལོ་ཧྲིལ་པོ་དགུ་སྟེ་དྲུག་ཅུ་རྩ་བདུན། སྦྱང་དུ་སེང་གེ་གླིང་དང་ཧོང་ཐང་གཉིས་སུ་ལོ་གཅིག་སྟེ་རེ་བརྒྱད། རྡོ་རྗེ་གླིང་དུ་ལོ་གཉིས་བཞུགས་ཏེ་བདུན་ཅུའོ། །དེ་ལྟར་ས་ཕོ་རྟ་ལ་དགོངས་པ་ཡོངས་སུ་མྱ་ངན་ལས་འདས་རྗེས་བཀའ་བརྒྱུད་ཀྱི་བསྟན་པ་འཛིན་པའི་སྐྱེ་བ་ཅིག །དེའི་རྗེས་སུ་བྱང་ཆུབ་སེམས་དཔའ་མ་ཆགས་པདྨའི་སྤྱན་བྱ་བར་སྟེང་ཕྱོགས་སུ་འཁྲུངས་ནས་རྩོལ་མེད་ཀྱི་གཞན་དོན་མཛད། དེ་རྗེས་འཇིག་རྟེན་གྱི་ཁམས་རྡུལ་དང་བྲལ་བ་ཞེས་བྱ་བར་དེ་བཞིན་གཤེགས་པ་རྡུལ་སེལ་ཞེས་བྱ་བར་སངས་རྒྱའོ་ཞེས་བཀའ་བསྩལ་ཏོ། །གཤེགས་རྗེས་སུ་ཁྲལ་བསྡུད་དང་རྟེན་བཞེངས་པ་སོགས་མ་བྱེད་པར་རི་ཁྲོད་རྣམས་སུ་ཚེ་བློས་བཏང་གི་སྒྲུབ་པ་གྱིས། མ་ཐའང་རི་ཁྲོད་ལོ་རེ་མའི་བཀའ་རྒྱ་ཡང་གནང་ངོ༌། །དེ་ལ་སློབ་མ་མང་དུ་བྱུང་བ་ལས་ཐུགས་ཀྱི་སྲས་ཀྱང་ཡང་དགོན་པ། གྲུབ་ཆེན་ཨུ་རྒྱན་པ། བྱང་གླིང་པ། ཆོས་རྗེ་ནེ་རིངས་པ། ཕུ་རི་བ། མཉམ་མེད་པ་རི་སྤྱིལ་དཀར་བ། རྗེ་མ་བདུན་པ། ཞི་བྱེད་མགོན་པོ། སངས་རྒྱས་ཁྲོམ་རས། དཔལ་སྐྱེར་ཤིང་རས་པ། ཤཱཀྱ་རས་པ། འདར་རས་ལ་སོགས་མང་དུ་བྱོན་ནོ། ། སྒྲུབ་ཚུགས་རང་དང་མཉམ་པ་བ་རི་སྤྱིལ་དཀར་བས་འགོས་ཡུལ་འབྲིང་མཚམས་སུ་དགོན་པ་བཏབ། འོད་གསལ་ཁོར་ཡུག་ཏུ་མངའ་གཞན་དོན་ཡང་རྒྱ་ཆེ་ཞིང་དེང་སང་གི་བར་དུ་སྐུ་འདྲ་ཅིག་བཞུགས་པ་ལ་རྡུལ་མི་འཆགསསོ། ། དཀའ་སྤྱད་རང་དང་མཉམ་པ་ཕུ་རི་བ་དཀོན་མཆོག་རྒྱལ་མཚན་ནི། རོ་སྙོམས་སྒང་འདྲིལ་ཞུ་མཁན་ཡིན། ཕ་དྲུག་ཏུ་དགོན་པ་བཏབ། བརྒྱུད་པ་འཛིན་པ་སྤྲུལ་སྐུ་བདེ་ཆེན་སེང་གེ མ་ཅིག་ཆོས་སྒྲོན། དེའི་སློབ་མ་བཀའ་བཞི་པ་ནམ་མཁའ་འོད་ཟེར་ཏེ། འདི་དང་པོ་ལ་སྟོད་བྱང་བའི་བཀའ་བཞི་འཛིན་པའི་དགེ་བཤེས་ཆེན་པོ་གཅིག་གིས་ཆོས་བར་ལ་བྱོན་པས་མ་ཅིག་དང་མཇལ་ནས་གདམས་པ་ཞུས་པ་ཐུགས་དམ་ཁྱད་པར་ཅན་འཁྲུངས་པ་ཅིག་ཡིན། འདིའི་སློབ་མ་ཁ་རག་གྲགས་རྒྱལ་བ་ནི། མེ་ཕོ་རྟ་ལ་འཁྲུངས་ནས་སྤྱན་སྔ་གྲགས་བྱང་བའི་གསོལ་ཇ་བ་ཡང་མཛད། སྤྱན་སྔ་ཀུན་སྤངས་པའི་དུས་སུ་ཇ་དཔོན་མཛད་པའི་སྐབས་སུ་ཆུ་བར་དུ་བྲོས་ནས་ཐུགས་དམ་མཛད༌། བཀའ་བཞི་པ་ནམ་མཁའ་འོད་ཟེར་སོགས་དང་མཇལ་ནས་གདམས་པ་མང་དུ་ཞུས། རི་ཐེབས་གཉིས་ཀྱི་བར་དུ་བཞུགས་ནས་ཕྱིར་བྱོན་ཏེ་དགོན་རིན་ཆེན་གླིང་དུ་ལོ་སྐོར་ཅིག་ཙམ་བཞུགས། དེའི་སྐབས་སུ་རྟོགས་པ་འཁྲུངས། དུས་ཕྱིས་ཁ་རག་ཏུ་རྒྱུན་རིང་དུ་བཞུགས་པས་ཁ་རག་པར་གྲགས། དེ་ནས་གདན་ས་ཐེལ་དུ་བཞུགས་ནས་གཞན་དོན་བསྐྱངས། བརྒྱད་ཅུ་གྱ་དྲུག་པ་ལྕགས་ལུག་ལ་གཤེགས། སྙིང་རྗེ་རང་དང་མཉམ་པ་མ་བདུན་པ་མཚན་གཞན་མདོ་བོ་ཆེ་བ་ཞེས་ཀྱང་བྱའོ། དག་སྣང་རང་དང་མཉམ་པ་ནེ་རིངས་པ་ནི། དེའི་ཡབ་མེས་རྣམས་ཤྲཱི་རིའི་ཤར་ཞོལ་དུ་བྱུང་སྟེ། སྐྱི་སྟོན་ཆོས་གྲགས་ཆུ་མིག་རིང་མོར་རྒྱ་འ་མ་ཅན་གྱི་སློབ་མ་མཛད། ལོ་བརྒྱ་དང་བཅོ་ལྔ་ཐུབ། དེའི་སྲས་སླན་ཚ་འབར་ནི། མྱང་རོར་མགོ་བྱ་ཚའི་སློབ་མ་བྱས། ལྡུམ་རའི་ལྷ་ཁང་བཞེངས། སྐུ་ཚེ་མི་རིང་བར་འདས། དེའི་སྲས་ལྷ་རྗེ་ཕན་པ་བ་རེག་སྟོན་སྐྱའི་སློབ་མ། དེ་ལ་སྲས་མིན་ཚ་མཆེད་ལྔའི་ལྔ་ཚིགས་པ་བྱ་ཚང་གི་སྒྲུབ་པ་ཞིག་པོ། སྲས་ལྔའི་ཆེ་ཤོས་དབུགས་གཙོ་བོར་སྡིངས་པའི་སྲས་ཉི་མ་རྒྱལ་མཚན། འདིས་པཎ་ཆེན་དང་ཆུང་དུས་སུ་མཇལ། དེ་ལ་སྲས་བདུན་བྱུང་ཐའི་ནེ་རིངས་པ་བདུན་ཚིགས་ཡིན། མཚན་བདེ་ལེགས་རྒྱལ་མཚན། ཤིང་མོ་བྱ་ལ་འཁྲུངས། ཉི་ཤུ་རྩ་གཉིས་པ་མེ་ཕོ་རྟ་ནས་རྒོད་ཚང་བ་ལ་གདམས་པ་གསན་ཞིང་སྒྲུབ་པ་མཛད། རྒོད་ཚང་བ་གཤེགས་པའི་ཕྱི་ལོ་ས་མོ་ལུག་ལ་ནེ་རིངས་བཏབ། དེ་ནས་ཀྱི་ལོ་ཉི་ཤུ་རྩ་གསུམ་པ་རང་ལོ་ལྔ་བཅུ་རྩ་བདུན་པ་ལྕགས་མོ་སྦྲུལ་ལ་གཤེགས། མཻ་ཏྲི་བ་དང་ལྕོག་རོ་སྨྱོན་པའི་སྐྱེ་བ་ཡིན་པར་བཞེད། རྒོད་ཚང་བ་བུ་ཆེན་དང་བཅས་པའི་སྐབསསོ། ། ༨.༡༨ སྟོད་འབྲུག་གི་སྐབས། རྒྱལ་བ་རྒོད་ཚང་བའི་སློབ་མ་རྒྱལ་བ་ཡང་དགོན་པ་ཞེས་གྲགས་པ་དེ་ནི་འཁྲུངས་ཡུལ་ལ་སྟོད་ལྷོའི་དགོན་པ་ལྷ་གདོང་དུ་རྙིང་མ་བའི་གྲུབ་ཐོབ་ཟམ་མ་ཆད་པའི་བརྒྱུད་པ། ལོ་དྲུག་ཅུར་བར་མ་ཆད་དུ་བསྒོམས་པའི་གྲུབ་ཐོབ་དར་མ་ཞེས་བྱ་བ་ལ། གཅུང་པོ་ཇོ་བསམ་ཞེས་པ་སྔགས་རྒྱུད་ཀྱི་ཡོན་ཏན་ཆེན་པོ་མངའ་ཞིང་ཉིན་མཚན་དགེ་སྦྱོར་གྱིས་འདའ་བ་ཞིག་ཡོད་པ་དེ་དང༌། ཡུམ་རྣལ་འབྱོར་མ་ཆོས་མཐོང་ཞེས་བྱ་བ་གཉིས་ཀྱི་སྲས་སུ་ཆུ་མོ་བྱའི་ལོ་ལ་སྐུ་བལྟམས། གདུང་རུས་ནི་སྟོང་ཡིན། ཡུམ་གྱི་ལྷུམས་སུ་ཞུགས་པའི་ཚེ་ན་ཡུམ་ལ་ཉི་མ་གཉིས་ཤར་བ་ལ་སོགས་པའི་རྨི་ལྟས་ཁྱད་པར་ཅན་མང་པོ་དང༌། ཏིང་ངེ་འཛིན་རང་འཁྲུངས་སུ་སྐྱེ་བ་བྱུང༌། བལྟམས་ནས་རིང་པོ་མ་ལོན་པར་གསུང་འབྱོན་མཁྱེན་ཏེ། ཐོག་མར་སྐྱབས་སུ་མཆིའོ་བྱ་བའི་གསུང་བྱུང༌། ཀློག་དང་ཡི་གེའང་བསླབ་མ་དགོས། གསུང་འབྱོན་མཁྱེན་པ་ཉིད་ནས་ཡུམ་གྱིས་ཐོག་དྲངས་ཉེ་འཁོར་ན་ཡོད་པ་རྣམས་དམ་པའི་ཆོས་འབའ་ཞིག་ལ་བསྐུལ་བའི་གསུང་འབྱོན་ཞིང༌། སྐྱེས་མ་ཐག་ནས་འགྲོ་བའི་བདག་ཏུ་གྱུར་ཏོ། །སྐུ་བལྟམས་པའི་དུས་ནས་ཡབ་དེ་མི་བཞུགས་ཀྱང་སྔ་གོང་ཡབ་ཀྱི་ཞལ་ནས། འདི་ལ་སྤྲུལ་པའི་སྐུ་གཅིག་འབྱུང་བར་འདུག་པས། མི་གདུང་སོ་བ་འབར་དུ་ཐོགས། ཁུ་བོ་གཞན་དུ་འགྲོ་དོན་ལ་འགྲོ་གསུང་ནས་བདུན་ཅུ་དོན་ལྔ་ལ་གཤེགས། དེས་ན། སྒྱུ་མའི་མི་ཆུང་འབར་བ་ང༌། ཞེས་པའི་དོན་དེ་ཡིན། ལོ་ལྔ་བཞེས་ནས་གཞན་ལ་ཕན་པའི་མགུར་མང་པོ་གསུངས། འཇིག་རྟེན་ཐམས་ཅད་དུ་སྤྲུལ་པའི་སྐུ་བྱོན་པར་གྲགས། དེའི་ཚེ་སངས་རྒྱས་མི་བསྐྱོད་རྡོ་རྗེ་ཞེས་བྱ་བ་ཞིག་ལྦུམ་བུ་ལ་བྱོན་པ་སུས་ཀྱང་ངོ་མ་ཤེས་པ་ལ། རིན་པོ་ཆེ་བ་བུ་ཆུང་དེས་མཁྱེན་ནས་བང་དུ་བྱོན་ཏེ་དགྱེས་པར་མཛད་པས་ཐུགས་དམ་བོགས་ཆེ། སངས་རྒྱས་མི་བསྐྱོད་རྡོ་རྗེའི་ཞལ་ནས། ལ་སྟོད་ཚོ་བཞིར་འཁྱམས་པས་ངོ་ཤེས་མཁྱེན་པའི་བུ་ཆུང་ལོ་ལྔ་པ་ཅིག་བྱུང༌། ཕ་ངོ་ཤེས་པའི་བུ་གཅིག་ཡོད་པས་དེ་མཇལ་དུ་འགྲོ་ཡང་ཡང་གསུང༌། ཕྱིས་སངས་རྒྱས་མི་བསྐྱོད་རྡོ་རྗེ་བྱོན་ནས་རིན་པོ་ཆེ་དང་མཇལ། ཇོ་སྲས་དབྱངས་ཤིག་ལོང་གསུང་བ་ལ། བླ་མ་རྗེ་ལ་ཕྱག་འཚལ་ལོ། སྒྱུ་མའི་མི་ཆུང་འབར་བ་ང༌། །སྔ་མའི་ལས་འཕྲོ་སང་བ་ཡིན། །བླ་མའི་བྱིན་རླབས་ཞུགས་པ་ཡིན། །ལྟ་བ་གཟའ་གཏད་བྲལ་བ་ཡིན། །སྒོམ་པ་དམིགས་གཏད་བྲལ་བ་ཡིན། །སྤྱོད་པ་སྤང་བླང་བྲལ་བ་ཡིན། །འབྲས་བུ་རེ་དོགས་བྲལ་བ་ཡིན། ཞེས་བྱ་བ་ལ་སོགས་པ་གསུངས་པས། མཉེས་ནས་ཕྱག་ཐལ་མོ་སྦྱར་ཏེ་རྫོགས་ཆེན་ལ་སྐ་རགས་བཅིངས་པ་ཅིག་འདུག །ཀུན་བཟངས་ཀྱི་ཕྲུ་གུ། སངས་རྒྱས་ཀྱི་སྤྲུལ་པ་སྐྱབས་སུ་མཆིའོ། །གསུང་ནས་སྤྱན་ཆབ་སིལ་གྱིས་མཛད། དེ་དུས་ཁོང་ལ་མངའ་བདག་མྱང་གི་གཏེར་ཁའི་སྐོར་རྣམས་དང་ཞི་བྱེད་གསན། ལོ་དྲུག་བཞེས་པའི་ཚེ་ཕུལ་དམར་བའི་ཐད་དུ་བྱོན་ནས། སྒྱུ་འཕྲུལ་གྱི་དབང་དང་རྫོགས་པ་ཆེན་པོའི་རྒྱུད་གདམས་ངག་དང་བཅས་པ་དང༌། བཀའ་གདམས། ཞི་བྱེད། གཅོད་ཡུལ། ལམ་འབྲས་སྙིང་པོ་སྐོར་ཞལ་གདམས་རྒྱབ་ཆོས་དང་བཅས་པའི་ཆོས་དཔག་ཏུ་མེད་པ་གསན། ཕུལ་དམར་བའི་དྲུང་དུ་ལོ་གསུམ་བཞུགས། དགུང་ལོ་དགུ་པ་ལ་ལྷ་གདོང་གི་གདན་ས་མཛད། བུ་ཆུང་གི་དུས་ནས་མངོན་པར་ཤེས་པ་མངའ། སྐུ་ཚེ་དེ་ལ་བསྟེན་པའི་བླ་མ་ཀོ་བྲག་པ། རྒོད་ཚང་བ། ས་སྐྱ་པཎ་ཆེན། རྗེ་སྤྱན་སྔ། སངས་རྒྱས་རས་ཆེན། བླ་མ་དྲོད་ཆུང་པ་ལ་སོགས་པ་རྣམས་ལས་ཐམས་ཅད་ཀྱི་ཆོས་མ་ལུས་པར་ལོན་པར་མཛད། ལོ་དགུ་ནས་ཚོགས་པ་བསྐྱངས། གཞན་ལ་ཁྲིད་བཏབ། དགུང་ལོ་ཉི་ཤུ་རྩ་གཉིས་པ་ལ་མཁན་པོ་ལྷ་བཙུན་སོག་ཁ་པ། ལས་སློབ་ཀོ་བྲག་པ། གསང་སྟོན་དྲོད་ཆུང༌། ལས་གྲལ་བ་བརྒྱད་ཅུའི་དྲུང་དུ་བསྙེན་པར་རྫོགས། མཚན་རྒྱལ་མཚན་དཔལ་དུ་གསོལ། ཕྱིས་ཤྲཱི་རི་གནམ་སྡིངས་ཀྱི་དགོན་པ་བཏབ། དེར་གཞན་གྱི་མིག་ལྟོས་བསྟན་པའི་ཕྱིར་ལོ་གཅིག་གི་བར་རྡོ་རྗེ་སྐྱིལ་དཀྲུང་གཅིག་གིས་བཞུགས། དེར་མ་ཟད་བུ་ལེ་ལ་སོགས་པའི་གནས་རྣམས་སུ་ཡང་ཁྲིད་སྐྱོང་ཞིང་དབེན་པ་བསྟེན། །སྤྱིར་སྐུ་སྙན་པ་ཆེ་བས་ཕྱོགས་མཐའ་དག་ནས་འདུས་པའི་སློབ་མ་ཁྲི་ཕྲག་བརྒལ། སློབ་མ་རྣམས་ཀྱིས་བསྐུལ་བས་རི་ཆོས་སྐོར་གསུམ་དང་མ་དྲུག་ལ་སོགས་པའི་བརྩམས་ཆོས་ཀྱང་མང་དུ་མཛད། མཐར་ཞེ་དྲུག་བཞེས་པ་ས་ཕོ་རྟའི་ལོ་ལ་བར་འབྲོག་ཏུ་བྱོན། དེར་ལྕགས་དུར་དུ་སྐུ་ཁམས་ཞན་པའི་ཚུལ་བསྟན། དེ་ནས་ཤྲཱི་རིར་སྤྱན་དྲངས་ཏེ་དེར་ཚེས་བཅུ་དགུ་ཅིག་ལ་གཤེགས། དེའི་སློབ་མ་ཡང་རྟོགས་པ་དང་ལྡན་ཞིང་འཇིག་རྟེན་ལ་མ་ཆགས་པའི་སྒྲུབ་པ་པོ་མང་དུ་བྱུང་མོད་ཀྱི། གཙོ་བོ་ནི་སྤྱན་སྔ་རིན་ཆེན་ལྡན་ཞེས་བྱ་བ་སྐུ་ཤིན་ཏུ་ཕྲ་བའི་དུས་ནས་ཞབས་ལ་གཏུགས་ཏེ་འབྲལ་མེད་དུ་བཞུགས་ནས་བཀའི་བསྡུ་བ་པོ་མཛད་པ་དེ་དང༌། ལོ་རས་ཆོས་སྐྱོང་དཔལ་ཞེས་བྱ་བ་རྩ་རླུང་ལ་དབང་འབྱོར་བ་དེ་གཉིས་ནི་གཙོ་བོའོ། ། དེའི་སློབ་མ་སྤྱན་སྔ་རིན་ཆེན་ལྡན་ནི། དིང་རིར་ཡབ་ཡུམ་བསགས་པ་ཅན་གྱི་སྲས་སུ་ཆུ་ཕོ་ཁྱིའི་ལོ། ཡང་དགོན་པ་ལས་བཅུ་གཅིག་གིས་སྔ་བ་དེ་ལ་འཁྲུངས། ལོ་ལྔ་དྲུག་ལོན་དུས་སུ་གླ་འཁོར་གྱི་སྐུ་གདུང་ག་རུ་ལ་སོགས་དང་མཇལ། སྙིང་ནས་ཆོས་བྱེད་པའི་ཞེན་ལོག་དེ་དུས་རང་ནས་སྐྱེས། དེར་རི་པ་འགའ་ཞིག་གིས་ལྷ་གདོང་ན་སྤྲུལ་པའི་སྐུ་བཞུགས་པའི་སྔགས་པ་བརྗོད་པས་ཤིན་ཏུ་དད། ཕྱིས་ལྷ་གདོང་པ་ལོ་ལྔ་བཞེས་པ་དིང་རིར་བཞུགས་པ་དང་མཇལ། མོས་གུས་ཐུན་མོང་མིན་པ་འཁྲུངས། ཏིང་ངེ་འཛིན་ཡང་རྩོལ་མེད་དུ་སྐྱེས། ཆོས་འབྲེལ་ཞུས་པས་བླ་མའི་རྣལ་འབྱོར་དང༌། ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པ་གསན། ཕ་ཇོ་སྟོན་པ་ལ་འབྲི་ཀློག་ལ་སོགས་བསླབ་ཞིང་གསན་པ་མང་དུ་མཛད། དེ་ནས་ལྷ་གདོང་པ་ཆོས་རྗེ་ཀོ་བྲག་པའི་དྲུང་དུ་དགུང་ལོ་བཅུ་གཅིག་ལོན་པ་ཅིག་བྱོན་པ་དང་མཇལ་ནས་མོས་གུས་དཔག་མེད་སྐྱེས། ངའི་ཕྱི་ལ་ཕྱིན་པས་ཆོག་གསུང་སྟེ། ཕྱགས་ཕྱི་འབྲངས་ནས་ཞི་བར་གཤེགས་ཀྱི་བར་ལོ་སུམ་ཅུ་རྩ་ལྔའི་བར་དུ་ཞབས་དྲུང་ཞག་གཅིག་ཀྱང་མ་བྲལ་བར་སྤྱན་སྔར་བཞུགས་པས་སྤྱན་སྔ་བར་གྲགས། ཆོས་རྗེ་ལ་བཞུགས་པའི་གསར་རྙིང་གི་དབང་གདམས་པ་ལུང་ལ་སོགས་པ་གང་བཞུགས་ཐམས་ཅད་གསན། ཀོ་བྲག་པའི་དྲུང་དུའང་ཆོས་མང་དུ་ཞུས། རྒོད་ཚང་པ་ལའང་འབྲུག་སྐོར་ཐམས་ཅད་གསན། ས་པཎ་ལ་ས་སྐྱ་པའི་ཆོས་སྐོར་རྣམས་ཞུས། རྗེ་སྤྱན་སྔ་ལ་འབྲི་ཁུང་པའི་ཆོས་སྐོར་རྣམས་གསན། གཞན་ཡང་བླ་མ་བཟང་དགུ་ལ་གཏུགས་ནས་གདམས་པ་ཟབ་དགུ་ཉན། སྒྲུབ་པའི་རྒྱལ་མཚན་བཙུགས། གནས་ལུགས་ཀྱི་རྟོགས་པ་ཤར། ཕྱིས་དིང་རིར་བཞུགས་ནས་ཚོགས་པ་མཐའ་ཡས་པ་བསྐྱངས་པས། ཟུར་ཕུག་པ་དང་གྲུབ་ཐོབ་ཉི་མ་མགོན་ལ་སོགས་པའི་རྟོགས་ལྡན་གྱི་སློབ་མ་མང་དུ་བྱོན་ནོ། ཟུར་ཕུག་པའི་སློབ་མ་ནི་ཆོས་རྗེ་འབའ་ར་བ་ཞེས་སྙན་པར་གྲགས་པ་དེ་ཡིན་ཏེ། འདི་ཡང་ཤངས་ཀྱི་ཆབ་ལུང་པར་དབོན་འབུམ་ཞེས་པའི་མི་ཆེན་པོའི་སྲས་སུ་ཡང་དགོན་པ་གཤེགས་ནས་ལྔ་བཅུ་རྩ་གཉིས་པ་ལྕགས་ཕོ་ཁྱི་ལ་འཁྲུངས། གཞོན་པའི་དུས་སུ་ཆོས་རྗེ་བསོད་ནམས་རྒྱལ་མཚན་པའི་གསོལ་ཇ་བ་མཛད། དེའི་མོད་ལ་སྐྱོ་ཤས་དྲག་པོ་འཁྲུངས་ཏེ་སྒྲོ་མོན་ཅན་པ་ལ་སོགས་པའི་བླ་མ་རྣམས་ལ་ཁྲིད་ཞུས་པས་ཇི་ལྟ་བ་བཞིན་དུ་འཁྲུངས། ཕྱིས་ཟུར་ཕུག་པ་དང་ཤུག་གསེབ་རི་པ་ལ་སོགས་པ་ལ་གདམས་པ་ཟབ་དགུ་གསན། བརྩོན་འགྲུས་དྲག་པོས་བསྒོམས་པས་རྟོགས་པ་མཆོག་ཏུ་གྱུར། འབའ་རའི་དགོན་པ་ཡང་བཏབ། སྤ་གྲོར་བྱོན་ནས་ཀྱང་ཕྲིན་ལས་མང་དུ་བསྐྱངས། སླར་ཡང་ཤངས་སུ་ཕེབས་ནས་འགྲོ་དོན་ཡུན་རིང་དུ་མཛད། དེ་ནས་ཡང་སྤ་གྲོར་བྱོན་ཏེ་དགུང་ལོ་བརྒྱད་ཅུ་རྩ་གཉིས་པ་ལྕགས་མོ་ལུག་གི་ལོ་ལ་གཤེགསསོ། ། ཡང་ཟུར་ཕུག་པའི་སློབ་མ་རི་བ་གཞོན་ནུ་རྒྱལ་མཚན་ནི། ལྕགས་མོ་ཕག་ལ་འཁྲུངས་ནས་བརྒྱད་ཅུ་པ་ལ་གཤེགས། འབའ་ར་བའི་སློབ་མ་ནི་གཙང་པ་བློ་གྲོས་བཟང་པོ་བར་གྲགས་པ་དེ་ཡིན་ཏེ། འོན་གྱི་བྱིན་ཕག་ཏུ་ལྕགས་ཕོ་བྱི་བ་ལ་འཁྲུངས། བྱིས་པའི་དུས་ཡབ་རིན་སྤུངས་ན་ཡོད་པས་དེར་སྙེགས་ནས་རིན་སྤུངས་པའི་ཁང་གཉེར་མཛད། དེ་ནས་ཆོས་ལ་མོས་པ་ཡང་དག་པར་སྐྱེས་ཏེ། བླ་མ་ཆོས་དབྱིངས་པའི་དྲུང་དུ་གཏུགས། དེ་དང་མི་རིང་བར་ཆོས་རྗེ་འབའ་ར་བ་ལ་གཏུགས་ཏེ་གདམས་པ་མང་དུ་ཞུས་ནས་བསྐྱངས། བླ་མ་མཐའ་ཡས་པ་ལ་གདམས་པ་གསན། དེའི་སྟོབས་ཀྱིས་སློབ་མ་ལ་ཁྲིད་རིམ་འབོགས་པ་ཡང་གདམས་ངག་གི་སྣ་མི་གཅིག་པ་བརྒྱ་དང་བརྒྱད་ཅུ་རྩ་གཉིས་ཡོད་པར་གྲགས། གངས་ཏི་སེར་ཡང་བྱོན་ཞིང་བཞུགས། དེ་ནས་ཆོས་ཚོལ་བའི་ཕྱིར་རྒྱ་གར་ནུབ་ཕྱོགས་ལྕམ་བེ་རྒྱལ་ཁམས་སུ་ཡང་བྱོན། རྒྱ་གར་ཤར་ཕྱོགས་ཤིང་གི་རིར་ཡང་བྱོན། ལ་སྟོད་ལྷོར་ལོ་ཤས་བཞུགས་ནས། སི་ཏུ་ཆོས་རིན་གྱིས་ཞབས་ནས་བཏེག །ཕྱིས་སྐྱི་ཤོད་དུ་སྤང་བོ་ཁ་དང་ལྡན་རྫོང་དུ་བཞུགས། དེ་རྗེས་གཡོར་ཕྱོགས་སུ་ཕེབས་ནས་ཡར་རྒྱབ་པ་དཔོན་ཆེན་དགེ་བསྙེན་པས་བླ་མར་གཟུང༌། དེ་ལྟར་ས་ཡར་མར་དུ་འགྲོ་དོན་རྒྱ་ཆེན་པོ་མཛད་ནས་གྲ་ཕྱི་འབྲུག་གི་དགོན་པར་ཆུ་མོ་ཡོས་ཀྱི་ལོ་རང་ལོ་དྲུག་ཅུ་རྩ་བཞི་པ་ལ་གཤེགས། དེའི་སློབ་མ་རྒོད་ཕྲུག་ཆོས་རྗེ་དང༌། མཁན་ཆེན་ཤཱཀྱ་གྲགས་པ་སོགས་ཡིན་ནོ། ཡང་གཙང་པ་རྒྱ་རས་ཀྱི་སློབ་མ་གཡའ་རས། དེའི་སློབ་མ་བདེ་མཆོག་སངས་རྒྱས། དེའི་སློབ་མ་རྫ་རི་རས་པ་ཤེས་རབ་དཔལ། དེའི་སློབ་མ་རྐྱང་ཆེན་རས་པ་གཞོན་ནུ་བསོད་ནམས། དེའི་སློབ་མ་དབོན་པོ་དབང་ཕྱུག་གཞོན་ནུ། དེའི་སློབ་མ་མཁས་བཙུན་དོན་གྲུབ་གཞོན་ནུ། དེའི་སློབ་མ་ཆོས་རྗེ་ཤེས་རབ་དཔལ་ཏེ། འདི་ནི་རྐྱང་ཆེན་སྤྲུལ་སྐུའི་དབོན་པོ། རྐྱང་ཆེན་ནང་སོའི་ཞབས་ཏོག་དང་ལས་ཀ་བྱེད་བཞིན་པ་ལ། ཆོས་མ་བྱས་ན་ད་ལྟའི་སྤྱོད་པ་འདིས་མི་འོང་དགོངས་པ་བྱུང་དུས། སྤྲུལ་སྐུ་ལ་གདམས་པ་ཞུས་ཏེ། རི་བོའི་ཕུ་ཁྱག་པ་དཀར་མོར་ཐུགས་དམ་མཛད། ཁོང་རང་གི་ཕུ་བོ་དབོན་པོ་རིན་གྲུབ་ཀྱིས་རྒྱགས་སྐྱེལ་གྱི་ཡོད་པ། ལན་ཅིག་རྒྱགས་ཟད་པས་རྐྱང་ཆེན་དུ་ལེན་དུ་བྱོན་པ། དབོན་པོ་རིན་གྲུབ་ན་རེ། རྒྱགས་སྐྱེལ་སོང་ཡོད་པ་ལ་ལམ་དུ་མ་མཇལ་ལམ་ཟེར། དེར་ལོག་བྱོན་པས་སུ་ཡང་མ་བྱུང་འདུག་པ། ང་ཁྱོད་ལ་མི་རེའོ་སྙམ་དུ་ཐུགས་ཐག་ཆོད། རྒྱལ་ཁམས་ལ་བྱོན། ཡབ་ཏུ་སྐྱེས་མཆོག་བསམ་གཏན་དཔལ་བའི་དྲུང་དུ་མཇལ། ཆོས་གསུང་པའི་ཆོས་ཁྲིའི་འཁྲིས་སུ་བཞུགས་པས། སྐྱེས་མཆོག་པས་ཁོང་གི་དབུ་སྐྲ་ནས་ཐེན་ཐེན་མཛད། སྤྱན་ནམ་མཁའ་ལ་གཟིགས་ཀྱི་འདུག་པས། ཁོང་གིས་ཀྱང་གཟིགས་པ་ན། དམ་པ་སངས་རྒྱས་སྐུ་གཟི་བརྗིད་དང་ལྡན་པ་ཞིག་གཟིགས། དེ་ལྟར་སྐྱེས་མཆོག་པ་དང༌། སྔོན་པོ་ཡོན་རྡོར་བ་ལའང་གདམས་པ་གསན། ལྷ་ལུང་དུ་བྱོན་ནས་རིག་པའི་འབྲུག་སྒྲ་ལ་ཆོས་ཞུས། ཀོང་པོར་བྱོན་ནས་ཆོས་རྗེ་མཁའ་སྤྱོད་པ་ལ་གདམས་པ་མང་དུ་གསན། སྤོ་བོར་བྱོན་པའི་ཚེ་ཕྱགས་ཕྱི་ཡང་མཛད། དེ་ལ་སོགས་པའི་བླ་མ་རྣམས་ལས་གདམས་པ་ཐོབ་ནས། དེ་རྟིང་གཞུང་གི་གྱུར་ར་དམར་རྩེར་སྒྲུབ་པ་མཛད། དེ་རྟིང་རྫ་སྤོར་ཡུན་རིང་དུ་བཞུགས་པས་ཆོས་རྗེ་རྫ་སྤོ་བར་གྲགས། དེ་ནས་ཆབ་ཚན་ཁར་བྱོན་ནས་དེའི་མན་ཁང་དུ་བཞུགས། དེ་རྗེས་ཆུ་ཚན་ཁའི་མཁར་དེ་ལ་བཞུགས། ཞལ་དཀར་མཛད་ནས་ཐོ་དམན་ཐམས་ཅད་ལ་ཞལ་སྟོན། གསོལ་རས་ཟྭ་དང་སྔོ་ཚོད་ཀྱི་ཚོད་མ་མ་བཏབ་དགུ་བཏབ་པ་དང༌། རྒྱབ་མདུན་གྱི་གསང་རྫས་གཉིས་ཀ་ལ་འགྱེད་མོ་ཆེ་མཛད། སྐུ་ཚེའང་རིང་དུ་བཞུགས། ཕྱག་ཏུ་བྱུང་བའི་དངོས་པོ་རྣམས་གྲྭ་ས་སོར་སོར་དགེ་འདུན་ལ་འབུལ། གྲུབ་ཐོབ་ཆེན་པོར་གྲགས། དེའི་སློབ་མ་ལྷ་རི་ཁ་བ་ཆོས་རྗེ་ནམ་མཁའ་བཟང་པོ་དང༌། གྲ་ཕུབ་སྐྱེས་མཆོག་སྨོན་ལམ་བར་གྲགས་པ་གཉིས་ཀྱིས་ཀྱང་ཆོས་རྗེ་ཤེས་རབ་དཔལ་བ་ལས་རྟོགས་པ་ཐོབ། གཞན་ཆོས་ཀྱིས་འབྲེལ་བའི་བླ་མ་ནི་ཤིན་ཏུ་མང༌། བྱེ་བྲག་ཏུ་ཆོས་རྗེ་ཤེས་རབ་དཔལ་བས་ཕུ་བོ་ཤི་བའི་ཤུལ་ན་གསེར་མང་པོ་ཡོད་པ། ཉིན་ཅིག་དོལ་མདར་བསོད་སྙོམས་པ་བྱུང་ངོ་ཅོག་ལ་བཞི་ནམ་རེ་བཀྱེ། ལྷག་མ་གསེར་མང་པོ་ཡོད་པ་ནམ་མཁའ་་བཟང་པོ་ལ་བསྐུར་ནས་སྒོམ་ཆེན་པ་སྒྲུབ་རྒྱགས་མེད་པ་དང༌། མཚན་ཉིད་པ་སློབ་གཉེར་གྱི་རྒྱགས་མེད་པ་རྣམས་ལ་དུམ་རེ་ཕུལ། བླ་མ་བཟང་པོ་རྣམས་ལ་འབྱོར་བ་ཆེ་ཡང་གསེར་འབུལ་བ་གྱིས་གསུང་ནས། གསུང་བཞིན་བསྒྲུབས་ཏེ་སྐྱི་ཤོད་ནས་ས་སྐྱའི་བར་གྱི་བླ་མ་རྣམས་ལ་གསེར་ཕུལ་ཞིང་གདམས་པ་ཞུས་པས། བླ་མ་དང་གདམས་པ་ཤིན་ཏུ་མང༌། ཆོས་རྗེ་ནམ་མཁའ་བཟང་པོ་བས་དང་པོར་གླང་ལུང་བཏབ། ཕྱིས་ཆབ་ཚེན་ཁར་བླ་མའི་གདན་ས་མཛད། སྐྱེས་མཆོག་པས་མུ་ཏིག་བཏབ། རྣམ་པ་གཉིས་ཀས་ཆོས་དོན་དུ་གཉེར་བའི་སློབ་མ་མང་དུ་བསྐྱངས། ལྷོ་བྲག་ཚུན་གཡོར་ཕྱོགས་འབྲོག་དང་བཅས་པར་འབྲུག་པའི་བསྟན་པ་གཟུང་བ་ཡིན་ནོ། ཡང་རྒྱལ་བ་ཡང་དགོན་པའི་དངོས་ཀྱི་སློབ་མ་རིན་པོ་ཆེ་རྒྱལ་མཚན་འབུམ་ཞེས་པའི་རྟོགས་ལྡན་དེ་ནི། འཁྲུངས་ཡུལ་ལ་སྟོད། ཆུང་ངུ་ནས་ཡང་དགོན་པ་དང་མཇལ། དད་པ་ཐོབ་སྟེ་རབ་ཏུ་བྱུང༌། དགུང་ལོ་བཅུ་དྲུག་པ་ལ་ཕྱག་རྒྱ་ཆེན་པོའི་རྟོགས་པ་འཁྲུངས། ཕྱིས་གྲུབ་ཆེན་ཨུ་རྒྱན་པ་ལ་སོགས་བསྟེན། སྒྲུབ་པའི་རྒྱལ་མཚན་ཡང་ལེགས་པར་བཙུགསསོ། ། དེའི་སློབ་མ་ལ་སྟོད་པ་ཤེས་རབ་མགོན་པོ་ཡིན་ཏེ། གདུང་གཡུང༌། ཡབ་སངས་རྒྱས་སྐྱབས་དང་ཡུམ་མྱང་མོ་དཔལ་ལྡན་འབུམ་ལས་ལྷ་གདོང་དགོན་པར་འཁྲུངས། དགུང་ལོ་བཞི་པ་ལ་དགོན་གསར་བའི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་བླངས། ན་བཟའ་སེར་མོ་མཛད། བྲིས་ཀློག་ཆོག་ཕྲིན་ཀྱང་བསླབས། བླ་མ་རྒྱལ་མཚན་འབུམ་སོགས་ལ་ཆོས་གསན། དགུང་ལོ་བཅུ་བདུན་པ་ལ་ལྷ་གདོང་པ་ལ་གཏུགས། མཚན་ཤེས་རབ་མགོན་པོ་བཏགས་དགུང་ལོ་བཅུ་དགུ་པ་ལ་ཟུར་ཕུག་པ་དང་མཁན་ཆེན་བསོད་གཞོན་པ་ལས་བསྙེན་རྫོགས་མཛད། བླ་མ་སངས་རྒྱས་དབོན། ཟུར་ཕུག་པ། མཁན་ཆེན་ཆོས་སྡིངས་པ། དྲོད་ཆུང་བ། བླ་མ་རིན་ཆེན་མགོན། བླ་མ་དར་བཟང༌། མཁས་གྲུབ་ཁྲ་བ་སྤྲུལ་སྐུ་གྲུབ་ཆེན་པ། མཁས་བཙུན་བསོད་ནམས་འོད་ཟེར། གྲུབ་ཐོབ་འདམ་ཞིག །བླ་མ་རིན་ཆེན་རྫོགས་པ། བླ་མ་ཤེས་རབ་དར༌། བླ་མ་སྤང་དཀར་པ། རྟོགས་ལྡན་ན་ཁྲ་བ། རྟོགས་ལྡན་ཤག་ཤང་རྣམས་ལས་གསན་པ་མང་དུ་མཛད་ནས་ཤྲཱི་རིར་འདག་འབྱར་ལོ་བདུན་མཛད་པའི་ཚེ་རྟོགས་པ་ལོ་བཅུ་བདུན་ནས་འཁྲུངས་ཀྱང་བོགས་ཆེར་མ་ཐོན། དེ་ལྟ་བུའི་རྟོགས་ལྡན་ཆེན་པོ་དེ་དབུས་ཕྱོགས་སུ་བྱོན། ཀར་མ་པ་རང་བྱུང་རྡོ་རྗེ་དང་རིག་འཛིན་གཞོན་ནུ་རྒྱལ་པོ་ལ་སོགས་པའི་བླ་མ་མང་དུ་བསྟེན། ཤམྦུ་དང་གསལ་རྗེ་གངས་ལ་སོགས་པའི་དབེན་པ་རྣམས་སུ་བཞུགས། ཀོང་པོ་ཡན་ཆད་དུ་འགྲོ་བའི་དོན་རྒྱ་ཆེན་པོ་མཛད། འདི་ལ་བླ་ཆེན་རིན་གཞོན་པས་ཀྱང་ཐུག །འདིས་བཀའ་བརྒྱུད་ཀྱི་བླ་མ་རྣམས་ཀྱི་རྣམ་ཐར་ཡང་མཛད། གཞན་ལ་ཕན་གདགས་པའི་གསུང་རབ་ཀྱང་འགའ་ཞིག་བཀོད། འདི་ནི་ཤིན་ཏུ་གྲགས་པ་ཆེ་བས་རྣམ་ཐར་རྒྱས་པ་ལས་ཡོན་ཏན་རྣམས་ཤེས་པར་བྱའོ། སྟོད་འབྲུག་གི་སྐབསསོ། ། ༨.༡༩ གྲུབ་ཆེན་པ་སློབ་བརྒྱུད་དང་བཅས་པའི་སྐབས། ཡང་དཔལ་རྒོད་ཚང་པའི་ཐུགས་ཀྱི་སྲས་གྲུབ་ཆེན་ཨུ་རྒྱན་པ་ཡིན་ཏེ། དེའི་གདུང་རབས་ནི་མདོ་སྨད་དབྱར་མོ་ཐང་ཏུ་རྒྱུས་བྱང་ཆུབ་གཞོན་ནུ་བྱ་བ་བྱུང༌། དེ་ནི་སློབ་དཔོན་པདྨའི་དངོས་ཀྱི་སློབ་མ་དང༌། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་མཆོད་གནས་སུ་གྱུར་པ་ཞིག་གོ། དེའི་སྲས་བྱང་ཆུབ་མཆོག།དེའི་སྲས་བྱང་ཆུབ་ཡོན་ཏན། དེ་ལ་སྲས་བྱང་ཆུབ་རྒྱ་མཚོ་དང་ཆོས་ཀྱི་རྒྱ་མཚོ་ཞེས་བྱ་བ་གཉིས་བྱུང་བ་དེ་གཉིས་ཀྱིས་གཡོག་པོ་རྡོ་རྗེ་ཀུན་ཐུབ་ཁྲིད་ནས་དབུས་གཙང་དུ་བྱོན། མྱང་སྨད་སྤ་སྣམས་སུ་སླེབ་པའི་ཚེ་ཨར་ཚོ་བན་དེ་བཅོ་བརྒྱད་ཀྱི་ཁོང་དཔོན་གཡོག་གསུམ་གཟུང༌། མཁའ་འགྲོའི་མཆོད་རྫས་བྱེད་ཟེར་ནས་རྐང་ལག་ཕུར་པ་ལ་བརྒྱངས། དེར་ཀུན་ཐུབ་ན་རེ། ད་ཁྱེད་གཉིས་ལ་གྲུབ་རྟགས་ཡོད་ན་སྟོན་པའི་དུས་ལ་བབ་ཟེར། གཅུང་པོ་ན་རེ། ངས་ཕུར་པའི་ཁྲབ་ཤོན་ཅིག་བྱའམ་ཟེར། གཅེན་གྱིས་འཇིགས་མི་དགོས་ཀྱི་གསུང་ནས་དཔལ་རྟ་མགྲིན་དུ་བྱས། རྟ་སྐད་ཐེངས་གསུམ་བསྒྲགས་པས། དེ་ཐམས་ཅད་བརྒྱལ་ནས་བརྒྱལ་སངས་པ་དང་དེ་རྣམས་ཀྱིས་གུས་པས་བཏུད་ཅིང་ཡང་དག་པའི་ལམ་ལ་བཙུད། བྱང་ཆུབ་རྒྱ་མཚོའི་སྲས་བསོད་ནམས་གྲགས། དེའི་སྲས་རྒྱུས་ནག་བདེ་གཤེགས། དེའི་སྲས་རྒྱལ་ཚ་བསོད་ནམས་འཕགས། དེའི་སྲས་དབོན་ཇོ་འཕན་དང་བཙུན་མོ་དུག་གེ་མེ་ལ་སྲ་་ས་བཞི་དང་ལྕམ་གསུམ་བྱུང་བའི་གྲུབ་ཆེན་པ་ནི་ཆུང་ལྷག་ཡིན། ལྕགས་ཕོ་སྟག་གི་ལོ་ལ་སྐུ་འཁྲུངས། མཚན་སེང་གེ་དཔལ་དུ་གསོལ། བྱིས་པའི་དུས་ནས་ཏིང་ངེ་འཛིན་རང་འཁྲུངས་སུ་བྱུང་བས། དགོངས་པ་ལ་དང་པོར་ཐོས་པ་བྱས། དེ་ནས་སྒོམ་པ་བྱ་སྟེ་ད་ལྟའི་སེམས་འདི་དང་ཁྱད་ཅི་འདུག་ལྟ་དགོས་དགོངས་པ་བྱུང༌། ཡབ་ཀྱིས་བཙུན་མོ་གཅིག་ལེན་ཟེར་བས་ཁུ་བོའི་དྲུང་དུ་བྱོན། ང་ཆོས་རང་བྱེད་འདོད་པ་ཡིན་ཏེ། ཕས་ཆུང་མ་ལེན་ཟེར་བྱས་ནས་མང་དུ་བཤུམས་པས། ཁུ་བོས་དབུགས་ཕྱུང༌། དེར་ལོ་བདུན་ནས་བཅུ་དྲུག་གི་བར་དུ། མ་ཕུར། བདེ་དགྱེས། ཕྱག་རྡོར། ཡོ་ག་ལ་སོགས་པའི་རྒྱུད་འགྲེལ་སྒྲུབ་ཐབས་ཕྱག་ལེན་དང་བཅས་པ་གསན་ཞིང་མཁས་པར་བསླབས། དེ་ནས་དགུང་ལོ་བཅུ་དྲུག་པ་ལ་བོ་དོང་ཨེར་བྱོན། ཆོས་རྗེ་རིན་ཆེན་རྩེ་མོ་ལ་མངོན་པ་གོང་འོག །ཚད་མ་རྣམ་ངེས། ཤེས་རབ་འགྲེལ་ཆུང་གསན་ཞིང༌། འཆད་རྩོས་རྩོམ་གསུམ་ལ་འགྲན་ཟླ་མེད་པའི་གྲགས་པ་ཐོབ། དེ་ནས་ཆོས་རྗེ་རྒོད་ཚང་པ་བདེ་ཆེན་སྟེངས་ནས་སྤྱང་ལུང་དུ་འབྱོན་པའི་ལམ་གོ་ལུང་ཕུ་རུ་གདན་ཕེབས་པ་ལ། ཆོས་རྗེ་རྒོད་ཚང་པས་དེ་རིང་ལས་ཅན་ཞིག་དང་ཕྲད་འོང་གསུང་བའི་ལུང་བསྟན་མཛད་པ་བཞིན། མཇལ་མ་ཐག་ཚད་ལས་འདས་པའི་དད་པ་སྐྱེས། སྦུད་ཏྲར་ཕེབས་དུས་ཟངས་ཤིག་དང་བུར་ལྟང་ཅིག་ལ་ཕྱག་རྟེན་བྱས། ཆང་དང་རྩ་བ་བཞི་བསྲུང་བའི་དགེ་བསྙེན་མཛད་པས། ཆོས་རྗེའི་ཞལ་ནས། སློབ་དཔོན་ཇོ་སྲས། ད་ནི་བཙུན་པ་དང་ཁྱད་མེད་སྡོམ་པ་ཐུབ་པ་དཀའ་འོ། །འོ་ན་ཡང་ཁོང་གིས་ཐུབ་ཐུབ། ཁོང་སྐྱེ་བ་སྔ་མའང་བཙུན་པ་ཅིག་ཡིན་ཨང༌། རྒན་པོ་ཁོ་དེ་ཞེས་ཞིག་པོ་བྱང་དཔལ་ལ་གསུང༌། ཆོས་རྗེས་ཀ་ར་སྙིམ་པ་ཕྱུར་བ་གང་གནས་བྱུང་བ་རྫོགས་པར་གསོལ་བས་རྟེན་འབྲེལ་ཡང་འགྲིག །ཆོས་རྗེའི་ཞལ་ནས། ཁྱེད་ལན་ཅིག་ངའི་རྩར་འོང་དགོས། ངས་ཕྱག་རྒྱ་ཆེན་པོ་བསྟན་པས་གྲོལ་བ་ལ་ཚེགས་མེད་གསུང༌། དེ་ནས་གོ་ལུང་བ་མདོ་སྡེ་དཔལ་ལ་འགྲེལ་ཆུང་གསན། འདུལ་བའི་སྐོར་རྣམས་གཟིགས་པས་བག་ཆགས་འཐུག་པར་འདུག་ཅིང༌། ཁྱད་པར་ལས་བརྒྱ་རྩ་གཅིག་པ་གཟིགས་པ་ཙམ་གྱིས་ཐུགས་ལ་བྱུང༌། དགུང་ལོ་ཉི་ཤུ་ལོན་པའི་ཚེ་བོ་དོང་རིན་རྩེས་མཁན་པོ། ཞང་བསམ་གླིང་པས་སློབ་དཔོན། སློབ་དཔོན་བསོད་ནམས་འོད་ཟེར་གྱིས་གསང་སྟེ་མཛད་ནས་ཅིག་ཆར་བསྙེན་པར་རྫོགས། མཚན་རིན་ཆེན་དཔལ་དུ་གསོལ། དེ་ནས་ལོ་བཅུ་གཉིས་སུ་སྟན་གཅིག་པའི་བརྟུལ་ཞུགས་གཟུང་ཞིང་ཤ་ཡང་མི་གསོལ། ཆོས་རྗེ་རིན་རྩེ་ལ་དུས་འཁོར་འབྲོ་ལུགས་ལེགས་པར་ཞུས། གོ་ལུང་པ་ལ་དུས་འཁོར་ཆག་ལུགས་ལེགས་པར་བསླབས། རྩིས་ལ་སྦྱངས་ཤིང་མཁས་པར་མཁྱེན། ཁོང་གི་གསུང་གིས་དུས་འཁོར་བ་སངས་རྒྱས་རྡོ་རྗེ་ཙ་མི་ལུགས་ལ་མཁས་པས་ཉོན་གསུང་ནས་ཟླ་བ་བཅུ་གཅིག་ཏུ་ཕྲན་དང་བཅས་པ་གསན། དེར་ཁོང་ཆོས་བཅག་ནས་སེར་ཆགས་ལ་བྱོན་པ་ལ་ཐུགས་ཅུང་ཟད་སྐྱོ་ནས་དམ་པ་ལ་གསོལ་བ་བཏབ་པས། གནལ་ལམ་དུ་མཇལ་ཞིང་ལུང་ཡང་བསྟན། དེ་རྣམས་ཚར་ནས་བདེ་ཆེན་སྟེངས་སུ་ཆོས་རྗེ་ཚང་པའི་སར་མཇལ་དུ་བྱོན་པས། དགོན་པར་ཕེབས་པ་ཙམ་གྱིས་རོ་གཅིག་གི་རྟོགས་པ་འཁྲུངས། ཆོས་རྗེའི་དྲུང་དུ་བཀའ་བརྒྱུད་ཀྱི་གདམས་པ་མཐའ་དག་གསན་ཞིང་ཇི་ལྟ་བ་བཞིན་དུ་ཐུགས་ལ་འཁྲུངས། སྐབས་ཤེད་དུ་བདག་ཤམྦྷ་ལར་དུས་ཀྱི་འཁོར་ལོའི་དཀའ་ཕྲེང་མ་བདེ་བ་རྣམས་གཅོད་པ་ལ་འགྲོ་བསམ་པ་ཡོད་ཞུས་པས། ཤམྦྷ་ལར་ལས་ཀྱི་འབྲེལ་བ་མེད། ལས་འབྲེལ་ཨུ་རྒྱན་དང་ཡོད་དེར་བྱོན་གསུང༌། མ་བདེ་བ་ཅི་འདྲ་བ་ཡོད་གསུང་བ་ལ། འདི་འདྲ་ཡོད་བྱས་ནས་འགའ་ཞིག་ཞུས་པས། ལན་ཇི་ལྟ་བ་བཞིན་དུ་གནང་བྱུང༌། དེར་ཧ་ལས་ཏེ། ཆོས་རྗེ་རིན་པོ་ཆེས་དུས་འཁོར་ནི་མ་གསན། འདི་འདྲ་བའི་མཁས་པ་འོང་བ་ཙུག་ལགས་ཞུས་པས། གསུང་གིས། ཤྲཱི་རིར་སྡད་དུས་བུད་མེད་དམར་མོ་ཅིག་གིས་པོ་ཏི་ཅིག་བྱིན། དེ་མིད་པའི་སྣང་བ་བྱུང་པས། བོད་དུ་འགྱུར་བའི་ཆོས་ལ་མི་ཤེས་པ་མེད་གསུང༌། འོ་ན་བདག་ལ་དུས་འཁོར་གྱི་དབང་ཅིག་ཀྱང་གནང་བར་ཞུ་ཞུས་པས། སློབ་དཔོན་ཇོ་བཙུན་རང་གསོལ་བ་ཐོབ་པ་རྨི་ལམ་གཟུང་ཅིག་གསུང་ནས། གསོལ་བ་བཏབ་པས་རྨི་ལམ་དུ་ཆོས་རྗེ་རིན་པོ་ཆེ་དུས་འཁོར་བ་སངས་རྒྱས་རྡོ་རྗེའི་ཆ་བྱད་དུ་མཛད་ནས་དུས་འཁོར་གྱི་དབང་རྒྱས་པ་ཅིག་གནང་བྱུང༌། སང་དེ་སྤྱན་སྔར་བྱོན་པས་སློབ་དཔོན་ཇོ་བཙུན་ཐུགས་ཚིམ་མམ་གསུང༌། ཤིན་ཏུ་ཚིམ་ལགས། དེ་འདྲ་བའི་ཕྱག་ལེན་མཁས་པ་སུ་ལ་བསླབས་ཞུས་པས། མཁའ་འགྲོ་མས་བསླབས་པ་ཡིན་གསུང། དེ་རྟིང་ཨུ་རྒྱན་དུ་འགྲོ་བར་ཞུས་ནས་དང་པོར་བྱང་མི་མེད་ཀྱི་རི་ལ་བསྒྲུབ་པ་ལ་བྱོན། ཐུགས་དམ་ཤིན་ཏུ་འཕེལ་བས་སྔར་གྱི་ཆོས་བརྗེད་པ་ཐམས་ཅད་སོས། དེ་ནས་ཏི་སེར་བྱོན་ནས་ཐོགས་ཤིག་བཞུགས། དེ་ནས་མར་ཡུལ་དང་ར་བྱང་ནས་ལམ་མཐོན་ནས་ཛ་ལནྡྷ་རར་གྲོགས་མཆེད་ལྔ་བྱོན། དེ་ནས་གཞན་ཐམས་ཅད་ཕྱིར་སློག །དཔལ་ཡེ་དང་འགྲོགས་བྱོན་པས། སྤྱིར་ཡང་འཇིགས་པའི་འཕྲང་མང་པོ་དང༌། ཁྱད་པར་སོག་པོའི་རྟ་བས་མགུལ་སྒོམ་ཐག་ཏུ་བཅུག་ནས་བསྡམས། སྐུ་ལུས་ལ་རྡོག་པས་ཀྱང་བསྣུན། ཅུང་ཞིག་འགྱེལ་བ་ལ་དེ་མ་ཐག་བཞེངས་ཏེ། ཞབས་བྲོ་མང་པོ་མཛད། འོ་དོད་ཆེན་པོ་བོས་པས་རྟ་པ་ཟླ་བོ་རྣམས་ཀྱིས་འདི་ནི་གྲུབ་ཐོབ་ཏུ་འདུག །ཁྱོད་ཀྱི་བུ་སྨད་ལ་ཇི་འདྲ་བ་འོང་ངམ་ཟེར། ཆུ་བོ་ཆེན་པོ་གཅིག་གི་འགྲམ་དུ་གནམ་ས་བླ་འོག་འགྱུར་བའི་སྣང་བའང་ཤར། དེ་ཐམས་ཅད་བརྟུལ་ཞུགས་ཀྱིས་ཟིལ་གྱིས་མནན། ཨུ་རྒྱན་དྷུམ་ཐ་ལར་རྟོལ། དེར་རྡོ་རྗེ་རྣལ་འབྱོར་མ་སྨད་འཚོང་མའི་བུ་མའི་གཟུགས་སུ་བྱས་པ་ཅིག་གིས་ཚོད་མ་ཕོར་གང་བྱིན་ཞིང་བྱིན་གྱིས་བརླབས་པས་ལས་ཀྱི་སྒྲིབ་པའི་ལྷག་མ་ཐམས་ཅད་སློངས་ཤིང་ཟད། རྡོ་རྗེ་གསུམ་གྱི་དོན་ཇི་ལྟ་བ་བཞིན་དུ་ཐུགས་ལ་འཁྲུངས། རྡོ་རྗེ་རྣལ་འབྱོར་མ་ཉིད་ཀྱི་སྐུར་བསྟན་ནས་ཞལ་གྱི་གདམས་པ་ཡང་གནང༌། དེ་ནས་ཕྱིར་བྱོན། ཁ་ཆེ་ལ་ལམ་མཛད་པས། ཁ་ཆེའི་རྒྱལ་པོས་གསོད་མི་སུམ་ཅུ་ཙམ་ཞིག་མངགས་པ་དང་ལམ་དུ་ཕྲད་ཀྱང་གྲོགས་མཆེད་གཉིས་ཀ་ཅི་ཡང་མ་ཉེས་པར་ཐར། བོད་དུ་ཕེབས་པ་ན་ཆོས་རྗེ་རྒོད་ཚང་བ་གཤེགས་འདུག །རྟེན་ལ་སོགས་པ་མི་བཞེངས་པའི་བཀའ་གནང་འདུག་པ་ལ། ང་དེའི་བཀའ་ཁོངས་ན་ནི་མེད་བྱས་ནས་རྟེན་བཞེངས་ཀྱང་འགའ་རེ་མཛད། དེ་ནས་ལྕགས་མོ་བྱའི་ལོ་ལ་དཔོན་སློབ་མང་པོ་རྡོ་རྗེའི་གདན་དུ་བྱོན། དེར་བྱང་ཆུབ་ཀྱི་ཤིང་གཟིགས་པས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་རང་འཁྲུངས། སྔར་ཆོས་རྗེ་རྒོད་ཚང་བའི་གསུང་གིས་ད་སྟེ་ལོ་བཅུ་གཉིས་ན་ཁྱེད་ལ་དགེ་སྦྱོར་གཤའ་མ་ཅིག་སྐྱེ་གསུང་བ་དེ་འདིར་འདུག་དགོངས་པ་བྱུང༌། བསིལ་བ་ཚལ་དུ་བཞུགས་པས་གཞི་བདག་དེས་ལྷོག་པ་བཏང་བྱུང་བ་ལྷོག་པ་གྲིས་ཕྱུང་སྟེ་བོར། འཁྲུལ་འཁོར་མཛད་པས་དེ་མ་ཁད་རྨ་སོས། ཕྱིས་གཞི་བདག་དེ་དབང་དུ་འདུས་ནས་དྲག་པོའི་ཕྲིན་ལས་སྒྲུབ་དགོས་པ་ཚོར་ངེས་སླེབ། རྡོ་རྗེའི་གདན་དུ་ལྷ་ཚོགས་ཀྱི་བདག་པོས་ཆོ་འཕྲུལ་ཆེན་པོ་བསྟན་ཡང་མ་ཚུགས་པས་ཡོན་བདག་ཏུ་ཁས་བླངས། དེ་ཕྱིན་ཆད་ནི་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་དང་བྱང་ཆུབ་ཀྱི་སེམས་གཉིས་དང་སྐད་ཅིག་ཀྱང་མི་འབྲལ་བར་སེང་གེ་ལྟ་བུའི་རྣལ་འབྱོར་པ་ཆེན་པོར་གྱུར་ཏེ། སྤྱན་ཟུར་གྱིས་གཟིགས་པ་དང་དབྱུག་པ་རེ་ཙམ་བསྣུན་པས་ནད་གདོན་མཐའ་དག་སོས། ལྟ་འདྲེ་མི་གསུམ་ཟིལ་གྱིས་མནན། མདོ་རྒྱུད་ཀྱི་ཆོས་ལ་འདི་མི་མཁྱེན་བྱ་བ་ཡང་མེད། དབུ་གཡོར་གཉིས་གཉལ་ལོ་རོ་དང་མཚོ་སྣ་ལ་སོགས་པར་ཡང་བྱོན། གཞན་གྱི་དོན་ས་འུར་དང་རྡོ་འུར་དུ་མཛད། ཕྱིས་རྒྱལ་པོ་གོ་བེ་ལས་སྤྱན་དྲངས་ནས་ཧོར་ཡུལ་དུ་བྱོན། རྒྱལ་པོ་ལ་རྒྱུ་རིན་པོ་ཆེ་འབའ་ཞིག་ལ་བྱས་པའི་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དུ་དབང་བསྐུར། དཀྱིལ་འཁོར་གྱི་རྡུལ་ཚོན་དུ་གྱུར་པའི་རིན་པོ་ཆེ་ཐམས་ཅད་ཆུ་ལ་དོར། མགྱོགས་པར་བོད་དུ་འབྱོན་རྩིས་མཛད་པ་ལ། རྒྱལ་པོས་ཡི་ཆད་ཀྱི་ཞུ་བ་ཕུལ་བས། ང་སྐྲ་བོ་དོང་རིན་རྩེ་ལ་བཅད། གསོལ་བ་རྒོད་ཚང་བ་ལ་འདེབས། ལྷའི་དབང་པོ་བརྒྱ་བྱིན་མདུན་དུ་བྱུང་ཡང་ཐོད་པ་བཀས་ནས་ཀླད་པ་ལྡག་སྙམ་པ་མིན་པ་མེད་ཅེས་པའི་གསུང་གིས་ཟིལ་གྱིས་མནན་པས་རྒྱལ་པོ་ལ་སྤྱན་ཆབ་མང་པོ་བྱུང༌། རྒྱ་ཡུལ་ནས་དངོས་པོའི་གཟུང་བ་ཁབ་ཙམ་ཡང་མེད་པར་ཕྱིར་བྱོན། དེ་ལྟ་བུའི་གྲུབ་ཆེན་རིན་པོ་ཆེ་དེ་བརྒྱད་ཅུ་པ་ས་མོ་བྱའི་ལོ་ལ་གཤེགས། གསུང་ལས། ངས་བསྙེན་སྒྲུབ་འདི་བསྟན་ན་ལུང་པ་གྲུབ་ཐོབ་ཀྱིས་འགེངས་ཏེ། འབྲུག་པའི་བརྒྱུད་འཛིན་པས་ཁྲིད་ཆེན་བརྒྱད་ལ་གཙོ་བོར་བྱེད་པ་ཡིན་ཞེས་གསུང་བ་ལྟར་གདམས་ངག་གི་གཙོ་བོ་ཆ་གཉིས་སུ་གྱུར་པའི། འབྲུག་སྐོར་ལ་ནི་ཕྱག་རྒྱ་ཆེན་པོའི་རྟོགས་པ་ཅན་ཤིན་ཏུ་མང་བར་བྱོན། དེའི་སློབ་མ་དུག་དང༌། མེ་དང་ཆུ་དང་དགྲ་དང་གཡངས་ལ་སོགས་པ་གང་ལའང་འཇིགས་པ་མེད་པ་མང་ངོ༌། རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཞུས་པའི་སློབ་མའི་གཙོ་བོ་ནི། རིན་པོ་ཆེ་མཁར་ཆུ་བ། ཆོས་རྗེ་རང་བྱུང་བ། བླ་མ་དབུ་མ་པ། མཁན་ཆེན་བསོད་ནམས་འོད་ཟེར། རྟོགས་ལྡན་ཟླ་བ་སེང་གེ། ཆོས་རྗེ་ཀུན་དགའ་དོན་གྲུབ་རྣམས་ཏེ། དེ་ལ་ཆོས་རྗེ་རང་བྱུང་བ་ལས་བསྙེན་སྒྲུབ་ཀྱི་གདམས་པའི་གནད་ཅུང་ཞིག་མི་འདྲ་བ་བྱུང་སྟེ། ཕྱིས་ཀར་མ་པའི་སྐུའི་སྐྱེ་བ་རྣམས་དང༌། དེའི་བུ་སློབ་བརྒྱུད་པ་དང་བཅས་པ་ལ་འཕེལ་ལོ། དེ་བཞིན་དུ་དབུ་མ་པ་ནས་བརྒྱུད་པ་རྣམས་ལའང་རྡོ་རྗེའི་ཚིག་གི་བཤད་པ་དང་མན་ངག་གི་ལག་ལེན་ཡང་ཡོད་ཅིང༌། མཁན་ཆེན་བསོད་ནམས་འོད་ཟེར་བས་རྡོ་རྗེའི་ཚིག་ལ་རྣམ་བཤད་ཆེན་མོ་ཡང་མཛད་པ། ཆོས་རྗེ་གངས་པ་ནས་བཟུང་ནས། དཔལ་ལྡན་ཇ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་བར་དུ་བརྒྱུད་དོ། ཆོས་རྗེ་ཟླ་བ་སེང་གེས་ནི། རྡོ་རྗེའི་ཚིག་ལ་རྣམ་བཤད་ཀྱང་མཛད། ཁྲིད་རིམ་གྱི་ཡིག་ཆ་དང་གེགས་སེལ་དང་ངོ་སྤྲོད་ལ་སོགས་པའི་བསྟན་བཅོས་མང་པོ་མཛད་ཅིང༌། དེ་ཐམས་ཅད་ཀྱང་རྒྱུད་འགྲེལ་ཆེན་མོ་དང་སྦྱར་ཏེ་གདུལ་བྱ་རྗེས་སུ་འཛིན་པར་མཛད་ལ། གྲུབ་ཆེན་རིན་པོ་ཆེའི་འཕྲལ་གྱི་གསུང་ལ་ཟིན་བྲིས་བྱས་པ་ཕྲེང་སྐོར་དུ་གྲགས་པ་ཡང་ཁོང་གིས་མཛད་དོ། དེའི་སློབ་མ་ནི་མཆིད་ཕུའི་མཁན་ཆེན་བྱང་ཆུབ་སེང་གེའོ། དེའི་སློབ་མ་ནི་འཕགས་མཆོག་བསོད་ནམས་དཔལ་ཏེ། ས་མོ་གླང་གི་ལོ་བ་ཡིན། སྣེའུ་གདོང་དུ་ཁང་གཉེར་མཛད་པ་ལས་གཙང་ཕྱོགས་སུ་ཆོས་ལ་བྲོས་བྱོན་པ། དང་པོར་ཆོས་རྗེ་གངས་པ་ལ་གཏུགས། ཁྲིད་ཞབས་ཕལ་ཆེར་མ་ཚར་བ་ལ་གངས་པ་གཤེགས། དེ་ནས་མཁན་ཆེན་བྱང་ཆུབ་སེང་གེ་ལ་གདམས་པ་རྫོགས་པར་གསན། དེ་རྟིང་གདན་ས་ཐེལ་བའི་རི་པ་མཛད་ནས་ཆུ་བར་དུ་བསྒོམས་པས་ཕྱག་རྒྱ་ཆེན་པོའི་རྟོགས་པ་བརྙེས། ཕྱིས་སྒོམ་པ་གྲགས་ལེགས་ཀྱིས་མང་དཀར་སྒང་གི་ཞབས་དེར་སྤྱིལ་བོ་ཅིག་བརྩིགས་ཏེ་དེར་བཞུགས་པ་ན། ཆོས་ཀྱི་རྗེ་རིན་པོ་ཆེ་རྒོད་ཕྲུག་གྲགས་པའི་མཚན་ཅན་གྱིས་དེ་དང་ཉེ་བའི་ཕུག་པར་བཞུགས་ནས་འཕགས་མཆོག་པ་ལ་བསྙེན་སྒྲུབ་དང༌། བཀའ་བརྒྱུད་ཀྱི་གདམས་པ་རྣམས་ཀྱི་དམིགས་པ་གནང་བ་ལ་ཕེབས་པའི་ཚེའང་ཇ་སུན་རེ་ཞུས། བསྒོམས་པས་ཕུག་དེ་ཉིད་དུ་ཕྱག་རྒྱ་ཆེན་པོའི་རྟོགས་པ་འཁྲུངས། འཕགས་མཆོག་པའང་མཉེས་ཏེ། ཁོང་རང་གི་བླ་གོས་ཕུད་ནས་གནང༌། དེ་ནས་ཕྱོགས་གཞན་རྣམས་སུ་ཆོས་རྗེ་ཐེག་ཆེན་པ་ལ་སོགས་པའི་བླ་མ་མང་པོ་བསྟེན་ཞིང༌། གདམས་པ་རྣམས་བླངས། རི་ཁྲོད་རྣམས་སུ་གཉན་ཁྲོད་ཀྱང་མང་དུ་མཛད། སྒམ་པོར་བཞུགས་པའི་ཚེ་གཟིམས་ཁང་གི་སྟེང་དུ་ཤྭ་འོད་ཆེན་པོ་འབྱུང་བའི་ཉེན་ལ་ཐུགས་རྗེས་མ་གནོད། ཕྱུར་གྱི་ཇམ་པ་ནས་ཆུ་ནང་དུ་ལྷུང་བ་མཁའ་འགྲོ་མ་མང་པོས་ཅ་ཅོ་ཕྱུང་སྟེ་བཏོན་པ་ལ་སོགས་པ་དང༌། རྫ་མ་ལ་མཚན་གང་དེ་ལ་ཇི་ཙམ་བཙགས་ཀྱང་ཆང་བཟང་པོར་འོང་བ་ལ་སོགས་པ་མངའ་སྟེ། སློབ་མ་རྗེས་སུ་བསྐྱང་བའི་ཕྱིར་ཆོས་སྡིངས་ཀྱི་རི་ཁྲོད་བཏབ། མིའི་བདག་པོ་གྲགས་པ་འབྱུང་གནས་པའི་ཡང་གུས་པ་མཆོག་དང་ལྡན་པས་བཀུར་བའི་བླ་མར་གྱུར་ཏེ། འགྲོ་བའི་དོན་རྒྱ་ཆེན་པོ་མཛད། སྤྱིར་ཆུ་མོ་ཡོས་ལ་འཁྲུངས་ནས། དགུང་ལོ་བརྒྱད་ཅུ་རྩ་ལྔ་པ་མེ་མོ་ཡོས་ཀྱི་ཟླ་བ་གསུམ་པའི་ཉེར་གཉིས་ལ་ཆོས་ཀྱི་དབྱིངས་སུ་གཤེགས། དེའི་རྗེས་སུ་གདན་ས་ཆོས་རྗེ་བསོད་ནམས་རྒྱལ་མཚན། ཆོས་རྗེ་སངས་རྒྱས་བློ་གྲོས་གཉིས་ཀྱང་བླ་མ་ལ་རྩེ་གཅིག་པའི་མོས་གུས་དང༌། ཕྱག་རྒྱ་ཆེན་པོ་ལས་གཡོ་བ་མེད་པའི་ཏིང་ངེ་འཛིན་མངའ་ལ། དེའི་རྗེས་སུ་ཆོས་རྗེ་ཤེལ་བྲག་པ་ནི། ཆོས་རྗེ་རྒོད་ཕྲུག་རས་པ་ཉིད་ཀྱིས་ཀྱང་གཞོན་དོན་འབྱུང་བར་ལུང་བསྟན་པ་བཞིན་སྒོ་མཐའ་དག་ནས་གདུལ་བྱ་འདུལ་ལོ། དེ་ལ་གདན་ས་བ་བསོད་ནམས་རྒྱལ་མཚན་ས་ཕོ་བྱི་བ་ལ་འཁྲུངས། ལྔ་བཅུ་རྩ་དྲུག་པ་ཆུ་མོ་ལུག་གི་བར་དུ་བཞུགས། དེ་ནས་ད་ལྟའི་མེ་ཕོ་སྤྲེའུའི་བར་དུ་ལོ་བཅུ་གསུམ་སོང་སྟེ། སྤྱིར་ཕག་མོ་གྲུ་པ་གཤེགས་པའི་ལྕགས་སྟག་ནས་དྲུག་ཅུ་རྩ་གཅིག་པ་ལ་གྲུབ་ཆེན་པ་འཁྲུངས། དེའི་དྲུག་ཅུ་རྩ་གཅིག་པ་ལ་བུ་སྟོན་རིན་པོ་ཆེ་འཁྲུངས། དེའི་དྲུག་ཅུ་རྩ་གཅིག་པ་ལ་ཆོས་རྗེ་མཁའ་སྤྱོད་པ་དང༌། ཆོས་རྗེ་སྒྲོན་མ་པ་དང་མཁན་ཆེན་རིན་པོ་ཆེ་རྒྱལ་མཚན་བཟང་པོ་རྣམས་འཁྲུངས། དེ་ནས་དྲུག་ཅུ་སྐོར་གཉིས་དང་ལོ་བདུན་མེ་ཕོ་སྤྲེའུ་ཡན་ལ་སོང་ངོ༌། གྲུབ་ཆེན་པ་སློབ་བརྒྱུད་དང་བཅས་པའི་སྐབས་ཏེ། སྤྱིར་འབྲུག་པའི་སྐབསསོ། ། ༨.༢༠ ཁྲོ་ཕུ་པའི་སྐབས། འགྲོ་མགོན་རིན་པོ་ཆེའི་བུ་ཆེན་རིན་པོ་ཆེ་རྒྱལ་ཚ་ནི། ཤ་བ་སྨད་འཛལ་གྱི་ལུང་པར་སྣུབས་ནམ་མཁའ་སྙིང་པོའི་གདུང་བརྒྱུད་སྔགས་རྙིང་མའི་དངོས་གྲུབ་ལ་མངའ་མཛད་པ་ཤ་སྟག་བྱུང་བ་དང༌། ཡུམ་ལྷ་གཅིག་གི་སྲས་སུ་ས་ཕོ་ཁྱིའི་ལོ་ལ་འཁྲུངས། ལོ་ལྔ་ནས་ཡིག་རྩིས་བསླབས། བྱིས་པའི་དུས་ནས་འཇིག་རྟེན་ལ་མ་ཆགས་ཤིང་ཆོས་ལ་དགའ། བླ་མ་བསྟེན་པ་ལ། གནུར་ཉི་མ། སློབ་དཔོན་གན་ཆག་པ། རམ་སྡིང་མ་བ། དགེ་བཤེས་རྩི་གཉན། གྲོལ་སྟོན་ལྷ་འབུམ། བླ་མ་སྒང་རི་བོ་ཆེ་པ། ཟུར་ཆུང་བའི་སྲས་རྗེ་སྒྲོ་ཕུག་པ། བླ་མ་འོར་ཁ་པ། སྒང་ཤེས་རབ་བླ་མ། མངའ་རིས་སྐྱི་སྟོན། དཔྱལ་ཀུན་དགའ་རྡོ་རྗེ། བལ་པོའི་པཎྜི་ཏ་ས་མནྟ་ཤྲི། ཁུ་ལོ་ཙཱ་བ་ནེ་ཙོ། པཎྜི་ཏ་ཤཱཀྱ་ཤྲཱི། སྤོས་སྒང་བ། ལྷ་རྗེ་ཇོ་འཁོར། ལྷ་རྗེ་ཤེས་རབ་བཟང་པོ། ཇོ་བཙུན་མེ་འབར་རྣམས་ལ་སོ་སོའི་ཆོས་མང་དུ་གསན། དབུས་སུ་དགུང་ལོ་བཅུ་དགུ་ལ་བྱོན། གཡོར་པོ་ལུགས་སྨད་དུ་པུ་ཧྲངས་ལོ་ཙཱ་བའི་དངོས་སློབ་དམར་ཆོས་ཀྱི་རྒྱལ་པོ། མེས་སྟོན་ཀུན་སྙིང༌། རྔོག་མདོ་སྡེ། ལོ་ཙཱ་བ་ཆོས་ཀྱི་བཟང་པོའི་སློབ་མ་བླ་མ་གཤེན་ཆེན་པོ་དགུང་ལོ་གྱ་གསུམ་བཞེས་པ་དང་མཇལ། ལོ་ཉི་ཤུ་རྩ་ལྔ་ལ་ཡུལ་དུ་བྱོན། ཆེ་འདོན་ཡང་མཛད། ཆོས་འགའ་རེ་ཡང་བཤད། ཡབ་ཀྱི་ཞལ་ནས། ད་བག་མ་ཅིག་ལེན་དགོས་གསུང་བ། མི་ལེན་པར་གཏིང་ནས་ཐག་གཅད་ཀྱང་ཡབ་ལ་རིམ་གྱིས་ཞུས་པས་ཕྱིས་གནང་བ་ཡང་ཐོབ། དེ་ནས་ཡང་བླ་མ་བསྟེན་པ་ནི། བྲག་དཀར་པོ་བ། ཞུ་དོན་མོ་རི་བ། མངའ་རིས་པ་ཞང་སྒོམ། དགེ་བཤེས་ཐོ་སྟོན། དགེ་བཤེས་རྒྱ་སྟོན། བྱ་རུ་དབེན་ཚའི་དགེ་བཤེས་གཤེན། ཐུར་ལ་བ་ཚུལ་ཁྲིམས་སྐྱབས། པཎྜི་ཏ་བཻ་རོ་ཙ་ན། ཀེ་ཀེ་ཧོར་གྲགས། དགེ་བཤེས་སུམ་པ། དམ་པ་ཕྱར་ཆུང༌། བཛྲ་ཀྲོ་དྷ། བླ་མ་འོལ་བ་ཆེན་པོ་རྣམས་ལ་ཆོས་ཞུས། དེ་ནས་བླ་མ་དམར་གྱིས་ཕག་མོ་གྲུར་བརྫངས། དྲུང་དུ་བྱོན། དད་པ་ཐོབ། ཆོས་གདམས་ངག་མང་དུ་གསན། དེར་ཕྱག་རྒྱ་ཆེན་པོའི་རྟོགས་པ་ཁྱད་པར་ཅན་འཁྲུངས། དེ་ནས་ཟངས་རིང་རྒྱ་རས་དང་མཇལ། ཆོས་ཀྱང་ཞུས། དེའི་ཚེ་སྒོམ་ཚུལ་དང་ཡང་མཇལ་ཏེ་ཆོས་ཞུས། མ་གཅིག་ལབ་སྒྲོན་གྱི་སྲས་པོ་ཐོད་སྟོན་གྲུབ་པ་བྱ་བ་ལ་གཅོད་ཡུལ་ཞུས། དེ་ཙ་ན་བླ་མ་དེས་དགུང་ལོ་བརྒྱད་ཅུ་རྩ་བརྒྱད་བཞེས། དམ་པ་རྒྱ་གར་དང་སྐམ་གཉིས་ཀའི་སློབ་མ་ཟིངས་པོ་ཟླ་བ་ལའང་ཆོས་ཞུས། སྤྱིར་བླ་མ་བརྒྱད་ཅུ་རྩ་གཉིས་བཞུགས། དེ་ནས་ཡུལ་དུ་བྱོན། ལས་སྒོ་ལེན་མི་བཏང༌། སྤེལ་བསྒྱུར་མཛད་ནས་ཕག་མོ་གྲུར་འབུལ་བ་དང་དགེ་འདུན་སོ་སོའི་རྣམ་བཞག་མང་སྐོལ་རྣམས་བཟང་ངེས་པ་ཞིག་མཛད། དགེ་བཤེས་ཞང་སུམ་ཐོག་པ་ལ་སོགས་པས་བསྔགས་པ་ཆེན་པོ་མཛད། དེ་རེས་ལམ་སྐོར་ལ་སོགས་པ་བླ་མ་ལ་མངའ་ཚད་ཀྱི་ཆོས་རྣམས་ཞུས། ཤེའུ་འདུལ་བ་འཛིན་པ་ལའང་ཆོས་གསན། དེ་ནས་བླ་མ་ལ་ཕྱི་ཕྱག་བྱས། ཇི་ལྟར་བགྱིའི་བཀའ་སྩལ་ཡང་ཞུས་པས། ཡུལ་རང་དུ་འདུག་ལ་སྐྱེ་ཤིས་འཇིགས་པ་རྣམས་ལ་ཆོས་བྱིན་ཅིག་གསུང་བ་བྱུང༌། ལམ་དུའང་སྣ་ལེན་བྱེད་པ་མང༌། དེ་ནས་དོན་མོ་རིར་བྱོན་ནས་རང་ལོ་ལྔ་བཅུ་རྩ་བཞི་པ་ལྕགས་ཡོས་ལ་མཁན་པོ་ཞང་ཞི་མཛེས་ལ་ཞུས་ནས་བསྙེན་པར་རྫོགས། དགེ་སློང་བཞི་སྡེ་རེ་དང་འགྲོགས་པར་དགོངས། ཞང་བཙུན་དབོན་ཆུང་བྱ་བ་ལ་ཁྲོ་ཕུའི་ས་དེ་ཉོས། དབུ་རྩེ་དང་བྲན་ཁང་ལ་སོགས་པ་བྱས་ནས་དགེ་འདུན་ཉི་ཤུ་ཙམ་བསྡུས། གཙོ་བོར་ཐུག་དམ་ལ་སྒྲིལ། སྐབས་ཤིག་ཏུ་སྟོན་པ་ཚུལ་ཤེལ་སོགས་འགའ་ཞིག་ལ་དབང་རྒྱས་པ་འགའ་རེ་གནང༌། དྲུག་ཅུ་རྩ་གཅིག་གི་སྐེག་ལ་ཅུང་ཟད་མ་བདེ་བ་ན། མགོན་པོ་ཕག་མོ་གྲུ་པ་བྱོན་ཏེ། བུ་རང་སེམས་དག་པའི་ནམ་མཁའ་ལ། རྟེན་འབྲེལ་བཅུ་གཉིས་ཀྱི་ལོ་གྲངས་ཤར། ད་སྟེ་ལོ་སྐོར་བཅོ་བརྒྱད་ན། སེམས་དགའ་འམ་སྙམས་ན་ད་ཕྱིར་འབྲོངས། གསུངས་ནས་སེང་གེ་ལ་ཆིབས་ཏེ། གཉན་དཀར་གྱི་ཐད་ཀའི་རིའི་ཐང་ལ་གཤེགསསོ། །དེ་ཁོ་ན་བཞིན་བདུན་ཅུ་རྩ་བརྒྱད་པ་ཤིང་མོ་ཡོས་ལ་བདེ་བར་གཤེགསསོ། །གཅུང་པོ་ཀུན་ལྡན་ཡང་ས་ཕོ་འབྲུག་ལ་འཁྲུངས། ཕག་མོ་གྲུར་གཅེན་པོའི་རྒྱགས་སྐྱེལ་དུ་བྱོན་པས། རྫེ་བཙུན་མི་ལའི་རྣམ་ཐར་གསུང་པ་དང་ཐུག།དེ་འདྲ་བ་ཅིག་ངས་ཀྱང་བྱ་སྙམ་ནས་ཆོས་གྲྭ་དེར་མགོ་ལྕོག་ལན་གསུམ་བྱས། འགྲོ་མགོན་ལ་གདམས་པ་ཞུས་ཏེ་བསྒོམས་པས་རྟོགས་པ་ཁྱད་པར་ཅན་བརྙེས། གྲུབ་ཐོབ་ཆེན་པོར་གྱུར་ཏེ། མུ་གེ་བྱུང་བའི་ཚེ་ཁྲོ་ཕུའི་མཆོད་ཁང་གི་སྒོ་ལ་ཕྱག་མཁར་གཏུག་གཏུག་མཛད་ནས། རྣལ་འབྱོར་མ་རྣམས་དེ་རིང་རྣལ་འབྱོར་པ་ལ་བསོད་སྙོམས་ཤིག་ཞུའོ་གསུངས་པས། མཆོད་ཁང་གི་སྒོ་བར་ནས་ནས་ཕྱིར་མང་དུ་བྱུང། ཡུལ་མི་ཐམས་ཅད་ཀྱིས་བླངས་ཀྱང་ཞག་ལྔའི་བར་དུ་ནས་མ་ཟད་པའི་གྲུབ་རྟགས་ཀྱང་བསྟན། དགུང་ལོ་བདུན་པ་མེ་མོ་གླང་ལ་གཤེགས། རྒྱལ་ཚ་དང་ཀུན་ལྡན་རས་པ་སྐུ་མཆེད་ཀྱི་དཔོན་པོ་ཁྲོ་ཕུ་ལོ་ཙཱ་བ་ཡིན་ཏེ། དེ་ནི་འགྲོ་བའི་མགོན་པོ་ཕག་མོ་གྲུབ་པ་གཤེགས་རྗེས་ཀྱི་ལོ་གསུམ་པ་ཆུ་མོ་སྦྲུལ་གྱི་ལོ་ལ། ཡབ་ཇོ་འཕན་ཞེས་བྱ་བ་དང༌། ཡུམ་བསྲེགས་མོ་གསལ་བྱེད་གཉིས་ཀྱི་སྲས་སུ་སྐུ་བལྟམས། ལོ་དྲུག་པ་ལ་ཀློག་བསླབས། བརྒྱད་པ་ལ་རྒྱལ་ཚ་དང་མཇལ། བཅུ་པའི་སྐབས་སུ་རིན་པོ་ཆེ་རྒྱལ་ཚ་དང་ཀུན་ལྡན་གྱིས་མཁན་སློབ་མཛད་ནས་དགེ་ཚུལ་མཛད། མཚན་ཚུལ་ཁྲིམས་ཤེས་རབ་ཏུ་བཏགས། ལོ་བཅུ་གཅིག་པ་ལ་དགེ་བཤེས་གཙང་གི་སར་རྣམ་ངེས་གསན་དུ་བྱོན། །བཅུ་གཉིས་པ་ལ་ས་སྐྱར་རྩེ་མོ་གཤེགས་པའི་ཆོས་འཁོར་ལ་བྱོན། ཆོས་འཁོར་དེ་ལ་ཞུ་སྟོན་ཧྲལ་མོ་ཡང་བྱོན། འཇད་པ་གཞོན་བྱང་ཡང་བྱོན། དེ་ནས་ལོ་བཅུ་དྲུག་ལོན་གྱི་བར་དུ་གཙང་དཀར་ལ་གསན་པ་མང་དུ་མཛད། ཆོས་འཁོར་བྱུང་བ་རྣམས་སུ་རྩོད་པས་ཀྱང་གཞན་ཕམ་པར་བྱས། སློབ་དཔོན་གཙང་དཀར་བ་ལ་འབུལ་བ་ཞབས་ཏོག་ཀྱང་ཆེར་བསྒྲུབས། བཅུ་བདུན་ལ་སྣུར་པའི་ཐུགས་སྲས་རྩེ་སྟོན་ཀུན་བཟངས་ལོ་བརྒྱད་ཅུ་རྩ་བརྒྱད་ལོན་པ་ཅིག་ཁྲོ་ཕུར་སྤྱན་དྲངས་ནས་རྡོར་དབྱིངས་ལ་སོགས་པའི་དཀྱིལ་འཁོར་ལྔ་བརྒྱ་ལྷག་ཅིག་གི་ལག་ལེན་ཀྱང་བསླབས། ཕྱིས་འབྱོན་ཁར་བྱ་རྒོད་གཤོངས་ཀྱི་རྣམ་སྲས་དེས་རྩེ་སྟོན་ཀུན་བཟང་ལ་རྨི་ལམ་དུ་ང་ཇོ་སྲས་འདི་ལ་ཕོག་བྱ་བ་བྱུང་བས་རྣམ་སྲས་ཀྱི་རྗེས་གནང་ཡང་གསན། ལོ་བཅུ་དགུ་པ་ལ་འབྲིང་མཚམས་ཞང་གི་དབོན་པོ་ཞང་དགེ་བ་ཟེར་བའི་ལོ་ཙཱ་མཁས་པ་ཅིག་ཡོད་པ་དེ་ལ་ལོ་ཙཱ་བ་བསླབས་པས་ཕུལ་དུ་བྱུང་བར་མཁྱེན། ལོ་དེ་ལ་རིན་པོ་ཆེ་རྒྱལ་ཚས་མཁན་པོ་དང༌། སློབ་དཔོན་གཙང་དཀར་གྱིས་ལས་སློབ། ཀུན་ལྡན་རས་པས་གསང་སྟེ་བ་མཛད་ནས་བསྙེན་པར་རྫོགས། དེ་ནས་གཙང་ནག་ལ་འདུལ་བ་སློབ་པའི་ཕྱིར་ལོ་རིལ་པོ་གཉིས་སུ་བསྟེན་ནས་མཁས་པར་བསླབས། ལོ་ཉེར་གཅིག་པ་ལ་ཀུན་ལྡན་ལ་ལོ་རོ་རས་པའི་ཐབས་ལམ་དང་ཐུན་འཇོག་ལ་སོགས་གསན། དེའི་ཚེ་ཡབ་ཀྱིས་མནན་གཏད་བྱས་པའི་རྐྱེན་གྱིས་ནད་གཞིའི་རྟོག་པ་བྱུང་བས་ལོ་གསུམ་དུ་མཚམས་བཅད་པས་ནད་ཕལ་ཆེར་སངས། དེའི་རིང་ལ་རྒྱལ་ཚ་ལ་སྔ་དྲོ་སྔ་དྲོ་གདམས་ངག་ལུགས་མི་འདྲ་བ་བརྒྱ་དང་སུམ་ཅུ་རྩ་དྲུག་དང༌། བཀའ་བབས་བཅུ་གསུམ་བྱ་བ་རྣམས་ཞུས། ལོ་ཉེར་བཞི་པ་ལ་རྗེ་རྒྱལ་ཚ་གཤེགས་པ་ཡིན་ཏེ། གཤེགས་ཁར་བོས་ནས་ཞལ་གདམས་མང་དུ་གནང༌། ཁྱོད་རག་དུང་བཞིན་དུ་ཇེ་སྦོམ་ལ་འགྲོ་བ་འདུག་བྱ་བའི་ལུང་ཡང་བསྟན། ཡེ་ཤེས་འཕོ་བའི་དབང་བསྐུར་ཡང་མཛད། དེ་ནས་ཟླ་བ་གཉིས་ན་གཤེགས། དེར་རྒྱལ་ཚའི་སྐུ་འདབ་དང་རྟེན་བཞེངས་ལ་སོགས་ལེགས་པར་གྲུབ་ནས། ཉེར་བཞི་པ་ལ་བལ་པོར་ཆས། བལ་པོར་སླེབ་ནས་པཎ་ཆེན་བུདྡྷ་ཤྲཱི་ལ་སྔགས་མཚན་ཉིད་ཀྱི་སྦྱངས་པ་མང་དུ་མཛད། དེར་རྗེ་བཙུན་མི་ཏྲ་དང་མཇལ་ནས་བོད་དུ་སྤྱན་དྲངས་ནས་ཟླ་བ་བཅོ་བརྒྱད་བཞུགས། ཁྲོ་ཕུའི་གནས་གཞིའི་ས་བྱིན་གྱིས་བརླབས། རྗེ་བཙུན་མི་ཏྲ་གཤེགས་པའི་ཚེ་སྤྱི་རོང་གི་ལ་ཁ་བར་དུ་བསྐྱལ། དེ་རྟིང་པཎ་ཆེན་བུདྡྷ་ཤཱི་སྤྱན་དྲངས། ལྷ་མོ་ཆེ་བཞེངས་པའི་བཀོད་པ་བྱེད་ཀྱི་ཡོད་པས་ཆག་དགྲ་བཅོམ་ལ་ཕྲིན་བཏང་སྟེ། ཁོང་གིས་པཎྜི་ཏ་གཉལ་གྱི་བར་དུ་སྤྱན་དྲངས། དེར་གདུལ་བྱའང་ཁྱད་པར་དུ་འཕགས་པ་བྱུང༌། པཎ་ཆེན་དེ་ལ་སྲང་སུམ་བརྒྱའི་རྫོང་བ་མཛད་ནས་ཕྱིར་ཐེགས། དེ་རྟིང་འཁོར་རྣམས་ལྷ་བཞེངས་པའི་རྩོལ་བ་བྱེད་དུ་བཅུག་ནས་དཔོན་སློབ་འགའ་ཞིག་གྲོ་མོའི་ལ་སྒོ་ལ་མཐོན་ནས་རྒྱ་གར་གྱི་བཻ་ཌཱུར་ཚོང་འདུས་སུ་བྱོན། དེ་ནས་པཎ་ཆེན་སྤྱན་དྲངས་ནས་ཤིང་ཕོ་བྱི་བའི་ལོ་ལ་བོད་དུ་ཕེབས། པཎ་ཆེན་གྱིས་བྱང་རྭ་སྒྲེང་ཚུན་ནས་ལྷོ་བྲག་དང་གཉལ་སྨད་ཡན་དུ་འགྲོ་བའི་དོན་མཛད། བོད་དུ་ལོ་བཅུ་བཞུགས་པའི་བར་གྱི་ལོ་ཙཱ་རྣམས་ལོ་ཙཱ་བས་མཛད་ཅིང༌། ཕྱག་ཏུ་འབུལ་བ་སྟོབས་ཆེན་པོ་བྱུང་བ་རྣམས་ཕལ་ཆེར་ལྷའི་ཆ་རྐྱེན་དུ་གནང༌། གཞན་རྣམས་ཅི་རིགས་པར་སྡེ་སྣོད་འཛིན་པ་ལ་སོགས་པ་ལ་གནང་སྦྱིན་དུ་མཛད། ཕྱིས་ཁ་ཆེར་གཤེགས་པ་ན་མངའ་རིས་ཀྱི་བར་དུ་སྐྱེལ་ཐུང་མཛད། དཔོན་སློབ་འབྲལ་ཁར་པཎ་ཆེན་གྱིས་འཁོར་གཞན་རྣམས་སྐུ་མདུན་དུ་མེད་པར་བྱས། གསེར་སིལ་མ་སྲང་སུམ་བརྒྱ་གནང༌། དེ་ནས་པཎ་ཆེན་ནི་བོད་ཀྱིས་ཕུལ་བའི་རྫས་ཅུང་ཟད་ཀྱང་མ་བསྣམས་པར་ཁ་ཆེར་བྱོན་ནས། དེར་ལོ་བཅུ་གཉིས་བཞུགས་ཏེ། ཁ་ཆེའི་བསྟན་པ་ཉམས་པ་རྣམས་ལེགས་པར་གསོས་ཤིང་དེར་རྒྱས་སུ་མཛད་ནས་ཤིང་མོ་བྱའི་ལོ་ལ་གཤེགས་ཞེས་གྲགས། དེ་ལྟར་ལོ་ཙཱ་བས་པཎ་ཆེན་གསུམ་སྤྱན་དྲངས་པ་གཙུག་ལག་ཁང་ལྷ་ཆེན་དང་བཅས་པ་བཞེངས་པ་ལ་སོགས་པའི་རྣམ་པར་ཐར་པ་རྣམས་ཤིན་ཏུ་རྒྱ་ཆེ་བ་ལས་ཕྱོགས་ཙམ་བསྡུས་ཏེ་བྲིས་པ་ཡིན། སྐུ་ཚེའི་སྨད་ལ་དབུས་སུ་འབྱོན་ཁར་ཁྲོ་ཕུ་སེམས་དཔའ་ཆེན་པོ་བསྐྱེད་པའི་ཆོ་ག་མཛད་ནས་དབུས་སུ་ཕེབས་ཏེ། གཤེགས་སའང་དབུས་ཡིན། དེ་ལ་རིན་པོ་ཆེ་རྒྱལ་ཚ་དང་ཀུན་ལྡན་རྣམ་པ་གཉིས་ནི་རྗེ་ཕག་མོ་གྲུ་པས་ཕྱག་རྒྱ་ཆེན་པོའི་རྟོགས་པ་བསྐྱེད་པའི་དངོས་ཀྱི་སློབ་མ་ཡིན། ཆོས་རྗེ་ལོ་ཙཱ་བ་ཡང་རིན་པོ་ཆེ་རྒྱལ་ཚའི་གདམས་པ་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོའི་རྟོགས་པ་འཁྲུངས། ཕྱིས་སྐྱི་རོང་དུ་ཕེབས་པའི་ཚེ་བླ་མ་ཀློང་རྩེ་བ་བྱ་བ་རྗེ་སྒམ་པོ་བའི་དངོས་སློབ་ཅིག་གིས་རྟོགས་པའི་བོགས་བཏོན་ཏེ། དཔལ་སྒམ་པོ་བའི་བཀའ་བརྒྱུད་ཁོ་ནའོ། རྟ་ནག་ཏུ་འཁྲུངས་པའི་གྲུབ་ཐོབ་ལྕེ་སྒྲོམ་ཞེས་གྲགས་པ་དེ་ཡང་རིན་པོ་ཆེ་རྒྱལ་ཚ་ལས་ཆོས་ཐོས་ཤིང༌། བྱེ་བྲག་ཏུ་ཀུན་ལྡན་ལ་ཕྱག་རྒྱ་ཆེན་པོ་གསན་པས་རྟོགས་པ་ནམ་མཁའ་དང་མཉམ་པར་གྱུར། དེ་དང་ལྷན་ཅིག་ཏུ་བྱུང་བའི་མ་གཅིག་རེ་མ་ཞེས་གྲགས་པ་དེ་ཡང་དང་པོར་ཏིང་ངེ་འཛིན་གྱི་ཉམས་བཟང་པོ་མང་དུ་བྱུང་བ་ལ། ཕྱིས་སྙིང་རླུང་དྲག་པོ་དཔེ་མེད་པ་ཅིག་ཀྱང་བྱུང༌། དེ་ལྕེ་སྒོམ་གྱིས་གསན་ནས་གདམས་པ་བཏབ་བས་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་གཟིགས་སོ་ཞེས་གྲགསསོ། །ཁྲོ་ཕུ་ལོ་ཙཱ་བའི་རྗེས་སུ་བླ་ཆེན་བསོད་དབང་དང༌། ཁྲོ་ཕུ་སེམས་དཔའ་ཆེན་པོ་ལ་སོགས་པ་བྱོན་ཞིང༌། སེམས་དཔའ་ཆེན་པོའི་སློབ་མ་ཡང་རྩེ་བ་རིན་ཆེན་སེང་གེ། དེའི་སློབ་མ་བུ་རིན་པོ་ཆེ་ཡིན་ནོ། །ཁྲོ་ཕུ་པའི་སྐབསསོ། ། ༨.༢༡ ཞང་རིན་པོ་ཆེ་སློབ་མ་དང་བཅས་པའི་སྐབས། སྒོམ་པ་ཚུལ་ཁྲིམས་སྙིང་པོ་ལས་ཡང་དག་པའི་དོན་བརྙེས་པའི་ཞང་རིན་པོ་ཆེ་ནི། ཡུལ་ཚ་བ་གྲུར། ཡབ་སྔགས་པ་རྡོ་རྗེ་སེམས་དཔའ་དང༌། ཡུམ་མང་སྐྱིད་བྱ་བའི་སྲས་སུ་ངོ་མཚར་བའི་བལྟས་དང་བཅས་ཏེ་ཆུ་མོ་ཡོས་ལ་འཁྲུངས། དཔལ་ཕག་མོ་གྲུ་པའི་བཅུ་བཞི་པ་ཡིན། ཆུང་ངུ་ནས་ཆོས་ཀྱི་བག་ཆགས་ཁོ་ན་བྱུང་ཞིང༌། ཁྱད་པར་ལོ་ལྔ་དྲུག་ལོན་པའི་ཚེ་ཡབ་ཀྱིས་དམྱལ་བའི་སྡུག་བསྔལ་བཤད་པས། དགོངས་ཤིང་བྲེད་ནས་ཡབ་ལ་ཅི་ཕན་དྲིས་པས། ལྷ་ཕྱག་དང་སྐོར་བས་ཕན་ཟེར་ནས་ཉིན་མཚན་དུ་མེས་པོའི་བཀའ་པོད་ཀྱི་དྲུང་དུ་ཕྱག་དང་སྐོར་བ་མཛད། ལོ་བདུན་པ་ལ་ཡུམ་དང་གཅེན་པོས་ཀློག་ཡིག་ལེགས་པར་བསླབས། དགུ་པ་ལ་བྱེའུ་སྟོན་པ་ལ་སྡུད་པ་དང་མངོན་རྟོགས་རྒྱན་ལ་སོགས་གསན། བཅུ་པ་ལ་སློབ་དཔོན་གཤེན་ལ་མཚན་བརྗོད་ལ་སོགས་པ་གསན། བཅུ་གཅིག་པ་ལ་རྔོག་མདོ་སྡེ་ལ་དགྱེས་རྡོར་དང༌། གུར་དང༌། མ་ཧཱ་མཱ་ཡཱ་ལ་སོགས་གསན། འཇམ་དཔལ་གསང་ལྡན་ལ་བཤད་པའང་མཛད། སམ་བུ་ལོ་ཙཱ་བ་ལ་མངོན་པ་དང་ཚད་མ་ལ་སོགས་པ་མང་དུ་གསན། བཅོ་བརྒྱད་པ་ལ་ཕ་ཚན་གྱི་བརྙས་པ་བྱུང་བས་སྒྲུབ་མཐུ་ལོ་གསུམ་མཛད་ནས་ཚར་གཅད། དེ་རྟིང་ཁམས་སུ་བྱོན་ནས་ཉི་ཤུ་རྩ་གསུམ་པ་ལ་སློབ་དཔོན་བློ་སྟོན་བྱ་བ་ལ་བརྟེན་ཁྲིམས་ལྔའི་སྡོམ་པ་བླངས། དེར་ཡང་མངོན་སྤྱོད་ཀྱི་ཕྲིན་ལས་ལོ་གཅིག་མཛད། ཉི་ཤུ་རྩ་བཞི་པ་ལས་འཕྲོ་སད་དེ། མནལ་ལམ་དུ་སྣ་ནས་རྣག་ཁྲག་མང་པོ་ཟག་པའི་མཐར་སྦྲུལ་འདྲ་བའི་སེམས་ཅན་རིང་པོ་ཞིག་མཐོན་ནས་ནུབ་ཕྱོགས་སུ་རྒྱང་རིང་པོར་སོང༌། དེར་ཁྱོད་དང་ཡུན་རིངས་ཤིག་འགྲོགས་ཏེ་ད་ནི་མི་འཕྲད་སྙམ་པ་བྱུང༌། གསེར་གཡུས་མདོར་གྲོགས་པོ་ཅིག་ལ་མཛོ་རིན་མ་ཁུགས་པས་རྐྱེན་བྱས་ནས་འཁོར་བ་ལ་ཡིད་འབྱུང་ཡང་དག་པར་སྐྱེས་ནས་མཐུ་མཛད་འཕྲོའི་རྟེན་གཏོར་བརྡབས། ཁྲག་གི་རྫ་མ་ཕོ། སློབ་མས་སློབ་དཔོན་སྨྱོ་འདུག་པ་དེ་ཙུག་མ་བྱེད་ཟེར་བ་ཡང་བྱུང༌། དེ་ནས་སྡིག་པ་མ་བྱས་ཙམ་མ་གཏོགས་ཆེར་མ་བྱུང༌། །ཉི་ཤུ་རྩ་དྲུག་པ་ལ་དཀོན་བརྩེགས་གཟིགས་པས་དད་པ་ཆེན་པོ་འཁྲུངས་ཏེ། མཁན་པོར་དགེ་བའི་བཤེས་གཉེན་མཁར་སྒོ་བ་དང༌། སློབ་དཔོན་གྲབ་མཁར་བ། གསང་སྟོན་གཟུང་ལྗང་མདོ་བ་རྣམས་ལས་བསྙེན་པར་རྫོགས་མཚན་བརྩོན་འགྲུས་གྲགས་སུ་བཏགས། ལོ་གཅིག་ཏུ་ཙོག་པུ་དང་སྟན་ཅིག་མཛད། ན་བཟའ་བརྗེ་བའི་དུས་མ་གཏོགས་སྐུ་རགས་ཀྱང་མ་བཀྲོལ་བར་བྱང་ཆུབ་ལྟུང་བཤགས་ལ་པོད་སྐོར་མཛད་ཅིང་བཞུགས་ཙ་ན། དཔལ་རྒྭ་ལོ་སོགས་ཏུ་ཕེབས་པའི་སྤྱན་སྔར་བྱོན། ཞལ་མཐོང་བ་ཙམ་གྱིས་དད་པ་ཡང་དག་པ་སྐྱེས། སྒོམ་ལུང་ཞུས་པས་ཐོག་མར་ཧེ་རུ་ཀའི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པར་བྱ་སྙམ་པ་གྱིས་གསུང་པས། གསང་སྔགས་ཀྱི་གདམས་པ་ཡང་དག་པ་ཅིག་གནང་བ་འདུག་སྙམ་དུ་དགོངས་ཏེ། ཕྱིས་དེ་ཁོ་ན་བཞིན་དུ་བྱུང༌། །རྡུལ་ཚོན་དང་རས་བྲིས་ཏིང་ངེ་འཛིན་གྱི་དབང་གནང་ཞིང་སྦྱོར་དྲུག་ལ་སོགས་པ་རླུང་རྩོལ་མང་དུ་གནང་ནས་བསྒོམས་པས་མགོ་ན་བ་ལ་སོགས་བྱུང་བ་ལ། འབྱུང་བ་འཁྲུགས་པའི་སྐྱོན་ཡིན་པས་ཤ་རུས་ལ་ལོངས་སྤྱོད་པ་གྱིས། ནང་ཕན་ནས་མི་ཟ་བ་ཡིན་མོད་གསུང༌། དེ་ནས་རང་ཡུལ་གྱི་དབེན་པ་རྣམས་སུ་བསྒོམས་པས་རྟག་ཏུ་འདྲེས་གཙེར། ཐིག་ལེའི་གེགས་ཤིག་བྱུང་བ། རྗེ་བཙུན་རྒྭ་ལོ་ཐག་རིང་བས་རྗེ་བཙུན་ཡེར་བ་པ་ལ་དང་པོར་ཡི་གེ་བཏང་བས། བྱང་བུ་ལ་ཡི་གེ་བྲིས་ནས་འདིས་མ་སོལ་ན་ཟླ་བ་ཡར་ཚེས་ལ་ཤོག་བྱ་བ་སྐུར་བྱུང༌། རྟིང་དུ་ཞལ་མཇལ་ཕྱིན་ནཱ་རོ་པའི་ཐབས་ལམ་རྣམས་གནང་ནས་བསྒོམས་པས་དེ་ནུབ་རང་ལ་དྲོད་སྐྱེས། ཕྱིས་སྔར་གྱི་ཆོས་རྣམས་ཚེ་འདིའི་རྣམ་རྟོག་དང་འདྲེས་འདུག་སྙམ་ནས། བླ་མའི་དྲུང་དུ་བཤགས་པ་བྱས་ཤིང༌། ལྟོགས་འཁྱགས་བཟོད་པར་བྱས་ཏེ་རི་ཁྲོད་བསྟེན། སླར་ཡང་ལོ་གསུམ་སོང་བ་དང་དཔལ་རྒྭ་ལོ་དང་མཇལ། གདམས་ངག་ལྷག་མ་ཞུས། དེ་ནས་འབྲོང་བུ་ལ་སོགས་སུའང་བཞུགས། འབད་པས་སྒོམ་ཉམས་མྱོང་བཟང་པོ་མང་དུ་བྱུང་བ་ལ། དགུང་ལོ་སོ་གསུམ་པ་ལ་སློབ་དཔོན་སྒོམ་པ་དང་མཇལ། ལྷན་ཅིག་སྐྱེས་སྦྱོར་གནང་ནས་བསྒོམས་པས་ཤེས་རབ་ཀྱི་རྩལ་སྐྱེས་ཏེ། གསུང་རབ་ཀྱི་ཚིག་མང་པོ་ལ་འདིའི་དོན་འདི་ཡིན་པར་འདུག་འདིའི་དོན་འདི་ཡིན་པར་འདུག་སྙམ་པ་བྱུང་བས། སློབ་དཔོན་སྒོམ་པའི་ཞལ་ནས། དེ་ཐམས་ཅད་བརྟག་དཔྱད་ཀྱི་ཤེས་པ་བྱ་བ་ཡིན། བརྟག་དཔྱད་མ་བྱེད་པར་བསྒོམས་ཤིག།ངེད་ཀྱི་འདི་བྱིན་རླབས་ལ་རེ་བ་ཡིན་གསུང་ནས་བསྒོམས་པས་གཟོད་དངོས་པོའི་དེ་ཁོ་ན་ཉིད་ལྷང་གིས་རྟོགས་ཏེ། འཁོར་འདས་ས་ལམ། བྱ་བྱེད་ཐམས་ཅད་གཞི་རྩ་དང་བྲལ་བར་ཐུགས་སུ་ཆུད། སྔར་རང་གི་ཆོས་ཟབ་མོ་གཞན་ལ་བཤད་པ་རྣམས་ཀྱང་དོན་ཐོག་ཏུ་དུས་དེར་ཕེབས་ནས་དགའ་གྲགས་ཏེ། ཏེ་ཏེ་ཡང་བརྡུངས། སློབ་དཔོན་སྒོམ་པ་ལ་ཞུས་པས། བཀའ་བརྒྱུད་འདི་ལ་བྱིན་རླབས་ཡོད། དེ་ཙུག་འོང་བ་ཡིན། ད་འུར་གྱིས་སོང་བ་ལགས་གསུང༌། དེ་ལྟ་བུའི་རྟོས་པ་མངའ་ཡང་འཕེལ་འགྲིབ་བག་རེ་བྱུང་བས་ཐབས་ལམ་ལ་འབད་ཅིང་བསྒོམས་པས་བོགས་ཆེན་པོ་ཐོན། སྐབས་ཤིག་ཏུ་བླ་མ་འོལ་ཁ་བ་དང་མཇལ། གདམས་པ་ཞུས་པས་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བོགས་ཐོན་ཞིང་གྲུབ་པ་བརྙེས་ནས་གཙུག་ལག་ཁང་དང་ལྷ་ཆེན་བཞེངས། དེའི་ཆ་རྐྱེན་ཡང་ལ་ལ་ལ་བླངས། ལ་ལས་ཕུལ། ལ་ལ་ལ་བཙན་ཕྲོགས་ལྟ་བུ་མཛད། བཀའ་ལས་འགལ་བ་རྣམས་ལ་དམག་ཡང་དང་ཡང་དུ་བསྐུལ་ནས་འཐབས། གྲུབ་པའི་སྤྱོད་པ་སྣ་ཚོགས་པ་མཛད་དེ། གཞན་གྱི་བློར་ཤོང་བ་དཀའ་མོད་ཀྱི། ཞང་ཉིད་ཀྱིས་ཇོ་བོ་ལྷ་བཙུན་ལ་གདམས་པ་ལས། ཁོ་བོས་ནི་འཇིག་རྟེན་བློས་བཏང༌། འཇིག་རྟེན་དང་འབྲེལ་ཐག་རྦད་ཀྱིས་ཆོད་ནས་སྐྱེ་མེད་ནམ་མཁའི་ངང་དུ་ཆམ་གྱིས་ཐལ་ནས་དགུང་ལོ་མང་པོ་ལོན་པ་ལགསསོ། །ཁོ་བོའི་ཕྱིའི་བྱེད་སྤྱོད་འདི་རྣམས་ཀྱི་རྗེས་སུ་དཔགས་ནས། སློབ་མ་སྙིང་རག་མ་རྣམས་མ་གཏོགས་པ་གཞན་མང་པོ་ཅིག་གི་བློར་མ་ཤོང་བར་བདོག །མི་ཆོས་ཀྱི་ཡུལ་དུ་གཞི་ཕབ་ནས། ལུགས་མ་དང་གནས་གཞི་དང་རྒྱལ་ཁྲིམས་དང་ལམ་རྒྱ་དང་རྐུ་སྐྱབས་དང་འཁྲུག་པ་ལ་སོགས་པ་འཇིག་རྟེན་འདི་བའི་བྱེད་སྤྱོད་ཁོ་ན་འདྲ་བ་ཤ་སྟག་ཏུ་སྣང་སྟེ། འཇིག་རྟེན་འདི་དང་འབྲེལ་བ་གཏིང་ནས་བདོག་ན་འགུམ་པ་ལགསསོ། །ཞེས་གསུངས་པ་དེ་ཁོ་ན་སྟེ། གཞན་གྱི་དོན་རླབས་པོ་ཆེ་དེ་ལྟ་བུ་མཛད་པས་བདུན་ཅུ་རྩ་གཅིག་པ་ཆུ་མོ་གླང་གི་ལོ་ལ་ཞི་བར་གཤེགསསོ། ། དེའི་བུ་སློབ་གནས་ལས་མིང་དུ་བཏགས་པ་ལྷ་རི་བ་ནམ་མཁའ་འོད། ལྷ་ཕྱུག་པ་ཉི་མ་འོད། ཁ་རག་གྲ་པ་འདུལ་བ་འོད། འབྲི་ར་བ་ཤཱཀྱ་འོད་ཅེས་གྲགས་པ་རྣམས་དང༌། མཉམ་མེད་ཤཱཀྱ་ཡེ་ཤེས་དང༌། བྲག་དཀར་ཤེས་ཡེས་ལ་སོགས་རྟོགས་པ་དང་ལྡན་ཞིང་གཞན་གྱི་དོན་ནུས་པ་མང་དུ་བྱུང་ངོ༌། །དེ་དག་ལས་གྲ་འཇད་པ་ནམ་མཁའ་འོད་སངས་རྒྱས་རས་ཆེན་དུ་གྲགས་པས་ལྷ་རི་ཁའི་དགོན་པ་བཏབ་སྟེ། དབོན་པོ་ལྷ་དགེས་གདན་ས་མཛད། དེ་ནས་དབོན། དེ་ནས་དེ་བ་ཀུ་མཱ་ར་ཞེས་པ་ལ་སོགས་པ་བྱོན་ཞིང༌། ལྷ་རི་གྱང་མཐོ་སོགས་དགོན་པ་སྐོར་གསུམ་དང༌། འབྲོག་ཡངས་སྟེངས་སོགས་བཏབ་བོ། །ཉི་ཟླ་འོད་ཀྱིས་ལྷ་ཕྱུག་བཏབ་སྟེ་ཆོས་སྐྱོང་གི་བཀའ་བབས་པར་གྲགསསོ། ། ཁ་རག་པ་འདུལ་བ་འོད་ནི། འཁྲུངས་ཡུལ་གྲ། ཁ་རག་ཏུ་སྒྲུབ་པ་མཛད། ཀླུ་དམ་ལ་བཏགས་ཏེ་དགེ་བསྙེན་བྱེད་དུ་བཅུག།དེའི་དབོན་པོས་དགོན་པ་བཏབ། དགེ་འདུན་ཁྲི་ཚོ་ཙམ་འདུས། ཆོས་སྐྱོང་ཞལ་གཟིགས་པའི་སྐུ་བྱིན་རླབས་ཅན་ཅིག་ཁ་རག་བོན་དྲུག་ན་བཞུགས། འབྲི་ར་བ་ཤཱཀྱ་འོད་ཀྱིས་བྱང་དུ་དགོན་པ་བཏབ། འགྲོ་དོན་ཆེ་ཞིང་གཞན་དོན་ནུས་པའི་བུ་ཆེན་ཀྱང་མང་དུ་བྱོན། གཞན་ཡང་བྲག་དཀར་ཤེས་ཡེས་ཀྱི་སློབ་མ་རྟོགས་ལྡན་སྤྲ་སྒོམ་སོགས་ལས་བརྒྱུད་པའང་ཤིན་ཏུ་མང་བ་བྱོན་ནོ། ཞང་རིན་པོ་ཆེ་སློབ་མ་དང་བཅས་པའི་སྐབསསོ། ། ༨.༢༢ མཚལ་གུང་ཐང་པའི་བླ་རབས་ཀྱི་སྐབས། ཞང་རིན་པོ་ཆེའི་གདན་ས་པ་མཉམ་མེད་ཤཱཀྱ་ཡེ་ཤེས་ནི། མེ་མོ་ཡོས་ལོ་བ་ཞེ་བརྒྱད་པ་ཤིང་སྟག་ལ་གདན་སར་བསྐོས། དྲུག་ཅུ་རེ་གཅིག་ལ་སྐུ་གཤེགས། དེའི་ཕྱི་ལོ་ས་ཕོ་འབྲུག་ལ་སློབ་དཔོན་བྱང་ཡེས་གདན་སར་བསྐོས། དེ་ནས་ལོ་ངོ་གསུམ་པ་ལྕགས་ཕོ་རྟ་ལ་ལྷ་ཕྱུག་མཁར་བ་ལ་གདན་ས་གཏད། དེ་ནས་ཀྱི་ལོ་ལྔ་པ་ཤིང་ཕོ་ཁྱི་ལ་སངས་རྒྱས་འབུམ་པ་གདན་སར་བསྐོས། དེ་ནས་ལོ་བཅོ་བརྒྱད་སོང་བ་ལྕགས་མོ་ཡོས་ལ་སྒོམ་པ་ཡེ་ཤེས་ལྡན་གྱིས་སངས་འབུམ་སྒོར་བཏོན། སངས་རྒྱས་སྙིང་པོ་གདན་སར་བསྐོས། ཁོང་དེ་ནས་ལོ་ངོ་བདུན་པ་མེ་བྱ་ལ་གཤེགས། དེའི་ཕྱི་ལོ་ས་ཕོ་ཁྱི་ལ་རིན་པོ་ཆེ་སངས་རྒྱས་གཞོན་ནུ་གདན་སར་བཏོན། ཁོང་གིས་གདན་སར་ལོ་ལྔ་ལོན་པ་ཆུ་སྟག་ལ་གདན་ས་སངས་རྒྱས་འབུམ་མེ་འཁོར་དུ་བཅུག་ནས་སྒོམ་སྡེ་བཏབ། སངས་གཞོན་པ་གདན་ས་ལོ་ཉི་ཤུ་རྩ་གསུམ་པ་ལྕགས་སྤྲེ་ལ་གཤེགས། རིན་པོ་ཆེ་གསེར་ཁང་སྟེངས་པ་ཀུན་དགའ་རྒྱལ་མཚན་ཆུ་མོ་ལུག་ལ་འཁྲུངས་ནས་སོ་བརྒྱད་བཞེས་པ་ཅིག་དེ་ལོ་རང་གདན་སར་བསྐོས། གདན་ས་ལོ་སུམ་ཅུ་སོ་གསུམ་མཛད། དགུང་ལོ་བདུན་ཅུ་བཞེས་པ་ཆུ་འབྲུག་ལ་གཤེགས། རིན་པོ་ཆེ་སངས་རིན་པ་མེ་མོ་ལུག་ལོ་པས་ཞེ་དྲུག་བཞེས་པ་ཅིག་གདན་སར་བསྐོས། ང་ལྔ་པ་ལྕགས་གླང་ལ་གཤེགས། དེ་ལོ་རང་རིན་པོ་ཆེ་ཤཱཀྱ་འབུམ་པ་ཤིང་མོ་གླང་ལོ་པས་སུམ་ཅུ་རྩ་བདུན་བཞེས་པ་ཞིག་གདན་སར་བསྐོས། དེ་རྟིང་ཆུ་ཕོ་སྟག་ཟླ་བ་བཅུ་གཉིས་པ་ལ་ཏི་ཤྲཱི་གྲགས་པ་འོད་ཟེར་སྐུ་གཤེགས། ཆུ་ཕོ་སྟག་འདི་སློབ་དཔོན་བྱང་རྒྱལ་གྱི་ལོ་ཡིན། ཆུ་མོ་ཡོས་ལ་འཇམ་དབྱངས་རིན་རྒྱལ་གོང་དུ་ཐེགས། རིན་པོ་ཆེ་ཤཱཀྱ་འབུམ་པ་གདན་སར་ལོ་བཅུ་བཞུགས་ཏེ་ལྕགས་ཕོ་ཁྱི་ལ་གཤེགས། རིན་པོ་ཆེ་བྱང་ཆུབ་དཔལ་བཟང་པོ་དགུང་ལོ་སུམ་ཅུ་པ་ཞིག་ལོ་དེ་ལ་གདན་སར་བསྐོས་ཏེ། ལྕགས་སྦྲུལ་ལ་འཁྲུངས། ལོ་ཞེ་བདུན་གདན་ས་མཛད་དེ་མེ་ཕོ་སྤྲེའུ་ལ་གཤེགས། དེ་རྗེས་སྤྱན་སྔ་གྲགས་པ་བཤེས་གཉེན་པ་ཆུ་ཕོ་ཁྱི་ལ་འཁྲུངས། སོ་དྲུག་པ་མེ་མོ་བྱ་ལ་གདན་སར་བསྐོས། གདན་ས་ལོ་ཉི་ཤུ་རྩ་བཞི་མཛད། དྲུག་ཅུ་བཞེས་པ་ལྕགས་བྱ་ལ་གཤེགས། དེ་རྗེས་ཆུ་ཁྱི་ནས་མེ་སྤྲེ་ཡན་ལ་ལོ་དགུ་བཅུ་གོ་ལྔ་སོང་སྟེ། སྤྱིར་ན་ཞང་རིན་པོ་ཆེ་འཁྲུངས་ནས་མེ་སྤྲེ་ཡན་ལ་ལོ་སུམ་བརྒྱ་དང་ལྔ་བཅུ་ང་བཞི་སོང་ངོ༌། མཚལ་གུང་ཐང་བའི་བླ་རབས་ཀྱི་སྐབསསོ། ། ༨.༢༣ སེམས་ཁྲིད་ཀྱི་བརྒྱུད་པའི་སྐབས། ཆོས་རྗེ་སྒམ་པོ་བའི་སློབ་མ་སྐྱེ་བོ་ཡེ་རྡོར་གྱི་སྐྱེ་བ་དུང་ཚོ་རས་པ་ནི། ཡར་ཀླུངས་གཅེན་པ་སའི་གཡག་མཁར་སྔོན་པོར། ཡབ་ཞང་སྒོམ་འབྱུང་གནས་འོད། ཡུམ་ཁུ་མོ་ཁྱེ་འདྲེན་འབུམ་གཉིས་ལ་སྲས་གསུམ་ཡོད་པའི་བར་མར་འཁྲུངས། གཞོན་དུས་ནས་གདན་ས་ཐེལ་དུ་སྤྱན་སྔ་གསེར་ཐོག་པའི་ཞབས་ལ་གཏུགས། སྐྲ་བཞར། ཆོས་ཞུས། ཤེས་རབ་རྒྱལ་མཚན་གྱི་མིང་གནང༌། དེ་ནས་འབྲུག་པའི་སྒོམ་ཆེན་བཟང་པོ་ཞིག་ཡུལ་ན་བཞུགས་པ་དང་ལྷ་སྒོམ་གཉིས་ཀྱི་ཞབས་ལ་གཏུགས། དེ་ནས་ཁ་རག་ལྷ་མཚོར་འཁྲུལ་ཞིག་ཁམས་པའི་དྲུང་དུ་དཀའ་ཐུབ་མང་པོ་ཞུས། བ་ཡུལ་གཡུ་མཚོར་སོང་ཞིག །དེར་དོན་གྲུབ་པར་ལུང་བསྟན། དེ་ལ་ཉན་ནས་བ་ཡུལ་གཡུ་མཚོར་བྱོན་ཞིང༌། དེར་དེའུ་ཅིག་གི་ཁ་ན་སྤྱིལ་བོ་འདུག་པར་དཀའ་ཐུབ་ལ་བརྟེན་ནས་སྒྲུབས་པ་བྱས། ཆོ་འཕྲུལ་ཡང་ཆེ་བར་བྱུང༌། སྤྱིལ་པོ་དེ་ཉིད་ཀྱི་འོག་གཏིང་རིང་པོ་མ་ཡིན་པ་ཞིག་ནས། དང་པོར་སོལ་བ་ཐོར་གྱིས་བྱུང༌། དེ་ནས་བྲུས་པས་ལ་ཅའི་འབོལ་དོ་ཅིག་བྱུང༌། དེ་བཅག་ནས་བལྟས་པས་སྒམ་པོའི་རྒྱབ་ཀྱི་མཚོ་མཎྜལ་ནག་པོ་ལ་རྗེ་སྒམ་པོ་བས་སྦས་པའི་གཏེར་གྱི་ཁ་བྱང༌། འདོན་པ་པོ་ཡང་རང་ཉིད་ལུང་བསྟན་པར་ལེགས་པར་གོ་ནས་གནས་དེ་ནས་འགྲོ་བར་འདོད་པ། གཡེ་ཕྱོགས་ཁ་བ་མཐུག་ཆེས་པས་ལམ་མ་དོད། ཤིང་དང་ཐག་པ་འཐུད་ནས་དྭགས་པོ་ཕྱོགས་ཀྱི་གཡང་ཆེན་པོ་ལ་བབས་ཏེ། ཉ་བའི་གྲུས་གཙང་པོ་བརྒལ་ཏེ་སྒམ་པོར་བྱོན། རིན་པོ་ཆེ་རྡོར་བློ་བ་ལ་བསྙེན་པར་རྫོགས་ནས། མཚན་རིན་ཆེན་བཟང་པོར་བཏགས། དགོངས་གཅིག་བཀླག་ལུང་ཅིག་ཀྱང་ཞུས། ཤིང་མོ་ཡོས་དང་མེ་ཕོ་འབྲུག་གི་ལོ་མཚམས་སུ་གནམ་སྟོང་ཅིག་ལ་ཐོན་བྱ་བ་འདུག་པས། ཤིང་ཡོས་རྒྱལ་ཟླའི་ཉེར་དགུའི་ཉིན་གཡོག་ཅིག་ཁྲིད་དེ་ཕྱིན་པས། ཀུན་གྱིས་གནས་མི་རྙེད་ཟེར་པ་ལ་ལམ་ཡིག་ཇི་ལྟ་བ་བཞིན་བྱོན། རྙེད་ནས་མཚོ་འོག་མའི་ཁྱག་པའི་སྟེང་ན་ཁྲོའི་ནེའུ་ལེའི་གཟུགས་སེར་ཡེར་རེ་འདུག་པ་གཡོག་པོས་མཐོང་ནས། འདི་རྒོད་ཤི་བའི་བྲང་ཡིན་བཏོན་པ་དྲག་ཟེར་ནས་ཁོས་རྡོས་བཙོགས་པ་ལ། ལུང་སྟོང་གི་མཚོ་གཉན་ལ་འདི་འདྲ་བྱེད་པ་མཛེ་ཉོ་བར་འདུག་བྱས་བྲོས་པས་ཁོ་ཡང་བྲོས་བྱུང་ཁོ་སྒམ་པོར་སློག་ཤུག་པ་མི་གང་བ་ཅིག་བཅད་ནས་དར་དཀར་པོ་ཁ་གང་བཏགས་ཏེ། མཚོ་འགྲམ་དུ་བཙུགས། དྭགས་ལྷ་སྒམ་པོ་དང༌། བཙན་ཅིག་སོགས་ལ་གསོལ་མཆོད་དགོས་འདུག་པའང་བྱས། ཁྱག་པ་བསྐུམ་ཁྲུ་གང་གི་འོག་ནས་རྡོ་སྒྲོམ་ཅིག་གི་ནང་ན་ནེའུ་ལེ་ཅིག་འདུག་པ་དེ་ཚ་ཕྱིས་བྱས་བཏོན་པས་ཐོན། དེ་སྐམ་སར་ཁྱེར་མེ་བུས་ནས་བསྲོས་པས་ལ་ཆ་ཞུ་ནས་ཁ་བྱེ་བས། ཆོས་གཏེར་རྣམས་པགས་པས་ཕྱི་དྲིལ་དར་སྣ་རིན་པོ་ཆེ་འབྲུ་སྣ་ལྔ་དང་བཅས་པའི་ཤོག་དྲིལ་འདུག་པ་ལ་ལོ་རྒྱུས་དེ་བློ་ལ་གཟུང༌། གཏེར་དཔེ་དེ་ནེའུ་ལེར་བཅུག་ནས་རྫ་གསེབ་ཏུ་སྦས། གཞན་རྣམས་ཁྱེར་ནས་སྒམ་པོར་འོངས། འཕྲོག་མི་བྱུང་དོགས་ཞག་མང་པོ་མ་ལོན་པར་བྲོས་ཏེ་ཕྱིན། དེ་ནས་ཙ་རིར་སླེབ། ཀཱ་ལ་དུང་མཚོར་ལོ་སྒྲུབ་བྱེད་བྱས་པས་གྲོགས་རྣམས་ཀྱིས་འཇིགས་མང་པོ་བསྐུར་ནའང་ང་རང་གིས་ཤེས་སྙམ་ནས་བྱོན། སྤྱིལ་པོ་བརྩེགས་ནས་ཆས་བསགས་ཏེ་ལོ་སྒྲུབ་ལ་བཞུགས། སྟོན་ཁ་བ་མགོ་མ་བབ་དུས་སུ་གནས་སྐོར་བའི་རི་བ་བརྒྱད་བརྒྱ་ཙམ་བྱུང་བ། གཞན་རྣམས་ཡུལ་སྟོད་དུ་སོང་ནས། མཚལ་པ་ཕྱུག་པོ་བའི་འགྲོ་མགོན་རིན་ཆེན་མཛེས་བྱ་བ་ཅིག་ཁྱེད་ལ་གཏེར་ཆོས་ཟབ་མོས་ཡོད་འདུག་པ་དེ་ང་ཞུ་བ་ཡིན་ཟེར། དེ་འདྲ་སུ་ཟེར་བྱས་པས། ཁྭ་ཏ་ཅིག་ཟེར་བ་ཡིན་ཟེར། ཁོ་དགེ་སྦྱོར་བཟང་པོ་ཡོད་པས་གཞན་རྣམས་མ་བྱིན་པར་རོ་གཅིག་ཡན་ཆད་ཀྱི་བོགས་འདོན་བྱིན་པས་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེས། དེ་ནས་རས་པ་བརྒྱད་བརྒྱ་ལའང་ཁྲིད་བཏབ། ཕྱིས་ལྷོ་གཉལ་ལ་སོགས་པའི་ཡུལ་མང་པོར་འགྲོ་བའི་དོན་མཛད། མཐར་གྲང་མོའི་རྫ་ཆུ་དར་མོར་ཡུན་རིང་དུ་བཞུགསསོ། །དེ་ལ་སློབ་མ་ནི་ཤིན་ཏུ་མང་མོད་ཀྱི། གདམས་ངག་གི་བརྒྱུད་པ་འཛིན་པ་ནི། བླ་མ་འཁྲུལ་ཞིག་སྣའུ་བ། ཙ་རི་རས་པ། བྱེ་མ་རས་པ། དོམ་ཚང་རས་པ། སྒྲོད་ལུང་པ། སྟག་ཚང་རས་པ་སོགས་ཏེ། དེ་རྣམས་ལས་སྣའུ་བྱ་བྲལ་བ་ནི། འཁྲུངས་ཡུལ་ཟུར་མཁར། ཟ་ལུང་དུ་རབ་ཏུ་བྱུང༌། མཚན་རྡོ་རྗེ་མཛེས་སུ་གསོལ། འགྲོ་མགོན་དུང་མཚོ་བ་དང་ཀཱ་ལ་དུང་མཚོར་མཇལ་ནས་ཤོག་དྲིལ་རྣམས་ཚང་བར་གསུངས། བླ་མའི་ཞབས་ཏོག་ཀྱང་ལེགས་པར་མཛད། སྣའུ་གངས་རིར་ཐུགས་དམ་མཛད་པས་སྣམ་དུ་བྱ་བྲལ་བར་གྲགས། གཞན་ཡང་རི་ཁྲོད་མང་པོར་བཞུགས། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས། སྐུ་འདས་དུས་རིང་བསྲེལ་དཔག་ཏུ་མེད་པ་བྱོན། དེས་བླ་མ་ཆེན་པོ་རིན་ཆེན་གཞོན་ནུ་རྗེས་སུ་གཟུང་བ་ཡིན་ཏེ། གདུང་རུས་མཁའ་རེ། འཕྱོས་ཁ་སྒང་གི་འབྲོག་ཏུ་ཚེ་བཞི་རྙིང་མ་བའི་ཞེ་གཅིག་པ་ཆུ་མོ་བྱ་ལ་འཁྲུངས། ཚེས་བཞི་རྙིང་མ་བའི་ཞབས་ལ་གཏུགས་ནས་དགུང་ལོ་དགུ་ལ་རབ་ཏུ་བྱུང༌། །ཆོས་ཁྲིད་ཀྱང་རྫོགས་པར་གསན། དགུང་ལོ་ཉེར་གཉིས་པ་ལ་ཏི་སེར་བྱོན། དེར་ལོ་བཞི། ཆུ་བར་དུ་སྔ་རྟིང་གཉིས་ལ་ལོ་བཅོ་བརྒྱད་དེ་ལོ་ཉི་ཤུ་རྩ་གཉིས་རྩེ་གཅིག་ཏུ་བསྒོམས་པས་ཕྱག་རྒྱ་ཆེན་པོའི་རྟོགས་པ་འཁྲུངས། མངོན་པར་མཁྱེན་པའང་མངའ། དེ་ཁོ་ན་ཉིད་གཟིགས་ཤིང་ཐུགས་རབ་རྣོ་བས་མཁས་པ་ཆེན་པོར་རློམ་པ་རྣམས་ཀྱི་སྤོབས་པ་ཡང་འཕྲོག་ནུས་པས། ཀརྨ་པ་དཀོན་གཞོན་ཆུ་བར་དུ་བྱོན་ཆོས་ཀྱི་གཏམ་མཛད་པས་ཁོང་ཕམ་པར་མཛད་དེ། ཁོང་གི་ཐང་ཞུ་ཅིག་འདུག་པ་དབུལ་གསོལ་ནས། ཁྱེད་སྟོན་པ་མིན་ང་སྟོན་པ་ཡིན་གསུང་པ་མཛད། མཁས་པ་སུ་དང་ཕྲད་ཀྱང་ཉམ་མི་ང༌། སྐུ་ཚེ་རིལ་པོར་བྱ་བྲལ་བའི་བརྟུལ་ཞུགས་གཟུང་ནས། གོང་མ་ཆེན་པོ་མི་དབང་གྲགས་པ་རྒྱལ་མཚན་ལ་སོགས་པ་ཆེ་དགུའི་བླ་མར་གྱུར་ཀྱང༌། དགོན་པར་ཕེབས་མ་ཐག་གཅིག་པུར་བཞུགས་ཤིང་ཐབ་ཁའང་རང་གིས་མཛད། ནང་དུ་ན་བཟའ་འང་ཅི་བྱུང་གསོལ། བརྩོན་འགྲུས་དང་སྒོམ་སྲན་ཆེ་བས་ཚོས་ཕོ་ཆེ་གཉིས་ཀྱང་རྗེ་བཙུན་མི་ལའི་དང་འདྲ་བར་ཡོད་ཟེར། དེ་ལ་སློབ་མ་མང་དུ་ཡོད་ཀྱང་གཙོ་བོ་ནི། སྤྱན་སྔ་རིན་པོ་ཆེ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཡིན་ཏེ། བླ་ཆེན་པ་ལ་སེམས་ཁྲིད་གསན་ནས་དེའི་ཁྲིད་ཡིག་ཀྱང་མཛད། གདུལ་བྱ་ཡང་གྲངས་མེད་པ་ལ་ཁྲིད་བཏབ་བོ། དེ་གཉིས་ཀའི་སློབ་མ་ནི་སྐྱེས་བུ་དམ་པ་ནམ་མཁའ་བསོད་ནམས་པ་ཡིན་ཏེ། དེས་བླ་མ་དམ་པ་དེ་གཉིས་ལས་གདམས་པ་མནོས་ནས་ཉམས་སུ་བླངས་ཤིང༌། རེ་ཤིག་རྐྱང་གི་ཕུར་གཅོད་ལ་བྱོན་ནས་ཤིང་སྡོང་གཉན་པར་བྱེད་པ་ཅིག་གི་སར་བཞུགས་པ་ན་ཕྱག་རྒྱ་ཆེན་པོའི་རྟོགས་པ་འཁྲུངས། ཕྱིན་ཆད་ཚེ་འདིའི་རྣམ་པར་རྟོག་པ་ཐམས་ཅད་བཅོམ་ནས་བསག་མོ་བྲག་ཏུ་སྟན་གཅིག་ཉིད་ཀྱི་སྟེང་དུ་ཏིང་ངེ་འཛིན་ལ་ཁོར་ཡུག་ཏུ་བཞུགས་ཏེ། བླ་ཆེན་རིན་གཞོན་པའི་ཞེ་དྲུག་པ་ས་ཕོ་རྟ་ལ་འཁྲུངས་ནས་གྱ་དགུ་པ་མེ་ཕོ་ཁྱི་ལ་གཤེགས། ཡང་ཆོས་དབྱིངས་པ་ཞེས་ཡོངས་སུ་གྲགས་པ་དེས་སྣའུ་བ་སོགས་དུང་མཚོ་རས་པའི་དངོས་ཀྱི་སློབ་མ་དྲུག་ལ་སེམས་ཁྲིད་ཀྱི་གདམས་པ་གསན་པ་ཡིན་ཏེ། འཁྲུངས་ཡུལ་སྟོད་ལུངས་གྲམ་གྱི་མདོ། གདུང་རུས་མྱང༌། ཡབ་ཕུར་པ་སྐྱབས་དང་ཡུམ་རྡོ་རྗེ་རྒྱན་གཉིས་ཀྱི་སྲས་སུ་ཤིང་ཕོ་བྱི་བ་ལ་འཁྲུངས། ཆུང་དུས་ཆོས་རྗེ་རང་བྱུང་རྡོ་རྗེའི་དྲུངདུ་ཡབ་ཡུམ་གྱིས་ཁྱེར་ནས་བྱིན་རླབས་ཞུས། མཚན་ཡང་རྡོ་རྗེ་བཀྲ་ཤིས་སུ་བཏགས། ལོ་བདུན་བརྒྱད་ལ་འབྲི་ཀློག་དང༌། དེ་ནས་བླ་མ་དཔལ་བཟང་བ་ལ་སོགས་ལ་ཆོག་ཕྲིན་འགར་ཡང་བསླབས། དགུང་ལོ་བཅུ་གཉིས་ལ་ཆོས་ལ་བྲོས། མཚལ་དུ་མཁན་ཆེན་དབང་ཕྱུག་ཤེས་རབ་ལ་མཁན་པོ་དང༌། སློབ་དཔོན་རིན་པོ་ཆེ་བྱང་ཆུབ་དཔལ་བཟང་ལ་ཞུས་ནས་རབ་ཏུ་བྱུང༌། མཚན་དབང་ཕྱུག་རྡོ་རྗེར་གསོལ། བླ་་མ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་སོགས་ལ་གསན་པ་མང་དུ་མཛད། དགུང་ལོ་བཅུ་བཞི་པ་ལ་བརྟག་གཉིས་དང༌། བཻ་དམར་བཤད། ཉེར་གཅིག་པ་ལ་བསམ་གཏན་དཔལ་བའི་ཞབས་ལ་གཏུགས། དེའི་དྲུང་དུ་མཁན་པོ་སེང་གེ་དཔལ་བ་སོགས་ལས་བསྙེན་པར་རྫོགས། མཚན་ཆོས་དབྱིངས་དབང་ཕྱུག་དུ་གསོལ། གཞན་ཡང་གཡག་སྡེ་པཎ་ཆེན་སོགས་ལའང་ཆོས་མང་དུ་ཞུས། མཚལ་དུ་མཁན་པོས་བཀའ་ནན་མཛད་པས་མཁར་དགོན་གྱི་གདན་སར་བཞུགས་པའི་ཚེ། ནུབ་གཅིག་རྨང་ལམ་དུ་ཤིན་ཏུ་མཛེས་པའི་བུད་མེད་ལྔ་བྱུང༌། འདིར་ཤོག་ཟེར་ཏེ་གཙུག་ལག་ཁང་ཆེན་པོ་ཅིག་ཏུ་ཁྲིད། སྒོ་ཕྱེ་བའི་ནང་ཤིན་ཏུ་ཡངས་པ་ན་ཆོས་རྩིག་མང་པོ་འདུག །སྒོ་གསར་པ་སྐྱ་ཁྲིག་གེ་བའང་མང་པོ་འདུག་པས། རེ་རེ་ནས་ཕྱེས་པས་དེ་རྣམས་ཀྱང་པོ་ཏི་དུ་མས་ཁེངས་འདུག །སྡེ་མིག་གི་ཕོན་ཆེན་པོ་ཅིག་ཁོང་ལ་གཏད་ནས། འདི་རྣམས་ཀྱི་གཉེར་གྱིས་དང༌། བསྟན་པའི་ཞབས་ཏོག་ཆེ་བ་ཡིན་ཟེར་བ་རྨིས། སང་ནང་བར་བླ་མ་སྣའུ་པས་འབྲོང་ཕུར་ལོ་དགུ་རི་མི་འབབས་མཛད་བཞུགས་པ་ནས་བྱོན་ཏེ་མཇལ། ཆོས་ཀྱི་གསུང་གླེང་མང་པོ་མཛད་པས་མོས་ཏེ། ཕར་ལ་ཡང་ཕྱག་རྒྱ་ཆེན་པོ་ག་འུ་མ་སོགས་ཕུལ། ཚུར་ཡང་སེམས་ཁྲིད་སྐོར་རྣམས་གནང་ནས་ཁོང་གི་རྨང་ལམ་དུ་ཡང་བུད་མེད་ཅིག་གིས་བསྐུལ་ནས་བྱོན་པ་ཡིན། ཆོས་བདག་པོ་ལ་འཕྲོད། ངའི་སྐྱེ་བའང་དོན་ཅན་དུ་སོང་གསུང་ནས་དགྱེས་པར་མཛད། རིན་པོ་ཆེ་ཆོས་དབྱིངས་པ་ལའང་སྣང་སྲིད་ཐམས་ཅད་བྲེ་ཁ་བཅད་པ་བཞིན་ཆོས་ཉིད་མཉམ་པ་ཉིད་དབྱིངས་རིག་འདུ་འབྲལ་མེད་པའི་ངང་ནས། འཁོར་འདས་རྒྱུ་འབྲས་ཐམས་ཅད་ཀྱི་མིག་ཕྱེད་འགག་ཁྲོལ། ཕུ་ཐག་ཆོད། རྨང་ཐོན། མཐིལ་ཁོགས་པ་འདི་ཁོང་གི་བཀའ་དྲིན་ཡིན་གསུང༌། འཁྲུལ་ཞིག་པའི་ཞལ་བརྡ་ལ་བརྟེན་ནས་ཡིག་ཆའང་མ་ལུས་པ་མཛད། སྤྱིར་བླ་མ་བརྒྱ་རྩ་བརྒྱད་བསྟེན། རྒྱལ་སྲས་དྲི་མེད་པའི་སྤྱན་སྔར་ཡང་ཆོས་ཞུས། ཕྱིས་ཕྲིན་ལས་ཀྱང་ཆེ་བར་བྱུང༌། གཙང་རོང་གི་བྱང་ཁར་བཞུགས་པའི་ཚེ་ཆོས་རྗེ་བློ་གྲོས་བཟང་པོས་སེམས་ཁྲིད་ཞུས་ཏེ། དེའི་རྣམ་པར་ཐར་པ་ནི་བཤད་ཟིན་ཏོ། །ལྷག་རུ་མཁན་ཆེན་པ་རིན་ཆེན་དཔལ་བཟང་པོས་ཆོས་རྗེ་ཉེར་གཉིས་པ་དང་བློ་བཟངས་པ་གཉིས་ཀ་ལ་ཞུས་ནས ཞྭ་དམར་རྟོགས་ལྡན་རིན་པོ་ཆེ་ལ་ཕུལ། དེ་ནས་བརྒྱུད་ནས་སྤྲུལ་སྐུ་རིན་པོ་ཆེ་དཔལ་ཆོས་ཀྱི་གྲགས་པ་ལའང་གདམས་པ་འདི་བཞུགསསོ། །སེམས་ཁྲིད་ཀྱི་གཏེར་མེ་ཕོ་འབྲུག་ལ་ཐོན་ནས་དིང་སང་གི་མེ་ཕོ་སྤྲེའུ་ཡན་ལ་ལོ་བརྒྱ་དང་དྲུག་ཅུ་རྩ་གཅིག་སོང༌། སེམས་ཁྲིད་ཀྱི་བརྒྱུད་པའི་སྐབསསོ། ། ༨.༢༤ མཇུག་སྡུད་དུ་མར་པའི་བཀའ་བརྒྱུད་དང་དྭགས་པོའི་བཀའ་བརྒྱུད་དུ་གྲགས་པའི་གཏམ་རགས་ཙམ་བརྗོད་པའི་སྐབས། དེ་ལྟར་དཔལ་དྭགས་པོའི་བཀའ་བརྒྱུད་ཅེས་གྲགས་པ་འདི་ནི་ཚིག་གི་བརྒྱུད་པ་མ་ཡིན་གྱི། དོན་གྱི་བརྒྱུད་པ་ཡིན་ལ། དོན་ཡང་ཕྱག་རྒྱ་ཆེན་པོ་དྲི་མ་མེད་པའི་རྟོགས་པའི་བརྒྱུད་པ་ཡིན་ཏེ། བླ་མ་གང་ལས་ཕྱག་རྒྱ་ཆེན་པོའི་རྟོགས་པ་ཐོབ་པ་དེ་ལ་རྩ་བའི་བླ་མའོ་ཞེས་རྣམ་པར་འཇོག་གོ། །ཕྱག་རྒྱ་ཆེན་པོའི་རྟོགས་པ་དེ་ཡང་རྗེ་མར་པ་དང་རྗེ་བཙུན་མི་ལ་གཉིས་ཀྱི་རིང་ལ། སྔོན་དུ་གཏུམ་མོའི་ཡེ་ཤེས་བསྐྱེད་ནས། དེའི་སྟོབས་ཀྱིས་ཕྱག་རྒྱ་ཆེན་པོའི་རྟོགས་པ་བསྐྱེད་པར་མཛད་པས་རྫོགས་པའི་རིམ་པར་ཡང་བཞེད་དོ། །དྭགས་པོ་རིན་པོ་ཆེས་ནི། ལས་དང་པོ་བ་དབང་བསྐུར་མ་ཐོབ་པ་དག་ལ་ཡང་ཕྱག་རྒྱ་ཆེན་པོའི་རྟོགས་པ་བསྐྱེད་པར་མཛད་པ་ནི་ཕ་རོལ་ཏུ་ཕྱིན་པའི་ལུགས་ཏེ། དེ་ཡང་དྭགས་པོ་རིན་པོ་ཆེས་དཔལ་ཕག་མོ་གྲུ་པ་ལ། འོ་སྐོལ་གྱི་ཕྱག་རྒྱ་ཆེན་པོ་འདིའི་གཞུང་ནི་བཅོམ་ལྡན་འདས་བྱམས་པས་མཛད་པའི་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་འདི་ཡིན་ཞེས་གསུངས་ཤིང༌། དཔལ་ཕག་མོ་གྲུ་པས་ཀྱང་རྗེ་འབྲི་ཁུང་པ་ལ་དེ་སྐད་དུ་གསུངས་པས། རྗེ་འབྲི་ཁུང་པ་དཔོན་སློབ་ཀྱི་གསུང་རབ་རྣམས་སུ་ཐེག་པ་ཆེན་པོ་རྒྱུད་བླ་མའི་བཤད་པ་མང་དུ་འབྱུང་བ་དེ་ཡིན་ནོ། འདི་ལ་ཆོས་རྗེ་ས་སྐྱ་པས་ཕ་རོལ་ཏུ་ཕྱིན་པའི་ལུགས་ལ་ཕྱག་རྒྱ་ཆེན་པོའི་ཐ་སྙད་མེད་ཅིང༌། ཕྱག་རྒྱ་ཆེན་པོའི་ཡེ་ཤེས་གང་ཡིན་པ་དེ་ནི་དབང་ལས་སྐྱེས་པའི་ཡེ་ཤེས་ཁོ་ན་ཡིན་ནོ་ཞེས་བཞེད་མོད་ཀྱི། སློབ་དཔོན་ཡེ་ཤེས་གྲགས་པས་མཛད་པའི་དེ་ཁོ་ན་ཉིད་ལ་འཇུག་པར། ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་བརྩོན་པའི་དབང་པོ་རབ་ནི། ཞི་གནས་དང་ལྷག་མཐོང་བསྒོམས་པས་སོ་སོའི་སྐྱེ་བོའི་གནས་སྐབས་ཉིད་ན་ཕྱག་རྒྱ་ཆེན་པོ་དང་ངེས་པར་ལྡན་པ་ཡང་དག་པར་རྟོགས་པས་ཕྱིར་མི་ལྡོག་པའི་རྟགས་ཉིད་དང༌། ཞེས་གསུངས་ལ། དེ་ཁོ་ན་ཉིད་བཅུ་པའི་འབྲེལ་བ་ལྷན་ཅིག་སྐྱེས་པའི་རྡོ་རྗེས་མཛད་པར་ཡང༌། ངོ་བོ་ཕ་རོལ་ཏུ་ཕྱིན་པ། སྔགས་དང་རྗེས་སུ་མཐུན་པ་མིང་ཕྱག་རྒྱ་ཆེན་པོ་ཞེས་བྱ་བའི་ཁྱད་པར་གསུམ་དང་ལྡན་པའི་དེ་བཞིན་ཉིད་རྟོགས་པའི་ཡེ་ཤེས་གསལ་བར་བཤད་དོ། །དེ་བས་ན་རྗེ་སྒམ་པོ་བའི་ཕ་རོལ་ཏུ་ཕྱིན་པའི་ཕྱག་རྒྱ་ཆེན་པོ་ནི་མངའ་བདག་མཻ་ཏྲི་བའི་བཞེད་པ་ཡིན་པར་རྗེ་རྒོད་ཚང་བས་ཀྱང་བཤད་དོ། །སྔགས་ཀྱི་ལམ་དུ་གྱུར་པའི་ཕྱག་རྒྱ་ཆེན་པོ་ཡང་རྗེ་སྒམ་པོ་བས་ནང་གི་སློབ་མ་རྣམས་ལ་ངེས་པར་བསྟན་ཏོ། རྗེ་མར་པ་འཁྲུངས་ནས་དིང་སང་གི་མེ་ཕོ་སྤྲེའུ་ཡན་ལ་ལོ་བཞི་བརྒྱ་དང་དྲུག་ཅུ་རྩ་ལྔའོ་ཞེས་ཤེས་པར་བྱ་སྟེ། རྗེ་མར་པའི་བཀའ་བརྒྱུད་དང༌། ཁྱད་པར་དྭགས་པོའི་བཀའ་བརྒྱུད་ཅེས་གྲགས་པའི་གཏམ་རགས་པ་ཙམ་ཞིག་ཐལ་ལོ། ། ༩.༡ ཀོ་བྲག་པ་སློབ་མ་དང་བཅས་པའི་སྐབས། ཀོ་བྲག་པ་བསོད་ནམས་རྒྱལ་མཚན་ཞེས་ཡོངས་སུ་གྲགས་པ་དེ། ཡུལ་དིང་རི། གདུང་ནི་ལྡོང༌། ཡབ་གཙོ་བོ་རྒྱལ་གཡུང༌། ཡུམ་སྟོད་མོ་རྗེ་མ་གཉིས་ཀྱི་སྲས་སུ་ཆུ་ཕོ་སྟག་གི་ལོ་ལ་སྐུ་བལྟམས། ཆོས་རྗེ་ས་སྐྱ་པཎྜི་ཏ་དང་འཁྲུངས་ལོ་གཅིག །བྲིས་ཀློག་རྩོལ་མེད་དུ་མཁྱེན། སེ་མིག་པ་ལ་དགེ་བསྙེན་མཛད། པཎ་ཆེན་ཤཱཀྱ་ཤྲཱི་ལ་བློ་སྦྱོང་སོགས་གསན། གྱམ་དུ་བླ་མ་རྡོ་རྗེ་དཔལ་བ་ལ་རིག་འཛིན་བཅུ། རྫོགས་ཆེན་དམར་ཁྲིད་ལ་སོགས་ཆོས་མང་དུ་གསན། རྒྱ་ཕུག་ཇོ་སྲས་ལའང་རྫོགས་ཆེན་ལ་སོགས་གསན། གྱང་རིམ་དང་ཀོང་མོའི་རི་ལ་མཚམས་མཛད་པས་ཕྱག་རྒྱ་ཆེན་པོས་རྟོགས་པ་འཁྲུངས། པཎ་ཆེན་རཏྣ་རཀྵི་ཏ་ལ་བདེ་མཆོག་གི་དབང་གསན། དེ་ནས་ལ་ཕྱིི་སོགས་སུ་བཞུགས། ཆོས་རྗེ་སྐོས་ལ་མཁན་པོ། ཕྱ་རུ་འདུལ་འཛིན་ལ་སློབ་དཔོན། སློབ་དཔོན་ལོ་ལ་གསང་སྟོན་ཞུས་ནས་དགུང་ལོ་ཉི་ཤུ་རྩ་དགུ་ལ་དགེ་སློང་ཆིག་རྫོགས་མཛད། མཚན་བསོད་ནམས་རྒྱལ་མཚན་དུ་གསོལ། དེ་ནས་ཏི་སེར་བྱོན་ལོ་ལྔ་བཞུགས། ཇི་ལྟ་བ་དང་ཇི་སྙེད་པའི་མངོན་སུམ་གྱི་ཡེ་ཤེས་བརྙེས། ཁྱད་པར་རྡོ་རྗེ་ལུས་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་དུ་གཟིགས། མ་ཕམ་གྱི་ཀླུས་ཆུའི་དངོས་གྲུབ་ཕུལ། ཕྱིས་མྱང་སྟོད་ཀོ་བྲག་གི་དགོན་པ་བཏབ་པས་ས་སྐམ་པོ་ལ་ཆུ་མིག་བརྡོལ། ཀོ་བྲག་པ་ཞེས་ཀྱང་གྲགས། འདི་ལ་ནི་སྒྲུབ་པ་པོ་དང་མཁས་པའི་མཆོག་ཐམས་ཅད་ཀྱིས་ཀྱང་ཞབས་ལ་གཏུགས། ཆོས་ལའང་འདི་མི་མཁྱེན་བྱ་བ་མེད། བལ་པོ་ནས་བི་བྟུ་དིང་རིར་སྤྱན་དྲངས། ཁོང་ལ་ཤ་བ་རི་དབང་ཕྱུག་གིས་གནང་བའི་སྦྱོར་བ་ཡན་ལག་དྲུག་གི་གདམས་ངག་གསན། པཎྜི་ཏས་ཀྱང་ཚུར་ཆོས་ཞུས། འགྲོ་བའི་དོན་རྒྱུན་མི་འཆད་པ་དང་རྒྱ་ཆེ་བ་གཉིས་མཛད་ནས་བརྒྱད་ཅུ་པ་ལྕགས་མོ་བྱའི་ལོ་ལ་ཞི་བར་གཤེགས། སྐྱེས་བུ་ཆེན་པོ་དེ་ནི་བཀའ་བརྒྱུད་འདིའི་ཁོངས་སུ་གཏོགས་སོ་ཞེས་བྱ་བར་ཁོ་བོས་མ་ཤེས་པས་ལོགས་སུ་བྲིསསོ། །དེའི་སློབ་མ་ཆེ་བ་ནི། དཔལ་ཡང་དགོན་པ། དེའི་གཅེན་པོ་རིན་པོ་ཆེ་རྒྱལ་མཚན་པ། རིན་པོ་ཆེ་ལྷ་བ། རིན་པོ་ཆེ་རྒྱལ་པོ། རིན་པོ་ཆེ་བར་འབྲོག་པ། རིན་པོ་ཆེ་ཆོས་སྡིངས་པ། བྲན་སྟོན་ཤེར་སེང༌། རིན་པོ་ཆེ་དགའ་ལྡན་པ། རིན་པོ་ཆེ་གཙང་སོ་བ། རིན་པོ་ཆེ་སྟོན་གྲུབ་པ། རྟོགས་ལྡན་དཀོན་སེང་ལ་སོགས་པ་མང་པོ་དང༌། ཇོ་བོ་ལྷ། མཆིམས་ནམ་མཁའ་གྲགས། མཁན་ཆེན་ལྡེ་རུས་པ། ཁུ་ལུང་པ། ལོ་ཞིང་པ། གྲགས་བྱང་བ། འོལ་རྒོད་པ། ཕུ་རི་བ་སྟོན་ལོ་ཆེ། གླང་རི་བ་ལ་སོགས་བསྟན་པའི་བདག་པོ་མང་པོ་དང༌། དཔྱལ་བ་ལོ་ཙཱ། ཁྲོ་ཕུ་ལོ་ཙཱ། ཆག་ལོ་ཙཱ། ནམ་མཁའ་དཔལ་ལོ་ཙཱ། རས་པ་ལོ་ཙཱ། གཉལ་བ་ལོ་ཙཱ་ལ་སོགས་ལོ་ཙཱ་བ་མང་པོ་དང༌། དགེ་བཤེས་གཙང་བ། དགེ་བཤེས་ཉི་མ། འཇམ་དབྱངས་གསར་མ། རྒྱང་རོ་གཞོན་རིན། མངའ་རིས་དགྲ་བཅོམ། ཉི་མ་སྦྲལ་ནག །གཙང་པ་དྲུག་པོ། མཁས་བཙུན་བྱང་ཆུབ་ལ་སོགས་མཁས་པ་མང་པོ་དང༌། གསལ་པ། ལྷོ་བྲག་ལུང་པ། རྒལ་གྱམ་པ། རྣེལ་གྱལ་པ། སྙོ་མངའ་བ། རྒྱལ་མཚན་གྲགས། སེར་མ་བ། ཕུ་གུ་ར་བ། སྲང་སྐྱ་པ། མྱང་འཚལ་བ། ལྷ་རྗེ་སྐྱོབ་པ། ཕོ་རོག་པ། ལྕབ་པེ་བ། དབྲང་སྟོན་ཕུལ་དམར་པ། ཀོང་སྟོན་པ། སོ་ཟུར་པ། བླ་མ་པ་རི་བ་སྐུ་མཆེད། སེང་གེ་རྫོངས་པ། གྱམ་ཤིང་དང༌། རོང་ཐོང་པ། གཉོས་སྟོན་ཞིག་པོ། ཤམ་འབུམ། དངོས་ཆོས་ཤེས། རྫ་རི་བ། མྱང་རོ་བ། གཡུ་རྒྱལ་པ། ཆུ་མིག་པ། ཡར་འབྲོག་དཀར་པོ། སེ་ཞིག །ཁམས་ཀྱི་འོང་ཕོ། བྲ་འོ་པ། དོམ་ཐོད་ཅན། དར་སེང་ལ་སོགས་དགོན་སྡེའི་བདག་པོ་བླ་མ་དགེ་བཤེས་མང་པོ་དང༌། འཕན་ཡུལ་མདོ་ཐོད་ལོ་པ། ཟ་ལུང་པ། ལྷོ་བྲག་པ། སྟོད་ལུངས་པ། ཡར་ཀླུངས་པ་ལ་སོགས་དབུས་པའི་དགེ་བཤེས་མང་པོ་དང༌། གཞན་ཡང་དགེ་བཤེས་མ་དང༌། གྲུབ་ཐོབ་མ་དགོན་འཛིན། བླ་མ། ཞིག་པོ་ལ་སོགས། མདོར་ན་གསར་རྙིང་གི་བདག་པོ། མངའ་བདག་ཇོ་བོ། ལྷ་བཙུན་ཧོར་གྱི་མི་ཆེན། མི་དཔོན། གནས་གཞིའི་བདག་པོ་ལ་སོགས་པ་ཐམས་ཅད་ཀྱིས་ཞབས་ལ་གཏུགསསོ། །དེ་དག་ལས་བྱ་སྐྱུངས་པའམ་ཕོ་རོག་མདོ་སྡེ་མགོན་ཞེས་པ་དེ་ཤིང་མོ་ཡོས་ལ་འཁྲུངས། རེ་གསུམ་པ་མི་སྦྲུལ་ལ་གཤེགས། ཀོ་བྲག་པ་སློབ་མ་དང་བཅས་པའི་སྐབསསོ། ། ༩.༢ ནི་གུའི་སྐབས། དེ་ལྟར་དཔལ་ནཱ་རོ་པས་རྗེ་མར་པ་ལ་གནང་བའི་ཐབས་ལམ་ཆོས་དྲུག་གི་བརྒྱུད་པའི་རིམ་པ་རྣམས་བཤད་ནས། ནཱ་རོ་པའི་ལྕམ་མོ་ནི་གུ་མ་ལས་བྱུང་བའི་ཆོས་དྲུག་གི་རིམ་པས་སྨིན་པ་དང་གྲོལ་བའི་རིམ་པ་བཤད་པར་བྱའོ། །ལུགས་དེའི་ལེན་པ་པོ་ནི་གྲུབ་ཐོབ་ཁྱུང་པོ་རྣལ་འབྱོར་ཏེ། དེ་ནི་གདུང་རུས་ཁྱུང་པོ། ཡབ་སྟག་སྐྱེས། ཡུམ་བཀྲ་ཤིས་སྐྱིད་གཉིས་ཀྱི་སྲས་སུ་སྟག་གི་ལོ་ལ་སྙེ་མོ་ར་མངས་སུ་འཁྲུངས། བཙས་མ་ཐག་ཏུ་རྒྱ་གར་གྲུབ་ཐོབ་ཨ་མོ་གྷ་བྱོན་ཏེ་ལུང་ལེགས་པར་བསྟན། ལོ་བཅུ་ལོན་པའི་ཚེ་ཀློག་དང་རྒྱ་བོད་ཀྱི་ཡི་གེ་མཁྱེན། དུས་ཀྱི་འཁོར་ལོ་ལ་མཁས། ལོ་བཅུ་གསུམ་པ་ལ་སློབ་དཔོན་གཡུང་དྲུང་རྒྱལ་བ་ལ་བོན་མཁས་པར་བསླབས་ནས་གཞན་ལ་བཤད་པས་དཔེ་འགྲེམས་བདུན་བརྒྱ་ཙམ་བྱུང༌། དེ་ནས་བླ་མ་འབྱུང་གནས་སེང་གེ་ལ་རྫོགས་ཆེན་སེམས་སྡེའི་སྐོར་མང་དུ་གསན་ནས་བཤད་པས། དེར་ཡང་སློབ་མ་བདུན་བརྒྱ་ཙམ་བྱུང༌། དེ་ནས་སྟོད་ལུངས་ཤོ་མ་རར་སྐོར་ནི་རཱུ་པའི་ཆོས་མ་ལུས་པ་གསན། དེ་ནས་གསེར་མང་པོ་བསྣམས་ནས་བལ་པོར་བྱོན་ནས་པཎྜི་ཏ་པ་སུ་མ་ཏི་ལ་ལོ་ཙཱ་བསླབས། ཀྲྀ་ཡོག་གི་དབང་དང་རྒྱུད་སྒྲུབ་ཐབས་ལྔ་བཅུ་ཙམ་ཞུས། ཨ་ཏུ་ལ་བཛྲ་གྱིས་གྲོགས་མཛད་ནས་རྡོ་རྗེ་གདན་པ་དང་མཇལ། དགེ་ཚུལ་མཛད་ཆོས་མང་དུ་གསན། དེ་ནས་ཤྲཱི་བྷ་དྲ་སཛྙན། བཻ་རོ་ཙ་ན། ཁ་ཆེ་དགོན་པ་བ། མཻ་ཏྲི་བའི་སློབ་མ་ཞིང་གི་རྡོ་རྗེ། མི་མཉམ་རྡོ་རྗེ། རིན་ཆེན་རྡོ་རྗེ་སྟེ་རྣམ་པ་གསུམ། དེ་བི་ཀོ་ཊིའི་ཊའི་ཀི་མ་ཀ་ན་ཤྲཱི། བྲམ་ཟེ་རཏྣ་ཕ་ལ་རྣམས་ལ་གསང་སྔགས་ཀྱི་ཆོས་མང་དུ་གསན། བོད་དུ་འོངས་པས་ཇག་པ་ལན་གཉིས་སུ་བྱུང་བ་ནུས་པས་ཕམ་པར་བྱས། ཡུལ་དུ་སྲུ་མོ་ལ་མེད་འཚོལ་དང་ལྟེ་སྒྱུར་ཕྱིན། དེ་ལ་བུ་གསུམ་བྱུང༌། ལྷ་མོ་དཀར་མོ་ཞིག་གིས་བུ་གསུམ་པོ་འདིས་ཁྱོད་བླ་མ་ཤངས་པར་གྲགས་པ་ལ་ནས་ཁལ་སྟོང་ཕྲག་རེ་ལོ་རེ་ལ་འབུལ་ཞིང༌། རྩ་བའི་ཡོན་བདག་བྱེད་དོ་ཞེས་ལུང་བསྟན། དེར་སྔར་གྱི་སློབ་མས་ལོངས་སྤྱོད་མང་དུ་ཕུལ་བ་དང༌། གུ་ལང་གི་གསེར་ཁ་བརྡོལ་བ་དང་ཐུག་པས་གསེར་སྲང་སྟོང་ལྷག་པ་ཅིག་བྱུང༌། ཡང་བལ་པོར་བྱོན་ཏེ་ཕམ་མཐིང་བ་ལ་བདེ་མཆོག་རྩ་རྒྱུད་དང་གདན་བཞི་ཞུས་ནས་རྒྱ་གར་དུ་བྱོན། རྡོ་རྗེ་གདན་པ་ལ་གསེར་སྲང་བརྒྱ་ཕུལ། ནཱ་ལནྡྲར་ནཱ་རོ་པའི་སློབ་མདཱ་ཆེན་པོ། སུ་མ་ཏི་ཀཱིརྟི། ར་མ་བཱ་ལ། ན་ཏེ་ཀ་ར། ཀཾ་ཀ་ཏའི་རྗེ་བཙུན་མ་རིན་ཆེན་ལྷ་མོ། ཀུ་ཀུ་རི་པའི་སློབ་མ་གྲུབ་ཐོབ་ཉི་མའི་སྙིང་པོ་རྣམས་ལ་ཆོས་མང་དུ་ཞུས། མཻ་ཏྲི་བ་དང་མཇལ་ནས་རྒྱུད་མང་པོའང་ཞུས། གསེར་སྲང་བདུན་ཕུལ། བོད་ལོངས་སྤྱོད་ཆུང་བས་ནོར་སྒྲུབ་ལྷག་ཚན་ཆེ་བ་ཅིག་ཞུས་པས། ཡིད་བཞིན་གྱི་མགོན་པོ་ཕྱག་དྲུག་ནངག།དེ་ནས་པ་གསེར་སྲང་ལྔ་བརྒྱ་བསྣམས་ཏེ། རྡོ་རྗེ་འཆང་དངོས་ལ་ཐུག་པ་སུ་ཡོད་དྲིས་པས། ནཱ་རོ་པའི་ལྕམ་མོ་ནི་གུ་མ་ཞེས་བྱ་བ་ཡོད་དེ། དེ་དག་པའི་ས་ལ་གནས་སྐུ་འཇའ་ལུས་སུ་གྱུར་པས་སུ་རུང་རུང་གིས་མི་མཐོང༌། སོ་ས་གླིང་གི་དུར་ཁྲོད་དུ་མཁའ་འགྲོ་མའི་ཚོགས་ཀྱི་གཙོ་ལ་འབྱོན་པས་སེམས་དག་ན་དེར་མཐོང་སྲིད་ཟེར། དེར་སོ་ས་གླིང་དུ་བྱོན། ན་མོ་བུདྡྷ་ཡའི་གསོལ་བ་བཏབ་པས། ཏཱ་ལ་བདུན་སྲིད་ཙམ་གྱི་ནམ་མཁའ་ལ་མཁའ་འགྲོ་མ་སྐུ་མདོག་སྨུག་ནག་ཅིག་ཏུ་ཡོད་པ་རུས་པས་བརྒྱན་པ། ཕྱག་ན་ཁ་ཊཱཾ་ག་དང་ཐོད་པ་བསྣམས་པ། གཅིག་དང་དུ་མ་ལ་སོགས་པའི་གཟུགས་སུ་སྟོན་ཞིང་གར་བསྒྱུར་བ་མཐོང་ནས། ནི་གུ་མ་ཡིན་པར་ངེས་ཏེ་ཕྱག་དང་སྐོར་བ་བྱས། ཡང་དག་པའི་གདམས་པ་ཞུ་འཚལ་ཞུས་པས། ང་ནི་ཤ་ཟའི་ཊཱ་ཀི་ཡིན་གསུང༌། ཡང་བཏུད་དེ་ཞུས་པས། གསང་སྔགས་ཀྱི་གདམས་པ་ཞུ་ན་གསེར་དགོས་གསུང་པས་སྲང་ལྔ་བརྒྱ་པོ་ཕུལ་བས་ཕྱག་ཏུ་བཞེས་ནས་ནགས་སུ་གཏོར། འོ་ན་ཤ་ཟའི་མཁའ་འགྲོ་མ་ཡིན་ནམ་སྙམ་དུ་ཐེ་ཚོམ་ཟོས་པ་ན། སྤྱན་ནམ་མཁའ་ལ་གཟིགས་པས་མཁའ་འགྲོ་མང་པོ་འདུས་ནས་དཀྱིལ་འཁོར་སྤྲུལ། དེར་སྒྱུ་ལུས་རྨི་ལམ་གྱི་དབང་བསྐུར་གནང༌། མཁའ་འགྲོ་མས་དཔག་ཚད་གསུམ་དུ་ཁྱེར་ནས་གསེར་གྱི་རིའི་ཁར་བཞག །དེར་རྨི་ལམ་དུ་རྡོ་རྗེ་བཙུན་མོས་ཆོས་དྲུག་ཚར་གཅིག །དངོས་སུ་ཚར་གསུམ། རྡོ་རྗེ་ཚིག་རྐང༌། སྒྱུ་མ་ལམ་རིམ་གནང༌། གཞན་ཡང་རྒྱུད་དང་སྒྲུབ་ཐབས་ཤིན་ཏུ་མང་པོ་གསུངས། ནི་གུ་མའི་ཞལ་ནས། ཆོས་དྲུག་གི་གདམས་པ་འདི་རྣམས་ཤེས་པ་ང་དང་ཝ་བ་པ་མ་གཏོགས་མེད། བརྒྱུད་པ་བདུན་གྱི་བར་དུ་ཆིག་རྒྱུད་གྱིས། དེ་རྣམས་ངས་བྱིན་གྱིས་རློབ་ཅིང་ལུང་ཡང་སྟོན་པ་ཡིན་གསུང༌། དེ་ནས་སྦས་པའི་རྣལ་འབྱོར་པ་ལ་བདེ་མཆོག་ལྷ་ལྔ་དང༌། མཁའ་སྤྱོད་དཀར་དམར་དང༌། རིམ་ལྔ་སྟན་ཐོག་གཅིག་མ་དང༌། སྦྱོར་དྲུག་སོགས་མང་དུ་ཞུས། རོལ་པའི་རྡོ་རྗེ་དང༌། ཨཱ་རྻ་དེ་བ་དང༌། ཊཱ་ཀི་སུ་མ་ཏི་རྣམས་ལ་ཡང་ཆོས་མང་དུ་གསན། དེ་རྣམས་ཀྱིས་ལུང་བསྟན་པས་དཔལ་བི་རུ་པའི་སློབ་མ་མཁའ་འགྲོ་མ་སུ་ཁ་སིདྷཱི་མཇལ་ཞིང༌། གསེར་ཕུལ་བས་དབང་བསྐུར། ཁྱོད་ཀྱི་བརྒྱུད་པ་རྣམས་ལ་ཡང་ངས་སྐུ་མངོན་དུ་སྟོན་ཞིང་བྱིན་གྱིས་བརླབ་པོ་ཞེས་གསུངས། གདམས་པ་རྣམས་ཀྱང་གནང༌། གཞན་ཡང་མཁའ་འགྲོ་མ་གངྒཱ་དྷ་ར། ཀུན་ཏུ་བཟང་མོ་ལ་ཡང་གསེར་ཕུལ་ཞིང་གདམས་པ་ཞུས། པཎྜི་ཏ་བདེ་བའི་རྡོ་རྗེ་ལ་གཤིན་རྗེ་གཤེད་ཀྱི་སྐོར། རོལ་པའི་རྡོ་རྗེ་ལ་ལྷ་མོ་སྐོར་སོགས་ཞུས། གཞན་ཡང་བླ་མ་ཨ་དཱ་ཡ་བཛྲ་ལ་སོགས་པ་རྣམས་ལས་གདམས་པ་མང་དུ་གསན་ནས་བོད་དུ་བྱོན། གསེར་ཁ་མང་པོ་བརྡོལ་བ་དང་སྙེ་མོ་བར་དུ་བྱོན་པས་གསེར་མང་དུ་བྱུང་སྟེ། སླར་རྒྱ་གར་དུ་བྱོན་ནས་རྡོ་རྗེ་གདན་ལ་གསེར་སྲང་བརྒྱད་ཅུས་མཆོད་པས་བླ་མ་དང་སྐྱེ་བོ་རྣམས་ངོ་མཚར་སྐྱེས། དེའི་ཚེ་ཡང་ནི་གུ་མ། སུ་ཁ་སིངྷི། རྡོ་རྗེ་གདན་པ། རྡོ་རྗེ་མཆེད་གསུམ། མཻ་ཏྲི་བ་མི་བཞུགས་ཀྱང་དེའི་ཇོ་མོ་གངྒཱ་དྷ་ར་ལ་སོགས་བླ་མ་བརྒྱ་ལྔ་བཅུ་ལ་གསེར་གྱི་འབུལ་བ་ཕུལ། གདམས་ངག་ཀྱང་མང་དུ་གནང༌། སླར་མངའ་རིས་སུ་བྱོན་པ་ན་དཱི་པཾ་ཀ་ར་དང་མཇལ། གསང་འདུས་ལ་སོགས་པའི་ཆོས་མང་དུ་གནང༌། རང་གི་རྒྱ་དཔེ་འགའ་ཆུད་ཟོས་པའང་ཁོང་གི་དཔེ་ལས་གསོས། རིན་ཆེན་བཟང་པོ་དང་དྷརྨ་བློ་གྲོས་ཀྱིས་འགྱུར་ཡང་མཛད། གླང་རི་ཐང་པ་ལ་བསྙེན་པར་རྫོགས། འཕན་ཡུལ་ཇོག་པོར་འཆད་དཀར་དགོན་པ་བཏབ། དེར་རི་ནག་པོའི་ཁོང་གསེང་གི་རྣལ་འབྱོར་པ་རཱ་ཧུ་ལ་གུཔྟ་ཛྲ་བྱོན་ནས། རྒྱུད་སྡེ་ལྔའི་དབང་དང་མགོན་པོའི་སྐོར་ལ་སོགས་པའི་ཆོས་མང་དུ་གནང༌། དུས་ཕྱིས་འཇད་ཀྱི་ཚ་ལུང་དུ་ཤིང་མོ་ལུག་ལ་བྱོན། མེ་ཕོ་སྤྲེའུའི་ལོ་ལ་ཕག་རིའི་ཤག་རྩར་བྱོན། ལྕགས་མོ་གླང་གི་ལོ་ལ་གྲོ་མོའི་སྟོང་གྲ་རུ་བྱོན། ཇོག་པོ་ནས་གདན་འདྲེན་བྱུང་བས་ཤངས་སུ་བྱོན། ལོ་གསུམ་གྱི་ནང་དུ་ཞོང་ཞོང་ལ་སོགས་པའི་དགོན་གནས་བརྒྱ་རྩ་བརྒྱད་བཏབ། ཆོས་མང་དུ་བཤད་པས་གྲྭ་པ་རྣམས་བཤད་པ་ལ་ཅུང་ཟད་འབྱམས། སྒྲུབ་པ་ལ་གཡེལ་བར་གྱུར་པས་དེ་རྣམས་ཀྱིས་མཐོང་བར་རེས་ལྷ་མོའི་གཟུགས་མང་པོ་བསྟན། རེས་གཤིན་རྗེའི་སྐྱེས་བུ་འཇིགས་སུ་རུང་བ་མང་པོ་བསྟན་པས་སླར་སྒྲུབ་པ་ལ་ཚུད། གྲྭ་པ་གཞན་གྱི་ཕྲག་དོག་གིས་དམག་དྲངས་བྱུང་བ་སྤྲུལ་པའི་དམག་གིས་ཕྱིར་བཟློག་པས་གུས་ཤིང་སློབ་མར་གྱུར། ཐང་ལྷ་དང་ཤབ་ཀྱི་འབའ་ར་ནག་པོ་ལ་སོགས་པ་བར་ཆད་བྱེད་དུ་བྱུང་བའི་ལྷ་འདྲེ་རྣམས་ཉིན་མོ་ཐོག་དང་མཚན་མོ་ཏིང་ངེ་འཛིན་གྱི་ཟིལ་གྱིས་མནན་ཞིང་སྲོག་སྔགས་བླངས་ཏེ་དམ་ཚིག་ལ་བཞག །དེའི་ཚེ་ཆོ་འཕྲུལ་དང་ལྷ་སྐུར་བསྟན་པ་ལ་སོགས་པའི་རྫུ་འཕྲུལ་ཡང་དག་པར་བསྟན་ཏེ། སྐུ་ཚེ་མཐར་ཕྱིན་ནས་གྲྭ་པ་རྣམས་ལ་དེ་རིང་གི་འདི་ཆོས་ཀྱི་ཐ་མ་ཡིན་ནོ་ཞེས་པའི་གསུང་བྱོན་ནས་ཞི་བར་གཤེགས། སྤུར་མ་སྦྱངས་པར་གསེར་དངུལ་གྱི་སྒམ་དུ་བཞུགས་ན་ཞོང་ཞོང་རྡོ་རྗེ་གདན་དང་མཉམ་པར་འགྱུར་གསུང་ཡང་ཁམས་པའི་གྲྭ་པ་རྣམས་མ་མཉན་ཏེ། སྤུར་སྦྱངས་པས་རྒྱུད་སྡེ་ལྔའི་ལྷ་ཚོགས་ལ་སོགས་པ་ཤིན་ཏུ་མང་བར་བྱོན་ནོ། །སྔ་ཕྱིར་སྡོམས་པས་གྲྭ་པ་ཁྲི་ཚོ་བརྒྱད་བྱུང་བ་ཡང༌། སློབ་མའི་གཙོ་བོ་ནི། རྨེའུ་སྟོན་པ། གཡོར་པོ་རྒྱ་མོ་ཆེ། རྔུལ་སྟོན་རིན་དབང༌། ལ་སྟོད་དཀོན་མཆོག་མཁར། རྨོག་ཅོག་པ། ཞང་སྒོམ་ཆོས་སེང་རྣམས་ཡིན་ནོ། །འདིའི་སྐུ་ཚེ་ལོ་བརྒྱ་ལྔ་བཅུ་གསུང་བ། དམ་པ་སངས་རྒྱས་དིང་རིར་བྱོན་པའི་ཚེ། རྗེ་ཁྲི་པས་ཁྱེད་ཀྱིས་ལོ་དུ་ལོན་ཞུས་པས། དགུ་ཁྲི་དགུ་སྟོང་དགུ་བརྒྱ་དགུ་བཅུ་ལོན་ཞེས་གསུངས་པ་དང་འདྲ་བར། གྲུབ་པའི་སྐྱེས་བུ་རྣམས་ཀྱི་དགོངས་པ་ཅན་གྱི་གསུང་ལ་རྫུན་དུ་བལྟ་བར་མི་བྱ་ལ། ཕྱིས་འདི་ལས་གྲུབ་ཐོབ་མང་དུ་བརྒྱུད་མར་བྱུང་བའི་གཏན་ཚིགས་ཀྱིས་གྲུབ་པའི་སྐྱེས་བུ་ཁོ་ནར་ལྟ་བར་བྱ་སྟེ། དུ་བ་ལས་མེ་རྟོགས་པ་བཞིན་ནོ། །བརྒྱུད་པ་བཞི་པ་རྨོག་ཅོག་པ་རིན་ཆེན་བརྩོན་འགྲུས་ནི། དེ་ཉིད་ཀྱི་གསུང་ལས། བདག་གི་ཡུལ་ལྷ་ཕུ་སྤང་རྩ། རུས་ཞི་ཤེ། ཕ་ཤེ་རྒན་སྨན་ཆུང༌། མ་འབེ་མོ་བངྨ་སྒྲོན་གྱི་སྲས་སུ་འཁྲུངས། ལོ་བཅུ་བདུན་ལ་ཞོང་ཞོང་དུ་ཆོས་སྒོར་ཞུགས། བླ་མ་ཤངས་པས་ཀྱཻ་རྡོར་གྱི་དབང་བསྐུར་གནང༌། བཙུན་ཆུང་ཁྱོད་གཞོན་དུས་ཐོས་པ་གྱིས། སྒོམ་སྔས་ན་འདྲེས་འཁྱེར། ངས་ཆ་རྐྱེན་དཔེ་ཆ་བྱིན་གྱི་གསུང་བ་ལ། ཆོས་རྗེའི་ཆོས་གཞི་སར་འབྲོམ་སྟོན་བྱ་བ་ཅིག་ཐོས་པ་ལ་ཡི་ཆད་པའི་གསུང་མང་དུ་བྱོན། བཙུན་ཆུང་ཁྱོད་རང་བསྒོམ་པ་འཐད་ཟེར་བས། སླར་བླ་མ་ལ་གདམས་པ་ཞུས་པས་ཀྱང་སྔར་སྐད་གསུང་ནས། བླ་མའི་སློབ་མ་ཆིངས་པ་ལ་གདམས་ངག་འགའ་ཉན། བསྒོམས་པས་ཉམས་མྱོང་ཀྱང་ཆེར་མ་བྱུང༌། ཡང་བླ་མའི་དྲུང་དུ་ཕྱིན་པས་མགོན་པོའི་སྐོར་དང་ཉི་ཁྲོས་ཀྱི་གདམས་པ་གནང༌། གཡོར་པོ་རྒྱ་མོ་ཆེ་འབུལ་བ་སྐྱེལ་དུ་བྱུང་བས་བླ་མས་གསེར་ཞོ་དྲུག་དར་ཡུག་དྲུག་མདོ་སྡེ་རྒྱན་གྱི་པུ་ཏི་གཅིག་རྣམས་གནང་ནས་རྒྱ་མོ་ཆེའི་རྗེས་ལ་སོང་གསུང་བ། དེ་ནས་ལོ་ཉི་ཤུ་རྩ་གཅིག་པ་ལ་གཡོར་པོ་རྒྱ་མོ་ཆེའི་ཕྱི་ལ་བྱོན་པ་ཁོང་སྟོད་ལུངས་ལ་བྱོན། ཁྱོད་རང་སྐྱི་ཤོད་དུ་ཤོག་གསུང་བ། ཕྱིན་པའི་ལམ་དུ་དགེ་བཤེས་པོ་ཏི་མང་པོ་ཁུར་བ་ཐོས་པ་ལ་ཡི་ཆད་ནས་བྲང་བརྡུང་བ་གཅིག་དང་འཕྲད་པས་ཐུགས་སྐྱོ་སྟེ། ཁམས་པ་ཨ་སེང་བྱ་བ་དཔལ་ཆེན་པའི་སློབ་མ་ཐོས་པ་ཅན་མང་དུ་མཁྱེན་པ་སྒྲུབ་པ་ལ་ཞུགས་པ་གདམས་ངག་ཅན་ཡིན་ཟེར་བ་དེ་གནམ་རྫིང་ཁ་ན་བཞུགས་པའི་དྲུང་དུ་ཕྱིན། ཁོང་དབང་མཛད་པ་དང་ཐུག །བདག་ལ་ཡང་དབང་ཐུགས་རྗེས་འཛིན་པར་ཞུ་བྱས་པས། ཁྱོད་སུའི་སློབ་མ་ཡིན་གསུང༌། ཤངས་པའི་ལགས་ཞུས་པས། འོ་ན་ཁྱོད་རྟ་ལས་བབས་ནས་བོང་བུ་ལ་ཞོན་ནམ་གསུང༌། ནན་གྱིས་ཞུས་པས་རུང་གསུང་ནས། དགེ་བཤེས་ཆེན་པོ་ཕྱྭ་བ། མྱང་བྲན་པ་ཆོས་ཡེས། སྐྱི་བོ་ཚུལ་འཕགས། གཡོར་གཉན། བླ་མ་ཞང༌། ཁམས་པ་ལོ་ཙཱ་བ། སྟོན་འབུམ་སོགས་དྲུག་ཅུ་ཙམ་འདུག་པས། ཁོང་རྣམས་དོན་དམ་བདེན་ཅིག་ལ་གླེང་བ་ལ། ཨ་སེང་གི་གསུང་ནས། དང་པོ་ཁོང་གི་དེ་མ་བདེ་སྟོང་ནན་ཏར་བདེ་གསུང༌། དངོས་གཞིའི་ནུབ་མོ་བླ་མ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་སྐྱེས། དེར་རྡུལ་ཚོན་དང་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་བརྟེན་པ་གཉིས། བསྐྱེད་རིམ་ལཱུ་ཡི་པ་དང་ལྷན་སྐྱེས་གཉིས། རྫོགས་རིམ་སྦྱོར་དྲུག་རྩ་འགྲེལ་གཉིས། སྦྱོར་ཕྲེང་རྩ་འགྲེལ་གཉིས། སྙིང་པོ་གསུམ་རྩ་འགྲེལ་གཉིས་རྣམས་ཞུས། དེར་བླ་མའི་དྲུང་དུ་བུམ་པ་ཅན་འགའ་རེ་བསྒོམས། བླ་མ་དབེན་པ་ཁོ་ན་ལ་དགྱེས་པས་སྟོན་བུར་སྒོམ་ཅན་དུ་འོངས། བུ་རམ་གྱིས་ཕྱག་རྟེན་བྱས་ཤངས་པའི་སློབ་མ་ཡིན་ཞུས། དེར་ཡང་རྟ་དང་བོང་བུའི་གཏམ་གསུང༌། དེར་རས་ཆུང་ལུགས་ཀྱི་དབང་གདམས་ངག་རྣམས་ཡང་དག་པར་གནང༌། བུར་སྒོམ་གྱི་ཕྱུགས་མ་རྣམས་ཤུན་པས་ཁྱེར་བ་ལ། རིན་ཆེན་བརྩོན་འགྲུས་ཁྱོས་ཀྱིས་སེར་བ་ཕོབ་གསུང་བས་སེར་བ་གྱང་རིམ་གསུམ་ཡོད་པ་ཅིག་ཕབ། མིའང་འགའ་རེ་ཤི་བས་ཤུན་པས་འབུལ་བ་བཏང་ནས་བབས། ངས་སྡིག་པ་བསགས་བྱས་ནས་བླ་མའི་དྲུང་དུ་ངུས་པས། དེ་བསྟན་པ་དང་བླ་མའི་ཆེད་དུ་བྱས་པས་ས་ལམ་མང་པོ་ཆོད། ཅིས་ཀྱང་བློ་མ་བདེ་ན་མཚམས་མེད་བྱས་པ་ཡང་སངས་རྒྱ་བའི་གདམས་ངག་ཡོད་གསུང་ནས་གནང༌། རྗེ་བཙུན་མའི་ཞལ་མཐོང་རྨི་ལམ་ཟིན་པས། ནཱ་རོ་པའི་གསུང་གིས། དབང་པོ་རབ་ཏུ་གྱུར་པ་ལ། །ལོ་ཡིས་ཟིན་པ་དག་ཀྱང་སྲིད། །ཅེས་འབྱུང་བས་མཉེས། ད་ཁྱོད་ཀྱིས་མགོན་པོ་དང་ཉི་ཁྲོས་གཉིས་ང་ལ་ཕུལ་གསུང་ནས་བླ་མ་ལ་ཕུལ། ཉག་མོ་པའི་དགེ་བཤེས་དགོན་མཁར་ལ་སྤྱན་ལྔའི་སྒོམ་རིམ་དང་རབ་གནས། དགེ་བཤེས་རྫ་རབ་ལ་བཀའ་གདམས་ངག་མང་པོ། སློབ་དཔོན་གཡོར་པོ་ཅན་དུ་ལོ་ལྔ་བཞུགས་ནས་ཕར་ཕྱིན་དང་སྤྱོད་བསྡུས། མྱང་སྒོམ་ལ་ཁ་རག་སྐོར་གསུམ་ཞུས། ཡུལ་དུ་བྱོན། ཕ་གུམ་འདུག་པ་ལ་ཞིང་བཙོངས་ནས་དགེ་བ་བྱས། དེ་ནས་རྒྱ་གྲགས་བསོད་ལ་སྦྱོར་དྲུག་རྡོ་རྗེའི་ཚིག་རྐང་ལ་སོགས་གདམས་པ་མང་པོ། དགེ་བཤེས་ཞུ་ལའང་གདམས་པ་མང་པོ། སློབ་དཔོན་ཞང་ལ་འདུལ་བ་འོད་ལྡན་སོགས། འབལ་སྒོམ་ཕྱག་ན་ལ་ཞི་བྱེད་སོགས་མང་པོ་ཞུས། སླར་ཡང་གཡོར་པོ་ཅན་དུ་འགྲོ་བསམ་པ་ལ་བླ་མའི་དྲུང་དུ་ཕྱིན། རྣལ་འབྱོར་མ་ཞལ་མཐོང་བ་དང་རྨི་ལམ་ཟིན་ཞུས་པས། ཤེས་ཆོག་པའི་ཕར་ཕྱིན་དེ་མི་ཤེས་པར་རྫུན་ཤེས་འདུག །ངའི་རྩར་མ་བསྡད་གསུང་བཀའ་བཀྱོན་པ་ལ། ཡང་དེ་ནུབ་རང་སྐུ་མདུན་དུ་ཤོག་གསུང་ནས་དབང་ཆོས་གདམས་ངག་ཐམས་ཅད་གནང༌། གཟིམས་གཡོག་ཏུའང་མཛད། སྔར་ལོ་ལྔ་དང་དེ་རེས་ལོ་གཅིག་དང་ཟླ་བ་བདུན་ཆོས་ཟབ་དགུ་རྣམས་གནང༌། ངའི་བརྒྱུད་པ་ཟུང༌། རྩེ་གཅིག་ཏུ་བསྒྲུབ་པ་གྱིས་གསུང་ནས་བླ་མ་ཞི་བར་གཤེགས། དགུན་ཡི་རྗེས་ཀྱི་བྱ་བ་རྣམས་ཚར་ནས་སྡིངས་མར་ལོ་གཉིས་མཚམས་བཅད་ནས་བསྒོམས་པས་ཉམས་མྱོང་མང་པོ་བྱུང་བ་ཤངས་པ་མི་བཞུགས་པས་དྲིར་མེད་ནས། རྗེ་སྒོམ་པོ་བ་ལ་ཞུ་བར་དགོངས་ཏེ་བྱོན་པའི་ལམ་བར་དུ་དཔལ་ཕག་མོ་གྲུ་པ་དང་འཛོམ། གདམས་ངག་ཕར་ཞུ་ཚུར་ཞུ་མཛད། དེ་ནས་སྒམ་པོར་བླ་མ་རིན་པོ་ཆེའི་དྲུང་དུ་རྟོལ། ཆོས་དྲུག་སོགས་ཀྱང་ཞུས། ཕྱག་རྒྱ་ཆེན་པོའི་ལྟ་བ་ལ་ཐག་ཆོད་པའི་བོགས་ཐོན། ཡང་འབྱོན་དུས་སྐྱེལ་ཐུང་ཀྱང་མཛད་ལམ་དུའང་གདུག་པ་འདུལ་བའི་བྱ་བ་མང་པོ་མཛད། དེ་ནས་རྨོག་ཅོག་ཏུ་བཞུགས། ལོ་བཅུ་གཉིས་སུ་ཉུང་ལོ་ལ་བརྟེན་ནས་སྒྲུབ་པ་རྩེ་གཅིག་ཏུ་མཛད་པས་སྙན་པའི་གྲགས་པས་ཕྱོགས་རིས་ཀྱི་སློབ་མ་མང་པོ་འདུས། དེར་གྲྭ་པ་མ་ཤོང་བར་ལྐུགས་ལུངས་བཏབ། དངོས་སུ་གདམས་པ་བཏབ་པ་རྣམས་ལྟ་ཞོག །མོས་གུས་ཀྱིས་ལམ་དུ་ཞུགས་པ་ཙམ་གྱིས་རྟོགས་པ་ཤར་པ་ཡང་མང་དུ་བྱུང༌། ངའི་བརྒྱུད་པ་འདི་དབོན་སྟོན་སྐྱེར་སྒང་བས་འཛིན། དེའི་བརྒྱུད་པ་སངས་རྒྱས་སྙན་སྟོན་སྐྱེར་སྒང་བས་འཛིན། དེའི་བརྒྱུད་པ་སངས་རྒྱས་སྙན་སྟོན་གྱིས་འཛིན། དེའི་བརྒྱུད་པ་སངས་རྒྱས་སྟོན་པ་བྱ་བས་འཛིན། དེའི་སློབ་མ་རྣམས་ཀྱིས་ཆོས་འདི་དར་བར་བྱེད་པར་འགྱུར་རོ་ཞེས་ལུང་བསྟན། བདེ་བ་ཅན་དུ་སྤྱན་འདྲེན་པའི་ཕོ་ཉ་བྱུང་བ་ལ་ད་ལན་མི་འགྲོ་གསུང་ནས་ལོ་གསུམ་བཞུགས། དེར་བུ་སློབ་རྣམས་ལ་ང་མངོན་དགར་འགྲོ་བས་དེར་གསོལ་བ་ཐོབ་ཅིག་གསུང་ནས་ཞི་བར་གཤེགསསོ། །བརྒྱུད་པ་ལྔ་པ་རིན་པོ་ཆེ་རྨོག་ཅོག་པའི་ཞལ་ལས་འཁྲུངས་པའི་གདུང་འཛིན་པ་གྲུབ་ཐོབ་སྐྱེར་སྒང་པ་དྷརྨ་སེང་གེ་ནི། འཁྲུངས་ཡུལ་སྟོད་ལུངས་གནམ་པ། གདུང་རུས་འབལ། དགུང་ལོ་བཅུ་གཉིས་ནས་གཤིན་རྗེ་གཤེད་ལ་བསྙེན་པ་བསྐྱེལ། བཅུ་བདུན་ལ་ཁུ་བོ་འབལ་ཐམས་ཅད་མཁྱེན་པའི་དྲུང་དུ་རབ་ཏུ་བྱུང་ནས་ཆོས་མང་དུ་གསན། ལྷ་སར་ཆོས་འཁོར་བྱུང་བ་ཅིག་ལ་ཁུ་བོའི་ཕྱགས་ཕྱིར་ཕྱིན་པས་གྲྭ་པ་ཅིག་གིས་རྣམ་བཞག་བྱས་པའི་སྐལ་བ་དར་ཡུག་གསུམ། ཟངས་ཕྱེ་མར་དང་བཅས་པ་ཅིག་བྱུང་བ་ཁྱེར་ནས་བྲག་ལྷ་ཀླུ་ཕུག་གི་ཐང་དུ་ཉེ་འདོན་ལ་ཕྱིན་པས། རི་ངོས་དེ་ལ་སྤྱིལ་ཆུང་སྐྱ་ཁད་དེ་པ་ཞིག་མཐོང་ནས་ཕ་གི་ན་སུ་བཞུགས་བྱས་པས། འཕགས་པ་ལྕེ་སྒོམ་བྱ་བ་ཐུགས་རྗེ་ཆེན་པོའི་གྲུབ་ཐོབ་ཅིག་བཞུགས་ཟེར། མོས་པར་བྱུང་ནས་དངོས་པོ་རྣམས་ཕུལ། བླ་མས་འཕགས་པ་ཞལ་གཟིགས་པ་ཡིན་ལག་སམ་ཞུས་པས། ཐུགས་རྗེ་ཆེན་པོ་ཡིན་ནམ་ཆ་མེད། གྲིབ་ཀྱི་ཐད་ཀ་འདི་ན་ཚུར་སྐྱ་ཤར་ཤར་བ་ཅིག་གཏན་དུ་མཐོང་གི་འདུག་གསུང༌། འོ་ན་ཐུགས་རྗེ་ཆེན་པོ་ཞུ་དགོས་ཞུས་པས། ཐོག་མར་རིག་གཏད་ཀྱི་དབང་མ་མཛད། མར་ཁལ་གཉིས་ལ་མར་མེ་བྱས། གཉིས་ལ་ཙཱ་རུའི་སྟོན་མོ་བྱས་ཏེ་སྒྲུབ་ཐབས་ཚར་གསུམ་ཞུས་ནས། བླ་མས་ལོ་དུ་ལ་གཞལ་གཟིགས་ཞུས་པས། སྟོན་ཁ་བསོད་སྙོམས་རེ་བྱས། དེ་ནས་མཚམས་བཅད་ནས་བསྒྲུབས་པས་ལོ་ངོ་བརྒྱད་ལོན་ཙ་ན་གཙོ་འཁོར་གསུམ་པོ་ཞལ་གཟིགས། དེ་ནས་གཏན་དུ་ཞལ་མཐོང་བ་ཡིན་གསུང༌། དེ་ནས་དབོན་སྟོན་གྱིས་སྐྱེར་སྒང་དུ་མཚམས་བཅད་དེ་བསྒྲུབས་པས་ལོ་ཕྱེད་དང་བཞི་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་མཐོང༌། ཞར་ལ་སྔར་བཟླས་པ་བྱས་པའི་གཤིན་རྗེ་གཤེད་ཀྱི་ཞལ་ཡང་མཐོང༌། དེ་ནས་ཁུ་བོའི་སར་ཤོག་གསུང་ནས་བྱོན་པས། ཁྱོད་ཀྱིས་སྤྱན་རས་གཟིགས་དང་རྟ་མགྲིན་གཉིས་ཀྱི་ཞལ་མཐོང་འདུག །ང་ཁམས་པ་ལ་མཉན་མི་དགོས་སྒྲུབ་པ་ཁོ་ན་ཁེ་ཆེ། འདི་ཁྱེར་ལ་ལ་སྟོད་ན་རས་ཆུང་པའི་སློབ་མ་ཙ་རི་སྒོམ་པ་བྱ་བ་ཅིག་ཡོད་འདུག་པ་དེར་སོང་གསུང་ནས་གསེར་ཞོ་གང་དང༌། དར་ཡུག་དྲུག་རྣམས་གནང༌། དེ་བསྣམས་ནས་ལ་སྟོད་ལ་བྱོན་པས་ལ་ཁ་ཅིག་ཏུ་ཉི་མ་ཚ་ལ་སེར་བ་དྲག་པོ་ཅིག་བྱུང་བ་ལ་བརྟེན་ནས་གནས་ལུགས་ཀྱི་རྟོགས་པ་དེར་འཁྲུངས། དེ་ནས་ཙ་རི་སྒོམ་པའི་དྲུང་དུ་ཕྱིན་པ་ན། ཉེ་གནས་ཀྱིས་མདུན་བསུས། ཕྱག་བཙལ་བྱུང་བས། ཁྱེད་ང་ལ་ཕྱག་བྱེད་པ་ཅི་ཡིན་བྱས་པས། བླ་མའི་གསུང་གིས་དེ་རིང་གྲུབ་ཐོབ་ཅིག་འོང་བར་ཡོད་པས། དེ་ཐོང་གསུང་བ་དེ་ཁྱེད་ཡིན་པར་འདུག་གསུང་ནས་ཁྲིད་དེ་བླ་མའི་སྤྱན་སྔར་ཕྱིན། ཕྱག་འཚལ་དར་ཁ་གང་ཕུལ་ནས། རྒྱགས་རྩམ་མེད་པས་ཆོས་མྱུར་དུ་ཚར་བ་ཅིག་ཞུ་ཞུས་པས། གསེར་ཞོ་གང་དང་དར་ཡུག་དྲུག་ཟད་པ་ན་ཆོས་ཚར་བར་བྱ་གསུང༌། བླ་མ་ལ་རྫུན་དེ་ལས་ཟེར་མ་མྱོང༌། ལོ་གཉིས་ལ་རས་ཆུང་ལུགས་ཀྱི་དབང་དང་གདམས་པ་རྣམས་ཚར་བར་གནང་ངོ༌། །དེ་ནས་འུ་ཡུག་ཏུ་བླ་མ་སྤེན་ཕུག་བྱ་བ་ཇོ་བོ་རྗེའི་གསང་སྔགས་ཀྱི་གདམས་པ་རྫོགས་པར་མངའ་བ་དེ་ལ་ལོ་ལྔ་བསྟེན་ནས་གདམས་པ་རྣམས་ཚར་བར་ཞུས། དེར་རྨོག་ཅོག་པའི་སྙན་པ་གསན་པས་ཤངས་ཀྱི་ལ་རྩར་ཉལ་བའི་ཚེ། མི་ནག་པོ་རས་ཀྱི་ཨངྒ་རག་གྱོན་པ་ཅིག་བྱུང་ནས་ནང་པར་ལ་ལ་ཟླ་བོ་འོང་བར་ཡོད། ངས་ཁྱོད་ཀྱི་བྲན་བཞིན་དུ་བྱ། མི་སུ་ཐོད་ཐོད་ལ་མ་སྦྱིན་ཅིག་ཟེར་ནས་སོང༌། སང་ལ་ལ་གྲོགས་མང་པོ་དང་བཅས་ནས་ཕྱིན། ལྐུགས་ལུངས་སུ་བླ་མའི་སྤྱན་སྔར་མཇལ། བླ་མའི་ཞལ་ནས། མདང་མི་ནག་པོ་ཅིག་བསུར་བཏང་བྱུང་ངམ་གསུང། བྱུང་ལགས་ཞུས་པས། དེ་མགོན་པོ་ཡིན། ད་ཁྱོད་ཀྱི་བྲན་བཞིན་དུ་བྱེད་པར་འདུག་གསུང༌། དེར་གདམས་པ་རྣམས་ཁད་ཀྱི་ཁད་ཀྱིས་གནང༌། ཉམས་མྱོང་གི་རིམ་པ་ཤིན་ཏུ་སྟོབས་ཆེ། ལྷ་དང་གྲུབ་པ་ཐོབ་པའི་རྣལ་འབྱོར་པ་དང་མཇལ་བའང་བགྲངས་གིས་མི་ལང༌། བར་སྐབས་ཤིག་ཏུ་བླ་མའི་གསུང་གིས་གཞན་གྱི་ཆོས་སྒོ་ཕྱེ་གསུང་ནས་དབང་འགའ་མཛད་པས་ཉམས་མྱོང་འགྲིབས། མཚམས་བཅད་ཅིང་འབད་པས་བསྒོམས་པས་ཡང་སོར་ཆུད། རྩེ་གཅིག་པའི་སྒྲུབ་པ་ཁོ་ན་བྱ་དགོངས་ཡོད་པ་ན། འབལ་ཚད་མ་བ་གཤེགས་པའི་གདན་སར་འགྲོ་དགོས་ཟེར་ནས་རྟ་བ་སུམ་བརྒྱ་ཙམ་གྱི་གདན་འདྲེན་མི་བྱུང༌། ང་རྩེ་གཅིག་པའི་སྒྲུབ་པ་བྱེད་མི་འགྲོ་བྱས་པ་ལ། བླ་མའི་བཀའ་གནང་ནས་སྐྱེར་སྒང་དུ་བྱོན། གདན་ས་མཛད་སྐུ་འབུམ་ཡང་བརྩིགས། དགོན་པ་ལ་ལྕགས་རི་ཅིག་བྱ་བསམ་ནས་ས་རྡོ་སྤུངས་པ་ན་གཞན་གྱིས་བྱེད་དུ་མ་སྟེར། དེར་ཆོས་སྐྱོང་བྲན་བཞིན་དུ་བྱེད་ཟེར་བ་ལ་ལྕགས་རི་རྩིག་དབང་མ་བྱུང་གསུངས་པས། དེ་ནུབ་རང་ལྕགས་རི་བཅོག་པའི་མི་ཚང་འགའ་ཤི་ནས་བབས་བྱེད་དུ་བྱུང༌། ཐུགས་འགྱོད་ནས་དེ་རྣམས་ཀྱི་བདུན་ཚིགས་ཀྱང་མཛད། དེ་ནས་འབལ་གྱི་དུས་མཆོད་ཀྱི་ཚེ་མ་གཏོགས་སྐུ་མཚམས་དམ་པར་བསྡམས། ཐུགས་དམ་མཛད་པས་གཞན་དོན་གྱི་མཐུ་རྒྱས་ཏེ། འགའ་དང་རྒྱའི་རྒྱལ་པོའི་འབུལ་བ་ཚན་ཆེ་བས་སླེབ། བླ་མའི་གདན་སར་འབུལ་བ་ཆེ་བ་ཅིག་སྐྱེལ་དགོངས་པ་ལ་གྲྭ་པ་རྣམས་ཀྱིས་འབལ་ཐམས་ཅད་མཁྱེན་པའི་གྲྭ་ས་ནས་གཞན་དུ་འབུལ་བ་གཏོང་བ་མི་འཐད་ཟེར་ནས། འབུལ་སྐྱེལ་ལ་མི་གཅིག་ཀྱང་མི་འགྲོ་བའི་ཁྲིམས་བྱས། དེར་ཆོས་སྐྱོང་གིས་འཕན་ཡུལ་པའི་ཚོང་པར་བརྫུས་ཏེ་བླ་མ་འབུལ་བ་དང་བཅས་པ་ལྐུགས་ལུངས་མཐོང་སར་བསྐྱལ། ད་ངེད་རྣམས་དུར་ཁྲོ་མུན་པ་མི་བཟད་པར་དྷ་ན་སཾ་སྐྲྀ་ཏའི་ཚོགས་འཁོར་ལ་འགྲོ་ཟེར་ནས་མི་སྣང་བར་སོང༌། དེ་ལྟར་མངོན་པར་ཤེས་པས་གཞན་དབང་བསྐུར་བ་ལ་སོགས་པའི་བྱ་བ་བྱེད་པ་ན་ཇི་ལྟར་འདུག་མངོན་སུམ་དུ་མཁྱེན་པ་དང༌། སློབ་མའི་སེམས་ཀྱི་རྣམ་པར་རྟོག་པ་ཕྲ་རགས་ཐམས་ཅད་མཁྱེན་པ་ལ་སོགས་པའི་སྒོ་ནས་གཞན་གྱི་དོན་རླབས་པོ་ཆེ་མཛད་དེ། དགུང་ལོ་བདུན་ཅུ་རྩ་གསུམ་ལ་ཞི་བར་གཤེགསསོ། །བརྒྱུད་པ་དྲུག་པ་སངས་རྒྱས་གཉན་སྟོན་ཆོས་ཀྱི་ཤེས་རབ་ཅེས་བྱ་བ། སྐྱེར་སྒང་པའི་ཐུགས་ཀྱི་སྲས་སུ་འཁྲུངས་པ་དེ་ནི། འཁྲུངས་ཡུལ་ཡོལ་གྱི་མདའ། གདུང་རུས་གཉན། འཁོར་བ་མཐའ་དག་ལ་སྐྱོ་བ་སྐྱེས། ལོངས་སྤྱོད་ལ་ཞེན་པ་སྤངས། ད་ལན་གྱི་དལ་འབྱོར་འདིས་ཐར་པ་ཐོབ་པར་བྱ་སྙམ་ནས། དགུང་ལོ་བཅུ་གཅིག་ལ་གུང་བུ་མཁར་དུ་སློབ་དཔོན་སྟོན་ཡེས་ལ་ཆོས་སྒོར་ཞུགས། བཅུ་བདུན་ལ་མཁན་པོ་བྱང་ཆུབ་སེམས་དཔའ་ལ་དགེ་ཚུལ། ཉི་ཤུ་ལ་མཁན་པོ་བཟོད་པ་ལ་བསྙེན་རྫོགས་མཛད་ནས་མཁན་པོ་དང་མཁན་ཕྱར་གཉིས་ལ་འདུལ་བ་དང་ཤེར་ཕྱོགས་ལ་སོགས་གསན། སློབ་དཔོན་གཡེ་ལ་ཚད་མ་རྣམ་ངེས་ལ་སོགས། དབུ་མ། བསླབ་བཏུས། སྤྱོད་འཇུག་སོགས་གསན། བླ་མ་གྲགས་པ་རྒྱལ་མཚན་ལ་རྒྱུད་གདམས་ངག་དང་བཅས་པ། ཞི་བྱེད། ཕག་མོ་ཆོས་དྲུག །ཁ་རག་སྐོར་གསུམ། ནཱ་རོ་ཆོས་དྲུག །སོ་ཆུང་པའི་གདམས་པ་རྣམས་ཞུས། དེ་ནས་གོང་བུ་མཁར་དུ་ཐོས་པ་མང་པོ་སྟབས་སུ་བྱས་པའི་མཆེད་གྲོགས་ལ་སྟོད་འཁྱམས་པོ་བྱ་བ་ཡོད་པ་དེ་ན་རེ། ཐོས་པའང་དེ་ཙམ་ཡིན། ཤེས་བྱའི་མཐའ་ལ་ཆོད་རྒྱུ་མེད་པས་སྨིག་རྒྱུ་འདྲ། ད་སྒྲུབ་པ་ཅིག་ཉམས་སུ་ལེན་པ་ཁྱད་ཆེ་བས་ངས་དབུས་གཙང་ཁམས་གསུམ་དུ་ཕྱིན་ནས་བླ་མའང་མང་དུ་བཙལ། ཁྱད་པར་དུ་ཆོས་རྗེ་འབྲི་ཁུང་པ་དང༌། སྐྱེར་སྒང་པ་དང༌། མདོ་པོ་བ། ས་སྐྱ་པ་རྣམས་བསྟེན་པ་ཡིན་ཏེ། གང་བྱས་ཀྱང་བསྒོམས་པའི་ཡོན་ཏན་ལ་ཆེ་བ་འཚུར་ཕུ་ན་བླ་མ་སྐྱེར་སྒང་པ་བྱ་བ་སངས་རྒྱས་དངོས་ཤིག་བཞུགས་ཤིང་འདུག་པས་དེར་འདོད། ངས་ཀྱང་ཨེན་ཅིག་བསྡད་པས་སྒྱུ་ལུས་ཀྱི་དལ་སྦྱོར་འཕེལ་པོ་བྱུང་ཟེར་ནས། རྣམ་ཐར་ཐོས་པ་ཙམ་གྱིས་གདུང་བའི་མཆི་མ་ཁྲག་ལྟར་ཟགས། མོས་གུས་ཚད་མེད་པ་སྐྱེས་ནས་མྱུར་དུ་མཇལ་བའི་སྨོན་ལམ་དང་གསོལ་བ་དྲག་ཏུ་བཏབ། དེ་ནས་སྟོན་གསན་པའི་དཔྱིད་དེ་ལས་མཐོན། མཇལ་མ་ཐག་ཏུ་བླ་མའི་ཞལ་ནས། ཁ་ནིང་སྟོན་ཀ་རི་སྤོ་ཏོ་ཅིག་གི་སྟེང་གི་ཁང་པའི་ནང་ནས་ནམ་སྲོད་ལ་ཇ་སྐོལ། མ་མཁལ་སྐྱ་ཕྱད་དེ་ང་ལ་གསོལ་བ་དྲག་ཏུ་འདེབས་པ་དེ་ཁྱེད་དུ་འདུག །སང་འོང་གནངས་འོང་ལ་དེ་ལས་མི་ཐོན་པ་ཅི་ཡིན་གསུང༌། དེ་བྲེལ་བ་ཅིག་གིས་མ་ཐོན་པ་ལགས། ང་བླ་མའི་གདམས་ངག་མ་ལུས་པ་ཅིག་ཞུ་དགོས་ཞུས་པས། སྤྱིར་བླ་མ་ཤངས་པའི་ཆོས་འདི་བཀའ་དོག་པར་ཡོད་དེ། ཁྱོད་ལ་ཆིག་བརྒྱུད་རྣམས་མ་ལུས་པར་ཚར་བ་ཅིག་བྱ་གསུང་ནས། དབང་དང་གདམས་པ་རྣམས་གནང་ནས་བསྒོམས་པ་ཉམས་མྱོང་ཡང་བླ་མ་དང་འདྲ་བར་སྐྱེས། གེགས་སེལ་མཁན་ཡང་ལུང་བསྟན། ལན་ཅིག་གི་ཚེ། བླ་མའི་གསུང་བཞིན་བསྒོམས་པས་སུ་ཁ་སིདྡྷི་དང་མཇལ་ནས། རིག་པ་རྟེན་མེད་དུ་ཞོག་དང་རྣལ་འབྱོར་པ། །ཞེས་ལན་གསུམ་གསུངས་པས་གནས་ལུགས་ཀྱི་རྟོགས་པ་ཁྱད་པར་ཅན་འཁྲུངས། ལན་ཅིག་གི་ཚེ་བླ་མས་དགོན་གནས་དང་མིང་དང་འཁོར་ཁྱད་པར་ཅན་བཅུ་འབྱུང་བའི་ལུང་བསྟན་མཛད། ཆོས་ཚང་བར་མ་བྱིན་རིའི་དབུ་སྙུང་ཡང་བཞེས། ཁྱོད་ཀྱིས་གཞན་ལ་ཆོས་སྟོན་པ་ན་ཧྲུལ་པོའི་གོས་གྱོན། ཁ་ཟད་ངེས་མེད་ཟོ། ཆོས་འཆད་པའི་སྔོན་དུ་སེམས་བསྐྱེད་དང་མཐར་བསྔོ་བ་བྱེད་པ་ཡང་ཞོག་གསུང༌། ཆོས་རྣམས་ལ་ཟིན་བྲིས་ངང་ཞུ་ཏི་ཀྱང་ལེགས་པར་མཛད། ང་རང་བས་གདམས་ངག་ཆེ་བ་མེད་སྙམ་པའང་བྱུང༌། སྐྱེར་སྒང་དུ་དབྱར་དགུན་བཅུ་གསུམ་བཞུགས། དེ་ནས་འབྲི་ཁུང་དང་བླ་མ་གཙང་པ་ཅན་དུ་བྱོན་ནས་གདམས་པ་ཞུས་ཀྱང་གེགས་དེ་མ་སོལ། དེ་ནས་ཤུག་ལུང་སྤང་ཁར་ཡང་ན་སངས་རྒྱ་བ་ཅིག་དང༌། ཡང་ན་ཤི་བ་ཅིག་བྱ་སྙམ་ནས་ལོ་གསུམ་མཚམས་བསྡམས་པའི་ཚེ་རྣལ་འབྱོར་པ་ཅིག་བླ་མ་དུར་ཁྲོད་ནག་པོས་ཁྱོད་ལ་ཆོས་སྐྱེལ་དུ་བཏང་བ་ཡིན་གསུང་ནས། འཆི་མེད་གནང་ནས་ཟླ་བ་བདུན་བཞུགས། འཆི་མེད་གནང་བ་ཙམ་གྱིས་གེགས་སོལ། ཁོང་ལྷ་ས་འཁོར་ནས་ཕྱིར་བྱོན་དུས་གསེར་དངུལ་དར་ཟབ་ལ་སོགས་པའི་འབུལ་བ་མང་པོ་བྱས་པས། ང་ལ་ལོངས་སྤྱོད་ཀྱི་དགོས་པ་མེད། ཁྱོད་ལ་ཆོས་སྒོས་སྐྱེལ་དུ་འོངས་པ་ཡིན་ཟེར་ནས་བཞུད། དེ་ནས་རི་གོང་གི་དགོན་པ་བཏབ། སངས་རྒྱས་ཀྱི་ཞིང་མང་པོ་དང་ལྕང་ལོ་ཅན་ལ་སོགས་པར་བྱོན་པ་དང༌། སུ་ཁ་སིདྡྷི་ལ་སོགས་པའི་མཁའ་འགྲོ་མ་མང་པོ་དང་མཇལ་ཞིང་གཏམ་གླེང་བ་དང༌། གྲུབ་ཐོབ་བརྒྱད་ཅུ་ལ་སོགས་པ་མང་པོ་དང་མཇལ་བ་དང༌། སྐུ་ལུས་ཀྱི་སྟེང་དུ་ཐོག་ལྷུང་ཡང་ཅུང་ཟད་ཀྱང་མ་གནོད་པ་དང༌། ཆོས་སྐྱོང་རྣམས་མ་རྦད་ཀྱང་མི་མཐུན་པ་རྣམས་ཚར་གཅོད་པ་དང།་ སློབ་མ་རྣམས་ལ་ཆོས་མང་དུ་བསྟན་ཞིང་ང་དང་ཕྲད་པས་ཆོག་པའི་ཞལ་བཞེས་ཀྱང་མཛད། དུས་དེའི་བསྟན་པའི་བདག་པོར་ཡང་གྱུར་པ་ཡིན་ནོ། །བརྒྱུད་པ་བདུན་པ་སངས་རྒྱས་སྟོན་པ་ཞེས་གྲགས་པ་སངས་རྒྱས་གཉན་སྟོན་གྱི་རྒྱལ་ཚབ་ཏུ་གྱུར་པ་དེ་ནི། སིལ་མར་བོན་པོ་ཡང་ང་ལ་དཀར་པོའི་རིགས་སུ་ཡོས་ཀྱི་ལོ་ལ་འཁྲུངས། བསམ་ཤེས་ནས་ཆོས་ལ་མོས། བརྒྱད་པ་ལ་འབྲི་ཀློག་ལེགས་པར་མཁྱེན། ལོ་བཅུའི་དུས་སུ་གང་བཟང་ནས་མ་གཅིག་སྤྲུལ་སྐུ་ལས་གཅོད་ཀྱི་ཆིག་བརྒྱུད་རྣམས་གསན། བྱིས་པའི་དུས་ནས་ཡིད་སྐྱོ་ཤས་དྲག་པོས་ཉིན་མཚན་དུ་བསྐོར་བ་ལ་སོགས་པའི་དགེ་བ་ལ་འབད། བཅུ་གསུམ་ལ་བླ་མ་ཙ་རི་རས་པའི་སར་རབ་ཏུ་བྱུང། ཁྱོད་ཀྱིས་སེམས་ཅན་ལ་ཕན་ཐོགས་པར་འོང༌། ཆོས་ལ་བརྩོན་པ་ཅིག་འོང་བར་འདུག་པས་མཚན་བརྩོན་འགྲུས་སེང་གེར་ཐོགས་གསུང་ནས། བླ་མ་བསྟེན་ལོང་ཙམ་མེད་པར་སྐུ་འདས། དེ་ནས་སློབ་དཔོན་སྲེགས་ལ་ཆོས་མང་དུ་གསན། ལོ་བཅུ་བདུན་ལ་བཤད་པ་བྱས་པས་ཆོས་མགོའང་ཐོན། དེ་ནས་སུམ་སྟོན་རས་པ་ལ་གཅོད་སྐོར་རྒྱས་པར་ཞུས། འབུལ་བས་ཀྱང་མཉེས་པར་བྱས། ཁྱོད་ལ་བརྟེན་ནས་གཅོད་འདི་རྒྱ་ཆེན་པོར་མཆེད་འགྲོ་ཟེར་བའི་ལུང་བསྟན་ཡང་མཛད། བླ་མ་དབུ་མ་པ་ལ་དགྱེས་རྡོར་སོགས་ཞུས། བཟང་ཡུལ་བ་གྲུབ་ཐོབ་ཡིན་ཟེར་ནས་ཚེ་དཔག་མེད་ཀྱི་དབང་ཞག་བདུན་ཞུས་པས། ཁྱོད་སྟོན་འཆི་བར་འདུག་པ་ལ་དབང་བསྐུར་འདིས་ཚེ་བསྲིངས་ནས་འདུག །སྟོན་ལོ་ཐོག་སེར་ཆིལ་བྱུང་ཙ་ན། ང་ད་རེས་མ་ཤི་བ་དེ་ཁ་རྗེ་ཆེ་སྙམ་པ་ཅིང་འོང་བར་འདུག །ང་དང་ཚེ་དཔག་མེད་གཉིས་ཀྱི་བྱིན་བརླབས་ཀྱིས་ཚེ་བསྲིངས་པ་ཡིན། ད་ལོ་སུམ་ཅུ་མ་ལོན་བར་དུ་མི་ལ་མ་བསྟན། དེའི་རྗེས་ལ་ཚེ་དཔག་མེད་ཀྱིས་སེམས་ཅན་ལ་ཕན་ཐོགས་པར་འདུག་གི། ལོ་བཅུ་དགུ་ལ་བསྙེན་རྫོགས་ཤིག་ཅིས་ཀྱང་གྱིས་གསུང༌། བླ་མ་སྤང་པོ་པ་ལ་ཞང་འཚལ་པའི་ཆོས་སྐོར་སོགས་ཞུས། དགུང་ལོ་བཅུ་དགུ་པ་ལ་མཁན་པོ་ཆོས་རྒྱལ་ཅན་དུ་བསྙེན་པར་རྫོགས། བླ་མ་གླང་ཕུག་པ། སློབ་དཔོན་ཚོགས་སྟོན་ཤཱཀ།བླ་མ་ཁྲོ་ཕུ་བ། བླ་མ་ས་སྐྱ་པ། སློབ་དཔོན་གཙང་པ། སློབ་དཔོན་ཇོ་སྟོན། སློབ་དཔོན་གྲུབ་ཐོབ། མཁར་རྒྱབ་པ། སློབ་དཔོན་ཇོ་རྒྱལ། ཁམས་སྟོན་རྣམས་ལ་ཆོས་གསན། ད་བླ་མ་གྲུབ་ཐོབ་ཅིག་བཙལ་ལ་སྒྲུབ་པ་བྱ་དགོས་སྙམ་ནས་འདུན་པ་ཡོད་པ། བླ་མ་རྔོག་སྟོན་བྱ་བའི་མཁས་པ་ཆེན་པོ། ས་ལོ་དང་ཁྲོ་ལོ་བས་ང་མཁས་ཤིང་བཙུན་ཟེར་བ་ཅིག་ཡོད་པ་དེའི་ཐད་དུ་བྱོན། ཁོང་དང་ལྷན་ཅིག་གཟིམས་པས། ནམ་ལ་རྗེ་བཙུན་མ་སྒྲོལ་མ་ངན་སོང་གི་འཇིགས་པ་ལས་སྐྱོབས་ཤིག་བྱ་བའི་སྐད་ཆེན་པོ་བྱུང༌། ཅི་བྱུང་བ་ལགས་ཞུས་པས། གཏིང་རིང་ལ་མུན་པ་གནག་པའི་དོང་གསུམ་བསྒྲིགས་འདུག་པ་དེར་ང་ལྷུང་ལ་ཁད་བྱུང༌། ཅི་ཡིན་དྲིས་པས་འདི་ངན་སོང་གསུམ་གྱི་དོང་ཡིན་ཟེར་བས་བྲེད་ནས་སྐད་ཤོར་བ་ཡིན། ང་བླ་མ་གྲུབ་ཐོབ་ཅིག་གི་སར་འགྲོ་དགོས་འདུག་པ་ལ། ཡོལ་ཕུ་ན་རི་གོང་བ་བྱ་བ་སྒྱུ་ལུས་རྨི་ལམ་འབྱོངས་པ། མངོན་ཤེས་དང་ལྡན་པ་ཡི་དམ་མང་པོ་ཞལ་མཐོང་བ། སྦས་པའི་རྣལ་འབྱོར་པ་གྲུབ་ཐོབ་ཆེན་པོ་ཅིག་ཡོད་ཟེར་བས། དེའི་ཐད་དུ་ཅིས་ཀྱང་འགྲོ་བའི་འདུན་པ་བྱུང་བ་ལ། ལོ་གསུམ་དུ་མ་ཐོན། དེའི་བར་དུ་སློབ་དཔོན་རྔོག་སྟོན་གྲོངས། དེ་ནས་མཇལ་དུ་བྱོན་པའི་ཚེ་ཐོ་རངས་ཉེ་གནས་བླ་མ་ཀོང་པོ་བ་བྱ་བ་ལ། དེ་རིང་རབ་གྲོང་ནས་སྒོམ་ཆེན་ཅིག་ང་དང་མཇལ་དུ་འོང་བར་འདུག །གདམས་ངག་གི་བདག་པོའང་བྱེད་པར་འདུག །ངའི་གདམས་ངག་གིས་ཨུ་རྒྱན་དང་ཛ་ལནྡྷ་ར་ཚུན་ཆོད། ཕྱིའི་རྒྱ་མཚོའི་འགྲམ་ཡན་ཆད་དུ་ཆོས་ཀྱི་ཁྱབ་འགྲོ་བར་འདུག །ད་ནང་མཁའ་འགྲོ་ཆོས་སྐྱོང་རྣམས་བསུ་རུ་སོང༌། ད་ཁྱོད་ཀྱིས་མཆོད་ཁང་ཕྱག་དར་གྱིས་ཁོང་གཙང་སྦྲ་ལ་མོས་པ་ཅིག་འདུག་གསུང༌། ཕྱག་དར་དང་མཆོད་པ་བཤམས་ཟིན་པ་དང༌། ད་གསེར་གཅིག་མའི་ན་ཁ་ན་གྲོ་ཟ་ཞིང་འདུག་བསུར་རྒྱུག་གསུང་ནས་ནའི་སྒང་ཁར་བླ་མ་ཀོང་པོ་བ་བྱོན། དེ་ནས་ཡང་དགོན་དུ་སླེབ་མ་ཐག་བླ་མའི་ཞལ་ནས་ཁྱོད་སང་འོང་གནངས་འོང་ལ་ལོ་གསུམ་མ་ཐོན། དེའི་བར་དུ་ང་དང་མཇལ་བའི་ལུང་བསྟན་བྱེད་པའི་སློབ་དཔོན་རྔོག་སྟོན་དང༌། གཞུ་པ་ནག་པོ་གཉིས་ཀྱང་གྲོངས་གསུང༌། བླ་མ་འདི་ལ་མངོན་ཤེས་ལ་ཐོགས་པ་མི་འདུག་སྙམ་བྱུང་བ་དང༌། ཡང་བླ་མའི་ཞལ་ནས་ཁྱོད་ང་ལ་ཅི་ལ་མོས་ནས་ཡོང་བ་ཡིན་གསུང༌། སྒྱུ་ལུས་རྨི་ལམ་འབྱོངས། འོད་གསལ་མངོན་དུ་གྱུར། ཡི་དམ་མང་པོའི་ཞལ་གཟིགས་ཆོས་སྐྱོང་བྲན་བཞིན་དུ་ཉན་ཟེར་བ་ཐོས་ནས་མཇལ་དུ་འོངས་པ་ལགས། བླ་མ་ཤངས་པའི་གདམངས་ངག་ཞུ་འཚལ་ཞུས་པས། དབང་དང་གདམས་ངག་རྣམས་རིམ་གྱིས་ཉམས་ལེན་བསྲེས་ཏེ་གནང་ཞིང་བསྒོམས་པའི་ཡོན་ཏན་དང༌། མི་དང་མི་མ་ཡིན་པའི་དོན་ཆེན་པོ་མཛད་པ་རྣམས་ངོ་མཚར་ཞིང་གྲངས་མང་བ་ཡོད་དོ། །སྐུ་ཚེའི་སྨད་ལ་ལུང་བསྟན་གྱི་རིམ་པ་མང་པོ་གསུངས། ཁྱད་པར་དུ་དག་པའི་ཞིང་དུ་འགྲོ་ངེས་ཀྱི་སློབ་མ་བརྒྱ་རྩ་བརྒྱད་འབྱུང་བར་ལུང་བསྟན། དགུང་ལོ་བདུན་ཅུ་རྩ་གཉིས་ལ་རི་གོང་ཉིད་དུ་འདའ་བའི་ཚུལ་བསྟན། སྤུར་སྦྱངས་པས་རྟེན་མང་དུ་བྱོན་པ་ནང་རྟེན་དང་གསེར་འབུམ་དུ་བཞུགས་ནས་འགྲོ་བ་ཀུན་གྱི་མཆོད་གནས་སུ་མཛད་དོ། །དེ་ཡན་ཆོད་ཀྱིས་ཆིག་བརྒྱུད་ཀྱི་རིམ་པ་རྫོགས་ཏེ། ཡན་ལག་དང་དུམ་བུ་རེ་རེས་གྲོལ་བར་མཛད་པ་ནི་བསམ་གྱིས་མི་ཁྱབ་བོ། །བླ་མ་འདི་རྣམས་ཀྱི་དགུང་ལོའི་གྲངས་དུས་ཇི་ཙམ་ཡིན་པའི་ཟླ་བ་དང་ཚེས་གྲངས་སོགས་གསལ་པོ་ངེས་པར་དཀའ་ཡང༌། རྨོག་ཅོག་པ་ནི། དཔལ་ཕག་མོ་གྲུ་པ་དང་དུས་མཚུངས། སྐྱེར་སྒང་པ་ནི་རྗེ་འབྲི་ཁུང་པ་དང་དུས་མཚུངས། སངས་རྒྱས་གཉན་སྟོན་ནི་རྗེ་སྤྱན་སྔ་དང་དུས་མཚུངས། སངས་རྒྱས་སྟོན་པ་ནི་ཡང་དགོན་པ་དང་དུས་མཚུངསསོ། །སངས་རྒྱས་སྟོན་པའི་སྤུར་སྦྱོང་དང་སྟོན་མོ་སང་བྱེད་པའི་དེ་རིང་སྟོན་པ་ཉིད་བླ་མ་ཨའི་སར་བྱོན་ནས། ད་རིང་གིས་རྟེན་འབྲེལ་སྒྲིགས་ཡོང་པས་སང་ཁྲོམ་འཇམ་པོ་འོང་ཞེས་ལུང་བསྟན། བླ་མ་ཨ་སེང་དེ་ནི་རུ་མཚམས་ལུག་ར་ཁར་སྐྱེས་པའི་སྔགས་པ་གདུང་རུས་གཞུར་ཡིན་པ། གསང་སྔགས་རྙིང་མའི་རྒྱུད་དང་ཕྱག་ལེན་གྱི་ཡོན་ཏན་ཆེན་པོ་དང་ལྡན་པ། སངས་རྒྱས་སྟོན་པ་ལས་གདམས་པ་ཐོབ་པས་སྒྱུ་ལུས་འོད་གསལ་ལ་དབང་དུ་གྱུར་པ་ཞིག་གོ། སངས་རྒྱས་སྟོན་པའི་སློབ་མ་མཁས་གྲུབ་ཤངས་སྟོན་ཞེས་གྲགས་པ་དེ་ནི། ཡུལ་ཁོང་རྐྱང་ཡང་ཁང༌། ཡབ་དཔོན་པོ་དཀོན་མཆོག་བཟང༌། ཡུམ་ཇོ་དགེ་གཉིས་ཀྱི་སྲས་སུ་ཤིང་ཕོ་རྟ་ལ་འཁྲུངས། བྱིས་པའི་དུས་ནས་འཇིག་རྟེན་ལ་སྐྱོ་ཤས་ཆེ། བརྒྱད་དགུ་ལ་འབྲི་ཀློག་མཁྱེན། བཅུ་གསུམ་པ་ལ་ཉི་ཐོག་པས་མཁན་པོ། སློབ་དཔོན་ཚུལ་ཤེས་མཛད་ནས་དགེ་ཚུལ་མཛད་མཚན་ཚུལ་ཁྲིམས་མགོན་པོར་གསོལ། སློབ་དཔོན་དང་སློབ་དཔོན་ཤཱཀྱ་འབུམ་ལ་ཕར་ཕྱིན་དང་སྤྱོད་འཇུག་བསླབས་ནས་བཅོ་བརྒྱད་ལ་དེ་ཉིད་ཀྱི་བཤད་གསར་མཛད། སློབ་དཔོན་གྱི་གསུང་གིས། ཁྱོད་ཀྱིས་ཚད་མ་གོ་བ་ཅིག་འོང་བར་འདུག །འདི་གཟུང་གསུང་ནས་རྣམ་ངེས་ཀྱི་གཞུང་གཏད། སློབ་དཔོན་གྱིས་ཕྲེང་དང་པོ་དེ་བཤད་པས་ཤོག་ལོགས་དང་པོའི་ལྷག་མ་ཐམས་ཅད་གོ། །ཚད་མ་མཁས་ཤིང་སྟོན་པ་བཟང་པོར་གྲགས། གཞན་ཡང་བྱམས་ཆོས་ལྔ། ས་སྡེ། ཚད་མ་སྡེ་བདུན། དབུ་མ་རིགས་ཚོགས། བསླབ་བཏུས་རྣམས་དང༌། གསང་སྔགས་ཀྱང་མང་པོ་གསན། བླ་མ་ས་སྟོན་ལྷ་རིན་ལ་གསང་སྔགས་ཀྱི་རྒྱུད་སྒྲུབ་ཐབས་མང་བར་གསན། གཡའ་ལུང་དགོན་གསར་བའི་མཁན་པོ་ལ་བཀའ་གདམས། མདོ་པོར་ཀརྨ་པ་ལ་ཁོང་གི་ཟབ་ཆོས་རྣམས་གསན་ཏེ་མཁས་པའི་ཕུལ་དུ་ཕྱིན། འཇིག་རྟེན་ལ་ཆགས་པས་ཡུལ་གཞིས་ཐམས་ཅད་བཙོངས་ནས་ཕ་མའི་ཕྱོགས་སུ་འགྱེད་ལན་བཅུ་གཅིག་མཛད། སངས་རྒྱས་སྟོན་པའི་སྙན་པ་གསན་པ་ཙམ་གྱིས་མོས་པ་ཐོབ་སྟེ་རི་གོང་དུ་བྱོན་ནས་གདམས་པ་ཞུས་པས་སྣོད་ལྡན་དུ་དགོངས་ཏེ། ནི་གུའི་སྐོར་མ་ལུས་པར་གནང༌། ཉམས་མྱོང་གིས་ཀྱང་བླ་མ་དགྱེས་ཏེ། ང་བས་ཁྱོད་སྐྱེ་ཚུལ་བཟང་གསུང་ནས་བསྔགས་པ་གནང༌། གཞུ་བྲག་དམར་པའི་བླ་མ་དཀོན་སྐྱབས་རི་གོང་དུ་བྱོན་པ་ལ་སྙིང་ཐིག་གསན་པ་ལྟ་སྟངས་མཛད་པ་ཙམ་གྱིས་ཆོས་ཉིད་མངོན་སུམ་གྱི་སྣང་བ་རྒྱ་ཆེན་པོ་ཤར། དེ་ནས་ཙ་རིར་སྒྲུབ་པ་མཛད་ནས་སློངས་མང་པོ་བྱུང༌། རྒན་མོ་ལྷས་པའི་བླ་མ་ཁམས་པ་ལ་ལམ་འབྲས་གསན་ཞིང་གེགས་སེལ་ཞུས་པས་གེགས་རྣམས་སོལ། དེ་ནས་འཇག་ཏུ་བཞུགས་ནས་གཞན་གྱི་དོན་རྒྱ་ཆེན་པོ་མཛད། སློབ་མ་རྟོགས་ལྡན་ཡང་མང་དུ་བྱུང་སྟེ། བདུན་ཅུ་རྩ་དྲུག་པ་ས་མོ་བྱའི་ཟླ་བ་ལྔ་པའི་ཚེ་བཅོ་ལྔ་ལ་འདིའི་སྣང་བ་བརྟུལ་ཏེ་སངས་རྒྱས་སྟོན་པའི་རྗེས་སུ་བསྙེགསསོ། །དེའི་སློབ་མ་འཇག་པ་རྒྱལ་མཚན་འབུམ་ནི། ཤངས་སྟོན་གྱི་ཉི་ཤུ་རྩ་བརྒྱད་པ་ལྕགས་མོ་བྱ་ལ་འཁྲུངས། བདུན་ཅུ་རྩ་བཞི་པ་ཤིང་ཕོ་ཁྱི་ལ་གཤེགས། འདིས་ཤངས་སྟོན་ལ་གདམས་པ་ཐོབ་ནས་ཏིང་ངེ་འཛིན་བཟང་པོ་བརྙེས་ཏེ་འགྲོ་བའི་དོན་མཛད་ཅིང་སྙན་གྲགས་ཀྱང་ཆེའོ། །དེའི་དབོན་པོ་བྱམས་པ་དཔལ་ནི། ཁུ་བོ་ཆོས་རྗེ་རྒྱལ་མཚན་འབུམ་པའི་ལྔ་བཅུ་པ་ལྕགས་ཕོ་ཁྱི་ལ་འཁྲུངས། དེ་ཤངས་སྟོན་གཤེགས་པའི་ཕྱི་ལོ་ཡིན། ནི་གུའི་ཐུགས་དམ་གྱི་རྩལ་ཆེ། མི་ཆེན་རྣམས་ཀྱིས་ཀྱང་ཞབས་ལ་བཏུད། གཞན་གྱི་དོན་ཡུན་རིང་དུ་མཛད་ནས་བརྒྱད་ཅུ་རྩ་གཉིས་པ་ལྕགས་མོ་ལུག་ལ་གཤེགས་ཏེ། འདི་ཆོས་རྗེ་འབའ་རབ་དང་འཁྲུངས་ལོ་གཤེགས་ལོ་གཉིས་ཀ་གཅིག་གོ །འཇག་པའི་སློབ་མ་གྲུབ་ཐོབ་ཆོས་འབྱུང་རིན་ཆེན་ནི། འབྲེ་ཤེས་རབ་འབར་གྱིས་བྱིན་གྱིས་རླབས་པའི་གནས་ཤོང་ཡུར་དུ། ཡབ་དཔོན་ཡིག་གཞོན་ནུ་རིན་ཆེན། ཡུམ་བསོད་ནམས་དཔལ་གཉིས་ཀྱི་སྲས་སུ་ལྕགས་མོ་ཡོས་ལ་འཁྲུངས། ཆུང་ངུ་ནས་འབྲི་ཀློག་ལ་ཚེགས་མེད་དེ། དབུ་ཅན་དབུ་མེད་ཐམས་ཅད་མཁྱེན། བཅུ་གཉིས་པ་ལ་མཁན་པོ་རིན་ཆེན་བསམ་གཏན་དཔལ་བཟང་དང༌། སློབ་དཔོན་ཤོང་སྟོན་རབ་བརྟན་ལས་རབ་ཏུ་བྱུང༌། ཕར་ཕྱིན་བསླབས་ནས་གནས་རྙིང་དུ་བཤད་གསར་མཛད་ཅིང༌། ཆོས་འཆད་ཀྱང་མཛད། དགུང་ལོ་སོ་གཉིས་ལ་མཁན་པོ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོ། སློབ་དཔོན་ལེགས་མཆོག་པ། གསང་སྟོན་བཀའ་བཞི་པ་རིན་ཆེན་རྡོ་རྗེས་མཛད་དེ་བསྙེན་པར་རྫོགས། སྤྱིར་ཡུལ་དུ་བཞུགས་དུས་ནས་མགོན་པོ་རྒྱན་ཅན་གྱི་སྐུ་ཡང་གཟིགས། གནས་ལུགས་ཀྱི་རྟོགས་པ་ཡང་ཤར་ཁྱུང་པོའི་རྣམ་ཐར་གཟིས་པས་དེ་ནུབ་ནས་མནལ་ལམ་རྩོལ་མེད་དུ་ཟིན། སོ་བརྒྱད་པ་ལ་སྔ་སོར་ཞུ་ཡིག་ཅིག་བཏང་ནས་འཇག་ཆེན་བྱམས་པ་དཔལ་བ་ལ་མཇལ། གདམས་པ་མ་ལུས་པར་ཞུས། རྒྱབ་སྐྱོར་གྱི་ལུང་རྣམས་སློབ་དཔོན་དཔལ་བཟང་པ་ལ་ཞུས་ཏེ། ཕྱིས་གནས་རྙིང་དང་ཡོལ་དུ་བཞུགས། ཕལ་ཆེར་སྐུ་མཚམས་མཛད། ལྔ་བཅུ་རྩ་བརྒྱད་པ་ས་ཕོ་བྱི་བའི་ལོ་སྐར་མ་བྱ་སྦོས་ཉ་བའི་ཚེས་བཅུ་བཞི་ལ་མྱ་ངན་ལས་འདའ་བའི་ཚུལ་བསྟན། སྤུར་བཞུ་བས་རིང་བསྲེལ་དཔག་ཏུ་མེད་པ་བྱོན་ནོ། །མདོར་ན་སྐྱེས་བུ་དམ་པ་འདི་ནི་རྩེས་ཐང་བཏབ་པའི་ལོ་ལ་འཁྲུངས་པ་ཡིན་ལ། མཁས་གྲུབ་ཤངས་སྟོན་འཁྲུངས་ནས་དིང་སང་གི་མེ་ཕོ་སྤྲེའུ་ཡན་ལ་ལོ་ཉིས་བརྒྱ་དང་བཞི་བཅུ་རྩ་གསུམ་འདསསོ། །སངས་རྒྱས་སྟོན་པའི་སློབ་མ་མཁས་བཙུན་གཞོན་ནུ་གྲུབ་ཅེས་བྱ་བ་དེ་ནི། མྱང་སྨད་གཅུང་བ་ཡུ་བ་གདོང་དུ་ཡབ་རྒྱལ་པོ་ཆེ་འཕེལ་དང༌། ཡུམ་རྒྱ་མོ་ཁྱེ་འདྲེན་དཔལ་ཞེས་བྱ་བ་གཉིས་ཀྱི་སྲས་སུ་འཁྲུངས། ལོ་བཅུ་ལོན་པ་ན་སྣར་ཐང་གི་མཁན་ཆེན་ནམ་མཁའ་གྲགས་ཀྱི་དྲུང་དུ་རབ་ཏུ་བྱུང་ཞིང༌། ཆུ་མིག་པ་ལ་སོགས་པའི་དྲུང་དུ་སྡེ་སྣོད་ལ་མཁས་པར་སྦྱངས། ལོ་ཉི་ཤུ་ལོན་པ་ན་མཁན་ཆེན་དེ་ཉིད་ལ་བསྙེན་པར་རྫོགས། ལོ་ཉི་ཤུ་རྩ་གཉིས་ཙམ་ལོན་པ་ན། ས་སྐྱར་བླ་མ་འཕགས་པའི་སྤྱན་སྔར་བྱོན་ནས་རྒྱུད་ཀྱི་བཤད་པ་མང་པོ་གསན། གདན་ས་ན་བཞུགས་པའི་དགེ་བཤེས་ཆེན་པོ་གཞན་རྣམས་ལའང་རྒྱུད་སྡེ་མང་པོ་གསན་ཞིང་མཁས་པར་མཁྱེན་ནས་སློབ་མ་སྐྱོང་ཞིང་ཡོད་པའི་ཚེ་ས་སྐྱ་པའི་ནང་འཁྲུག་ལངས་པས་ཐུགས་སྐྱོ་སྟེ། བླ་མ་བརྒྱད་ཅུ་རྩ་གསུམ་བསྟེན་ནས་གདམས་ངག་ཟབ་དགུ་ལ་ཉམས་ཁྲིད་དུ་བསྐྱངས། ཁྱད་པར་དུ་སངས་རྒྱས་སྟོན་པའི་མཚན་གསན་པས་དཔེ་མེད་པའི་དད་པ་འཁྲུངས་ཏེ་སྤྱན་སྔར་བྱོན་ནས་ཤངས་པ་བཀའ་བརྒྱུད་ཀྱི་གདམས་ངག་མ་ལུས་པ་དང་གཞན་ཡང་ཟབ་ཆོས་མང་དུ་བཞུགས་པ་གསན། ཉམས་སུ་མྱོང་བ་ལའང་བླ་མ་ཤིན་ཏུ་དགྱེས། ཚེ་འདི་ལ་ཞེན་པ་ལོག་པའི་སྐྱོ་ཤས་དྲག་པོ་ཡོད་པ་ལ་བླ་མས་གཞན་དོན་གྱིས་ཤིག་པའི་བཀའ་ནན་ལན་བཞི་གནང༌། དབུས་གཙང་གིས་ཆ་མང་པོར་ལུས་སྲོག་བློས་བཏང་བའི་གཅོད་མཛད་ནས་ལྷ་འདྲེ་མང་པོའི་དོན་མཛད། ཕྱིས་མྱང་སྨད་དུ་བསམ་སྡིངས་བཏབ་ནས། ལམ་འབྲས། ཕྱག་ཆེན། ནི་གུ་རྣམས་ལ་ཆོས་ཀྱི་གཙོ་བོ་མཛད་ནས་གདུལ་བྱ་མང་པོ་ལ་ཁྲིད་བསྐྱངས། སྙན་གྲགས་ཀྱི་འུར་ལངས་པས་འཁོར་ཡང་མང་དུ་འདུས། སྦྱིན་བདག་གི་གཙོ་བོ་ཞ་ལུ་སྐུ་ཞང་པས་མཛད། མཐར་གཤེགས་འདབ་ཀྱི་བཀོད་པ་ཚུན་ཆད་ཀྱི་ཞལ་བརྡ་མཛད་ནས། ས་མོ་ལུག་གི་དབྱར་ཟླ་ར་བ་ལ་ཞི་བར་གཤེགས་ཚུལ་བསྟན། ས་མོ་ལུག་འདི་རིན་པོ་ཆེས་ཕར་ཕྱིན་གྱི་ཊཱི་ཀ་བརྩམས་པའི་ལོ་དེ་ཡིན་ནོ། །མཁས་གྲུབ་ཆོས་རྗེའི་སློབ་མ་གསེར་གླིང་པ་བཀྲ་ཤིས་དཔལ་ནི། འཁྲུངས་ཡུལ་ཡོལ་ཕུ་གསེར་གླིང༌། ཡབ་རྗེ་བཙུན་མཚན་ཅན། ཡུམ་དཀོན་མཆོག་རྒྱན་གཉིས་ཀྱི་སྲས་སུ་ཆུ་ཕོ་འབྲུག་ལ་འཁྲུངས། ལོ་དྲུག་བདུན་ནས་ཀློག་ཚར་བར་བསླབས། ནེལ་པ་པཎ་ཆེན་ལས་བསྙེན་པར་རྫོགས། ནེལ་པ་ཁུ་དབོན་ལས་འདུལ་མཛོད་དང༌། གསང་ཕུར་ཕར་ཚད་ལ་སོགས་པའི་སྡེ་སྣོད་མང་པོ་བསླབས་ཤིང་མཁྱེན། ཆོས་རྗེ་རང་བྱུང་རྡོ་རྗེ་དང༌། རྒྱ་བྲག་ཆོས་རྗེ། སྐྱེས་མཆོག་བསམ་གཏན་དཔལ་ལ་སོགས་པའི་དམ་པ་མང་པོ་བསྟེན། ཁྱད་པར་རང་ཡུལ་དང་ཉེ་བའི་བླ་མ་མང་པོ་ལ་སྔགས་ཆོས་ཤིན་ཏུ་མང་བ་གསན། རྨོག་ཅོག་པ་རིན་ཆེན་བློ་གྲོས་སོགས་ལས་ཤངས་པའི་གདམས་ངག་ཀྱང་མང་དུ་ཐོབ། །ཡི་དམ་མང་པོའི་ཞལ་གཟིགས། ཁྱད་པར་དུ་མགོན་པོས་ཞལ་བསྟན་ཕྲིན་ལས་བསྒྲུབ་པར་ཁས་བླངས། ཡིད་ཆེས་པའི་སྒོམ་གྱི་མྱོང་བ་ཕུན་སུམ་ཚོགས་པ་དང་ལྡན་པ། ཤངས་པའི་ཆོས་ཀྱི་བདག་པོ་མཁས་བཙུན་གཞོན་ནུ་གྲུབ་ལས་གདམས་ངག་རྣམས་ལེགས་པར་གསན། སངས་རྒྱས་སྟོན་པ་ལས་བྱུང་བའི་གཅོད་ཀྱི་སྐོར་རྣམས་ཀྱང་ཐུགས་ལ་བཏགས་པས་ཕྱིས་གདུལ་བྱ་རྣམས་ཀྱང་དེ་གཉིས་ཀྱི་གཙོ་བོར་བསྐྱངས། དགེ་བའི་བཤེས་གཉེན་སྡེའི་བདག་པོ་དང་མི་དབོན་ཆེན་པོ་རྣམས་ཀྱིས་ཀྱང་ཞབས་ལ་བཏུད་དེ་འགྲོ་བའི་དོན་མཐའ་ཡས་པ་མཛད་ནས་བདུན་ཅུ་རྩ་བཞི་པ་ཤིང་མོ་སྦྲུལ་གྱི་ལོ་ཟླ་བ་དང་པོའི་ཚེས་བཅུ་དགུ་ལ་ཞི་བར་གཤེགསསོ། །དེའི་སློབ་མ་བྲག་པོ་ཆེ་བ་རྡོ་རྗེ་དཔལ་ནི། བཟང་དུ་སྐུ་འཁྲུངས་ནས་བསྟན་པའི་སྒོར་ཞུགས་ཏེ་དགེ་བའི་བཤེས་གཉེན་དུ་མ་ལ་གདམས་པ་མནོས། ཁྱད་པར་རིན་པོ་ཆེ་གསེར་གླིང་པ་ལ་ཤངས་པའི་ཆོས་སྐོར་དང་སྤྱོད་ཡུལ་སྐོར་གསན་ནས་འགྲོ་དོན་རྒྱ་ཆེན་པོ་མཛད། མགོན་པོས་ཀྱང་ལེགས་པར་རྗེས་སུ་གཟུང་བ་ཡིན་ནོ། །དེའི་སློབ་མ་ཆོས་སྒོ་བ་ཆོས་དཔལ་ཤེས་རབ་ནི། འཁྲུངས་ཡུལ་གཙང༌། ཐར་པ་གླིང་དུ་བྱོན་ནས་མཁན་ཆེན་ཤེས་རབ་འོད་ཟེར་བ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། མཁན་ཆེན་ཤེས་རབ་རྡོ་རྗེ་པ་ལ་སོགས་པ་བླ་མ་མང་པོ་ལ་བཀའ་ལུང་རྒྱས་པར་གསན། ཆོས་རྗེ་འབའ་ར་བ་ལ་རི་ཆོས་དང་ཕྱག་ཆེན་ལ་སོགས་གསན་པས་མནལ་གྱིས་མི་སྒྲིབ་པའི་འོད་གསལ་འཁྲུངས། ཕག་མོ་ཞལ་གཉིས་མའི་བསྙེན་སྒྲུབ་མཛད་པས་ཕྱག་མཆོད་ཀྱི་ཆང་མ་ཞིམ་པ་དྲི་རོ་ཁྱད་པར་དུ་གྱུར་པ་ལ་སོགས་བྱུང༌། གཤེད་དམར་ལ་སོགས་པའི་ཐུགས་དམ་དུ་མའི་བསྙེན་སྒྲུབ་འཐེམས་པར་མཛད། བྲག་པོ་ཆེ་བ་རྡོ་རྗེ་དཔལ་ལ་ཤངས་པའི་ཆོས་སྐོར་དང་གཅོད་ཡུལ་གསན་ནས་ཐུགས་ཉམས་སུ་ཡང་བཞེས། ཕྱིས་ཐེལ་གྱི་ཆོས་སྒོ་ལ་བཞུགས་ནས་གདུལ་བྱ་མང་བོ་སྨིན་གྲོལ་ལ་བཀོད་དོ། །དེས་ངང་རྐྱལ་གྱི་གཙུག་ལག་ཁང་དུ་ཕེབས་ནས་ཆོས་འདི་དག་གི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བའི་ཚེ། རྟོགས་པས་སྲིད་པ་གསུམ་པོ་ཟིལ་གྱིས་གནོན་པ། བྱིན་རླབས་ཀྱིས་རྡོ་རྗེའི་མཁའ་འགྲོ་མ་ཐམས་ཅད་འདུ་བ། མི་དང་མི་མ་ཡིན་པ་ཐམས་ཅད་ཀྱིས་མཆོད་པར་བྱ་བའི་གནས་རྒོད་ཕྲུག་རས་པ་ཞེས་ཡོངས་སུ་གྲགས་པ་དེས་མཐའ་དག་པར་གསན་ནས་སྐུ་ཉམས་སུ་བསྟར་ནས་གདུལ་བར་བྱ་བ་རྣམས་ལ་ཡང་འདོམས་པར་མཛད་དོ། དེ་ལྟར་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་ཞལ་གྱི་བདུད་རྩིའི་རྒྱུན་བརྒྱུད་པའི་རིམ་པ་རྣམ་པར་ཐར་པ་མཐོང་བ་དག་ལས་རང་གིས་ཇི་ལྟར་རྙེད་པ་དག་ཕྱོགས་ཙམ་བརྗོད་པ་སྟེ། གཞན་དུ་ན་ཛམྦུའི་གླིང་ཀུན་ཏུ་ཁྱབ་པར་གྲགས་ན། སུ་ཞིག་གིས་བསྡུ་བར་ནུས་ཞེས་བྱ་བས་ནི་མཁས་གྲུབ་ཁྱུང་པོ་ལས་འོངས་པའི་བདུད་རྩིའི་རྒྱུན་ཇི་ལྟར་འོངས་པ་བཤད་ཟིན་ཏོ། ནི་གུའི་སྐབས་སོ། ། དུས་ཀྱི་འཁོར་ལོའི་སྐབས། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་དང་མན་ངག་ཇི་ལྟར་བྱུང་བའི་ཚུལ་བརྗོད་པར་བྱ་སྟེ། དེ་ལ་སྤྱིར་ཐེག་པ་ཆེན་པོ་གསང་སྔགས་ཛམྦུའི་གླིང་དུ་ཇི་ལྟར་དར་བ་ཡང༌། དང་པོ་ཤར་ཕྱོགས་སུ་རྒྱལ་པོ་རབ་གསལ་ཟླ་བ་ལ་སོགས་པ་ལ་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པའི་རྣལ་འབྱོར་གྱི་རྒྱུད་རྣམས་བྱུང་ཞིང་བཤད་ལ། དེ་ནས་སློབ་དཔོན་ཀླུ་སྒྲུབ་སློབ་མ་དང་བཅས་པ་ལ་དཔལ་གསང་བ་འདུས་པ་ལ་སོགས་པའི་རྣལ་འབྱོར་གྱི་རྒྱུད་རྣམས་བྱུང་ཞིང་བཤད་ནས་ལྷོ་ཕྱོགས་ནས་དར་བར་གྱུར་ཏོ། དེའི་འོག་ཏུ་ནུབ་ཕྱོགས་ནས་དཔལ་ལྭ་བ་པ་ལ་སོགས་པས་ཨོ་ཊི་ཡན་གྱི་ཡུལ་ནས་རྣལ་འབྱོར་མའི་རྒྱུད་རྣམས་ཕྱུང་སྟེ་ཡུལ་དབུས་སུ་ཡང་དར་བར་གྱུར་ཏོ། དེའི་འོག་ཏུ་ནུབ་ཕྱོགས་ནས་དཔལ་ལྭ་བ་པ་ལ་སོགས་པས་ཨོ་ཊི་ཡན་གྱི་ཡུལ་ནས་རྣལ་འབྱོར་མའི་རྒྱུད་རྣམས་ཕྱུང་སྟེ་ཡུལ་དབུས་སུ་ཡང་དར་བར་གྱུར་ཏོ། དེའི་འོག་ཏུ་ཤམྦྷ་ལའི་ཡུལ་ནས་དཔལ་དུས་ཀྱི་འཁོར་ལོ་ལ་སོགས་པ་བྱང་ཆུབ་སེམས་དཔས་མཛད་པའི་འགྲེལ་པ་རྣམས་བྱུང་སྟེ་ཡུལ་དབུས་སུ་དར་བར་གྱུར་ཏོ། །དེ་ཡང་དྲི་མ་མེད་པའི་འོད་ལས། འདིར་བྱེད་པ་ལ་ངེས་པ་ནི་དེ་བཞིན་གཤེགས་པའི་དུས་ནས་ལོ་དྲུག་བརྒྱ་ན་འཇམ་དཔལ་གྱི་དུསསོ། །དེ་ནས་ལོ་བརྒྱད་བརྒྱ་ན་ཀླ་ཀློའི་དུསསོ། །ཀླ་ཀློའི་དུས་དེ་ལས་བརྒྱད་ཅུ་རྩ་གཉིས་ལྷག་པའི་བརྒྱས་དམན་པ་ནི་རྒྱལ་དཀའ་གང་གིས་ཉུང་ངུའི་བྱེད་པ་རྣམ་པར་སྦྱོང་བ་རིགས་ལྡན་རྒྱལ་དཀའི་དུསོ། །དུས་དེ་ཉིད་ནི་བྱེད་པ་ལ་ངེས་པར་འགྱུར་ཏེ་ཀླ་ཀློའི་ལོ་ལསསོ། །རབ་བྱུང་ལ་སོགས་འདས་པ་ཞེས་པ་ནི་ལོ་དྲུག་ཅུ་པོ་གང་གི་དང་པོ་རབ་བྱུང་ཡིན་པ་དེ་ནི་རབ་བྱུང་ལ་སོགས་པ་སྟེ། དེ་དག་ལས་སོ་སོར་ད་ལྟར་བའི་ལོའི་སྔ་མའི་ལོ་ནི་རབ་བྱུང་ལ་སོགས་འདས་པའོ། །ཞེས་གསུངས་པ་ལ་བརྟེན་ནས་དུས་ཕྱི་མའི་མཁས་པ་ཕལ་ཆེར་དུས་ཀྱི་འཁོར་ལོ་ཡུལ་དབུས་སུ་བྱོན་པ་དང༌། འདས་ལོའི་ཐོག་མའི་རབ་བྱུང་འཇུག་པ་དུས་མཚུངས་པར་བཞེད་དོ། །དེ་ལྟ་མོད་ཀྱི་དུས་ཀྱི་འཁོར་ལོ་ནི་སྔ་རབས་ཤིག་ནས་འཕགས་པའི་ཡུལ་དུ་བྱུང་བར་མངོན་ཏེ། གྲུབ་ཆེན་དྲིལ་བུ་ཞབས་ཀྱིས་མཛད་པའི་བདེ་མཆོག་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་ལས། དྲི་མ་མེད་པའི་འོད་ཀྱི་མཆོད་པར་བརྗོད་པའི་ཚིགས་སུ་བཅད་པ་གཉིས་པ་རྣམ་པར་བཅས་ཀྱང་ཞེས་བྱ་བ་ལ་སོགས་པ་དེ་གསལ་པོ་ཉིད་དུ་བྲིས་སྣང་བའི་ཕྱིར་དང༌། དྲིལ་བུ་པའི་རྗེས་སུ་རུས་སྦལ་ཞབས་དེས་ཛ་ལམྦྷ་རི་པ། དེས་ནག་པོ་པ། དེས་བཟང་པོ་ཞབས། དེས་རྣམ་རྒྱལ་ཞབས། དེས་ཏིལླི་པ། དེས་ནཱ་རོ་པ་ཞེས་དྲིལ་བུ་པ་ནས་ནཱ་རོ་པའི་བར་དུ་བླ་མའི་རིམ་པ་བརྒྱད་བྱུང་ཞིང༌། ནཱ་རོ་པ་དང་དུས་ཞབས་ཡབ་སྲས་དུས་མཚུངས་པའི་ཡང་ཕྱིར་རོ། ཡང་དཔལ་བི་རཱུ་པས་གཤིན་རྗེ་གཤེད་ཀྱི་འཁོར་ལོའི་གསལ་བྱེད་མཛད་པ་དུས་ཀྱི་འཁོར་ལོ་ལ་བརྟེན་པ་ཡིན་པར་གཞུང་དེ་ཉིད་ན་སྣང་བའི་ཕྱིར་དང༌། ཙི་ལུ་པས་དུས་འཁོར་བཙལ་བའི་ལོ་རྒྱུས་འཆད་པ་ན། སློབ་དཔོན་དེས་ཏུ་རུ་ཥྐའི་གནོད་པ་མེད་པ་རིམ་ཆེན་རི་བོའི་གཙུག་ལག་ཁང་དུ་གཟིགས་པས། སྤྱིར་སངས་རྒྱ་བ་ལ་ཐེག་པ་ཆེན་པོ་གསང་སྔགས་དགོས། །དེ་ཡང་བྱང་ཆུབ་སེམས་དཔའི་འགྲེལ་པས་བཀྲལ་བ་ཞིག་དགོས་པར་གཟིགས་ནས་དུས་ཀྱི་འཁོར་ལོ་ཚོལ་དུ་བྱོན་ནོ། ཞེས་ཟེར་བའི་ཡང་ཕྱིར་རོ། །དེ་ལྟར་ན་དུས་ཀྱི་འཁོར་ལོའི་ཚུལ་འཕགས་ཡུལ་དུ་སྔ་མོ་ཞིག་ནས་ཕེབས་པ། ཕྱིས་སྐྱེ་བོ་ཡོངས་ལ་གྲགས་པ་ནི་དུས་འཁོར་ཞབས་ཡབ་སྲས་ཀྱི་རིང་ལ་ཡིན་ནོ་ཞེས་བྱས་ན་འཐད་དོ། བོད་དུ་འགྱུར་བའི་ཐོག་མ་ཡང་གྱི་ཇོའི་འགྱུར་ཡིན་ནོ་ཞེས་གླན་བང་སོ་བ་ལ་སོགས་པས་བཤད་པ་ནི་རིགས་པར་མཐོང་སྟེ། པཎྜི་ཏ་ཟླ་བ་མགོན་པོ་བྱོན་པ་ནི་གྲྭ་པ་མངོན་ཤེས་ཀྱི་སྐུ་ཚེའི་སྨད་ལ་ཡིན་ལ། ཁོང་གཞོན་དུས་ནས་ཁུ་བོ་ལ་དུས་འཁོར་གསན་ནོ་ཞེས་ཟེར་བསསོ། །ཡང་དུས་ཀྱི་འཁོར་ལོ་གངས་ཅན་གྱི་ཁྲོད་འདིར་ཤིན་ཏུ་དར་རྒྱས་སུ་མཛད་པ་པོ་ནི་བུ་དོལ་རྣམ་པ་གཉིས་ཡིན་ལ། དེ་གཉིས་ཀྱང་དང་པོར་རཱ་ལོའི་བརྒྱུད་པ་ལ་གསན་ཞིང༌། ཕྱིས་འབྲོ་ལུགས་ལ་ཡང་དག་པར་ཞུགས་པའི་ཕྱིར། རྭ་འབྲོ་གཉིས་གཙོ་ཆེའོ། །དེ་ལ་འབྲོ་བ་དག་ནི། རིགས་ལྡན་ལ་དུས་ཞབས་པ་ཆེན་པོས་གསན། དེ་ནས་དུས་ཞབས་པ་ཆུང་ངུ༌། ཟླ་བ་མགོན་པོ། སྒོམ་པ་དཀོན་མཆོག་བསྲུངས། སྒྲོ་སྟོན་གནམ་ལ་བརྩེགས། ཡུ་མོ། སྲས་དྷརྨེ་ཤྭ་ར། མཁས་པ་ནམ་མཁའ་འོད། །སེ་ཆེན་ནམ་མཁའ་རྒྱལ་མཚན། ཆོས་རྗེ་འཇམ་དབྱངས་གསར་མ། ཀུན་མཁྱེན་ཆོས་སྐུ་འོད་ཟེར། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས། བྱང་སེམས་རྒྱལ་བ་ཡེ་ཤེས། ཀུན་མཁྱེན་ཡོན་ཏན་རྒྱ་མཚོ། ཆོས་རྗེ་ཀུན་མཁྱེན་ཆེན་པོ་ཞེས་བརྗོད་པར་བྱེད་ལ། རྭ་བ་དག་གིས་ནི་རིགས་ལྡན། ཙི་ལུ་བ། བིནྚོབ། དུས་ཞབས་ཆེ་བ། ཆུང་བ། མཉྫུ་ཀཱིརྟྟི། བལ་བོ་ས་མནྟ་ཤྲཱི། རྭ་ཆོས་རང༌། རྭ་ཡེ་ཤེས་སེང་གེ། རྭ་འབུམ་སེང༌། རྗེ་བཙུན་རྒྭ་ལོ། རོང་པ་ཤེས་རབ་སེང་གེ། བླ་མ་རྡོ་རྗེ་རྒྱལ་མཚན། དེས་བུ་སྟོན་རིན་པོ་ཆེ་ལ་གསུངས་སོ་ཞེས་བྱ་བ་ནི་དེ་དག་གི་བཞེད་པའོ། །ཡང་རོང་པ་ཤེས་རབ་སེང་གེ་ལ་སྐྱི་སྟོན་འཇམ་དབྱངས། དེ་ལ་ཀུན་མཁྱེན་ཆེན་པོས་གསན་ནོ་ཞེས་པ་འདི་ཡིན་ཏེ། བུ་དོལ་བ་རྣམ་པ་གཉིས་ཀ་ཐོག་མར་རྭ་ལུགས་གསན་ནས། ཕྱིས་འབྲོ་ལུགས་ལ་སོགས་པའི་གདམས་པ་མང་པོ་གསན་པར་མཛད་པ་ཡིན་ནོ། འདི་ལ་འཕགས་པའི་ཡུལ་དུ་བླ་མ་གང་གི་རིང་ལ་རིགས་ལྡན་ལས་དུས་ཀྱི་འཁོར་ལོ་བྱུང་བ་དང༌། དེ་ལ་སློབ་མ་གང་གིས་གསན་པ་ལ་སོགས་པའི་གཏམ་ནི་སྣ་ཚོགས་པ་ཞིག་སྣང་སྟེ། ཏྲེ་བོ་མགོན་པོའི་སློབ་མ་གླན་བང་སོ་བ་ཆོས་ཀྱི་དབང་ཕྱུག་གིས་རྒྱུད་ལ་འཇུག་པའི་མན་ངག་རིན་པོ་ཆེའི་ཟ་མ་ཏོག་ཁ་འབྱེད་པ་ཞེས་བྱ་བ་ལས། གྲུབ་ཐོབ་རྗེས་འཇུག་དང་བཅས་པ་ལས་བརྒྱུད་པ་ནི་དེ་ཉིད་ཀྱི་རྗེས་སུ་ཚུལ་འདི་དང་འདི་ལས་བརྒྱུད་དོ་ཞེས་སྟོན་པ་སྟེ། འདིའི་རིམ་པའང་ལུང་བསྟན་གྱི་ཐ་མ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་རྒྱལ་པོ་པདྨ་དཀར་པོས་སློབ་དཔོན་དུས་ཞབས་པ་ལ་གསུངས། སློབ་དཔོན་འདི་ནི་རྒྱ་གར་གྱི་ཡུལ་དབུས་ཀྱི་རྒྱལ་རིགས་ཡིན། རྒྱལ་པོ་ཡབ་ཡུམ་གཉིས་ཀྱིས་རིགས་ཀྱི་སྲས་བསྐྲུན་པའི་ཆོ་ག་བྱས་པས་འཁྲུངས་པ། ཡོན་ཏན་རིགས་པའི་གནས་ལྔ་ལ་མཁས་པ། འཕགས་པ་འཇམ་དཔལ་གྱི་སྤྲུལ་པར་ཡང་གྲགས་པ་རྗེ་བཙུན་མ་སྒྲོལ་མས་བྱིན་གྱིས་བརླབས་པས་དེའི་ཞལ་དངོས་སུ་གཟིགས་པ། ཐུན་མོང་གི་དངོས་གྲུབ་མཐའ་དག་བརྙེས་པ་ཞིག་ཡིན་པ་ལས། དུས་ལན་ཅིག་གི་ཚེ་ན། རྗེ་བཙུན་མའི་ཞལ་ནས། བྱང་ཕྱོགས་ཤམྦྷ་ལ་ན་སངས་རྒྱས་ཀྱིས་གསུངས་ཤིང་ལུང་བསྟན་པའི་རྒྱུད་འགྲེལ་མང་པོ་བཞུགས་པས་དེ་ཚོལ་ཞིང་ཉན་དུ་སོང་ཞིག་གསུང་ནས། དེར་བཞུད་པར་དགོངས་པ་དང༌། དེའི་ཚེ་ཁ་ཅིག་ན་རེ། ཚོང་པ་དང་སྡེབས་ནས་གཤེགས་སོ་ཞེས་ཟེར། ཁ་ཅིག་ན་རེ་སྤྲུལ་པའི་དགེ་སློང་ཅིག་གིས་ཁྲིད་དོ་ཞེས་ཟེར་ཞིང༌། ཁ་ཅིག་ནི་རྗེ་བཙུན་མ་ཉིད་ཀྱིས་རྗེས་སུ་གཟུང་ཞེས་ཟེར་ཞིང་སྨྲའོ། ཁ་ཅིག་ན་རེ། དེར་བཞུད་པར་བཞེད་ནས་ཆས་པ་དང་དག་པའི་སྣང་བ་ལ་ཤམྦྷ་ལ་ཉིད་དུ་བྱོན་ནས་སྤྱན་རས་གཟིགས་དངོས་ལ་ཆོས་རྣམས་ཞུས་སོ་ཞེས་གསུང་བའི་བཞེད་པ་ཐ་མ་འདི་གཟུང་ངོ༌། དེ་ནས་ཡུལ་དབུས་སུ་བཞུགས་ཏེ་པཎྜི་ཏ་ལྔ་ལ་གསུངས་ཏེ། བིཎྟ་ཨཱ་ཙརྻ། འདུལ་བ་འབྱུང་གནས་བློ་གྲོས། ཐར་པ་འབྱུང་གནས་སྦས་པ། སེང་གེ་རྒྱལ་མཚན། མཐའ་ཡས་རྣམ་པར་རྒྱལ་བ་ཞེས་བྱའོ། །དེ་དག་གིས་ཤེས་པ་དང་པུཥྤ་ཧ་རིར་གཤེགས་ནས་ནཱ་རོ་པཎ་ཆེན་ལ་སོགས་པ་ལ་གསུང་ཞིང་བཞུགསསོ། །སློབ་མ་འདི་དག་རྣམས་ཀྱང་ཕུན་སུམ་ཚོགས་པ་དུ་མ་དང་ལྡན་པ་ལས། ཁྱད་པར་དུ་ཡང་བིནྚོ་ཨཱ་ཙརྻ་ཞེས་པ་འདི་མཆོག་ཏུ་གྱུར་པ་སྟེ། དེའི་འཐད་པ་ཡང༌། འདི་ཉིད་ཐོག་མར་དགེ་སློང་བློ་རྟུལ་བ་ཞིག་ཡིན་པ་ལས། བློ་རྣོ་བའི་ཆེད་དུ་སྒྲུབ་པ་མཛད་པ་ལས་ལྷས་བསྟན་པའི་རྨི་ལམ་ལ་བརྟེན་ནས། བྱུ་རུ་ལ་ཀུ་རུ་ཀུལླེའི་སྐུ་ཞིག་མཛད་ནས་བུད་མེད་ཀྱི་རོ་ཞིག་གི་ཁར་བཅུག་པའི་སྟེང་དུ་སྐྱིལ་མོ་དཀྲུང་བཅས་ནས་ཞག་བདུན་དུ་བསྒྲུབས་པས། གྱེན་དུ་བལྟས་ནས་ཁྱོད་ཅི་འདོད་ཅེས་ཟེར་རོ། །དེའི་དུས་ན་མཐོང་ཚད་ཟིན་པར་འདོད་ཅེས་སྨྲས་ཀྱང་དེ་ལྟར་འབྱུང་བ་ལས། སྔར་གྱི་བློ་རྟུལ་བའི་སྟོབས་ཀྱིས་ཞུ་མ་ནུས། བྲིས་ཀྱིས་ཟིན་པ་ཐམས་ཅད་བློ་ལ་ཟིན་པར་འདོད་དོ་ཞེས་སྨྲས་པས། དེ་ལྟར་བྱུང་ནས་པཎྚིཏ་བིནྡོ་ཨཱ་ཙརྻ་ཞེས་བྱ་སྟེ། ཡུལ་དབུས་སུ་ངག་གི་དབང་ཕྱུག་གྲགས་པ་ཞེས་བྱ་བ་པཎ་ཆུང་བཅུ་གཉིས་ཀྱི་བསྐོར་བ་ཞིག་ཏུ་གྱུར་ཏོ། །དེས་སློབ་དཔོན་དུས་ཞབས་པ་ལ་ཆོས་གསན་པས་ཐམས་ཅད་ཀྱང་ལན་རེས་འཛིན་ནུས་པར་གྱུར་ཏེ། དེའི་བརྒྱུད་པ་འཛིན་པ་ནི་དགེ་བསྙེན་བྱང་ཆུབ་ཅེས་བྱ་བ་སྟེ། འདི་ལ་སྲས་པཎྜི་ཏ་ཤིན་ཏུ་ཆེ་བ་ཞིག་ཡོད་པ་ལས། དེས་ནི་ཡབ་ཀྱི་མཆེད་པོ་དགོན་པ་བ་ལ་ཡང་ཞུས་ཤིང༌། ནཱ་རོ་པ་དང་སྟབས་ཤིག་ཏུ་དུས་ཞབས་པ་ཆེན་པོ་ལ་མཉན་པས་དུས་ཞབས་ཆུང་ངུ་ཞེས་ཀྱང་གྲགས་ཏེ། ཡབ་སྲས་གཉིས་ལ་འདོད་པ་མི་མཐུན་པ་ཡང་ཡོད་པར་སྣང་ངོ༌། །དེ་ལྟ་བུའི་ཡབ་སྲས་གཉིས་ཀྱིས་དཔལ་དུས་ཀྱི་འཁོར་ལོ་མི་ཤེས་ན་གསང་སྔགས་མི་ཤེས་སོ་ཞེས་སྨྲ་ཞིང་ཡུལ་དབུས་སུ་བཞུགས་པ་ལས། པཎྜི་ཏ་ཐམས་ཅད་མ་རངས་ནས་ཡུལ་དབུས་སུ་འདུས་ཏེ། བི་ཀྲ་མ་ཤྲཱི་ལར་ཁྲི་བཅས་ནས་རྩོད་པ་བྱས་པས། ཇོ་བོ་ཆེན་པོ་དེ་མ་ཐུབ། ཐམས་ཅད་ཀྱིས་ཁྲི་བོར་ཞིང་ཞབས་སྤྱི་བོར་བླངས་ནས། དཱ་བྱང་ཆུབ་སེམས་དཔའ་མ་གཏོགས་པ་ཐམས་ཅད་ཀྱིས་དུས་ཀྱི་འཁོར་ལོ་མ་ཞུས་པ་མེད་དེ། མཚན་ཡང་དུས་འཁོར་བ་ཞེས་གྲགས་ནས་ཤིན་ཏུ་དར་རྒྱས་སུ་མཛད་དོ། དེའི་ཚེ་ཁ་ཆེའི་ཡུལ་ན་བྲམ་ཟེ་ཞབས་བཟང་པོ་ཞེས་ཀྱང་བྱ། སུརྻ་ཀེ་ཏུ་ཞེས་ཀྱང་བྱ། མཁས་པའི་ཕུལ་དུ་ཕྱིན་པ་དེ་པཎྜི་ཏ་སོ་ནས་ཧི་དང༌། ལཀྵྨི་ཀ་ར། དཱ་ན་ཤྲཱི། ཙནྡྲ་རཱ་ཧུ་ལ། སོ་མ་ནཱ་ཐ་ལ་སོགས་པ་ལ་ཆོས་གསུང་ཞིང་བཞུགས་པ་ལ། པཎྜི་ཏ་འདུལ་བ་འབྱུང་གནས་བློ་གྲོས་ཀྱིས་དབང་མདོར་བསྟན་དང་དབང་རབ་བྱེད་ཀྱི་དཔེ་གཉིས་བསྐུར་ནས་གཟིགས་སུ་ཕུལ་བས་ཐམས་ཅད་ངོ་མཚར་སྐྱེསསོ། །ཁྱད་པར་བླ་མ་ཁ་ཆེ་ཟླ་མགོན་ཤིན་ཏུ་དད་པ་སྐྱེས་ནས་དེར་ཆོས་གསན་པ་འཕྲོ་བཅད་དེ། ཆོས་དེ་རྩད་གཅད་དུ་བྱོན་པ་དང༌། ཡུལ་དབུས་སུ་དུས་འཁོར་བ་དང་མཇལ་ནས་དེ་ལ་དུས་ཀྱི་འཁོར་ལོ་ཞུས་པས་གནང་སྟེ། དབང་གདམས་ངག་རྒྱུད་འགྲེལ་པ་ལ་མ་ལུས་པར་རྫོགས་པར་མཛད་དོ། །བླ་མ་འདི་ནི་རིགས་བྲམ་ཟེའི་རིགས་ལ་ལོ་བཅུའི་བར་དུ་ཡབ་ཀྱི་ཆོས་ལུགས་བསླབས་ཏེ། ཚིགས་སུ་བཅད་པ་བཅུ་དྲུག་ལན་རེས་འཛིན་ནུས་པ་ཞིག་བྱུང་ངོ༌། །དེ་ནས་ཡུམ་གྱིས་ནང་པའི་ཆོས་ལ་བཅུག་ནས་ཁ་ཆེ་ཉི་མ་རྒྱལ་མཚན་དང་དུས་ཞབས་ཆུང་བ་གཉིས་ཀྱི་མཁྱེན་པ་ལོན་པར་མཛད་དེ་པཎྜི་ཏར་གྱུར་ཏོ། །བླ་མ་འདིས་བོད་ལ་དུས་ཀྱི་འཁོར་ལོ་སྤེལ་བར་དགོངས་ནས་བོད་དུ་བྱོན་ཏེ། གཉོས་འབྱུང་པོ་ལ་ཆོས་འདི་བསྒྱུར་བར་ནུས་སམ་དྲིས་པས། བདག་གིས་བསྒྱུར་བར་མི་ནུས་ཏེ་ཐབས་ཡོད་ཅེས་ཟེར་ནས་གཡོར་པོའི་བཟང་ཡུལ་གྱི་དགེ་བཤེས་ལྕེ་པའི་སྲས་པོ་འདེགས་པ་ཡོན་བདག་ལ་བཟང་བས་དེར་ཕྲིན་ཅིག་བཏང་ངོ་གསུང་ནས་བང་ཆེན་བཏང་ངོ༌། དེ་ནས་ལྕེ་ཡབ་སྲས་ཀྱིས་སྤྱན་དྲངས་ནས་ཞུས་པས་བསྒྱུར་བ་ཚུལ་བཞིན་དུ་གནང་ངོ༌། །ཡབ་སྲས་འདི་དག་གི་སྐུ་ཆེ་བའི་ཡོན་ཏན་ནི། སྤྱིར་ཡང་ལོ་པཎ་ཐམས་ཅད་ལ་མོས་གུས་དང་ཞབས་འབྲིང་ཚུལ་བཞིན་དུ་མཛད་ཅིང༌། ཁྱད་པར་དུ་ཡང་ཐེག་པ་ཆེན་པོ་གསང་སྔགས་ཀྱི་མཁྱེན་པ་ཆེ་བ། ཡོ་བྱད་ཐམས་ཅད་ཆོས་ཕྱོགས་སུ་གཏོང་བ་ཞིག་ཡོད་པ་ལས། བླ་མ་ཆེན་པོ་ཁ་ཆེ་བ་ལ་ཡང་དང་པོ་མཇལ་བའི་དུས་སུ་ཡང་གསེར་སྲང་གསུམ་གྱི་ཕྱག་རྟེན་དང༌། བེར་ཅིག་གིས་སྣ་དྲངས་པའི་ན་བཟའ་ཚར་ཅིག་ཕུལ་ནས་བཞུགས་པར་མཛད་དོ། །དེ་ནས་བླ་མ་ཆུ་ཤུལ་དུ་བཞུད་པའི་བར་ལ་ཆང་ཁལ་སུམ་ཅུས་སྣ་དྲངས་པའི་ཞབས་ཏོག་གྲབས་མཛད་ནས་སྤྱན་དྲངས་ཏེ། ལོ་ཙཱ་བའི་ཞ་རྒྱ་གར་རྩེགས་ཀྱིས་ཀྱང་བྱས་ནས་ལོ་གཅིག་ཏུ་མི་རྟ་སུམ་ཅུ་ཙམ་བཏེག་ནས་ཆོས་ཚར་བ་དང་གཏང་རག་གསེར་སྲང་སུམ་ཅུ་དང༌། བྲུལ་སྲང་སུམ་ཅུ་སྟེ། དྲུག་ཅུ་ཕུལ་བས་མཉེས་པར་མཛད་གསུང་ངོ༌། །དེ་ནས་ལོ་པཎ་བྱང་ཐང་གི་འགར་སྟོན་དང༌། དགེ་བཤེས་གྲྭ་པ་དང༌། སྐར་ཆུང་གི་སྟོན་པ་རྡོ་རྗེ་རྒྱན་གསུམ་གྱིས་སོ་སོའི་ཡུལ་ཡུལ་དུ་སྤྱན་དྲངས་ནས་རྒྱུད་རྐྱང་དང་འབྲེལ་བ་ཚར་རེ་ཞུས་པའི་དུས་སུ་ཡང་དགེ་བཤེས་ལྕེ་ཡབ་སྲས་ཀྱིས་གསན་ནོ། །དེ་ནས་ཁ་ཆེ་ཟླ་མགོན་རྒྱ་གར་དུ་བླ་མ་ལ་འབུལ་བ་དང་རྡོ་རྗེ་གདན་དུ་མཆོད་པ་ལ་གཤེགས་ནས་གསེར་མང་པོ་ཕུལ་བའི་དུས་སུ། སྔ་མའི་མཆེད་པོ་འདུལ་བའི་འབྱུང་གནས་བློ་གྲོས་དང༌། སེང་གེ་རྒྱལ་མཚན་ལ་ཡང་སྒྲོ་འདོགས་བཅད་ནས་སླར་བོད་དུ་བྱོན་པ་ལ་ཡང་ལྕེ་ཡབ་སྲས་ཀྱི་གསན་ཏེ། འབྲོ་ལོ་ཙཱ་བས་འགྱུར་ཕྱི་མ་ཅིག་ཀྱང་མཛད་པར་སྣང་ངོ༌། །ལྕེ་ཡབ་སྲས་ཀྱིས་དོལ་གྱི་བླ་མ་འགོ་ཆེན་པོ་ཉི་མ་ལ་གསུངས་ལ། དེས་མཁས་པ་ཆེན་པོ་གླུབས་སངྒྷ་ཀཱིརྟི་ལའོ། །དེ་ཉིད་ཀྱིས་སྲས་ལའོ། །དེ་ཉིད་ཀྱིས་གླན་ཆེན་པ་ལའོ། ཡང་ཚུལ་གཉིས་པ་ལྟར་ན། བླ་མ་ཁ་ཆེ་བ་ཆེན་པོ་བོད་དུ་དུས་ཕྱི་མ་བྱོན་པའི་ཚེ་ཞབས་ཏོག་དང་བསྙེན་བཀུར་གྱིས་མཉེས་པར་མཛད་པའི་འཕན་ཡུལ་བའི་དགེ་བཤེས་དཀོན་མཆོག་བསྲུང་དཔོན་སློབ་གཉིས་ཀྱིས་ཡུན་རིང་དུ་བསྟེན་པས། བོད་སྟོན་གཞན་ལ་མ་གནང་བའི་རྒྱུད་རྐྱང་དང་ཊཱི་ཀའི་བཤད་སྲོལ་གདམས་ངག་དང་བཅས་པ་གནང་ངོ༌། །དེ་དག་གིས་རྗེ་བཙུན་ཡུ་མོ་ཆེན་པོ་ལའོ། །དེ་དག་ལས་མཁས་པའི་སྐྱེ་བོ་ཏྲེ་བོ་མགོན་པོ་ཆེན་པོ་དང༌། སེ་ཆོས་ཀྱི་མངའ་བདག་ལའོ། །མཁས་པའི་སྐྱེ་བོས་གླན་ལ་གསུངས་ལ། སེས་ཀྱང་ཀླུབས་ཇོ་སྲས་ལ་གནང་ཞིང༌། དེས་ཀྱང་གླན་ཆོས་ཀྱི་དབང་ཕྱུག་ལའོ། །ཡང་ཚུལ་གསུམ་པ་ལྟར་ན། དུས་ཀྱི་འཁོར་ལོ་བ་ཕྱི་མ་དང༌། དཔལ་ནཱ་རོ་པས་མཉྫུ་ཀཱིརྟི་དང༌། ཨ་བྷ་ཡཱ་ཀ་ར་ལའོ། །དེ་གཉིས་ཀྱིས་བླ་མ་གཉན་ལོ་ཙཱ་བ་དང་རྒྭ་ལོ་ཙཱ་བ་གཉིས་ལ་རྒྱུད་རྐྱང་ལ་མོས་པ་རྒྱུད་རྐྱང་དང་འགྲེལ་པ་ཚར་རེ་རེ་སྤེལ་ནས་གསུངས་པར་སྣང་ངོ༌། །བླ་མ་དེ་གཉིས་ལ་ཡང་རྗེ་བཙུན་འགོས་ཞུས་ནས། མངའ་བདག་གི་བར་དུའོ། །ཡང་ཚུལ་བཞི་པ་ལྟར་ན། ཨ་བྷ་ཡ་མཆེད་གཉིས་ཀྱིས་པཎྜི་ཏ་ས་མནྟྲ་ཤྲཱི་ལོ་པཎ་ལ་གསུངས་ཤིང༌། དེས་ཀླུབས་ལ། ཡང་ཨ་ནུ་པ་མ་རཀྵི་ཏ། སཱ་དྷུ་པུ་ཏྲ། དྷརྨ་ཨཱ་ཀ་ར་ཤཱནྟི། བིཀྵཱནྟ་དེ་བ། དེས་སའི་སྟེང་ན་འགྲན་ཟླ་དང་བྲལ་བ་ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲ། གླན་ཡབ་སྲས་ཤེས་འབྱུང་ངོ༌། །བླ་མ་བསོད་ནམས་འོད་ཟེར་པས་དུས་ཀྱི་འཁོར་ལོའི་བསྡུས་དོན་མཛད་པ་ལས། དེ་ལྟར་ཤམྦྷ་ལའི་ཡུལ་ན་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་མན་ངག་དང་བཅས་པ་བཞུགས་ཀྱང་རྒྱ་གར་འཕགས་པའི་ཡུལ་དུ་ནི་དགེ་སློང་བསོད་སྙོམས་པ་ཆེན་པོ་བྱ་བ་རྒྱ་གར་བ་ཅིག་གིས་ཤམྦྷ་ལར་བྱང་ཆུབ་སེམས་དཔའི་སྤྲུལ་པ་ཅིག་ལ་ཞུས་ཏེ་དེ་བྱང་ཆུབ་སེམས་དཔའ་གང་གི་སྤྲུལ་པ་ཡིན་ཆ་མེད་གསུང༌། དེས་ལྷོ་ཕྱོགས་ཀྱི་བྲམ་ཟེ་དཱ་ར་ཀ་པ་ལ། དེ་ཙི་ལུ་པ་ལ། དེས་དུས་ཞབས་པ་ལ། དེས་དུས་འཁོར་བ་ཆེན་པོ་ལ། དེ་ལ་སློབ་མ་གཉིས་ཏེ། བོ་དྷི་བྷ་དྲ་དང༌། སཱ་དྷུ་པུ་ཏྲའོ། །བོ་དྷི་བྷ་དྲ་ལ་སློབ་མ་གསུམ་སྟེ། བླ་མ་ཨ་བྷ་ཡ་དང༌། ཙ་མི་བ་ཆེན་པོ་དང༌། ཨ་བྷི་ཛུཀྷའོ། །སཱ་དྷུ་པུ་ཏྲ་ལ་སློབ་མ་གཉིས་ཏེ། དྷརྨ་ཨཱ་ཀ་ར་དང༌། བྷསྐ་རའོ། །སློབ་དཔོན་སེ་ལོ་ཙཱ་བ་ཆེན་པོས་ནི་བླ་མ་ཨ་བྷ་ཡ་ལ་ཚར་གཅིག །ཙ་མི་ལ་ཚར་གཉིས། ཨ་བྷི་ཛུཀྟ་ལ་སྟོད་གཅིག །བྷ་སྐ་ར་ལ་ཚར་གཅིག་གསན་གསུང་ངོ༌། དེ་ལ་གཉོས་འོད་མས་གསན་ཏེ། ལོ་གསུམ་གསན་ནས་བླ་མ་སེ་ལོ་ནི་དབུས་སུ་གཤེགས། དེའི་ཤུལ་དུ་མ་གོ་བ་ལ་དཀར་བསྐུས་ཀྱིན་བཞག་ནས། དབུས་ནས་རྒྱ་གར་དུ་གཤེགས་པའི་ལམ་དུ་དྲི་གཏུགས་མཛད་པས་ཐེ་ཚོམ་ཐམས་ཅད་ཁྲོལ་གསུང༌། གཞུང་དབང་བཀའ་མན་ངག་དང་བཅས་པ་ཐོབ་སྟེ་ཐེ་ཚོམ་ཐམས་ཅད་ཁྲོལ་གསུང་ངོ༌། འོད་མ་ལ་བཀྲ་ཤིས་རིན་ཆེན་དང༌། གཉོས་སྒོམ་གཉིས་ལས། གཉོས་སྒོམ་ནི་གདམས་ངག་བསྒོམས་པས་གྲུབ་རྟགས་ཐོན་ཞིང་གཞུང་གིའང་བཀའ་ཡོད་དེ་མཁས་པ་མ་མཁྱེན། བཀྲ་ཤིས་རིན་ཆེན་གྱིས་ནི་འོད་མས་ཇི་ལྟར་མཁྱེན་པ་བཞིན་ལོ་བཅུ་གཉིས་མཉན་ནས་བུམ་པ་གང་བྱོ་ཡོད་པའི་སྟེངས་སུ་རྭ་དང་འབྲོ་དང་གྱི་ཇོ་ལ་སོགས་པའི་བཀའ་ཡང་གསན་ཏེ། རང་ལས་ལྷག་པ་མི་འདུག་གསུང༌། དེ་ལ་སློབ་དཔོན་དུས་འཁོར་བས་ཚར་སུམ་ཅུ་སོ་གཉིས་མཉན་ནས་བུམ་པ་གང་བྱོ་རུ་མཁྱེན་ནོ། །དེ་ལ་མཁས་གྲུབ་བྷིཀྵུ་རཏྣ་ཤྲཱི་ཞེས་མཚན་ཡོངས་སུ་གྲགས་པ་ཨུ་རྒྱན་པས་གསན། དེ་ལ་བདག་གིས་ཞུས་པ་ནི་བརྒྱུད་པའོ། །ཞེས་འབྱུང་ངོ༌། ཡང་བརྒྱུད་པ་གཅིག་ལ། སློབ་དཔོན་དུས་འཁོར་ཞབས་ཆེན་པོ་དེ་རྣལ་འབྱོར་མ་ཅིག་གི་བུ་ཡིན་པས་རྣལ་འབྱོར་མ་དེས་ཁྲིད་ནས་ཤིབྷ་ལར་ཕྱིན་པ་ལ། དགེ་སློང་ཤིན་ཏུ་གཟུགས་བཟང་བ་ཅིག་གིས་དེ་ལ་བྱིན་བརླབས་བྱས་པས་ཞག་རེ་ལ་ཤོ་ལོ་ཀ་སྟོང་སྟོང་ཟིན་པའི་བློ་དང་ལྡན་པ་ཅིག་ཏུ་གྱུར་ནས། དེ་ནས་ཁྱེའུ་དེས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་སྤྲུལ་བ་དགེ་སློང་དེ་ལ་རྩ་བའི་རྒྱུད་དང༌། བསྡུས་པའི་རྒྱུད་དང༌། འགྲེལ་པ་རྣམས་མཉན་ནས་དེ་དག་ཐུགས་ལ་གཟུང་ནས་རྒྱ་གར་གྱི་དབུས་སུ་བྱོན་ནོ། །བྱིས་པ་དེ་རབ་ཏུ་བྱུང་བས་ཙི་ལུ་པ་ཞེས་བྱ་བར་གྲགསསོ། །ཚིམ་བུ་བ་ཞེས་ཀྱང་གྲགསསོ། །དེ་ནས་སློབ་དཔོན་ཙི་ལུ་པ་དེས་ཀ་ཏ་ཀའི་རྒྱལ་པོའི་རྩར་བཞུགས་པ་ལ་སློབ་མ་གསུམ་བྱུང་སྟེ། དེ་རྣམས་ཀྱིས་རྒྱུད་འགྲེལ་རྣམས་གླེགས་བམ་ལ་བྲི་བར་ཞུས་པས། དེ་དག་བྲིས་ནས་སློབ་མ་གསུམ་ལ་གཏད་པས། གཅིག་པཎྜི་ཏར་གྱུར། གཅིག་སྒྲུབ་པ་པོར་གྱུར། གཅིག་ཐ་མལ་བ་ཅིག་ལས་མ་བྱུང་ངོ༌། །དེ་ནས་ཡུལ་དེར་རྒྱལ་པོ་གཞན་གྱི་དམག་འོངས་ནས་རྒྱུད་འགྲེལ་དེ་དག་དོང་དུ་སྦས་ཏེ་བྲོསསོ། །དེ་ནས་དམག་བྱེར་ཏེ་སླར་ལོག་ན་བལྟས་པ་དང༌། འགྲེལ་པ་ཆུང་ངུ་གཉིས་ཀྱི་སྨད་མི་འདུག་ནས། སློབ་མ་རྣམས་ཀྱིས་ཀྱང་བྲི་བར་ཞུས་པ་དང༌། མཁའ་འགྲོ་མས་སྦས་པ་ཡིན་པས་དེ་བྲིར་མི་རུང་གསུང་ནས་མ་གནང་ངོ༌། །དེ་ནས་ཙི་ལུ་པ་ཤར་ཕྱོགས་མེ་ཏོག་གི་ཁྱིམ་དུ་གཤེགསསོ། །དེའི་པཎྜི་ཏ་དེ་ལ་དགེ་བསྙེན་བྱང་ཆུབ་ཀྱིས་གསན་ནོ། །སློབ་མ་བྱང་ཆུབ་ཀྱིས་དུས་འཁོར་མ་ཤེས་ན་ཆོས་མི་ཤེས། དེའི་ནང་ནས་ཀྱང་གསང་སྔགས་མི་ཤེས་བྱས་པས། པཎྜི་ཏ་ཐམས་ཅད་འདུས་ནས་འདི་མི་རིགས་པས་བརྩད་པར་བྱའོ་ཞེས་བྱསསོ། །བི་ཀྲ་མ་ཤཱི་ལར་རྩོད་པ་བྱས་པས་ཇོ་བོས་དུས་ཀྱི་འཁོར་ལོའི་གནད་ཀྱིས་རྒྱུད་སོ་སོའི་སྟོད་སྨད་ཀྱི་འགལ་དྲིས་པས་སྤོབས་པ་མེད་པར་གྱུར་ནས། ཐམས་ཅད་ཀྱིས་བཟོད་པ་གསོལ་ནས་ཇོ་བོ་ལ་དུས་འཁོར་ཞུས་ནས་ཐམས་ཅད་དུས་འཁོར་གྱིས་རྒྱས་པར་གྱུར་ཏོ། །ཇོ་བོའི་མཚན་ཡང་དུས་ཀྱི་འཁོར་ལོ་བ་ཞེས་གྲགསསོ། །དེའི་སློབ་མ་མཉྫུ་ཀཱིརྟི་དང་ཨ་བྷ་ཡཱ་ཀ་ར་གཉིས་ལ་ཁམས་པ་ཞུ་ལོས་གསན་ནོ། གཉན་ལོས་ཀྱང་གསན་ནོ། དེ་གཉིས་ཀ་ལ་བླ་མ་འགོས་གསན་ནོ། །དེ་ལྟར་རྭ་འབྲོའི་བརྒྱུད་པ་ཇི་ལྟར་བྱུང་བ་བུ་རིན་པོ་ཆེའི་གཅེས་པའི་ལྡེ་མིག་ལས་བཤད་པ་དང༌། གླན་ཆོས་དབང་དང༌། མཁས་པ་བསོད་ནམས་འོད་ཟེར་བས་མཛད་པ་དང༌། གཉན་ལོ་ཙཱ་བ་ནས་བརྒྱུད་པའི་ཡི་གེ་དག་ཅུང་ཟད་མི་མཐུན་ཞིང༌། ཁྱད་པར་དུ་བིནྚོ་ཤཱ་ཙརྻ་ཞེས་པ་ཅིག་དུས་ཞབས་པ་ཆེན་པོའི་བླ་མར་འཆད་པ་དང༌། གཞན་གྱིས་དེ་དུས་ཞབས་པའི་སློབ་མར་བྱས་ནས། དེ་ངག་གི་དབང་ཕྱུག་གྲགས་པ་དང་གཅིག་ཏུ་འདོད་པ་དེ་ལ་སློབ་བཞིའི་ཡ་གྱལ་དུ་གྱུར་པའི་ངག་གི་དབང་ཕྱུག་དེར་འདོད་པ་འདྲ་ན། དེ་ནི་མ་ཡིན་པར་ངེས་ཏེ། དེས་མཛད་པའི་ཡན་ལག་བདུན་ལྡན་གྱི་བསྟན་བཅོས་སུ་དབང་བཞི་པའི་འདོད་པ་མང་པོ་བཀོད་པ་དེ་ལ་དུས་འཁོར་གྱི་ལུགས་གཏན་མི་སྣང་བའི་ཕྱིར་རོ། །སློབ་དཔོན་བསོད་སྙོམས་པས་མཛད་པའི་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་སྙིང་པོ་རྒྱན་ནི་བསྟན་བཅོས་ཀྱི་རང་མིང་གིས་དུས་ཀྱིས་འཁོར་ལོ་ལ་བརྟེན་པ་ཉིད་དུ་གྲུབ་བོ། །རྭ་པའི་བཞེད་པ་ལྟར་དུས་འཁོར་བ་ཆེན་པོའི་སྔོན་རོལ་དུ་དུས་འཁོར་སྟོན་པའི་བླ་མ་རིམ་པ་གཉིས་སོང་བ་དེ་བདེན་པ་ལྟ་ནའང༌། དུས་ཞབས་ཆེན་པོ་ལ་རིགས་ལྡན་གྱིས་དངོས་སུ་བྱིན་གྱིས་བརླབས་ཤིང་རྒྱུད་བསྟན་པ་ལ་ནི་འགལ་བ་མེད་དེ། སློབ་དཔོན་དཔེ་མེད་འཚོ་ལ་རྡོ་རྗེ་འཆང་ཉིད་ཨ་བ་དྷུ་ཏཱི་པའི་ཆ་བྱད་དུ་བྱས་ནས་ཡན་ལག་དྲུག་གི་གདམས་ངག་གནང་བར་ཉི་མ་དཔལ་གྱིས་བཤད་པའི་ཕྱིར་དང༌། གཞན་རྣམས་ཀྱིས་ཀྱང་བདེ་མཆོག་འཁོར་ལོའི་བླ་མ་བརྒྱུད་པ་མང་པོའི་མཐར་གནས་པའི་རྣམ་རྒྱལ་ཞབས་ཀྱི་སློབ་མ་ཏིལླི་པ་ནི་རྡོ་རྗེ་འཆང་གི་དངོན་ཀྱ་སློབ་མར་བཞེད་བའི་ཕྱིར་རོ། །སློབ་དཔོན་དཔེ་མེད་འཚོས་ཡང་སློབ་དཔོ་ནཱ་རོ་པ་ལས་དུས་འཕྱི་བ་མ་ཡིན་ཏེ། ནཱ་རོ་པས་དབང་མདོར་བསྟན་གྱི་འགྲེལ་པར་དེའི་ལུང་དྲངས་པའི་ཕྱིར་རོ། །སྤྱིར་ན་རྒྱ་གར་པ་དག་ལ་ཡང་གཏམ་ངེས་པ་མེད་པ་སྲིད་དེ། ཉི་མ་དཔལ་གྱིས་མཛད་པའི་ཡན་ལག་དྲུག་གི་འགྲེལ་པ་དབང་གིས་བསྒྱུར་བར་ཉི་མ་དཔལ་ཆོས་འབྱུང་ཞི་བའི་སློབ་མར་བྱས་ལ། པཎ་ཆེན་རིན་པོ་ཆེའི་གསུང་གིས་ཉི་མ་དཔལ་ནི་ཆོས་འབྱུང་ཞི་བའི་བླ་མ་ཡིན་ཞེས་གསུང་ལ། ཁོ་བོས་རྒྱ་དཔེ་གཉིས་མཐོང་བ་ལ་ཡང་དེ་ཁོ་ན་ལྟར་སྣང་ངོ༌། །བརྟག་གཉིས་དང་བདེ་མཆོག་གི་འགྲེལ་པ་གཉིས་ཀྱི་མཇུག་མཁའ་འགྲོ་མས་སྦས་པར་སྨྲ་བ་དེ་ལ་ཡང་དེ་ལྟར་བོད་དུ་འགྱུར་བའི་ཚད་དེ་ཁོ་ན་བྱང་ཆུབ་སེམས་དཔས་རྗེས་སུ་གནང་ངོ་ཞེས་བྱ་བར་རིགས་ཏེ། རྡོ་རྗེ་སྙིང་འགྲེལ་དུ་བདེ་མཆོག་གི་འགྲེལ་པ་དེ་ཚིགས་སུ་བཅད་པ་ཕྱེད་དང་བཅུ་གསུམ་གྱི་འགྲེལ་པ་ཡིན་པར་བཤད་པའི་ཕྱིར་དང༌། བདེ་མཆོག་གི་འགྲེལ་པ་ཉིད་དུའང༌། གཙོ་བོར་རྩ་བའི་རྒྱུད་དམ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཛད་པའི་འགྲེལ་བཤད་ཀྱིས་མཐའ་དྲུག་གི་དོན་འདི་ཐམས་ཅད་ཡུལ་གཞན་ལྷོ་དང་བྱང་དུ་སོང་སྟེ་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར་དང༌། རྡོ་རྗེ་སྙིང་པོའི་འགྲེལ་པར་ཡང་འདི་ལས་ཕྱི་མ་སྤྱོད་པའི་ལེའུ་ལ་སོགས་པ་ནི་རྒྱ་ཆེར་རྟོགས་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །གཏམ་མཐུན་པ་དང་མི་མཐུན་པ་སྣ་ཚོགས་ཡོད་ཀྱང་གཉན་དང་སེ་ལོ་ཙཱ་བའི་ཕྱོགས་ཀྱི་ཨ་བྷ་ཡ་དང༌། རྭ་པའི་ཕྱོགས་ཀྱི་མཉྫུ་ཀཱིརྟི་དང༌། འབྲོ་པའི་ཕྱོགས་ཀྱི་ཟླ་བ་མགོན་པོ་རྣམས་དུས་ཞབས་པ་ཆུང་བའི་དངོས་ཀྱི་སློབ་མ་ཡིན་པར་མཐུན་ཞིང༌། དུས་ཞབས་པ་ཆུང་བ་ནི་དུས་ཞབས་པ་ཆེན་པོའི་དངོས་ཀྱི་སློབ་མར་མཐུན་པའི་ཕྱིར་ཡིད་བདེ་བར་བྱའོ། །མེ་མཁའ་རྒྱ་མཚོའི་འདས་ལོའི་ཐོག་མ་མ་ག་དྷར་དུས་འཁོར་བྱུང་བ་དང་དུས་མཚུངས་པར་འདོད་པ་ཡིད་ཅུང་ཟད་འགྲིག་དཀའ་སྟེ། ཨ་བྷ་ཡས་དུས་ཀྱི་འཁོར་ལོ་ལ་འཇུག་པ་བརྩམས་པ་ན་ལོ་དྲུག་ཅུ་སྐོར་ཅིག་སོང་བར་གཞུང་དེ་ཉིད་ལས་བཤད་ཅིང༌། དྲུག་ཅུར་མ་ལོངས་པ་བཞི་བཅུ་རྩ་ལྔའོ་ཞེས་རཏྣ་རཀྵི་ཏས་གསུང་ངོ་ཞེས་ཆག་ལོ་ཙཱ་བའི་ཡི་གེར་འབྱུང་ལ། བོད་ཀྱི་བླ་མ་རྣམས་ཀྱི་ལོ་དང་སྦྱར་ན་མར་པ་དང་གྲྭ་པ་མངོན་ཤེས་ཀྱི་ལོ་བཅུ་དྲུག་པ་དང་འགྲིག་ལ། དེའི་ཚེ་བོད་དུ་ཡང་དུས་འཁོར་བྱུང་ཟིན་པའི་ཕྱིར་རོ། །དེ་ལ་དུས་ཞབས་པ་ཆུང་བའི་ཡབ་ཤྲཱི་བྷ་དྲ་བོ་དྷི་ནི་གྱི་ཇོ་དང་ལྷན་དུ་དུས་འཁོར་བསྒྱུར་བ་པོ་ཉིད་ཡིན་པ་འདྲ་ལ། དུས་ཞབས་པ་ཆུང་བའི་སློབ་མ་ནཱ་ལེནྡྲ་པ་ཞེས་བྱ་བས་བོད་དུ་ཡང་ཡུག་ཅིག་བྱོན་ཞེས་བྱ་བ་ལ་སོགས་པའི་གཏམ་སྣང་ངོ༌། །ཁ་ཆེ་ཟླ་བ་མགོན་པོ་ནི། ཚིགས་སུ་བཅད་པ་བཅུ་དྲུག་ལན་རེས་འཛིན་ནུས་པ་དང། བྱང་སེམས་འཛག་མེད་དུ་ཆིངས་པའི་ཡོན་ཏན་དང་ལྡན། བོད་དུ་དུས་འཁོར་དུ་མ་ཟད་སྒྲོན་གསལ་མན་ངག་གི་བཤད་པ་དང༌། རྩ་བ་ཤེས་རབ་ཀྱི་བཤད་པ་ཡང་མཛད། དེ་ལས་བརྒྱུད་པའི་ཡི་གེའང་མཐོང་ངོ༌། །བོད་སྐད་བྱང་བས་དོན་དམ་བསྙེམ་པའི་འགྱུར་མཛད་དེ་ཤིན་ཏུ་བཟང་ལ། ཕྱིས་མངའ་རིས་སུ་བྱོན་ཏེ་དུས་ཀྱི་འཁོར་ལོའི་འགྲེལ་ཆེན་ཡང་ཁོང་ཉིད་ཀྱིས་བསྒྱུར་རོ་ཞེས་གྲག་གོ །ལྕེ་ཡབ་སྲས་ཀྱིས་ཟླ་མགོན་ལས་དུས་འཁོར་གསན་ནས། དེ་ལ་འགོ་ཉི་མས་གསན་ལ་སླར་ཡང་གཉན་ལོ་སོགས་ལས་ཀྱང་གསན་པར་གྲགས་ལ། ཡུ་ཆོ་ཡང་འདིའི་སློབ་མ་ཡིན་མོད་ཀྱི་བཤད་པའི་རྒྱུན་ནི་མ་དར་བ་འདྲའོ། །སྒོམ་པ་དཀོན་མཆོག་བསྲུངས་ཀྱིས་རང་གི་འབྱོར་བ་ཐམས་ཅད་བསྡུས་པས་གསེར་སྲང་དྲུག་བྱུང་བ་དེ་དང༌། རང་གི་མགུལ་ལ་དར་ཡུག་བཏགས་ནས་པཎྜི་ཏའི་ཕྱག་ཏུ་གཏད་དེ། རང་གི་ལུས་ངག་ཡིད་གསུམ་ཕུལ་བས་རྒྱུད་འགྲེལ་ཀྱི་བཤད་པ་མན་ངག་རྫོགས་པ་དང་བཅས་པ་གནང་ངོ༌། །འོན་ཀྱང་འགྱུར་འབྲོ་འགྱུར་གྱི་སྟེང་ནས་མིན་པས་འབྲོ་ཡང་བླ་མར་གཟུང་དགོས་པའི་ཕྱིར། བརྒྱུད་རིམ་བརྗོད་པ་ན། ཟླ་བ་མགོན་པོ། འབྲོ་ལོ་ཙཱ་བ། སྒོམ་པ་དཀོན་མཆོག་བསྲུངས་ཞེས་བརྗོད་པ་ཡིན་ནོ། །སྒྲོ་སྟོན་གནམ་ལ་བརྩེགས་ནི། སྐུ་ཚེ་སྟོད་སྡེ་སྣོད་ལ་སྦྱངས་པའི་མཁས་པ་སྐུ་ཡང་བགྲེས་སུ་གྱུར་པ་ཞིག་ཟླ་བ་མགོན་པོའི་དྲུང་དུ་ཕྱིན་ནས་དུས་འཁོར་ཞུས་པས་ཀྱང་ངའི་དངོས་པོ་རྣམས་མང་ཡུལ་དུ་ཁྱོད་ཀྱིས་བསྐྱལ་ན་ཕྱིས་བོད་དུ་འོང་དུས་ཁྱོད་ལ་ཆོས་སྦྱིན་ནོ་གསུང་བས་དེར་གྲོགས་གཞན་གྱིས་པཎྜི་ཏ་ལ་ཆོས་མི་ཁུགས་ངེད་ཀྱི་སྒོམ་པ་ལ་ཞུ་བ་འཐད་བྱས་པས། དེ་ཁོ་ན་བཞིན་དུ་སྒོམ་པ་དཀོན་མཆོག་བསྲུངས་ལ་རྒྱུད་འགྲེལ་གདམས་པ་དང་བཅས་པ་ཞུས་པས་རྫོགས་པར་གནང༌། ཐུགས་ཉམས་སུ་བཞེས་པས་ཐུགས་རྒྱུད་ལ་ཡང་དག་པར་འཁྲུངས། རྟིང་དུ་པཎྜི་ཏ་བོད་དུ་བྱོན་དུས་པཎྜི་ཏ་མཇལ་དུ་ཕྱིན་པས་ངས་ཆོས་སྦྱིན་ནོ་གསུང་པ་ལ་གཞོན་དུས་གནང་དུ་ནི་མ་འདོད། ད་རྒས་པས་མི་ཞུ་བྱས་པས། ཁྱོད་དཀོན་མཆོག་བསྲུངས་ཀྱི་གདམས་པས་ངོམས་འདུག་སྟེ། དེ་ང་ལས་མ་བྱུང་ན་སུ་ལས་བྱུང་གསུང་ནས་ཕྱག་ཕབ། བླ་མ་ཆེན་པོའི་བཀའ་དྲིན་ལགས་ལགས་བྱས་པས། གང་གང་སྦྱིན་གསུང༌། འདི་དང་འདི་བྱིན་ལགས་བྱས་པས། དེ་ལས་ང་ལ་ཡང་མེད། ད་གཞན་ལ་སྟེར་རི་གནའ་སྐྱོལ་གསུང་ནས་མགུལ་ལ་ཕྲེང་བ་བཅུག །དེར་བླ་མས་གནང་བ་ནི་མ་ལགས་བྱས་པས། ངན་པ་འདི་གསུང་ནས་དབུ་ལ་བྱེ་མ་པར་བ་གང་རྒྱབ། རེ་ཞིག་ན་ད་འོ་ན་ཁྱོད་ཀྱིས་གཞན་ལ་སྟོན་ལ་མགོ་ལུས་ཚང་བར་བྱིན་ཅིག་ཅེས་རྗེས་སུ་གནང་བའང་འཐོབ། དེ་བཞིན་དུ་ཡུ་མོས་ཀྱང་པཎྜི་ཏ་ལ་ཞུས་པ་ན་ཁྲེས་པོ་བསྟན་ནས་འདི་བལ་ཡུལ་དུ་སྐྱོལ་ཕྱིས་སྟེར་གསུང་བ་ལ། ཡང་གྲོགས་ཀྱིས་གྲོས་བཏབ་སྟེ་སྒྲོ་སྟོན་ལ་ཞུས། སྒྲོ་སྟོན་གྱིས་རྒྱུད་འགྲེལ་མན་ངག་དང་བཅས་པ་དང༌། སྒྲོན་གསལ་མན་ངག་དང་བཅས་པ་གནང༌། དེ་ནས་འུ་ཡུག་ཏུ་བྱོན་ནས་བསྒོམས་པས་གྲུབ་པ་ཡང་བརྙེས། སློབ་མ་ཁྱད་པར་ཅན་ཡང་བྱུང་སྟེ་བརྒྱད་ཅུ་རྩ་གཉིས་ལ་གཤེགསསོ། །དེ་ལ་སློབ་མ་ཝ་བྲག་དཀར་བ་བྱ་བ་དང། གཉལ་པ་གྲོ་བྱ་བ་གཉིས་ཀྱིས་བཀའ་གདམས་ལ་འདག་འབྱར་ཡུན་རིང་དུ་བྱས་ནས། ཕྱིས་བླ་མ་ཆེན་པོའི་དྲུང་དུ་འོངས་ཏེ་གདམས་ངག་བསྒོམས་པའི་ཞག་དང་པོ་ལ་རྟགས་ཐམས་ཅད་རྫོགས་ཏེ། ལམ་གྱི་མཆོག་ཏུ་ངེས་པ་རྙེད། བསྒོམས་པས་མངོན་པར་ཤེས་པ་རྒྱ་ཆེན་པོ་དང་ཡང་ལྡན་ནོ། གཉོས་སྐྱི་ཁུང་བ་བྱ་བས་ནི། ལོ་བདུན་ཅུ་ལོན་ནས་བླ་མ་ཆེན་པོ་ལ་གཏུགས། དེས་ངོར་རྗེ་ལ་གསུངས། དེས་དོལ་བ་འགར་སྟོན་དབང་ཕྱུག་གྲུབ་ལ་གསུངསསོ། །གྲུབ་ཐོབ་དྷརྨ་བོ་དྷི་ཡང་ཡུ་མོའི་སློབ་མ་ཡིན་ལ། ཏྲེ་བོ་མགོན་པོས་གཞུང་གདམས་ངག་ཐམས་ཅད་མནོས་ནས་རྒྱ་ཆེར་བཤད་ཅིང༌། དེའི་རྒྱུན་ཡང་རིམ་པ་མང་དུ་བྱུང་ངོ༌། མཁས་པ་དྷརྨི་ཤྭ་ར་ནི། བླ་མ་ཆེན་པོའི་དགུང་ལོ་ལྔ་བཅུ་རྩ་དྲུག་པའི་སྲས་ལོ་བཅུ་གཉིས་ལ་དབང་མདོར་བསྟན་གསུངས་ལོ་བཅུ་དྲུག་པ་ལ་རྒྱུད་འགྲེལ་ཆེན་མོ་བཤད། རྒྱ་གླིང་བ་ལ་སོགས་པའི་མཁས་པ་དག་ཀྱང་རྩོད་པས་ཟིལ་གྱིས་གནོན་པར་ནུས་པ་ཞིག་གོ །དེའི་སློབ་མ་ཁང་གསར་བ་ནམ་མཁའ་འོད་ནི། རིགས་ཚོགས་ལ་སོགས་པའི་སྡེ་སྣོད་ལ་ཡང་མཁས། རྒྱུད་འགྲེལ་ཆེན་མོའི་བཤད་པ་བྱེད། ཏིང་ངེ་འཛིན་ཡང་ཕུན་སུམ་ཚོགས་པ་དང་ལྡན་པ་ཞིག་གོ །དྷརྨེ་ཤྭ་རའི་སྲས་མོ་ཇོ་འབུམ་ཞེས་པ་གཞོན་ནུའི་དུས་ན་མས་བསྐུལ་ཏེ་མཐུ་བསླབས་ནས་དགྲ་མང་པོ་བརླག་པར་བྱས། དེ་རྟིང་ཡན་ལག་དྲུག་གི་རྣལ་འབྱོར་བསྒོམས་པས། ཚེ་དེ་ཉིད་ལ་རང་བཞིན་གྱིས་གྲུབ་པའི་རྣལ་འབྱོར་མ་རྣམས་དང་སྐལ་བ་མཉམ་པའི་འཕགས་མར་གྱུར་ཏོ། དེའི་མིང་པོ་སེ་མོ་ཆེ་བ་ནམ་མཁའ་རྒྱལ་མཚན་ནི། གཞོན་ནུའི་དུས་ན་རྣ་བ་དང་ལྕེ་ངག་མི་བདེ་བས་རེ་བ་ཆེར་མོད་ཀྱང༌། ཕྱིས་ཁང་གསར་བ་ནམ་མཁའ་འོད་ལ་བརྟེན་ནས་རྒྱུད་འགྲེལ་མཁས་པར་མཁྱེན། ཡན་ལག་དྲུག་དང་ནཱ་རོའི་ཆོས་དྲུག་ཉམས་སུ་བླངས་པས་ཡང་དག་པའིི་ཏིང་ངེ་འཛིན་བརྙེས། སྔོན་གྱི་སྐྱེ་བ་དཔག་ཏུ་མེད་པ་ཡང་དྲན། སེ་མོ་ཆེར་བཞུགས་པས་གྲུབ་ཐོབ་སེ་མོ་ཆེ་བར་གྲགསསོ། །དེའི་སློབ་མ་འཇམ་གསེར་ཤེས་རབ་འོད་ཟེར་ནི། འཁྲུངས་ཡུལ་མྱང་སྟོད་པ། གཉའ་ཞིག་ལ་སོགས་པ་ལ་བརྟེན་ནས་སྡེ་སྣོད་མང་པོ་ལ་མཁས་པའི་ཕུལ་དུ་གྱུར་པ། ལོ་མང་པོར་དཀའ་ཐུབ་ཀྱིས་ལུས་སྦྱངས། ཕྱག་ན་རྡོ་རྗེ་ལ་རིང་དུ་བསྙེན་པས་ལྷ་འདྲེ་སུས་ཀྱང་ངའི་བཀའ་ལས་འགོང་བར་མི་ནུས་སྙམ་པའི་གདེང་དང་ལྡན་པས། རྐྱང་འདུར་དུ་བཤད་མཉན་མཛད་པའི་འཕྲོ་ལ་སེ་མོ་ཆེ་བ་གྲོང་ཆུང་དགོན་པ་ན་བཞུགས་པའི་སར་བྱོན་པའི་ལམ་དུ་གཙང་པོ་བརྒལ་བའི་ཚེ་མི་མ་ཡིན་གྱིས་རྡ་ཆར་ཕབ་པ་ལ་ཆོས་བརྒྱད་རོ་མཉམ་པས་སྐྲག་པ་མེད་པའི་མགུར་ཡང་གསུངས། སེ་མོ་ཆེ་བའི་དྲུང་དུ་དབང་རྒྱུད་འགྲེལ་ཆ་ལག་དང་བཅས་པ་མཁས་པར་བསླབས། རྫོགས་པའི་རིམ་པ་བསྒོམས་པས་ཞག་གཅིག་ལ་རྟགས་རྫོགས་ཤིང་རྣལ་འབྱོར་གྱི་དབང་ཕྱུག་ཏུ་གྱུར་ཏེ། གདམས་ངག་ལ་ཤིན་ཏུ་ཡིད་ཆེས་པས་དྭགས་པོ་བཀའ་བརྒྱུད་ཀྱི་སྒོམ་ཆེན་པའི་སྒོམ་སྲན་ལ་གདམས་ངག་འདི་ཡོད་ན་ལུང་པ་གྲུབ་ཐོབ་ཀྱིས་འགེངས་ཤེས་གསུང་བ་དང༌། ཕྱིས་ཐུབ་པའི་དབང་པོ་འཁོར་དང་བཅས་པ་ཞལ་གཟིགས་པ་ལ་ཡན་ལག་བདུན་པ་ཞིག་ཕུལ། སངས་རྒྱ་བའི་རྒྱུ་ལམ་འབྲས་བུ་ཐམས་ཅད་བླ་མ་སངས་རྒྱས་ཀྱིས་དྲུང་དུ་སྒྲོ་འདོགས་བཅད་ཟིན་པས་ཆོས་ནི་མ་ཞུས་གསུང་བ་དང༌། སྡེ་སྣོད་གསུང་པའི་ཚེའང་མཉམ་པར་བཞག་པའི་སྟོབས་ཀྱིས་གསུང༌། བདེ་བ་ཅན་ལ་སོགས་པའི་ཞིང་དག་པ་མང་པོར་མནལ་ལམ་དུ་བསྒྲོད། རི་ཁྲོད་རྣམས་སུ་སྒོམ་གྲྭ་བཙུགས་ནས་གདམས་ངག་གིས་སྐྱོང་སྟེ་བཤད་སྒྲུབ་ལ་མངའ་བརྙེས་པར་གྱུར་ཏོ། དེའི་སློབ་མ་བླ་མ་ཆོས་སྐུ་འོད་ཟེར་ནི། གསེར་སྡིངས་པ་གཞོན་ནུ་འོད་ཀྱི་སྦས་པའི་སྲས། ཁ་ཆེ་པཎ་ཆེན་ཆུ་མོ་བྱའི་ལོ་ལ་ཁ་ཆེར་གཤེགས་པའི་ཕྱི་ལོ་ཤིང་ཕོ་ཁྱིའི་ལོ་ལ་འཁྲུངས་པ་དེའི་རྣམ་པར་ཐར་པ་རགས་པ་གསང་འདུས་རྒྱུད་ལུགས་ཀྱི་སྐབས་སུ་བཤད་ཟིན་ལ། བྱེ་བྲག་ཆོས་རྗེ་འཇམ་གསར་དང་མཇལ་བའི་ཚུལ་ནི། གསེར་སྡིངས་པའི་གསུང་གིས་འཇམ་གསར་པ་དང་ལས་འབྲེལ་ཡོད་པས་དེར་སོང་ཅིག་གསུང་བས་བྱོན། གཤིན་རྗེ་གཤེད་ཀྱི་དབང་གསན་པའི་ཚེ་བླ་མ་གཤིན་རྗེ་གཤེད་དུ་གཟིགས། གཞན་ཡང་ལུང་རིགས་མན་ངག་མཐའ་ཡས་པ་གསན། ཁྱད་པར་དུ་དུས་འཁོར་གྱི་དབང་གསན་པའི་ཚེ་བླ་མ་རྡོ་རྗེ་ཤུགས་སུ་གཟིགས་འདི་ལྟར་གདའ་ཞུས་པས། རྡོ་རྗེ་ཤུགས་ཡིན་ནམ་སྙམ་པའི་ང་རྒྱལ་ཡང་ཡོད་པ་ཡིན། འོ་སྐོལ་དཔོན་སློབ་ལ་བགེགས་ཀྱིས་མི་ཚུགས་གསུང༌། དཀྱིལ་འཁོར་དུ་ཞུགས་པའི་ཚེ་ཡེ་ཤེས་ཀྱི་དཀྱིལ་འཁོར་མངོན་སུམ་དུ་གཟིགས། བཞི་པའི་སྐབས་སུ་ང་བཞིན་དུ་ལུས་གནད་ཆོས་ལ་སེམས་མི་རྟོག་པར་ཞོག་གསུངས་པ་ཙམ་གྱིས་འགྱུར་བ་ཕྲ་རགས་ཆད་དེ་བདེ་སྟོང་ཆེན་པོའི་ཏིང་ངེ་འཛིན་དུ་གྱུར། ཕྱིས་སྒོམ་ཁང་དུ་བསྒོམས་པས་ཀྱང་ཉམས་རྟོགས་འུར་ལངས་ཏེ། ཆོས་རྗེའི་གསུང་གིས་གསལ་བ་རབ་ཀྱི་མཐར་ཕྱིན་གདའ་གསུང༌། ཆོས་གྲྭ་དེར་རྣམ་ངེས་ལ་སོགས་པའི་ཆོས་བཤད་མཛད་པས་ཆོས་རྗེས་ཚད་མེད་པའི་བསྔགས་པ་མཛད། སེ་མོ་ཆེ་བ་ལ་ཆོས་འབྲེལ་ཞུར་བྱོན་པས་ཀྱང་ཁྱད་གཉིས་སྐྱེ་བ་བ་མང་པོའི་དཔོན་སློབ་ཡིན་གསུང༌། དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ཕྲན་དང་བཅས་པ་མ་ལུས་པ་གསན། གཞན་ལ་དབང་རྒྱུད་གདམས་ངག་གིས་ཕན་པ་མང་དུ་མཛད་དོ། དེའི་སློབ་མ་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ནི། ལ་སྟོད་བྱང་གི་དབ་ཕྱར་སྤང་སྒང་དུ་འཁྲུངས། དགུང་ལོ་ཆུ་མོ་ཡོས་ཡིན། གཞོན་པའི་དུས་སུ་སྡེ་སྣོད་མང་པོ་ལ་མཁས་པར་སྦྱངས། རྐྱང་འདུར་གྱི་ཆོས་གྲྭར་གྲྭ་པ་ཡང་མང་དུ་བསྐྱངས། རྩོད་པ་ཡང་ཤིན་ཏུ་བཟང་བར་གྲགས། འཆད་ཉན་གྱི་སྐབས་ཤིག་ཏུ་ཀུན་མཁྱེན་ཆོས་སྐུ་འོད་ཟེར་བ་ལ་དུས་འཁོར་གྱི་བཤད་པ་རྫོགས་པར་གསན། མན་ངག་ཞུས་ནས་བསྒོམས་པའི་ཚེ་ཏིང་ངེ་འཛིན་མང་པོའི་སྒོ་བྱེ། སྐབས་ཤིག་ཏུ་སྲོག་གེགས་བྱུང་བ་ཀུན་མཁྱེན་པས་མཁྱེན་ནས་སྤྱན་མ་དྲངས་པ་བྱོན། ཀུན་མཁྱེན་པའི་གསུང་གིས། ད་ལན་གྲོངས་ན་ཁྱེད་རང་སྐུ་བཞི་ལ་འབྱོར་འགྲོ་སྟེ། གདུལ་བྱ་མང་པོའི་དོན་དུ་བཞུགས་དགོས་པས་གསུང་ནས་སྲོག་གེགས་དེ་བསལ། དེ་ནས་འཆད་ཉན་གྱི་སྤྲོས་པ་དོར་ཏེ་གཅིག་ཏུ་བསྒོམ་པ་ལ་གཞོལ་བས་ཀུན་སྤངས་པར་གྲགས། བོད་ན་སྦྱོར་དྲུག་མི་འདྲ་བ་ཡོད་ཟེར་ཚད་ལ་ཡང་གསན་པ་མཛད། བྱང་གི་རི་བརྒྱུད་རྣམས་ལ་འདུག་ས་སྤོ་ཞིང་བསྒོམས་པའི་ཚེ་ཐུགས་དམ་གྱི་སྟོབས་ཀྱིས་མི་མ་ཡིན་མང་པོ་དབང་དུ་འདུས། ཁྱད་པར་ཇོ་མོ་ནགས་རྒྱལ་གྱིས་ཇོ་ནང་དུ་སྤྱན་དྲངས་པས་ལོ་གསུམ་ན་འབྱོན་པར་ཞལ་གྱིས་བཞེས་ཏེ། དུས་ལ་བབ་པ་ན་བྱོན་ནས་དགོན་པ་བཏབ། བཤད་པ་དང་གདམས་པ་གཉིས་ཀའི་སློབ་མ་ཡང་མང་དུ་བསྐྱངས། དེ་དག་གི་ནང་ནས་བྱང་སེམས་རྒྱལ་བ་ཡེ་ཤེས། ལ་སྟོད་པ་དབང་རྒྱལ། མུན་མེ་བྲག་ཁ་བ། སྲོན་བ་ཀུན་རྒྱལ་རྣམས་ལ་ཀུན་སྤངས་པའི་བུ་བཞི་ཞེས་གྲགས། བྱང་སེམས་རྒྱལ་ཡེ་བ་ནི། མེ་མོ་སྦྲུལ་ལ་འཁྲུངས། ཆུང་ངུའི་དུས་སུ་ཀར་མ་པ་ཤིས་ཕ་དེ་མི་འདོད་བཞིན་དུ་བླངས་ནས་ཀར་མ་བའི་ཆོས་རྣམས་དང་ཟང་ཟིང་གིས་ཀྱང་བསྐྱངས། ཕྱིས་ཇོ་མོ་ནང་དུ་བྱོན་ཀུན་སྤངས་པའི་གཞུང་གདམས་ངག་ཐམས་ཅད་གསན་ཞིང་ཉམས་སུ་རྫོགས་པར་བཞེས། ལ་སྟོད་པ་དབང་རྒྱལ་ནི། བསྒོམས་པས་ཕུལ་དུ་བྱུང་བའི་མྱོང་བ་ཐོབ་སྟེ། བར་དུ་དགེ་བ་མན་ཆད་ལ་བླ་མའི་གསུང་ལས་འབྱུང་བའི་ཁྲིད་ཡིག་ཀྱང་མཛད། མང་པོའི་པོའི་བོགས་བཏོན་ཞིང་གེགས་བསལ་ལོ། མུན་མེ་བྲག་ཁ་བ་གྲགས་པ་སེང་གེ་ནི། གཡས་རུ་བྱང་གི་རྒྱལ་ཏེ་ཐང་ཀར་དུ་ཤིང་མོ་ཡོས་ལ་སྐུ་འཁྲུངས། གདུང་རུས་ནི་གླན། གཞོན་ནུ་ལ་ཁྲོ་ཕུ་རིན་པོ་ཆེ་བསོད་ནམས་སེང་གེ་ལས་རབ་ཏུ་བྱུང་ནས། མཚན་གྲགས་པ་སེང་གེར་བཏགས། ཕྱིས་མཁན་པོ་དེ་ཉིད་དང་དབུ་མ་པ་ཤེར་འབུམ་གྱིས་སློབ་དཔོན། བུ་སྟོན་སེང་གེ་འོད་ཀྱིས་གསང་སྟོན་མཛད་དེ་བསྙེན་པར་རྫོགས། ས་སྐྱར་ཕྱ་རུ་བ་སེང་གེ་དཔལ་ལས་རྣམ་འགྲེལ་གསན། བྱམས་ཆོས། རིགས་ཚོགས། རྒྱུད་སྡེ་དང་བཅས་པའི་མཁྱེན་པ་དཔག་ཏུ་མེད་པ་མངའ་ཡང༌། བསྟན་པའི་སྙིང་པོ་སྒྲུབ་པ་ཡིན་པར་དགོངས་ནས། ཇོ་མོ་ནང་དུ་ཀུན་སྤངས་པ་དང་བྱང་སེམས་རྒྱལ་ཡེ་ལ་སྦྱོར་བ་ཡན་ལག་དྲུག་གི་ཁྲིད་ཞུས་ནས་རྒྱུད་གསུང་བར་ཞུས་པས་རོང་དུ་སོང་གསུང་སྟེ། རྒྭ་ལོའི་སྲས་ཆུང་བ་ཨཱ་ཀ་ར་སིདྡྷི་ལ་རྒྱུད་འགྲེལ་ཆ་ལག་དང་བཅས་པ་གསན་ནས། གཡའ་ལུང་གི་རི་ཁྲོད་དུ་སྒྲུབ་པ་གཙོ་བོར་མཛད། ཞར་ལ་རྒྱུད་འགྲེལ་གྱི་བཤད་པ་དང་ཁྲིད་ཀྱིས་སློབ་མ་ཡང་རྗེས་སུ་གཟུང༌། ཕྱིས་རྒྱལ་ཁམས་སུ་ཁ་མོ་ཆེ་བྱུང་བའི་སྟག་གི་ལོ་ལ་ལོ་བེ་བ་ཀུན་བཟང་གིས་སྦྱིན་བདག་བྱས་ནས་བྲག་ཁར་ཕྱགས་ཕབ། དེར་མཚམས་བཅད་དེ་དུས་འཁོར་གྱི་བསྙེན་པ་བྱེ་བ་དང༌། སྦྱིན་བསྲེག་འབུམ་ཕྲག་བཅུ་མཛད་པས་མེ་ལྕེ་རྣམས་རིན་པོ་ཆེའི་རྣམ་པར་འབྱུང་བ་ལ་སོགས་པའི་མཚན་མ་ཁྱད་པར་ཅན་བྱུང༌། ཞག་རེ་ལ་ལུས་སྦྱོར་དྲུག་རེ་མ་གཏོགས་བསྐྱེད་རྫོགས་ཀྱི་ཐུགས་དམ་ལ་གཙོ་བོར་མཛད། སྦྱོར་དྲུག །དམར་ཁྲིད། གཅོད། གཟེར་ལྔ་རྣམས་ལ་ཁྲིད་ཆེན་བཞིར་མིང་བཏགས་ནས་གཙོ་བོར་སྐྱོང༌། དབྱར་མཚམས་དུས་ཕལ་ཆེར་རྒྱུན་གཅོད་ལ་བཞུགས། ཕྱག་ཏུ་དངོས་པོ་བྱུང་ཚད་བླ་མ་རྣམས་ཀྱི་གདན་སར་གཏོང༌། མངོན་པར་ཤེས་པ་མངའ་བས་ས་སྐྱ་པའི་བདེ་དོག་ལ་སོགས་པ་ལུང་བསྟན་པ་ཐམས་ཅད་ཐོག་ཏུ་བབ། དགུང་ལོ་གྱ་དགུ་བཞེས་པ་ཆུ་མོ་ལུག་གི་ལོ་ལ་ངོ་མཚར་བའི་ལྟས་དང་བཅས་ཏེ་གཤེགས། སྐུ་གདུང་སྦྱངས་པས་རིང་བསྲེལ་གྱི་ཕུང་པོར་གྱུར་ཏོ། །འདིའི་སློབ་མ་ཆོས་རྗེ་བླ་མ་དམ་པ་དང༌། དཀའ་བཅུ་པ་གཞོན་ནུ་སེང་གེ་བློ་གྲོས། བང་མོ་ཞུ་བ་གཞོན་ནུ་དཔལ་ལ་སོགས་པ་མང་དུ་བྱོན་ནོ། སྲོན་པ་ཀུན་རྒྱལ་གྱི་སློབ་མ་སྲོན་པ་ཆོས་དཔལ་ལ། བྲག་ནག་པ་ཆོས་སྐྱོང་དཔལ་གྱིས་སྲོན་ལུགས་གསན། དེ་ལ་བཀའ་བཅུ་པ་གཞོན་ནུ་སེང་གེས་གསན་ནོ། །སྲོན་པ་ཀུན་དགའ་རྒྱལ་ནི། ཧོར་རྒྱལ་པོའི་ཟུ་གུར་ཆེ་ཡིན་པ་བླ་མ་འཕགས་པས་རབ་ཏུ་ཕྱུང་ཞིང༌། སྡེ་སྣོད་ཀྱི་སློབ་གཉེར་ལ་ཡང་བཅུག །ཕྱིས་ཀུན་སྤངས་པ་ལ་ཁྲིད་ཞུས་པས་ཉམས་མྱོང་ཁྱད་པར་ཅན་བྱུང་ཞིང༌། སྤྱན་རས་གཟིགས་དང་ཤ་བ་རི་དབང་ཕྱུག་དང་ཡང་མཇལ་ཏེ། གདམས་ངག་ཀྱང་སྲོན་ལུགས་ཤེས་ཅུང་ཟད་མི་འདྲ་བས་གཞན་གྱི་དོན་མཛད། དཔལ་ལྡན་བླ་མས་སྲོན་པ་ཀུན་དགའ་རྒྱལ། དེའི་སློབ་མ་ཆོས་དཔལ། མཁན་ཆེན་བསོད་གྲགས་པ་གསུམ་ག་ལ་སྲོན་ལུགས་གསན། དེ་ལྟར་ཀུན་སྤངས་པས་གཞན་གྱི་དོན་ཡུན་རིང་དུ་མཛད་ནས། བྱང་སེམས་རྒྱལ་ཡེ་ལ་གདན་ས་གཏད་དེ། བདུན་ཅུ་རྩ་གཅིག་པ་ཆུ་མོ་གླང་ལ་གཤེགས། བྱང་སེམས་རྒྱལ་བ་ཡེ་ཤེས་ཀྱིས་རང་ལོ་ལྔ་ཅུ་རྩ་བདུན་པ་ཆུ་མོ་གླང་ལ་ཇོ་ནང་གི་གདན་སར་བཞུགས། བླ་མ་ཀུན་བསོད་པ་ལ་སོགས་པའི་དགེ་བའི་བཤེས་གཉེན་མང་པོ་དང༌། དཔོན་ཆེན་བྱང་རྡོར་དང་དཔོན་ཆེན་ཡོན་བཙུན་ལ་སོགས་པའི་ཆེན་པོ་རྣམས་ཀྱིས་ཀྱང་ཞབས་ལ་གཏུགས། ཁྲིད་བཏབ་པ་རྣམས་ལའང་མྱོང་བ་ཁྱད་པར་ཅན་སྐྱེས་པ་ཤས་ཆེ། ཐ་མ་ཡང་རྟགས་མ་རྫོགས་པ་མེད་ཅེས་གསུང༌། གདན་ས་ལོ་བརྒྱད་མཛད་དེ། དྲུག་ཅུ་རྩ་བཞི་པ་ལྕགས་ཕོ་སྤྲེའུ་ལ་གཤེགས། འདི་ནི་སྐྱེས་བུ་ཁྱད་པར་ཅན་ཞིག་པས་ཆོས་རྗེར་རང་བྱུང་རྡོ་རྗེས་ཀྱང་འདིའི་རྣམ་པར་ཐར་པའི་ཡིག་ཆ་མཛད་དོ། བྱང་སེམས་པའི་སློབ་མ་མཁས་བཙུན་ཡོན་ཏན་རྒྱ་མཚོ་ནི། ལྕགས་སྤྲེ་ལ་འཁྲུངས་ནས་རེ་གཅིག་པ་ལ་གདན་སར་བཞུགས། མེ་ཕོ་སྟག་ལ་གདན་ས་གཏད་ནས་རང་ལོ་དྲུག་ཅུ་རྩ་བརྒྱད་པ་མེ་མོ་ཡོས་ལ་གཤེགས་ཏེ། དེ་ཡང་ཡུལ་མདོག་གི་སྤེན་པ། ཆུང་ངུ་ནས་ས་སྐྱར་འཇམ་དབྱངས་པ་ལ་སོགས་པའི་མཁས་པ་མང་པོ་བསྟེན་ནས་སྡེ་སྣོད་ལ་ལེགས་པར་སྦྱངས། འཇམ་དབྱངས་པའི་ཕྱགས་ཕྱིར་གོང་དུའང་བྱོན། འཇམ་དབྱངས་པ་ལ་ཞུ་བ་བྱས་ནས་ཕྱིས་དབུས་གཙང་དུ་མྱུར་པོར་ཕེབས། ཇོ་མོ་ནང་དུ་བྱོན་ནས་ཀུན་སྤངས་པ་དང་བྱང་སེམས་པ་གཉིས་ཀ་ལ་དབང་རྒྱུད་ཁྲིད་དང་བཅས་པ་ལེགས་པར་གསན། ཐུགས་དམ་ཀྱང་ཤིན་ཏུ་མཐོན་པོར་གྱུར་ནས་འགྲོ་བ་མཐའ་དག་གིས་འདུད་པའི་གནས་སུ་གྱུར་ཏོ། །དེའི་སློབ་མར་གྱུར་པ་ཀུན་མཁྱེན་ཤེས་རབ་རྒྱལ་མཚན་ནི། དོལ་པོའི་བན་ཚང་ཞེས་པར་སྐུ་འཁྲུངས། གཞོན་ནུ་ལ་སྐྱི་སྟོན་འཇམ་དབྱངས་པ་ཁུ་དཔོན་གྱི་ཞབས་ལ་གཏུགས་ནས་བཀའ་ཆེན་བཞི་ལ་སོགས་པའི་སྡེ་སྣོད་དང༌། རྡོ་རྗེ་ཕྲེང་བའི་དབང་ལ་སོགས་པའི་སྔགས་ཀྱི་གསན་པ་དུ་མ་མཛད། ཁྱད་པར་ཁུ་དཔོན་གཉིས་ལ་རྭ་ལུགས་ཀྱི་དུས་གྱི་འཁོར་ལོའི་བཤད་པ་ལེགས་པར་གསན། སྐུ་ཕྲ་མོའི་དུས་ནས་ས་སྐྱར་དཀའ་བཞིའི་བཤད་པ་མཛད་པས་གཞན་དག་མ་རངས་པ་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་བསྣན་ཏེ་ཡང་གསུངས། དབུས་གཙང་གི་གྲྭ་ས་རྣམས་སུ་ཡང་བྱོན་ནས་གྲྭ་སྐོར་མཛད་པས་སྟོན་པ་ཡང་བཟང་བར་གྲགས། གཞན་ཡང་བླ་མ་མང་པོ་ལ་གསན་པ་རྒྱ་ཆེ་བར་མཛད། དེ་ནས་ཇོ་མོ་ནང་དུ་མཁས་བཙུན་ཡོན་ཏན་རྒྱ་མཚོ་བ་ལ་རྒྱུད་འགྲེལ་མན་ངག་དང་བཅས་པ་གསན། མན་ངག་སྐུ་ཉམས་སུ་བཞེས་པས་དཔེ་མེད་པའི་ཉམས་སུ་མྱོང་བ་འཁྲུངས་ཏེ། དགུང་ལོ་སུམ་ཅུ་རྩ་ལྔ་ལ་གདན་སར་བཞུགས་ནས་ཞི་བར་མ་གཤེགས་ཀྱི་བར་དུ་བཤད་སྒྲུབ་ཀྱི་བསྟན་པ་གཟུང༌། སྐུ་འབུམ་མཐོང་གྲོལ་ཆེན་མོ་བཞེངས། རང་གི་སློབ་མ་མ་ཏི་པཎ་ཆེན་དང༌། ལོ་ཙཱ་བ་བློ་གྲོས་དཔལ་གཉིས་ལ་བཀའ་གནང་ནས་དེ་གཉིས་ཀྱིས་ཤིང་ཕོ་ཁྱི་ལ་དུས་ཀྱི་འཁོར་ལོའི་འགྱུར་ཡང་བཅོས། འགྱུར་དེ་ལ་གཞི་མཛད་ནས་ཀུན་མཁྱེན་ཆེན་པོས་རྒྱུད་འགྲེལ་ཆེན་མོའི་བསྡུས་དོན་དང་མཆན་བུ་ཡང་མཛད། གཞན་ཡང་དབང་སྒྲུབ་དང་རྩིས་ལ་སོགས་པའི་བསྟན་བཅོས་ཕྲ་མོ་ཡང་མང་དུ་བརྩམས། སྐུ་འབུམ་ཆེན་མོ་བཞེངས་པས་དགོངས་པ་གསར་པ་འཁྲུངས་ཏེ། ལྷུན་པོ་བཞེངས་པས་རྒྱ་མཚོ་བརྡོལ་བ་སྙམ། ཞེས་གསུངས་ཤིང་ངེས་དོན་རྒྱ་མཚོ་བསྡུས་དོན་ས་བཅད་དང་བཅས་པ་དང༌། རྒྱུད་བླ་མ་དང་མངོན་པར་རྟོགས་པའི་རྒྱན་གྱི་ཊཱིཀ་ཀ་དང༌། བསྟན་པ་སྤྱི་འགྲེལ་དང༌། བཀའ་བསྡུ་བཞི་པ་ལ་སོགས་པའི་གཞན་སྟོང་སྟོན་པའི་བསྟན་བཅོས་མཛད་པ་རྣམས་ཀྱིས་དབུས་གཙང་དུ་ཁྱབ། གྲུབ་མཐའ་དེ་ལ་མཁས་པ་མང་པོ་མ་རངས་པར་སྐུ་མདུན་དུ་རྩོད་པ་ཞུས་པ་ན། ཁ་བས་རྒྱ་མཚོར་ཕྱིན་པ་བཞིན་ཞི་བ་ཉིད་དུ་གྱུར། ལོ་ཙཱ་བ་གདན་སར་བཞག་ནས་དབུས་སུ་བྱོན་ཏེ་ལྷ་སར་བཞུགས་ནས་ཡན་ལག་དྲུག་གི་ཁྲིད་བསྐྱངས་པས་ལྷ་སའི་གཞི་ཀུན་ཏུ་ཉམས་སྐྱོང་བའི་གར་གྱིས་ཀྱང་གང༌། ཕྱིར་དཔལ་ཇོ་མོ་ནང་དུ་ཕེབས་ཏེ་བདུན་ཅུ་པ་ལྕགས་མོ་གླང་གི་ལོ་ལ་བདེ་བ་ཅན་དུ་གཤེགས། དེ་ལ་སློབ་མ་ཡང་ཀུན་སྤངས་ཆོས་གྲགས་དཔལ་བཟང་པོ་དང༌། ཕྱོགས་ལས་རྣམ་རྒྱལ་དང༌། ཉ་དབོན་ཀུན་དགའ་དཔལ་ལ་སོགས་པ་སློབ་མ་མཁས་ཤིང་ཡན་ལག་དྲུག་གི་རྣལ་འབྱོར་ལྷུར་ལེན་པ་མང་པོས་དབུས་གཙང་གི་རི་སུལ་ཐམས་ཅད་དུ་ཡན་ལག་དྲུག་ཉམས་སུ་ལེན་པའི་སྒྲུབ་པ་པོས་བཀང༌། སྒྲུབ་བརྒྱུད་དེ་ཁམས་སུ་ཡང་ཤིན་ཏུ་དར་བས་དིང་སང་ཡང་རྨ་ཆུའི་འགྲམ་ན་ལོ་གསུམ་ཕྱོགས་གསུམ་གྱི་དམ་བཅའ་བ་ལ་གནས་པའི་སྒྲུབ་པ་པོ་མང་དུ་ཡོད་པར་སྣང་ངོ༌། །དེ་ལ་ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་བ་ནི། འཁྲུངས་ཡུལ་མངའ་རིས་པ་མེ་ཕོ་རྟ་ལ་འཁྲུངས། གཞོན་དུས་ནས་དབུས་སུ་བྱོན་ནས་ཆོས་འཁོར་གླིང་དུ་ཕར་ཚད་ལ་སོགས་པའི་མཚན་ཉིད་ཀྱི་སྡེ་སྣོད་ལ་སྦྱངས་པས་མཁས་པ་ཆེན་པོར་གྱུར་ཏེ། དབུས་གཙང་གཉིས་ཀར་གྲྭ་སྐོར་ཡང་མཛད། གྲྭ་སྐོར་གྱི་ཞར་ལ་ཆོས་རྗེ་ཀུན་མཁྱེན་ཆེན་པོ་དང་མཇལ་བས་ཤིན་ཏུ་དད་པས་ཇོ་ནང་ཉིད་དུ་ཕྱགས་ཕབ་སྟེ། ཀུན་མཁྱེན་ཆེན་པོའི་དྲུང་དུ་དུས་ཀྱི་འཁོར་ལོའི་དབང་རྒྱུད་བཤད་པ་མན་ངག་དང་བཅས་པ་དང་ཆོས་གཞན་ཡང་མང་དུ་གསན། མན་ངག་སྐུ་ཉམས་སུ་བཞེས་པས་ཏིང་ངེ་འཛིན་བཟང་པོར་འཁྲུངས་ཏེ། བླ་མ་ལ་ཡིད་ཆེས་པས་རང་གི་བླ་མ་ཐམས་ཅད་ཀྱི་གཙོ་བོར་འཛིན། ཀུན་མཁྱེན་ཆེན་པོའི་སློབ་མ་བྱང་བ་ཏའི་དབོན་པོས་ཀུན་མཁྱེན་ཆེན་པོ་དཔོན་སློབ་ལ་ཞལ་ཏ་ཞུས་ཏེ་ངམ་རིངས་གྱི་ཆོས་སྡེ་བཏབ། དེར་ཀུན་མཁྱེན་ཆེན་པོ་ཉིད་ཀྱིས་ཐོགས་ཤིག་བཞུགས། དེ་ནས་ཕྱོགས་ལས་རྣམ་རྒྱལ་པ་ལ་གཏད་ནས་ཇོ་མོ་ནང་ཉིད་དུ་ཕེབས། ཕྱོགས་ལས་རྣམ་རྒྱལ་བས་ཕར་ཚད་གཙོ་བོར་གྱུར་པའི་སྡེ་སྣོད་ཀྱི་བཤད་པ་ཡུན་རིང་དུ་མཛད། སློབ་མ་བློ་གསལ་བ་ཡང་མང་དུ་འདུས། ཕྱིས་བསྟན་པའི་རྒྱལ་མཚན་པ་ལ་གདན་ས་གཏད་ནས་ཞེ་དགུ་པ་ལ་ཇོ་མོ་ནང་གི་གདན་ས་མཛད། ལོ་ལྔ་ན་གདན་ས་དེ་ཡང་གཏད་ནས་དབུས་སུ་ཕེབས། འཚལ་དབུས་གླིང་དུ་དུས་ཀྱི་འཁོར་ལོའི་དབང་རྒྱུད་བཤད་མན་ངག་གི་ཁྲིད་རྣམས་སློབ་མའི་སྡེ་ཆེན་པོ་ལ་གསུངས། དེ་ནས་ཡར་ཀླུང་ཕྱོགས་ལ་ཕེབས། རྡོར་བཞུགས་པའི་དུས་ལོ་ཙཱ་བ་བྱང་ཆུབ་རྩེ་མོས་དུས་ཀྱི་འཁོར་ལོའི་མཆོག་དབང་གསན། ཡར་ཀླུངས་སུ་ཕེབས་ནས་ཁྲ་འབྲུག་ལ་སོགས་པར་བཞུགས་ཏེ་གདུལ་བྱ་དཔག་ཏུ་མེད་པ་ལེགས་པའི་ལམ་ལ་བཀོད། དེ་ནས་གཙང་ལ་ཐེགས་ཏེ་སེ་མཁར་ཆུང་དུ་བཞུགས། སྐུ་ཚེ་ནི་མེ་ཕོ་རྟ་ལ་འཁྲུངས་ནས་བརྒྱད་ཅུ་རྩ་གཅིག་པ་མེ་ཕོ་སྟག་གི་བར་དུ་བཞུགསསོ། །དེ་ལ་བདག་གི་བླ་མ་སངས་རྒྱས་རིན་ཆེན་པས་གསན་ཏེ། དེ་ནི་མཁས་པ་དང་གྲུབ་པའི་བརྒྱུད་པ་དང་ལྡན་པ་མཁས་གྲུབ་ཆོས་དཔལ་པའི་སྲས་སུ་སྣེའུ་མཁར་དུ་ས་མོ་ཡོས་ཀྱི་ལོ་ལ་འཁྲུངས། བྱིས་པའི་དུས་ནས་ཐེག་པ་ཆེན་པོའི་རིགས་ལ་གནས་པས་བྱིས་པ་ཟླ་བོ་དང་ཁ་འཐབ་ཙམ་ཡང་མཛད་མ་མྱོང༌། སྐུ་ན་ཕྲ་བ་ཉིད་ནས་ཡབ་མེད་ཀྱི་ཆོས་བརྟག་གཉིས་རྔོག་ལུགས་ཀྱི་བཤད་པ་དང༌། རྙིང་མའི་ཕུར་བུ་དང་རྟ་མགྲིན། བླ་མ་གསང་འདུས་ལ་སོགས་པ་བཀའ་གཏེར་གྱི་ཆོས་མང་པོ་གསན། དེ་ནས་རྩེས་ཐང་དུ་བྱོན་ཆེན་པོ་ཆེས་སེང་བ་དང་སློབ་དཔོན་འོད་ཟེར་དཔལ་བ་ལ་བརྟེན་ནས་ཕར་ཕྱིན་བསླབས་ཤིང་གྲྭ་སྐོར་ཡང་མཛད། དེ་ནས་རྣམ་འགྲེལ་བསླབས། ཊཱི་ཀ་ཡང་ཐུགས་ལ་རྫོགས་པར་ལོན་པའི་མཚམས་སུ་དུས་འཁོར་གསན་པ་ལ་སྤྲོ་བར་གྱུར་ཏེ། ལོ་ཆེན་བྱང་ཆུབ་རྩེ་མོ་ལ་རྒྱུད་འགྲེལ་ཆེན་མོའི་བཤད་པ་ཚར་ཕྱེད་དང་གཉིས། ལོ་ཙཱ་བ་ནམ་མཁའ་བཟང་པོ་ལ་ཚར་གཉིས། ཆོས་རྗེ་ཕྱོགས་པ་ལ་དུས་ཀྱི་འཁོར་ལོའི་དབང་ཡོངས་སུ་རྫོགས་པ། རྒྱུད་འགྲེལ་ཆེན་མོའི་བཤད་པ་ཚར་གཉིས། མན་ངག་སྦྱོར་དྲུག་དང་བསྙེན་སྒྲུབ་གཉིས་ཀ་གསན། ཆོས་རྗེ་ཕྱོགས་པའི་སློབ་མ་རྟོགས་ལྡན་སྔོ་ཉལ་མ་ཡེ་ཤེས་རྒྱལ་མཚན་ལ་རྒྱུད་འགྲེལ་ཕྱོགས་མཆན་དང་བཅས་པ་གསན། སློབ་དཔོན་འཇམ་སྒེག་ལ་དོན་དམ་བསྙེན་པ་དང་ལྟ་འདོད་མདོར་བསྟན་གསན། ཡར་འབྲོག་ཁ་བ་ལུང་པ་ཞང་སྟོན་བསོད་ནམས་གྲགས་པ་ལ་རྒྱུད་འགྲེལ་ཀུན་མཁྱེན་ཆེན་པོའི་མཆན་དང་བཅས་པ་གསན། རི་སྟོན་བློ་ཆེན་འོད་ལ་མན་ལུངས་པ་དང་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་ལས་བརྒྱུད་དེ། རྒྱུད་འགྲེལ་ལོ་གྲགས་པའི་འགྱུར་དང༌། ནཱ་རོ་པའི་དབང་མདོར་བསྟན་གྱི་འགྲེལ་པ་གསན། ཀུན་མཁྱེན་ཆེན་པོ་ལྷ་སར་ཕེབས་དུས་བསྙེན་པར་རྫོགས། ཆོས་ཕྲན་འགའ་ཡང་གསན། དེ་རྣམས་ལས་ཕྱོགས་ལས་རྣམ་རྒྱལ་བའི་ལུགས་ཉིད་གཙོ་བོར་མཛད། དེ་ནས་སྒྲུབ་པ་ལ་ཞུགས་ཏེ་ཡན་ལག་དྲུག་གི་རྣལ་འབྱོར་ལྷུར་བླངས་པའི་ཚེ་སྐུ་ལུས་སྟོད་སྨད་ཐམས་ཅད་མེ་མདག་གིས་བསྲེགས་པ་འདྲ་བའི་བསྙུན་གྱིས་ལོ་དགུར་བསྙུང་ཡང་ཐུགས་དམ་མ་ཆག །དེ་ནས་བསྙུན་ལས་ཀྱང་གྲོལ་ནས་ཐུགས་དམ་ཡང་ཤིན་ཏུ་འཕེལ་བར་གྱུར་པ་ལས་རྒྱུད་འགྲེལ་གྱི་བཤད་པ་ཡང་གནང༌། རྒྱུན་ལྡན་དུ་སྐྱ་སེར་ཕོ་མོ་ལ་སོགས་པའི་གདུལ་བྱ་མང་པོ་ལ་ཡན་ལག་དྲུག་གི་ཁྲིད་བཏབ་སྟེ། གཞན་གྱི་དོན་ཡུན་རིང་དུ་མཛད་ནས། དགུང་ལོ་བརྒྱད་ཅུ་རྩ་དྲུག་པ་ཤིང་ཕོ་འབྲུག་ལ་ཞི་བར་གཤེགས་ཏེ། སྐུའི་སྐྱེ་བ་སྔ་མའི་གནས་དགའ་ལྡན་ཉིད་དུ་བཅོམ་ལྡན་འདས་བྱམས་པའི་ཞབས་བསྟེན་པར་གྱུར་ཏོ། །དེ་ལ་བདག་གིས་ཀུན་མཁྱེན་ཆེན་པོའི་དཀྱིལ་མཆོག་གི་སྟེང་ནས་དུས་ཀྱི་འཁོར་ལོའི་དབང་ཡོངས་སུ་རྫོགས་པ། རྒྱུད་འགྲེལ་ཆེན་མོའི་བཀའ། ཡན་ལག་དྲུག་གི་ཁྲིད། དབང་མདོར་བསྟན་ནཱ་རོ་པའི་འགྲེལ་པ་དང་བཅས་པ་དང༌། སེམས་འགྲེལ་སྐོར་གཞན་རྣམས་ཀྱང་ཐོསསོ། །རིན་པོ་ཆེ་བསོད་བཟང་པོའི་ཞལ་སྔ་ནས་ཀྱང་ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་བ་དང་མཁས་པ་ཉ་དབོན་གཉིས་ཀ་ལ་དུས་འཁོར་ཡན་ལག་དང་བཅས་པ་དང༌། མན་ངག་ལེགས་པར་གསན་ནས། ཁྲིད་བཤད་དབང་གསུམ་ཡིས་གདུལ་བྱ་ཡུན་རིང་དུ་བསྐྱངས། དབང་སྒྲུབ་ཀྱི་ཡིག་ཆའང་མཛད། སྐྱེ་བོ་ཆེན་པོ་ཀུན་གྱི་ཡང་བླ་མར་གྱུར། ཆོས་རྗེ་དེ་བཞིན་གཤེགས་པ་དང༌། མཐོང་བ་དོན་ལྡན་གཉིས་ཀས་ཀྱང་ཞབས་ལ་གཏུགས། མཁས་ཤིང་གྲུབ་པ་བརྙེས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དེ་དགུ་བཅུ་རྩ་གསུམ་པ་ཆུ་མོ་གླང་གི་ལོ་ལ་ཞི་བར་གཤེགསསོ། །དེའི་སློབ་མ་དཀའ་བཅུ་པ་པད་མ་བཟང་པོ་བས་རྒྱུད་འགྲེལ་གྱི་བཤད་པ་ལན་མང་དུ་མཛད་ཅིང༌། །རྒྱུད་འགྲེལ་ལ་ཊཱིཀ་ཆེན་མོ་ཞིག་ཀྱང་མཛད་དོ། །ཡང་རིན་པོ་ཆེ་བསོད་ནམས་བཟང་པོའི་སློབ་མ་ཆོས་རྒྱལ་ཆོས་བཟང་ཉི་མས་གཡའ་སྣང་རི་ཁྲོད་བཏབ། དུས་འཁོར་གྱི་བཤད་པ་དང་སྒྲུབ་པ་གཉིས་ཀས་བསྟན་པ་གཟུང་ཞིང་ཡག་ལག་དྲུག་ལ་རྩེ་གཅིག་ཏུ་བྱེད་པའི་སྒྲུབ་པ་པོའང་མང་པོ་བྱུང་ངོ༌། །ཡང་ཀུན་མཁྱེན་ཆེན་པོའི་སློབ་མ་འཇམ་དབྱངས་ཆོས་ཀྱི་མགོན་པོ་བས་གཡག་སྡེ་པཎ་ཆེན་གྱི་གདན་ས་གཟུང་ནས་དུས་ཀྱི་འཁོར་ལོའི་བཤད་པ་ཡུན་རིང་དུ་མཛད། འཇམ་དབྱངས་རིན་རྒྱལ་བ་ལ་སོགས་པའི་སློབ་མ་མཁས་པ་ཡང་མང་དུ་བྱུང༌། རྩེས་ཐང་གི་ཆོས་གྲྭར་ཕེབས་ནས་སྡེ་སྣོད་འཛིན་པ་མང་པོ་ལ་རྒྱུད་འགྲེལ་གསུངས། དེའི་གསན་པ་པོའི་ཕུལ་དུ་གྱུར་པ་ནི་མཁན་ཆེན་རིན་པོ་ཆེ་རྒྱལ་མཚན་བཟང་པོ་སྟེ། དེ་ནི་

བུ་སྟོན་རིན་པོ་ཆེའི་དྲུག་ཅུ་རྩ་གཅིག་པ་ལྕགས་ཕོ་སྟག་ལ་འཁྲུངས། གསང་ཕུ་དང་རྩེས་ཐང་གཉིས་ཀར་བཀའ་བཞིས་གཙོ་བྱས་པའི་སྡེ་སྣོད་མཐའ་དག་ལ་མཁྱེན་པ་རྒྱས་ཤིང་སོ་སོར་ཐར་པ་ལ་གཅེས་སྤྲས་སུ་མཛད་པ། བྱང་ཆུབ་ཀྱི་སེམས་ཕུན་སུམ་ཚོགས་པ་དང་ལྡན་ཞིང་འཇམ་དབྱངས་ཆོས་མགོན་པ་ལས་གསན་ནས་དུས་ཀྱི་འཁོར་ལོ་ལ་མཁས་པས། སྤྱན་རས་གཟིགས་ཀྱིས་གོ་སླའོ་ཞེས་གསུངས་པ་འདི་ཐམས་ཅད་ཁོ་བོ་ལུང་བསྟན་པར་འདུག་གསུང༌། བཤད་པས་ཀྱང་མང་པོ་ལ་ཕན་བཏགས། དུས་ཀྱི་འཁོར་ལོའི་བསྐྱེད་པའི་རིམ་པ་ལ་མངོན་པར་རྟོགས་པ་ཚིགས་བཅད་མ་ཅིག་ཀྱང་མཛད། རྒྱུན་གྱི་ཐུགས་དམ་ཡང་དུས་ཀྱི་འཁོར་ལོ་ཉིད་ལ་མཛད་དོ། །ཡན་ལག་དྲུག་གི་མན་ངག་ནི། ཚོགས་ཆེན་མོ་བའི་མཁན་ཆེན་སངས་རྒྱས་བློ་གྲོས་པ་ལས་གསན། གཞན་དག་ལ་ཡང་ཁྲིད་ཀྱི་རིམ་པས་ཕན་གདགས་པར་མཛད་ནས་དགུང་ལོ་བདུན་ཅུ་རྩ་དྲུག་པ་ཤིང་མོ་སྦྲུལ་ལ་ཞི་བར་གཤེགསསོ། །བདག་གི་བླ་མ་ཤཱཀྱ་ཤྲཱིའི་ཞལ་སྔ་ནས་ཀྱིས་འམ་དབྱངས་ཆོས་མགོན་པའི་ཞབས་ལ་གཏུགས་ནས་དུས་ཀྱི་འཁོར་ལོ་ལ་ཤིན་ཏུ་བྱང་བར་བསླབས་མཁན་ཆེན་རིན་པོ་ཆེ་རྒྱལ་བཟང་བ་དང༌། རིན་པོ་ཆེ་བསོད་བཟང་བ་ལ་ཡང་གསན། རྒྱལ་ལྷ་ཁང་ན་བཞུགས་པའི་བླ་མ་དབང་རིན་པ་བྱ་བ་བུ་རིན་པོ་ཆེའི་དངོས་སློབ་ཅིག་ལ་བུ་ལུགས་ཕལ་ཆེར་གསན། སྐུའི་སྐྱེ་བ་སྔ་མ་ལ་སྣར་ཐང་གི་དགེ་བའི་བཤེས་གཉེན་དུས་འཁོར་ལ་མཁས་པ་ཞིག་ཏུ་གྱུར་པར་མཁན་ཆེན་ལས་ཀྱི་རྡོ་རྗེས་ལུང་བསྟན། མནལ་ལམ་དུ་སྐས་རིང་པོ་ཞིག་ལ་འཛེགས་ཏེ་མཆོད་རྟེན་གྱི་བུམ་པའི་ནང་དུ་བྱོན་པ་ན། དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཤིན་ཏུ་བཀྲ་བ་ཅིག་གི་མཐའ་ན་ཆོས་རྗེ་ཀུན་མཁྱེན་ཆེན་པོ་བཞུགས་པ་དང་མཇལ། དེས་བྱིན་གྱིས་བརླབས་པའི་སྣང་བ་བྱུང་བས་ཆོས་མང་པོ་ལ་ངེས་པ་རྙེད་གསུང་སྟེ། བརྒྱད་ཅུ་པ་ས་ཕོ་འབྲུག་ལ་བདེ་བ་ཅན་དུ་གཤེགསསོ། །ཡང་ཇེ་རྫིང་ཚོགས་པའི་མཁན་པོ་མཚན་རིན་ཆེན་ཚུལ་ཁྲིམས་ཤེས་བྱ་བས་ཆོས་རྗེ་ཀུན་མཁྱེན་ཆེན་པོ་ལས་དུས་ཀྱི་འཁོར་ལོའི་སྐོར་མན་ངག་དང་བཅས་པ་ཐོབ་ནས་བསྒོམ་པས་ཡེ་ཤེས་ཆེན་པོ་ཉམས་སུ་མྱོང་སྟེ། དེའི་སློབ་མ་ཞོ་ལུང་མཚོ་ཁ་བས་ཡན་ལག་དྲུག་གི་མན་ངག་གིས་འགྲོ་བ་མང་པོ་ལ་ཕན་བཏགས་ལ། རིན་ཆེན་ཚུལ་ཁྲིམས་པའི་སློབ་མ་ཆོས་རྗེ་བསོད་ནམས་རྒྱལ་མཚན་ཞེས་བྱ་བ་ཡན་ལག་དྲུག་གི་ཉམས་མྱོང་ཕུན་སུམ་ཚོགས་པ་དང་ལྡན་པ་དེས་ཀྱང་སློབ་མ་མང་དུ་ཁྲིད་དོ། །ཡང་ཀུན་མཁྱེན་ཆེན་པོའི་སློབ་མ་སྨན་ཆུ་ཁ་བ་ཞེས་གྲགས་པ་འཇམ་དབྱངས་བློ་གྲོས་རྒྱལ་མཚན་གྱིས་ཀྱང་དབང་རྒྱུད་བཤད་མན་ངག་གིས་གདུལ་བྱ་མང་དུ་བསྐྱངས། དེའི་སློབ་མ་ཆོས་རྗེ་སྨི་རི་བས་ཀྱང་སྨི་རི་དགོན་པ་བཏབ། གདུལ་བྱ་མང་པོ་བསྒོམ་པ་ལ་སྦྱར། ལོ་མཚམས་པ་ཡང་བརྒྱད་ཅུ་ཙམ་རེ་བྱུང༌། ད་ལྟ་ཡང་དེའི་ཚུལ་ལས་མ་ཉམས་པར་ཡོད་དོ། ཡང་བྱང་སེམས་རྒྱལ་ཡེའི་སློབ་མ་དར་ཡུལ་བྱེ་མར་འཁྲུངས་བའི་དགེ་བའི་བཤེས་གཉེན་སྟག་ལུང་རིན་པོ་ཆེ་སངས་རྒྱས་དཔལ་དང༌། དོ་བ་དར་ཤེའི་ཡང་སློབ་མ་ཡིན་པ་ཞིག་གིས། བྱང་ཆུབ་སེམས་དཔའ་རྒྱལ་བ་ཡེ་ཤེས་ལས་ཡན་ལག་དྲུག་གི་གདམས་པ་མནོས་ནས་རི་བོ་རྩེ་ལྔ་ལ་སོགས་པར་ཡང་བྱོན་ཏེ་ཉམས་སུ་བླངས་པས་གྲུབ་པ་ཐོབ་པར་གྲས་པ་ཞིག་གིས་ཀྱང་བྱང་ཕྱོགས་རྣམས་སུ་ཡན་ལག་དྲུག་གི་བསྟན་པ་རྒྱས་པར་མཛད་ལ། ཡོན་ཏན་རྒྱ་མཚོ་བ་དང་རིན་པོ་ཆེ་ཤེས་རབ་འབུམ་པ་གཉིས་ཀྱི་སློབ་མ་འདམ་དུ་འཁྲུངས་པའི་རཏྣ་ཀུ་མཱ་ར་ཞེས་པ་ཞིག་དང༌། འབབ་རོམ་པའི་གདུང་རྒྱུད་སེང་གེ་དཔལ་ཞེས་པ་གཉིས་ཀྱིས་ཀྱང་བྱང་ཕྱོགས་སུ་ཡན་ལག་དྲུག་གི་བསྟན་པ་རྒྱ་ཆེར་སྤེལ་ལོ། །ཡང་གཉལ་ཞིག་བུ་དགུའི་ཡ་གྱལ་དུ་གྱུར་པ་བོ་དོང་རིན་པོ་ཆེ་རིན་ཆེན་རྩེ་མོས་ཀྱང་བླ་མ་སེ་མོ་ཆེ་བ་ལ་དུས་ཀྱི་འཁོར་ལོའི་བཤད་པ་དང་མན་ངག་ཐམས་ཅད་མནོས་ཏེ། བོ་དོང་རིན་རྩེའི་དུས་འཁོར་ལྷ་མོ་ཆེ་ཞེས་གྲགས་པའི་སྐུ་ཆེན་པོ་ཞིག་ཀྱང་བཞེངས། སྟན་ཐོག་གཅིག་ཏུ་བཟླས་བསྙེན་བྱེ་བ་རྫོགས་པར་མཛད་པས་སྦྱིན་བསྲེག་མཛད་པ་ན་མེ་ལྕེ་དཔལ་བེའུ་དང་གཡུང་དྲུང་འཁྱིལ་བ་ལ་སོགས་པའི་བཀྲ་ཤིས་པའི་མཚན་མ་ཡང་བྱུང༌། དུས་ཀྱི་འཁོར་ལོ་བཤད་པས་སློབ་མ་མང་དུ་བྱུང་བ་ལས། ཁྱད་པར་གདུགས་ཐོགས་བཅོ་བརྒྱད་བྱུང༌། ཁྲིད་བཏབ་པས་སློབ་མ་གྲུབ་པ་ཐོབ་པ་ཡང་བྱུང༌། དགུང་ལོ་ང་གཅིག་ལ་ཤམྦྷ་ལར་གཤེགསསོ། །བོ་དོང་རིན་པོ་ཆེའི་སློབ་མ་སྟག་སྡེ་བ་སེང་གེ་རྒྱལ་མཚན་ནི། ཕ་རི་ལུང་དུ་ཆུ་ཕོ་སྤྲེའུ་ལ་འཁྲུངས། བོ་དོང་རིན་པོ་ཆེ་ལ་ཕར་ཚད་མངོན་གསུམ་དང༌། ཁྱད་པར་དུ་དུས་འཁོར་དབང་བཤད་པ་མན་ངག་དང་བཅས་པ་གསན། ཆོས་རྗེ་སྐུ་གཤེགས་ནས་ལོག་གྲོང་ལ་སོགས་པའི་ཆོས་གཞི་མང་དུ་གཟུང་ནས་བཤད་ཉན་མཛད་པས། ཤོང་སྐུ་མཆེད་དང༌། དཀོན་གཞོན་ཆེ་ཆུང༌། ཐུར་ཤེ་ཆེ་ཆུང་ལ་སོགས་པའི་མཁས་པ་མང་པོ་བྱུང་ཞིང༌། སྔ་ཚར་ལ་གདུགས་ཐོག་པའི་སློབ་མ་བཅུ་གསུམ་བྱུང༌། ཕྱིས་སྣ་ཚར་རོང་པ་ཤེར་གཞོན། སྟག་སྡེ་བརྩོན་རྒྱལ། བླ་མ་དགེ་འདུན་བརྟན། མཁན་པོ་ཡོན་མགོན་ལ་སོགས་པ་རྣམས་སྨིན་པར་མཛད་པས། སློབ་དཔོན་ལས་སློབ་མ་མཁས་ཤེས་གྲགས་པ་བྱུང༌། དགུང་ལོ་བརྒྱད་ཅུ་རྩ་གསུམ་པ་ཤིང་ཕོ་རྟའི་ལོ་རྒྱལ་གྱི་ཟླ་བའི་ཚེས་བརྒྱད་ལ་སྐུ་གཤེགས། དེ་ལ་སྤྱང་ལུངས་ཤར་ཁའི་བོང་ར་ཞེས་པར་སྐུ་འཁྲུངས་པའི་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་སྟག་སྡེ་བ་ལ་ཚད་མ་ལ་སོགས་པའི་བསྟན་བཅོས་མང་པོ་ལ་སློབ་གཉེར་མཛད། དུས་འཁོར་སྐོར་གྱི་ཤོག་ལྡེབ་བཞི་བཅུ་ཙམ་གྱི་དཔེ་བྲིས་ནས་ཡོན་དུ་ཕུལ་ཏེ་དུས་ཀྱི་འཁོར་ལོའི་དབང་ཡོངས་སུ་རྫོགས་པ་ཞུས། འབྲོ་འགྱུར་གྱི་སྟེང་ནས་རྒྱུད་འགྲེལ་པ་དང་བཅས་པའི་བཤད་པ་ཡང་གསན། གོ་ལུང་བ་མདོ་སྡེ་དཔལ་རྒྱལ་མཚན་ལ་སྔགས་ཀྱི་བསྟན་བཅོས་དུ་མ་དང་རྩིས་བྱང་བར་བསླབས། བླ་མ་འཕགས་པ་བོད་དུ་སྔ་རེས་བྱོན་པ་ན། བསྟོད་པའི་ཚིགས་སུ་བཅད་པ་སྤེལ་ལེགས་ཕུལ་ནས། ལོ་ཙཱ་སློབ་ཏུ་འགྲོ་བས་རྫོང་བར་ཞུ་ཞེས་ཞུས་པ་ལ། དེ་ལྟ་བུའི་བློ་སྐྱེ་བ་བཟང༌། གཞུང་ལུགས་གསར་པ་བསྒྱུར་ནུས་པ་འོང་བ་དཀའ་སྟེ། པཎྜི་ཏ་ལ་སློབ་གཉེར་དང་དྲི་གཏུགས་ལེགས་པར་གྱིས་ཤིག །ཁོ་བོས་ཀྱང་ཆོས་ཀྱི་རྗེ་བསྟེན་ཡུན་ཐུངས་པས། རྗེ་ཉིད་ཀྱིས་མཛད་པའི་སྡེབ་སྦྱོར་མེ་ཏོག་གི་ཆུན་པོ་དང༌། ཚིག་གི་གཏེར་ལ་སོགས་པ་ཡང་ཚུལ་བཞིན་དུ་མི་ཤེས་པ་སྣང་བས། འདི་དག་ཤེས་པ་ཅིག་ཅི་ནས་ཀྱང་གྱིས་ལ་ཤོག་ཅིག་གསུངས་ནས། དེ་དག་གི་དཔེ་དང༌། གསེར་སྲང་ལྔ། དར་ཡུག་བཅུ་རྣམས་གནང༌། བལ་ཡུལ་དུ་བྱོན་ནས་པཎྜི་ཏ་མ་ཧེནྡྲ་བྷ་དྲ་ལོ་ལྔར་བསྟེན་ནས་རིག་པའི་གནས་ཆུང་བ་ལྔ་བསླབས། ཁྱད་པར་སྒྲ་རིག་ལ་ཤིན་ཏུ་བྱང་བར་མཛད་ནས་ས་སྐྱར་བྱོན། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་པ་དང་བཅས་པ་ལ་འགྱུར་ལེགས་པར་མཛད། དེ་འཕགས་པ་རིན་པོ་ཆེས་གཟིགས་པས་སྔོན་བྱོན་པའི་དུས་འཁོར་བསྒྱུར་བའི་ལོ་ཙཱ་བ་རྣམས་ལས་ཆེས་མཆོག་ཏུ་གྱུར་པའི་ཡོན་ཏན་གྱི་བསྔགས་པ་དང་ལྡན་པའི་གསུང་ཤོག་ཀྱང་བསྐུར། ཤོང་གིས་སླར་ཡང་དཔག་བསམ་འཁྲི་ཤིང་ལ་སོགས་པའི་གཞི་འགྱུར་དང༌། སྔར་འགྱུར་བའི་འགྱུར་བཅོས་ཀྱང་མཛད་ཅིང༌། སྒྲ་སྙན་དངགས། མིང་གི་མངོན་བརྗོད་རྣམས་ཀྱི་སྲོལ་ལེགས་པར་བཙུགས། དེས་རང་གི་གཅུང་པོ་ཤོང་བློ་གྲོས་བརྟན་པ་ལ་ལོ་ཙཱ་ལེགས་པར་བསླབས་ཤིང༌། དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་གསུངས། བློ་བརྟན་གྱིས་སྒྲ་ཚད་པ་རིན་ཆེན་རྒྱལ་མཚན་དང༌། ལོ་ཙཱ་བ་མཆོག་ལྡན་ལ་ལེགས་པར་གསུངས། དེ་ལ་འཇམ་དབྱངས་སྐྱི་སྟོན་གྱིས་གསན། དེ་ལ་ཀུན་མཁྱེན་ཆེན་པོས་གསན་ནོ། །ཡང་ལོ་ཙཱ་བ་མཆོག་ལྡན་ལ་ཚད་མ་སྡེ་བདུན་ལ་མཁས་པར་གྲགས་པའི་བླ་མ་དཔལ་ལྡན་སེང་གེ་བས་ཤོང་འགྱུར་ལས་གསན་ལ། རོང་བ་ཤེས་རབ་སེང་གེ་བ་ལ་རྭ་འགྱུར་ཡང་གསན། དེ་ལ་ཀུན་སྤངས་ཆོས་གྲགས་དཔལ་བཟང་པོས་དབང་དང༌། ཤོང་འགྱུར་གྱི་སྟེང་ནས་བཤད་པ་རྫོགས་པར་གསན་ནོ། །ཡང་མངོན་གྲ་བ་རིན་ཆེན་རྩེ་མོ་ལ་ཀུན་མཁྱེན་འཛིམས་པས་གསན༌། དེ་ཉིད་དང་བླ་མ་རྒྭ་ལོ་གཉིས་ཀ་ལ་འབྲོ་ལུགས་དང་རབ་ལུགས་ཀྱི་སྐོར་ཚང་བར་དབུས་པ་དགེ་སློང་ཚུལ་ཁྲིམས་འབར་གྱིས་ཞུས་ལ༌། དེ་ལ་དུས་འཁོར་བ་ཡེ་ཤེས་རིན་ཆེན་གྱིས་གསན། དེ་ལ་ཀུན་མཁྱེན་ཡོན་ཏན་རྒྱ་མཚོས་གསན་ནོ། །ཡང་སྟག་སྡེ་བ་ལ་མཁས་པའི་དབང་པོ་དཔང་བློ་གྲོས་བརྟན་པས་གསན་ཏེ། འདི་ནི་མེ་ཕོ་བྱི་བ་ལ་ལ་སྟོད་ལྷོའི་གྱམ་དུ་སྐུ་འཁྲུངས། ཡུམ་སྔ་མོར་གྲོངས་ནས་ལུག་གི་འོ་མས་གསོས། སྐུ་ཕྲ་བའི་དུས་སུ་ཆོས་རྗེ་བྱང་གླིང་པ་དང་གྲུབ་ཆེན་ཨུ་རྒྱན་པ་གཉིས་ཀྱིས་འདི་ལ་དགེ་བའི་བཤེས་གཉེན་ཆེན་པོ་ཞིག་འོང་གསུང་ནས་བསྐྱངས། དགུང་ལོ་བདུན་པ་ལ་མཁན་ཆེན་གསེར་ཁང་པའི་དྲུང་དུ་མེ་སྟོན་འདུལ་འཛིན་དང་གཉིས་ལ་རབ་ཏུ་བྱུང་ནས་འདུལ་བ་མདོ་རྩ་བསླབས། བཅུ་གསུམ་པ་ལ་བཤད་གསར་མཛད། དེ་ནས་སྟག་སྡེ་བའི་སྙན་པ་གསན་ནས་ཚ་སྣར་བྱོན་ཏེ། སྟག་སྡེ་བ་ལ་སྔགས་མཚན་ཉིད་ཀྱི་སྡེ་སྣོད་མང་དུ་གསན། ཁྱད་པར་དུས་འཁོར་མཁས་པར་བསླབས། བཅུ་དགུ་བཞེས་པའི་ཚེ་སྟག་སྡེ་བ་གཤེགས་ནས་ལོ་ཙཱ་བ་མཆོག་ལྡན་ལ་ཀ་ལཱ་པ་དང་ཙནྡྲ་པ་བསླབས། སྙན་དངགས་མེ་ལོང་ཡང་གསན། ཨ་ཙ་ར་འཕྲད་ཚད་ལ་འཕྲལ་སྐད་བསླབས། ཡུད་ཙམ་གྱིས་ཞུ་ཆེན་གྱི་ལོ་ཙཱ་བར་གྱུར། བལ་པོར་ཡང་ལན་བདུན་བྱོན། སྔགས་མཚན་ཉིད་ཀྱི་གཞུང་ཤིན་ཏུ་མང་པོ་ལ་གཞི་འགྱུར་དང་འགྱུར་བཅོས་མཛད། ཚད་མ་དང་མངོན་པ་ལ་སོགས་པའི་ཊཱི་ཀ་ཡང་མང་དུ་བརྩམས། མདོར་ན་ཁོང་རང་ཞལ་བཞུགས་པའི་ཚེ་ཁོང་ལས་མགོ་འཕང་མཐོ་བའི་མཁས་པ་སུ་ཡང་མེད། ཕྱིས་དབུས་སུ་བྱོན་ནས་ནེའུ་ཐོག །གུང་ཐང༌། སྟག་ལུང་ལ་སོགས་པ་རྣམས་སུ་སྡེ་སྣོད་འཛིན་པ་མཐའ་ཡས་པའི་བློའི་མིག་ཕྱེས། འཇམ་པའི་དབྱངས་དོན་ཡོད་རྒྱལ་མཚན་པ་སྐུ་མཆེད་ལ་སོགས་པའི་དཔལ་ས་སྐྱ་པའི་གདུང་བརྒྱུད་ཆེན་པོ་རྣམས་ཀྱིས་ཀྱང་ཆོས་གསན་པ་ལས་གཞན་པའི་ཚེའང་གོང་དུ་བཀུར། བོ་དོང་ཨེའི་གདན་ས་ཡང་ཐོགས་ཤིག་མཛད། ཆོས་ཀྱི་རྗེ་བསོད་ནམས་རྒྱལ་མཚན་པས་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་གྱི་ལུང་གསན་པ་ན། ཁྱེད་ཀྱིས་འདི་ལ་ནན་ཏན་ཆེ་བ་ཅིག་མཛོད་ཅིག་གསུང་བའི་བཀའ་ནན་ཀྱང་གནང༌། གནས་པོ་ཆེར་ཡུན་རིང་དུ་བཞུགས་ནས་རང་གི་མཁྱེན་པ་རྣམས་ལ་བཤད་པ་ཡང་མང་དུ་མཛད། ཉིན་དང་མཚན་དུ་ཐུགས་དམ་ལས་ཀྱང་མི་གཡེལ། སྙན་པས་ཀྱང་སྟོད་ཡ་ཙེ་དང༌། སྨད་རྒྱའི་ཡུལ་གྱི་བར་དུ་ཁྱབ། གཞན་དོན་གྱི་བྱ་བ་རྫོགས་ནས་དྲུག་ཅུ་རྩ་བདུན་པ་ཆུ་ཕོ་རྟའི་ལོ་ལ་ཞི་བར་གཤེགས། མཁས་པ་དཔང་ལོ་ཉིད་ཀྱི་དབོན་པོ་དཔལ་ལྡན་བྱང་ཆུབ་རྩེ་མོས་གསན་ཏེ། དེ་ཡང་ཆུ་མོ་ཡོས་ལ་ལ་སྟོད་ལྷོར་འཁྲུངས། ཆུང་ངུ་ནས་རྗེ་བཙུན་དབང་གི་ཞབས་ལ་ཐུག་ནས་སྡེ་སྣོད་གསུམ། རྒྱུད་སྡེ་རིན་པོ་ཆེ་རྣམས་དང༌། ལེགས་པར་སྦྱར་བའི་སྐད་ལ་མཁས་ཤིང་རིག་པའི་གནས་ཕྲ་མོ་རྣམས་ལའང་བྱང་བས་ཐམས་ཅད་ལ་ཐོགས་པ་མེད་པའི་བློ་དང་ལྡན་ཏེ། དཔལ་ལྡན་བླ་ལ་དམ་པའི་བཀས་བོ་དོང་གི་གདན་ས་ཡང་མཛད། དཔལ་ལྡན་བླ་མ་དམ་པ་གོང་དུ་འབྱོན་ནོ་བའི་ཕྱགས་ཕྱིར་སྟག་ལུང་གི་བར་དུ་བྱོན་པས། སྟག་ལུང་རིན་པོ་ཆེ་རཏྣཱ་ཀ་རས། ལོ་ཙཱ་བ་རྩེ་མོ་འདི་ངེད་ཀྱི་དབོན་པོའི་སློབ་དཔོན་དུ་གནང་བ་ཞུ་ཞེས་དཔལ་ལྡན་བླ་མ་དམ་པ་ལ་ཞུས་པས། དེ་བཞིན་དུ་བྱས་པས་ཆོག་གསུང་ནས་གནང༌། དབོན་པོ་ནམ་མཁའ་དཔལ་བཟང་པོ་ཞེས་གྲགས་པ་དེ་ཡངཡུ་མོའི་སྲས་དྷརྨེ་ཤྭི་རའི་སྐུའི་སྐྱེ་བ་ཡིན་ཞིང༌། སྔོན་གྱི་ཚུལ་རྣམས་ཀྱང་གསལ་པོར་དྲན། དེ་ལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་མན་ངག་དངབཅས་པ་དང༌། ཆོས་གཞན་ཡང་རྩེ་མོས་མང་དུ་གནང་བས་ནམ་མཁའ་དཔལ་བཟང་པ་ཡང་མཁས་པ་ཆེན་པོ་ཟླ་མེད་པར་གྱུར་ཏེ། རྩོམ་པ་ཡང་མང་དུ་མཛད། ཕྱིས་སྟག་ལུང་གི་གདན་སར་བཞུགས་ནས་ཀྱང་གདན་ས་དེ་བཀྲ་ཤིས་དཔལ་བརྩེགས་པ་ལ་ཕོག །ཐང་ལྷ་མཛོད་ཅེས་པའི་གཟིམས་ཁང་དུ་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགསསོ། །ཕྱིས་ལོ་ཆེན་གྱིས་ཡར་ཀླུངས་དང༌། གདན་ས་ཐེལ། གུང་ཐང་དུ་བཞུགས་ནས་དཔལ་དུས་ཀྱི་འཁོར་ལོ་ལ་སོགས་པའི་ཆོས་ཀྱི་ཆར་གྱིས་མཁས་པ་མང་པོ་ཚིམ་པར་མཛད། ཁྱད་པར་སྤྱན་སྔ་གྲགས་པ་བྱང་ཆུབ་པས་ཆོས་མང་དུ་གསན། ལོ་ཆེན་འདི་ཉིན་མཚན་དུ་བསྙེན་སྒྲུབ་ཀྱི་རྣལ་འབྱོར་ལས་མི་གཡེལ་བ་གཟིགས་པས། དེ་དང་མཐུན་པར་སྤྱན་སྔ་ནས་གཟིམས་ཆུང་དུ་མུན་མཚམས་བསྡམས་ཏེ་ཐུགས་དམ་རྩེ་གཅིག་ཏུ་མཛད་དོ། །དེ་ནས་གཙང་ཕྱོགས་ལ་བྱོན་ཏེ། ཆུ་མིག་རིང་མོར་བཞུགས་ནས་གདུལ་བྱ་མང་པོ་སྨིན་གྲོལ་ལ་བཀོད་དེ་བདུན་ཅུ་རྩ་བརྒྱད་པ་ལྕགས་ཕོ་སྤྲེའུའི་ལོ་ལ་ཞི་བར་གཤེགསསོ། །ལོ་ཆེན་འདིའི་སློབ་མ་སྒྲ་ཚད་དུས་ཀྱི་འཁོར་ལོ་ལ་མཁས་པའི་ལོ་ཙཱ་བ་ནམ་མཁའ་བཟང་པོས་ཀྱང་ལོ་ཆེན་གྱི་ཕྱགས་ཕྱི་དང༌། ས་གཞན་དུ་ཡང་དུས་ཀྱི་འཁོར་ལོའི་བཤད་པ་མང་དུ་མཛད་དོ། ལོ་ཆེན་འདིའི་དབོན་པོ་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་དང༌། དེའི་དཔོན་པོ་དཔལ་འཇིགས་མེད་གྲགས་པས་ཀྱང་བླ་མ་སྔ་མ་རྣམས་ཀྱི་སྲོལ་གཟུང་ཞིང་མཁས་པའི་བྱ་བས་གདུལ་བྱ་མང་པོའི་དོན་མཛད་དེ་བསྟན་པའི་བདག་པོར་གྱུར་ཏོ། འཇིགས་མེད་གྲགས་པ་འདི་ནི། ཤིང་མོ་ཡོས་ལ་འཁྲུངས་ནས་བདུན་ཅུ་རྩ་བདུན་ལྕགས་མོ་ལུག་ལ་གཤེགས། ཆུ་མོ་གླང་ལ་འཁྲུངས་པར་འདོད་པ་ཡང་ཡོད་དོ། དཔལ་འཇིགས་མེད་གྲགས་པའི་སློབ་མ་བླ་མ་ལ་གུས་ཤིང་རྒྱུན་དུ་བསྔགས་པ་ཡང་མཛད་པ་ལ། མང་དུ་ཡང་མཁྱེན་པ་མིའི་བདག་པོ་རྣམ་རྒྱལ་གྲགས་པ་དང༌། མཁས་པ་ཆེན་པོ་བསོད་ནམས་རྣམ་པར་རྒྱལ་བ་གཉིས་ཡིན་ཏེ། དེ་ཡང་བསོད་ནམས་རྣམ་པར་རྒྱལ་བ་ནི། དང་པོར་སྡེ་སྣོད་མང་པོ་ལ་སྦྱངས་ཤིང་མཁས་པ་ལས། ཕྱིས་ཡར་འབྲོག་ཏུ་འཇིགས་མེད་གྲགས་པའི་སྐུ་མདུན་དུ་བྱོན་ཏེ་ཆོས་མང་དུ་གསན་པ་ལས། ཁོང་གི་ལུགས་ཀྱི་གསང་སྔགས་ཀྱི་སྙིང་པོའི་གཏམ་ལ་ཤིན་ཏུ་མོས་ཤིང༌། དུས་ཀྱི་འཁོར་ལོའི་ཊཱི་ཀ་པོ་ཏི་བདུན་པ་ཞིག་དང༌། གསང་སྔགས་ཀྱི་དམ་ཚིག་གི་རྣམ་པར་བཤད་པ་སྡེ་བ་བཅུ་ལྷག་པ་ཞིག་གིས་གཙོ་བྱས་པའི་རྩོམ་པ་ཡང་མང་དུ་མཛད་དོ། །དེ་ཡང་དུས་ཀྱི་འཁོར་ལོ་ཉིད་ཀྱི་བཤད་པ་ནི། དུས་ཀྱི་འཁོར་ལོའི་ཚུལ་ལ་རིང་དུ་སྦྱངས་པའི་མཁས་པ་དོན་གྲུབ་ཀུན་དགའ་ལས་གསན་པ་ཡིན་ནོ། །དཔལ་དུས་ཀྱི་འཁོར་ལོ་ལ་རྭ་ལུགས་ཤེས་གྲགས་པ་ནི། སློབ་དཔོན་ཙི་ལུ་བས་དུས་འཁོར་གསར་དུ་བླངས། དེའི་སློབ་མ་བསོད་སྙོམས་པ། དེའི་སློབ་མ་དུས་ཞབས་པ་ཆེ་བ། དེའི་སློབ་མ་དུས་ཞབས་པ་ཆུང་བ། དེའི་སློབ་མ་མཉྫུ་ཀཱིརྟཱི། དེའི་སློབ་མ་བལ་པོ་ཡེ་རང་གི་པཎྜི་ཏ་ས་མནྟ་ཤྲཱིའོ། །རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱི་དབོན་པོ། རྭ་ཆོས་རབ་ཅེས་བྱ་བ་རྒྱུད་སྡེའི་མཁྱེན་པ་ཆེ་ཞིང༌། ཁྱད་པར་རྭ་རྡོ་རྗེ་གྲགས་པ་ལ་མངའ་བའི་ཆོས་རྣམས་ལ་ཤིན་ཏུ་མཁས་པར་གྱུར་བ་དེས་པཎྜི་ཏ་ས་མནྟ་ཤྲཱི་བོད་དུ་སྤྱན་དྲངས་ནས་དུས་ཀྱི་འཁོར་ལོའི་རྒྱུད། འགྲེལ་པ་དྲི་མ་མེད་པའི་འོད་དང་བཅས་པ་ལེགས་པར་བསྒྱུར་ཞིང་གསན། དུས་ཀྱི་འཁོར་ལོའི་ཆ་ལག་མང་པོའང་བསྒྱུར། པཎྜི་ཏ་འབུལ་བས་མཉེས་པར་མཛད་ནས་བལ་བོའི་བར་དུ་བསྐྱལ། པཎྜི་ཏ་ཡང་མཉེས་ནས་འབུམ་ཕྲག་གསུམ་པའི་དབུ་ཞྭ་གནང༌། དབུས་ཕྱོགས་སུ་ཡང་ཕེབས་ནས་ཁམས་དབུས་མང་པོའི་དོན་མཛད། དེས་དུས་ཀྱི་འཁོར་ལོས་གཙོ་བྱས་པའི་ཆོས་རྣམས་རྭ་ཡེ་ཤེས་སེང་གེ་ལ། དེས་རྭ་འབུམ་སེང་ལ། དེས་རྗེ་བཙུན་རྒྭ་ལོ་ལ་གསུངས་པ་ཡིན་ཏེ། རྒྭ་ལོ་ནི། བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་སྦ་གསལ་སྣང་དང་སང་ཤི་ཕོ་ཉར་བཏང་སྟེ། རྒྱ་ནག་ལས་ཧྭ་ཤང་སྤྱན་དྲངས་པ་དང་འབྲེལ་བར་མེ་ཉག་ཧྭ་ཤང་དུ་གྱུར་པ་སྤྱན་དྲངས་ཏེ་རྒྱལ་པོའི་མཆོད་གནས་སུ་གྱུར་ཞིང༌། ཐེག་པ་ཆེན་པོའི་གཞུང་ལུགས་མ་ཉམས་པར་སྤྱོད་པའི་སྔགས་འཆང་ཤ་སྟག་ཏུ་གྱུར་པའི་བརྒྱུད་ལས། ཡར་འབྲོག་སྒང་དུ་མེ་ཉག་གཞོན་ནུ་སྙིང་པོ་བྱ་བ་བྱུང༌། དེའི་སྲས་གཞོན་ནུ་སེང་གེ། དེའི་སྲས་རིག་འཛིན་སྙིང་པོ། དེ་རོང་གི་རྒྱ་མའི་ཡུལ་དུ་བབས། དེའི་སྲས་རྡོ་རྗེ་སེང་གེས་རོང་གི་མཁར་ཕུག་གཟུང༌། དེ་ལ་སྲས་བཞི་བྱུང་པའི་གཅེན་པོ་ཡེ་ཤེས་རྡོ་རྗེ་བྱ་བ་མཁས་ཤིང་གྲུབ་པ་བརྙེས་པ་ཅིག་བྱུང༌། དེས་ཕྱག་རྒྱ་ཆེན་པོ་དབྱུག་ཆོས་སུ་གྲགས་པའི་མན་ངག་ལ་གྲུབ་པ་ཐོབ་པ་དབང་ཕྱུག་རྒྱལ་པོ་ཞེས་བྱ་བའི་གདན་ས་དབེན་དམར་གཟུང་བ་དེའི་སྲས་སུ་ཆུ་མོ་ཕག་ལ་འཁྲུངས། རྒྭ་ལོའི་སྐྱེ་བར་གཟུང་ནས་རྒྭ་ལོ་ཞེས་ཟེར། མཚན་དངོས་རྣམ་རྒྱལ་རྡོ་རྗེ། ཆུང་ངུའི་དུས་སུ་ངུར་སྨྲིག་ཏུ་ཁ་ཆེ་པཎ་ཆེན་དང་མཇལ་བས་སྐྱེས་བུ་ཁྱད་པར་ཅན་འབྱུང་བར་མཁྱེན་ནས་ཕྱག་གིས་གཞལ་ཤིང་ཤིས་བརྗོད་མཛད། གཞོན་ནུས་སློབ་གཉེར་མཛད་པའི་ཚེ། རྒྱལ་པོའི་བར་ཆད་བྱུང་བ་ཐར་བར་དཔྱལ་གྱི་དྲུང་དུ་བྱོན་པས་བར་ཆད་དང་བྲལ། དེར་ལོ་གསུམ་དུ་རྒྱ་ཡིག་དང་རྒྱ་ཀློག་ལ་སྦྱངས། དགྱེས་ཕག་གཉིས་གསན་ནས་བཤད་གསར་མཛད་པས་ཀུན་ངོ་མཚར་སྐྱེས། རྭ་འབུམ་སེང་ལས་དུས་འཁོར་གཙོ་བོ་གྱུར་པའི་རྭ་ལུགས་ཀྱི་ཆོས་རྣམས་གསན། བསྒོམས་པས་ཚིག་གི་མཆོག་གྲུབ་སྟེ་གསང་སྔགས་གསར་དུ་རྩོམ་པའི་ཤེས་མཐུ་གྲུབ། དུས་འཁོར་བཤད་པས་སློབ་མ་མཁས་པའང་མང་ད་བྱུང་སྟེ། བརྒྱད་ཅུ་པ་ཆུ་རྟ་ལ་གཤེགས། དེའི་སློབ་མའི་མཆོག་ནི་རྗེ་བཙུན་མན་ལུངས་པ་ཆེན་པོ་སྟེ། དེ་ནི་ས་མོ་ཕག་ལ་འཁྲུངས་ནས་ལྕགས་ཕོ་བྱི་བའི་ལོ་ལ་རྡོ་རྗེ་གདན་དུ་བྱང་ཆུབ་ཆེན་པོའི་དྲུང་དུ་ཉི་མ་རེ་ལ་འབྲས་ཉག་མ་རེ་དང༌། ཆུ་ཐིགས་པ་རེ་ལས་མི་གསོལ་བའི་དམ་བཅའ་མཛད་ནས་ལུང་བསྟན་བསྒྲུབས་པས། ཞག་བཅུ་གཉིས་ན་གནས་པོས་མགོ་ལ་ཆུ་བླུགས་པ་ཚོར་བ་ཙམ་བྱུང༌། བཅོ་བརྒྱད་པའི་ཚེ་བྱང་ཆུབ་ཆེན་པོའི་ཞལ་ནས། རིགས་ཀྱི་བུ་པོ་ཏ་ལའི་རི་བོར་སོང་ལ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དྲུང་དུ་བྱང་ཆུབ་སེམས་དཔའ་རྣམས་དང་ཚངས་པ་མཚུངས་པར་སྤྱོད་ཅིག །ཅེས་པའི་ལུང་བསྟན་བྱུང་བས་ལངས་ཏེ་ལྷོ་ཕྱོགས་སུ་བྱོན། དཔལ་འབྲས་སྤུང་གི་མཆོད་རྟེན་དུ་བཞུགས་པ་ན་ཞབས་ལ་སེང་ལྡེང་གི་ཚེར་མ་ཟུག་པས་ཁྲག་མང་པོ་འཛགས། དེ་སོས་པ་ན་མཆོག་ཏུ་མི་འགྱུར་བའི་བདེ་བ་ཡང་དག་པར་བརྙེས། དེ་ནས་རྒྱ་གར་བའི་རྣལ་འབྱོར་པའི་ཆ་བྱད་ཀྱིས་རྒྱ་མཚོའི་སྟེང་ན་ཕར་ས་ལ་བྱ་བ་བཞིན་དུ་མཛད་ནས་པོ་ཏ་ལར་གཤེགསསོ། །གཞན་བླ་མ་འཕགས་པ་དང༌། རིན་པོ་ཆེ་ཁྲོ་ཕུ་བ་དང༌། ལྷོ་པ་གྲུབ་སེང་དང༌། ཐང་སྟོན་ལོ་ཙཱ་བ་ལ་སོགས་པའི་མཁས་གྲུབ་མང་དུ་བྱུང་ངོ༌། །སྲས་ཀྱི་ཐུ་བོ་རྒྱ་གར་གྲགས་པ། རབ་ཏུ་བྱུང་བའི་མཚན་བློ་གྲོས་ནམ་མཁའ་དཔལ་གྱིས་དུས་འཁོར་ལ་སོགས་པ་ཡབ་ཀྱི་ཡོན་ཏན་རྣམས་ཕལ་ཆེར་ཐུགས་སུ་ཆུད་ནས་དབེན་དམར་གྱི་གདན་ས་གཟུང༌། གཙུག་ལག་ཁང་བརྩིགས། ཆོས་ཀྱི་བྱ་བ་རྒྱ་ཆེན་པོ་མཛད་ནས་འདསསོ། །སྲས་གཉིས་པ་ཤེས་རབ་སེང་གེ་ལྕགས་མོ་ཕག་ལ་འཁྲུངས། གཞོན་ནུའི་དུས་ནས་འབྲི་ཀློག་ལ་སོགས་འབྱོངས་ནས་དུས་འཁོར་ལ་སློབ་གཉེར་མཛད་དེ། དགུང་ལོ་བཅུ་དྲུག་ལ་དུས་འཁོར་གསུངས། ཉི་ཤུ་ལ་ཐར་བར་བྱོན་ནས་དཔྱལ་པའི་ཆོས་རྣམས་ཞུས། ཉི་ཤུ་རྩ་གཉིས་པ་ལ་སྟག་སྡེ་སང་རྒྱལ་གྱི་དྲུང་དུ་བྱོན་ཏེ། ལོ་ལྔའི་བར་དུ་ཕར་ཚད་ལ་སྦྱངས། ཁྱད་པར་དུ་ཚད་མ་ལ་མཁས་པར་གྱུར་ཏེ་དབུས་གཙང་དུ་གྲྭ་སྐོར་ཡང་མཛད། སུམ་ཅུ་པ་ལ་བླ་མ་ཆོས་རྒྱལ་འཕགས་པ་དང་མཁན་པོ་མཆིམས་ཀྱི་དྲུང་དུ་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས་ནས་ཆོས་མང་དུ་གསན། ལོ་ཙཱ་བ་གྲགས་པ་རྒྱལ་མཚན་སྤྱན་དྲངས་ནས་རྡོ་རྗེ་ཕྲེང་བའི་དབང༌། འཇམ་དཔལ་རྩ་རྒྱུད་ལ་སོགས་པའི་རྒྱུད་དང་སྨན་དཔྱད་ཡན་ལག་བརྒྱད་པ་སོགས་གསན། དབེན་དམར་གྱི་གདན་ས་གཟུང་ནས་བཤད་པ་ཡུན་རིང་དུ་མཛད། གཞན་ཡང་ཐར་པ། ཁྲོ་ཕུ། བསམ་ཡས། སྟག་ལུང༌། གཞུ་ཀུན་དགའ་ར་བ། ཤངས་རྩེ་གདོང༌། ཆུ་མིག །སྟོན་མོ་ལུང༌། གཡུས་དགའ་ལྡན་ལ་སོགས་དགོན་པ་སྣ་ཚོགས་པ་རྣམས་སུ་ཆོས་མང་པོ་གསུངས། དགུང་ལོ་བཞི་བཅུ་རྩ་གཅིག་པ་ལ་དབེན་དམར་གྱི་གདན་ས་བླ་མ་རྡོ་རྗེ་རྒྱལ་མཚན་པ་ལ་གཏད་ནས་དམུ་རུ་ཕྱགས་ཕབ། ཤམྦྷར་བཏབ་ནས་གཙུག་ལག་ཁང་བཞེངས། རྒྱུད་འབུམ་དང་འདུལ་བ་ལུང་བཞེངས་ཏེ་སེམས་ཅན་མང་པོའི་དོན་མཛད། མཐར་ཆོས་རྗེ་བསོད་ནམས་རྒྱལ་མཚན་འཁྲུངས་མ་ཐག་པ་ལ་དབང་བསྐུར་མཛད་ནས་ཉིད་ཀྱི་དྲུག་ཅུ་རྩ་ལྔ་པ་ཤིང་མོ་ཡོས་ལ་གཤེགས། སློབ་མ་ཡང་ཏི་ཤྲཱི་ཀུན་བློ་ལ་སོགས་ས་སྐྱ་པའི་གདུང་བརྒྱུད་མང་པོ་དང༌། གཞན་ཡང་མི་ཆེ་བའི་སློབ་མ་མང་པོ་དང༌། ལོ་ཙཱ་བ་ཡར་ཐར་དཔང་གསུམ་གྱིས་དབུ་མཛད་མཁས་བཟང་བཙུན་པའི་སློབ་མ་ཤིན་ཏུ་མང་པོ་དང༌། ཁྱད་པར་དུས་འཁོར་ལ་མཁས་པའི་སློབ་མ་མང་པོ་བྱུང་ངོ༌། སྲས་གསུམ་པ་སློབ་དཔོན་རྣལ་འབྱོར་གྱིས་ཡུལ་འཁོར་བསྐྱངས། སྲས་བཞི་པ་བླ་མ་ཨཱ་ཀ་ར་སིདྡྷི་དུས་འཁོར་རྭ་ལུགས་འབྲོ་ལུགས་དཔྱལ་བ་དང༌། ས་སྐྱ་པའི་ཆོས་སྐོར་མ་ལུས་པ་མཁྱེན་ནོ། །དེའི་སྲས་བླ་མ་རྡོ་རྗེ་རྒྱལ་མཚན་པ་ནི། ཆུ་མོ་ལུག་གི་ལོ་ལ་འཁྲུངས། གཞོན་ནུའི་དུས་ནས་འབྲི་ཀློག་བསླབས། འཇམ་དབྱངས་རིན་རྒྱལ་དང༌། སློབ་དཔོན་ཤེས་རྒྱལ་ལ་མཁན་སློབ་ཞུས་ནས་རབ་ཏུ་བྱུང༌། དགུང་ལོ་བཅུ་དྲུག་ལ་དབེན་དམར་གྱི་གདན་ས་གཟུང༌། དུས་འཁོར་གྱི་བཤད་གྲྭ་བསྐྱངས། མཁན་པོ་བཀའ་བཞི་པ་དང༌། མཁན་པོ་ཞལ་སྔ་བ་ལས་བསྙེན་པར་རྫོགས། ཐར་པ་ལོ་ཙཱ་བ་ལ་སྒྲ་ཙནྡྲ་པ་དང་ཡི་གེའི་རིགས་ཐམས་ཅད་བསླབས། མངོན་པ་དང་མན་ངག་སྒྲུབ་ཐབས་མང་པོ་གསན། བླ་མ་ཤེས་རབ་སེང་གེ་བ་ལ་དུས་འཁོར་གྱིས་གཙོ་བྱས་པའི་དབང་གི་བཀའ་ཐམས་ཅད་ཞུས་ཤིང་བུམ་པ་གང་བྱོའི་ཚུལ་དུ་མཁྱེན། གཞན་ཡང་མཁན་པོ་ཞལ་སྔ་བ་ལ་འདུལ་མཛོད། མཇོ་བོ་ལྷས་པ་སངས་རྒྱས་སྒོམ་པ་ལ་སྒང་ལོ་ཙཱ་ནས་བརྒྱུད་པའི་རྡོ་རྗེ་ཕྲེང་བ། གསང་འདུས། ཇོ་བོ་ལུགས་ཀྱི་བདེ་མཆོག །ལམ་འབྲས་ལ་སོགས་པའི་མན་ངག་དང༌། གཞན་ཡང་རྒྱུད་མང་པོ་ཞུས། སྲིའུ་ཆུང་བ་བློ་ལྡན་སེང་གེ་ལ་གསང་འདུས། ཡོ་ག །གསང་ལྡན། གདན་བཞི་ལ་སོགས་པའི་རྒྱུད་མང་པོ་གསན། བླ་མ་ཤེས་རབ་སེང་གེ་གཤེགས་ནས་ཤམྦྷར་དང་གཉིས་ཀ་གཟུང་སྟེ། དུས་འཁོར་གྱི་བཤད་མཉན་་ཡུན་རིང་པོ་མཛད། དེ་ནས་སྙན་པའི་གྲགས་པས་ཕྱོགས་ཐམས་ཅད་དུ་ཁྱབ་པའི་རྒྱུས། རྒྱལ་པོ་ཆེན་པོས་གདན་དྲངས་ཏེ། ཁྱི་ལོ་ལ་གོང་དུ་བྱོན་ཏེ། རྒྱལ་པོ་ཆེན་པོ་དང་བློན་པོ་མ་ལུས་པ་དད་པར་མཛད་ནས་བཞི་བཅུ་རྩ་གསུམ་པ་ཤིང་མོ་གླང་ལ་གཤེགས། དེ་ལ་བུ་རིན་པོ་ཆེས་གསན་ཏེ། དང་པོ་ཐར་པ་ལོ་ཙཱ་བ་ལ་ཙནྡྲ་པ་བསླབས་ནས་ལོ་ཙཱ་བ་ཡང་མཁས་པར་མཁྱེན། སྦྱོར་བ་ཡན་ལག་དྲུག་གི་མན་ངག་དཔེ་མེད་འཚོ་ནས་བརྒྱུད་པ་གསན་ནས་བསྒོམས་པས་ཁྱད་པར་ཅན་གྱི་མྱོང་བ་ཡང་འཁྲུངས། དུས་ཀྱི་འཁོར་ལོའི་དཀའ་གནས་མང་པོ་ལ་དྲིས་ཤིང་ཐུགས་ལ་གཟུང༌། ཕྱིས་ཤམྦྷར་དུ་བླ་མ་རྡོ་རྗེ་རྒྱལ་མཚན་པའི་དྲུང་དུ་བྱོན་ཏེ། ཟླ་བ་དགུའི་བར་དུ་བཞུགས་ཀྱི་བར་ཉིན་རེ་བཞིན་རྒྱུད་འགྲེལ་གྱི་གསན་པ་དང་དྲི་རྟོག་ཞིབ་ཏུ་མཛད། རྩིས་ལ་ཡང་ལེགས་པར་སྦྱངས། དུས་ཀྱི་འཁོར་ལོའི་ཡན་ལག་ཕྲ་མོ་རྣམས་ཀྱང་གསན། རྡོ་རྗེ་རྒྱལ་མཚན་པས་བཀའ་གནང་ནས་དབང་མདོར་བསྟན་གྱི་འགྲེལ་པ་སུམ་བརྒྱ་དྲུག་ཅུ་པ་ཡང་བསྒྱུར། ཞ་ལུར་ཕེབས་ནས་དུས་ཀྱི་འཁོར་ལོ་ལ་དུས་ཆོས་མཛད་དེ་གསུངས། དུས་འཁོར་སྐོར་གྱི་བསྟན་བཅོས་ཀྱང་མང་དུ་བརྩམས། ཕྱིས་བླ་མ་འཕགས་འོད་པ་ལ་ཀུན་སྤངས་པའི་སྦྱོར་དྲུག་གི་མན་ངག་མང་དུ་བཞུགས་པ་རྣམས་གསན། རྒྱུད་འགྲེལ་ལ་མཆན་བུ་མཛད་པ་ན། ཤོང་འགྱུར་ལ་འགྱུར་བཅོས་མང་དུ་མཛད་དེ། དེ་ཇོ་ནང་དུ་ལོ་ཙཱ་བ་གཉིས་ཀྱིས་འགྱུར་མཛད་པ་ན་ཇི་ལྟ་བ་བཞིན་དུ་བྲིས། སྤྱིར་དུས་ཀྱི་འཁོར་ལོའི་བརྒྱུད་པ་ལ་མཁས་ཤིང་གྲུབ་པ་བརྙེས་པ་མང་དུ་བྱུང་མོད་ཀྱི། རྒྱུད་ཀྱི་བཤད་པ་ཕྲ་མོ་ཡན་ཆོད་ལ་བུ་ཉིད་མཆོག་དང་གཙོ་བོ་དང་རབ་མཆོག་ཡིན་ནོ། དུས་རྒྱུན་གྱི་བཤད་པ་མཛད་པས་སློབ་མ་མང་དུ་བྱུང་ཡང་གཙོ་བོར་གྱུར་པ་ནི་དཔལ་ལྡན་བླ་མ་དམ་པ་ཡིན་ཏེ། དེས་ན་བརྩོན་པ་ཆེན་པོས་ས་ཡར་མར་དུ་འབྱོན་བཞུད་མཛད་པ་ན་ཡང་དུས་ཀྱི་འཁོར་ལོའི་གླེགས་བམ་དང་མ་བྲལ་བར་གཟིགས། སྔོན་གྱི་འགྱུར་མི་གཅིག་པའི་གླེགས་བམ་མང་པོ་དང་བཤད་པའི་ཡིག་རྙིང་མཐའ་དག་ལ་ཡང་བརྟགས་ནས། དུས་ཀྱི་འཁོར་ལོའི་མངོན་དཀྱིལ་སོགས་ཆ་ལག་ཀྱང་མང་དུ་མཛད། ཊཱིཀ་ཆེན་མོ་ཡང་བརྩམས་ཏེ་སྙེ་ཐང་དུ་བཤད་པ་མཛད་པའི་ཚེ་དཔེ་འགྲེམས་བློ་དང་ལྡན་པ་ལྔ་བརྒྱ་ལྷག་ཙམ་བྱུང༌། ཕྱིས་ཊཱི་ཀ་ཆེན་མོ་ཉིད་ལ་བཅོས་ཕྲ་མོ་ཡང་མང་དུ་མཛད། སྐུ་ཚེའི་མཐར་ཡང་དགེ་བའི་བཤེས་གཉེན་ཆེན་པོ་མང་པོ་ལ་མཉེལ་བཞིན་པའི་ངང་ནས་དུས་ཀྱི་འཁོར་ལོའི་དབང་ཡོངས་སུ་རྫོགས་པར་བསྐུར་རོ། །ཆོས་རྗེ་བུའི་གདན་ས་པ་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ་བས་ཀྱང་དུས་ཀྱི་འཁོར་ལོ་དུས་ཆོས་མཛད་དེ་གསུངས་ཤིང༌། དེའི་རྒྱུན་དེང་སང་དུ་ཡང་གནསསོ། །ཐམས་ཅད་མཁྱེན་པ་བུའི་སློབ་མ་གོང་གསུང་བདེ་ཆེན་པ་ཆོས་ཀྱི་དཔལ་བ་ལ་ཆོས་ཀྱི་རྗེ་རིན་པོ་ཆེ་ཤངས་པ་ཀུན་མཁྱེན་པས་དུས་ཀྱི་འཁོར་ལོའི་སྐོར་མཐའ་དག་གསན་ནས། དབང༌། བཤད་པ། མན་ངག་གིས་འགྲོ་བ་མང་པོའི་དོན་མཛད་ལ། རྗེ་བཙུན་ཙོང་ཁ་པ་ཆེན་པོས་ཀྱང་གོང་གསུམ་བདེ་ཆེན་པ་ལ་དུས་ཀྱི་འཁོར་ལོའི་སྐོར་གསན་ནས། ས་ཕོ་ཁྱིའི་ལོ་ལ་རྒྱུད་འགྲེལ་གྱི་བཤད་པ་རྫོགས་པར་མཛད་དེ། བསྟན་པའི་བདག་པོ་ཡིན་པའི་ཕྱིར་གཞན་གྱི་བཤད་པ་བརྒྱ་ཚར་བས། རྗེ་ཐམས་ཅད་མཁྱེན་པའི་བཤད་པ་ཚར་གཅིག་མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཏོ་ཞེས་བདག་གི་བླ་མ་བཞེད་དོ། ཡང་བླ་མ་རྡོ་རྗེ་རྒྱལ་མཚན་པ་དང་གདུང་གཅིག་པའི་བསོད་ནམས་ལྷུན་གྲུབ་པ་ལ་བླ་མ་ངག་གི་དབང་ཕྱུག་གྲགས་པས་དུས་ཀྱི་འཁོར་ལོའི་སྐོར་ཆ་ལག་དང་བཅས་པ་གསན་ནས། དེས་སློབ་མ་མང་པོ་རྗེས་སུ་གཟུང་སྟེ། དེ་ནི་དུས་ཀྱི་འཁོར་ལོའི་དྲང་བའི་དོན་དང་ངེས་པའི་དོན་གཉིས་ཀ་ལ་མཁས་པ། གར་དབྱངས་ལ་སོགས་པའི་ཕྱག་ལེན་གྱིས་ཀྱང་གཞན་གྱི་ཡིད་འཕྲོག་པ། རྩིས་ལ་ཡང་བློ་རྒྱས་པས་དེའི་བསྟན་བཅོས་ཀྱང་མཛད་ཅིང༌། དེའི་དཀྱིལ་འཁོར་གྱི་ཕྱག་ལེན་གྱི་རྒྱུན་ཡང་ཤིན་ཏུ་དར་ལ། ཆོས་རྗེ་རྒོད་ཕྲུག་རས་པས་དེ་ལ་ཡན་ལག་དྲུག་གི་ཁྲིད་གསན་པའི་ཚེ་ཤ་བ་རི་དབང་ཕྱུག་ཉིད་དུ་མཐོང་ངོ་ཞེས་གསུང་ངོ༌། །ཡང་སེ་ལོ་ཙཱ་བ་གཞོན་ནུ་ཚུལ་ཁྲིམས་ཀྱིས་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ཙ་མི་ལ་ཚར་གཉིས། ཨ་བྷ་ཡ་ལ་ཚར་གཅིག །བྷ་སྐ་ར་ལ་ཚར་གཅིག །ཨ་བྷ་ཡུགྟ་ལ་སྟོད་ཅིག་རྣམས་གསན། ཨ་བྷ་ཡ་དང་མཉྫུ་ཀཱིརྟི་གཉིས་ཀ་ནཱ་རོ་པའི་སློབ་མ་ཡང་ཡིན་ལ། ཨ་བྷ་ཡ་ནི་ཙ་མིའི་ཡངསློབ་མ་ཡིན་ནོ། །བྷ་སྐེ་ར་ནི་བྷ་སྐ་ར་དེ་བ་ཞེས་བྱ་སྟེ་དཔལ་འཛིན་གྱི་སློབ་མ་འོད་བྱེད་ལྷའོ། །སེ་ལོས་བོད་དུ་བྱོན་ནས་གཉོས་དར་མ་འོད་ལ། དེས་དུས་འཁོར་བ་བཀྲ་ཤིས་རིན་ཆེན་ལ། དེས་དུས་འཁོར་བ་སངས་རྒྱས་རྡོ་རྗེ་ལ། དེས་དཔལ་ཨུ་རྒྱན་པ་ལ། དེས་ནི་ལ་སྟོད་དང་ཡར་ཀླུངས་སོགས་སུ་ཙ་མི་འགྱུར་གྱི་སྟེངས་ནས་བཤད་པ་མང་དུ་མཛད་དོ། །སྙེ་མདོ་བས་གྲུབ་ཆེན་པ་ལས་གསན་ནས་ཕྱིས་ཆོས་རྗེ་རང་བྱུང་བ་ལ་གསུངས་པ་ཡང་ཙ་མིའི་འགྱུར་ཉིད་དོ། རྒྭ་ལོ་ཙཱ་བས་ནི་ཙ་མི་ལ་ཡན་ལག་དྲུག་གི་མན་ངག་མནོས། ཨ་བྷ་ཡ་ལ་ཡང་གསན་པ་མཛད་ནས་བསྒོམས་པས་གྲུབ་པ་བརྙེས་ཏེ་གྲགས་པས་ཟངས་གླིང་གི་བར་དུ་ཡང་ཁྱབ། བོད་དུ་བྱོན་ནས་ཞང་འཚལ་བ་ལ་སོགས་ལ་གདམས་པ་དེ་གནང༌། དབུས་གཙང་དང་མདོ་ཁམས་ཀྱི་སའི་ཆ་རྣམས་སུ་དབང་དང་གདམས་པས་གཞན་གྱི་དོན་མང་དུ་མཛད། སྐུ་ཚེ་ཡང་ལོ་བརྒྱད་ཅུ་རྩ་དགུའི་བར་དུ་བཞུགསསོ། །ཡང་པཎྜི་ཏ་བི་བྷུ་ཏི་ཙནྡྲ་བལ་པོ་ན་སློབ་མ་ལྔ་ཙམ་ལ་སྒྲའི་སློབ་གཉེར་འཁྲིད་ཅིང་བཞུགས་པའི་ཚེ། རྣལ་འབྱོར་པ་རས་ཀྱི་ཨངྒ་རཀ་ནག་པོ་གྱོན་པ་ཞིག་བྱོན། དང་པོར་སློབ་མ་རྣམས་ཀྱིས་ངོ་མཚར་ཅན་དུ་མཐོང༌། དེ་པཎྜི་ཏ་ལ་གསོལ་བས་པཎྜི་ཏས་དཔལ་ཤ་བ་རི་དབང་ཕྱུག་ཡིན་པར་ཤེས་ཏེ། རྒྱུད་ཐམས་ཅད་ཀྱི་སྙིང་པོ་ཡན་ལག་དྲུག་གི་རྣལ་འབྱོར་ཞུས་པས་ལེགས་པར་གནང་ཞིང༌། ཞག་ཉི་ཤུ་རྩ་གཅིག་བཞུགས་ཏེ་ཁ་ཆེར་འགྲོ་གསུང་ནས་གཤེགསསོ། །དེ་ནས་པཎྜི་ཏས་བལ་པོར་བོད་པ་བྱུང་བ་རྣམས་ལ་ད་ལྟ་བོད་ན་དགེ་བའི་བཤེས་གཉེན་སུ་སྙན་པ་ཆེ་དྲིས་པ་ལ། ཀོ་བྲག་པ་ཆེ་ཟེར་བས། པཎྜི་ཏས་ང་ལ་ཤ་བ་རི་དབང་ཕྱུག་གི་གདམས་པ་ཟབ་མོ་ཡོད་པས་ལེན་དུ་ཤོག་ཅེས་ཀོ་བྲག་པ་ལ་ཡི་གེ་བཏང༌། ཀོ་བྲག་པས་པཎྜི་ཏ་དཔོན་སློབ་ཐམས་ཅད་ལ་འབུལ་བ་བཟང་པོ་བརྫངས། པཎྜི་ཏ་ཉིད་བོད་དུ་འབྱོན་པར་ཞུས་པས་བྱོན་ཏེ་དིང་རིར་ཕེབས། ཀོ་བྲག་པ། དཔྱལ་ཨ་མོ་གྷ། གཡུང་ཕུག་པ། ཉེག་པོ་ཆོས་ལྡན། མར་སྟོན་གཡང་འབར་རྣམས་ལ་གདམས་པ་དེ་གནང༌། པཎྜི་ཏ་ཉིད་ཀྱིས་ཀོ་བྲག་པ་ལ་ཡང་གདམས་པ་གསན། གདམས་པ་དེས་མང་དུ་ཁྱབ་ཅིང་ཁྱད་པར་དུ་ཀུན་སྤངས་ཞང་གིས་སོ་སོར་སྡུད་པ་ལུགས་དེ་ཁོ་ན་ལ་མཛད་དོ། ཡང་ཁ་ཅེ་པཎ་ཆེན་གྱིས་ལོ་ཙཱ་བ་དཔྱལ་ཆོས་ཀྱི་བཟང་པོ་ལ་བརྟག་གཉིས་ཀྱི་འགྲེལ་པ་ནཱ་རོ་པས་མཛད་པ་དང༌། དེའི་ཡན་ལག་དྲུག་གི་མན་ངག་ཀྱང་གནང༌། མན་ངག་དེ་ལོ་ཙཱ་བས་རིན་པོ་ཆེ་སྒྲོམ་གྱི་ལྡེ་མིག་ཅེས་པའི་གཞུང་དུ་སྡེབས། དེའི་འགྲེལ་པ་ལོ་ཙཱ་བའི་སློབ་མ་གཉལ་བ་ཧྲུལ་པོ་ཞེས་བྱ་བས་མཛད་དེ། དིང་སང་གི་བར་དུ་ཡང་གནསསོ། ། གཞན་ཡང་དཔལ་དུས་ཀྱི་འཁོར་ལོའི་དབང་དང་མན་ངག་མཆོག་ཏུ་གྱུར་པ་ནི་རྗེ་བཙུན་མཁས་པ་ཆེན་པོ་དཔལ་ནགས་ཀྱི་རིན་ཆེན་གྱི་ཞལ་སྔ་ལས་བྱུང་སྟེ། དེ་ཡང་པཎ་ཆེན་རིན་པོ་ཆེ་དེ་ནི་རྒྱ་གར་ཤར་ཕྱོགས་གྲོང་ཁྱེར་དམ་པ་ཞེས་བྱ་བའི་གནས་སུ་རྒྱལ་པོའི་སྲས་སུ་སྐུ་འཁྲུངས། དགུང་ལོ་བརྒྱད་བཞེས་པ་ན་དགེ་འདུན་འབུམ་ཕྲག་མང་པོའི་འདྲེན་པ་སངས་རྒྱས་དབྱངས་ཤེས་བྱ་བ། རིག་པའི་གནས་མཐའ་དག་ལ་མཁས་ཤིང་མངོན་པར་ཤེས་པ་རྒྱ་ཆེན་པོ་དང་ལྡན་པ་དེས་མཧཱ་ཙི་ཏྱ་ཞེས་བྱ་བའི་གཙུག་ལག་ཁང་དུ་མཁན་པོ་མཛད། དགེ་འདུན་ཁྲི་ཕྲག་མང་པོའི་འདྲེན་པ་སུ་ཛཱ་ཏ་རཏྣ་ཞེས་བྱ་བས་སློབ་དཔོན་མཛད་དེ་རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་བསླབ་པ་མནོས། མཁན་སློབ་དེ་གཉིས་དང་མཁས་པ་གཞན་ལས་ཀྱང་རིག་པའི་གནས་མང་པོ་ལ་སྦྱངས། མཁན་པོ་ལས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། ཟབ་མོའི་དབང་དང་མན་ངག་དུ་མ་གསན། དགུང་ལོ་ཉི་ཤུ་བཞེས་པ་ན་སྔར་གྱི་མཁན་སློབ་ལས་བསྙེན་པར་རྫོགས། དེ་ནས་བྱ་བྲལ་ལ་གཤེགས་ཏེ་སིངྒྷའི་གླིང་དུ་བྱོན། དེར་ལོ་དྲུག་ཏུ་བཞུགས། གནས་དང་རྟེན་ཁྱད་པར་ཅན་དུ་མ་མཇལ། བྱིན་བརླབས་ཀྱི་ཆོ་འཕྲུལ་ངོ་མཚར་བ་མང་དུ་བྱུང༌། སློབ་དཔོན་ཆོས་ཀྱི་གྲགས་པ་ཞེས་བྱ་བ་ལ་འདུལ་བ་ལུང་དང་འོད་ལྡན་སོགས་ཀྱང་གསན། གཙོ་བོར་ཐུགས་དམ་འབའ་ཞིག་སྙིང་པོར་མཛད། དེ་ནས་ཛམྦུའི་གླིང་དུ་འབྱོན་ཁར་སངས་རྒྱས་གངས་ཆེན་མཚོའི་ཞལ་གཟིགས། མུ་སྟེགས་ཀྱི་གནོད་པས་མ་ཚུགས་པར་རྒྱ་གར་ལྷོ་ཕྱོགས་སུ་ཀ་ལིངྐའི་རྒྱལ་ཁམས་སུ་ཕེབས། དེར་པཎྜི་ཏ་ཆེན་མོ་མིའི་ཉི་མ་ཞེས་བྱ་བ་ཛམྦུའི་གླིང་ན་མཁས་པར་གྲགས་པ་དེས། གནས་བརྟན་ཆེན་པོ་ནགས་ཀྱི་རིན་ཆེན་ནི། །སྲིད་སྐྱེས་ཉོན་མོངས་རྙོག་པ་རབ་བཀྲུས་ནས། ཆགས་བྲལ་མངོན་དུ་མཛད་དོ་སྐྱེས་བོ་དག །སྲིད་པ་ཞི་ཕྱིར་གུས་པས་བསྟེན་པར་གྱིས། །ཞེས་བྱ་བའི་བསྟོད་པ་མཛད་ཅིང་ཞབས་ཏོག་ཀྱང་མང་དུ་མཛད་ནས་སླར་དཔལ་འབྲས་སྤུང་གི་མཆོད་རྟེན་ཆེན་པོར་བྱོན། དེ་ན་ཀླུའི་བྱང་ཆུབ་ཀྱི་དགོན་པ་ཞིག་ཡོད་པར་ཐོགས་ཤིག་བཞུགས། དཔལ་ཤ་བ་རི་དབང་ཕྱུག་དང་ཐོག་མར་མཇལ། དེ་ནས་མ་ག་དྷར་ཕེབས་པ་ན་ཕྱི་རོལ་པའི་པཎྜི་ཏ་ཧ་རི་ཧ་ར་ཞེས་བྱ་བ་ལས་ཀ་ལཱ་པ་བོད་དུ་གྲགས་པ་འདི་བས་བདུན་འགྱུར་གྱིས་ཆེ་བ་ཞིག་ཡོད་པ་དེ་ཡང་གསན། ཕལ་ཆེར་ཡན་ལག་དྲུག་གི་རྣལ་འབྱོར་ལ་བརྩེ་གཅིག་པའི་སྒྲུབ་པ་མཛད་ཅིང༌། ཁྱད་པར་ཀ་ནག་ཤྲོ་ཏི་ཟེར་བའི་ཆུ་བོའི་ཕ་རོལ་གྱི་ནགས་སུ་ལོ་གསུམ་ཕྱོགས་གསུམ་གྱི་ངེས་པ་མཛད། ཐུགས་དམ་མཆོག་ཏུ་གྱུར་ཅིང་ཨུརུ་བཱ་ས་ཞེས་བྱ་བའི་གཙུག་ལག་ཁང་དུ་རྣལ་འབྱོར་དབང་ཕྱུག་བི་རཱུ་བཱ་ཀྵ་དང༌། དེའི་སློབ་མ་གྲུབ་ཐོབ་པཱ་གྷ་ལ་དང་མཇལ། དེ་ན་འཕགས་པ་སྤྱན་རས་གཟིགས་ཀྱི་རྡོའི་སྐུ་ཆོ་འཕྲུལ་ཅན་ཞིག་ཡོད་པ་དེས་བོད་ཡུལ་དུ་སོང་ཞིག །རྒྱལ་པོ་ཞིག་ལ་བརྟེན་ནས་མང་པོ་ལ་ཕན་པར་འགྱུར་བའི་ལུང་བསྟན་བྱུང་བ་བཞིན་དང་པོར་བལ་པོར་ཕེབས། དེར་པཎྜི་ཏ་ཆེན་པོ་ཤཱི་ལ་སཱ་ག་ར་ལས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལུགས་ཀྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གསན། མེ་ཕོ་རྟའི་ལོ་ལ་བོད་དུ་ཕེབས། ལྷ་ས་དང་ཡར་ཀླུངས་སུ་ཡང་ཡུད་ཙམ་ཕེབས་ཏེ་ཆོས་ཞུ་བ་ཆེར་མ་བྱུང༌། སླར་བལ་ཡུལ་དུ་ཐེགས། དེར་འཕགས་པ་ཤིང་ཀུན་ཤཱནྟ་བཱུ་རིའི་གཙུག་ལག་ཁང་དུ་བཞུགས་པའི་ཚེ་དང་པོར་བླ་མ་སངས་རྒྱས་དབྱངས་བྱོན། དེ་ནས་དཔལ་ཤ་བ་རི་དབང་ཕྱུག་བྱོན་ནས་དེར་དཀྱིལ་འཁོར་གྱི་འཁོར་ལོ་སྤྲུལ། སྤྱིར་བདེ་མཆོག་གི་དབང་བསྐུར་གནང༌། བྱེ་བྲག་ཏུ་ཟབ་མོའི་དབང་ཕྱི་མ་ལ་བརྟེན་ནས་མི་འགྱུར་བའི་བདེ་བ་བརྙེས། སླར་ཡང་སི་ཏུ་རབ་བརྟན་པས་བོད་རྒྱལ་བ་ཞེས་བྱ་བ་ཕོ་ཉར་བཏང་སྟེ་སྤྱན་དྲངས་ནས་རྒྱང་རྩེར་ཕེབས། དེའི་ཚེ་སྨྲ་བའི་ཁྱུ་མཆོག་ཆེན་པོ་རོང་སྟོན་ཐམས་ཅད་མཁྱེན་པས་ཞབས་ཀྱི་པདྨ་ལ་གཏུགས། དགེ་བའི་བཤེས་གཉེན་གཞན་ཅི་རིགས་པ་དག་དང་བཅས་པ་ལ་གདམས་པ་འགའ་རེ་གནང༌། སླད་ཀྱིས་ལྷ་སར་ཕེབས། དེ་ནས་སྲིན་པོ་རིར་སྨྲ་བའི་སེང་གེ་ཆེན་པོ་དང་དཔོན་སློབ་ལྷན་ཅིག་ཏུ་བཞུགས་པ་ལ་ཆོས་ཀྱི་རྒྱལ་པོ་ཆེན་པོ་གྲགས་པ་འབྱུང་གནས་པས་སྤྱན་དྲངས་ཏེ། ཆོས་གྲྭ་ཆེན་པོ་རྩེས་ཐང་དུ་ཐོགས་ཤིག་བཞུགས། དེར་ཆོས་ཀྱི་རྒྱལ་པོ་གྲགས་པ་འབྱུང་གནས་པ་དང་དེའི་བློན་པོ་ཆེན་པོ་དག་གིས་བདེ་མཆོག་ལཱུ་ཡི་པའི་བཀའ་སོ་སོར་གསན། སླར་ཡོན་མཆོད་ལྷན་ཅིག་ཏུ་གོང་དཀར་ཕྱོགས་སུ་ཐེགས། དེའི་ཚེ་སྲིན་པོ་རིར་མི་གཡོ་བ་བླ་ན་མེད་པའི་བཀའ་གསན། དེ་ན་བཞུགས་པའི་བདེ་མཆོག་གི་སྐུ་བཅོམ་ལྡན་འདས་དངོས་སུ་གཟིགས། དེ་ནས་པཎ་ཆེན་རིན་པོ་ཆེ་དཔོན་སློབ་ཀྱིས་སྤ་གྲོར་བྱོན་ནས་དེར་ཐོགས་ཤིག་བཞུགས། དེར་པདྨ་སཾ་བྷ་བ་དང་མཇལ། སླད་ཀྱིས་མེ་ཕོ་འབྲུག་གི་ལོ་ལ་སྣེ་གདོང་དུ་ཕེབས། དེ་ནས་དུས་མི་རིང་བར་རྩེས་ཐང་དུ་བཞུགས་ནས་སྣར་ཐང་མཁན་ཆེན་བསོད་ནམས་མཆོག་གྲུབ་པ་ཆེན་པོ་གྲགས་བཟང་པ་དང་ཆེན་པོ་བློ་གྲོས་རྒྱལ་མཚན་པ། ཐེལ་བ་མཁན་ཆེན་ཀུན་རྒྱལ་བ། སྨྲ་བའི་དབང་ཕྱུག །ཆོས་ཀྱི་གྲགས་པ་རྣམས་ཀྱིས་གཙོས་པའི་བདག་ཅག་སྡེ་སྣོད་འཛིན་པ་སུམ་ཅུ་རྩ་གཉིས་ལ། སློབ་དཔོན་ཆེན་པོ་དཔེ་མེད་འཚོའི་ལུགས་ཀྱི་ཡན་ལག་དྲུག་གི་མན་ངག་ཚང་བར་གནང༌། སྔོན་བུ་རིན་པོ་ཆེས་དཔེ་མེད་འཚོའི་ལུགས་ཀྱི་མན་ངག་ཐར་པ་ལོ་ཙཱ་བ་ལ་གསན་ཏེ། དེའི་སོར་བསམ་གཉིས་པོ་ཙམ་མ་གཏོགས་སྲོག་རྩོལ་སོགས་པཎྜི་ཏ་གཞན་གྱི་ལུགས་ཡིན། འདིར་ཡག་ལག་དྲུག་ཀ་དཔེ་མེད་འཚོའི་ལུགས་ཡིན་པས་བཀའ་དྲིན་ཆེན་པོས་ཁྱབ་པར་མཛད་དེ། དེའི་བརྒྱུད་པ་ནི་སྤྱན་རས་གཟིགས། སློབ་དཔོན་དཔེ་མེད་འཚོ། དཔལ་འཛིན་དགའ་བ། འོད་བྱེད་ལྷ། གྲུབ་ཐོབ་ཉི་མ་དཔལ་ཡེ་ཤེས། ཆོས་འབྱུང་ཞི་བ་རཏྣ་རཀྵི་ཏ། མི་དབང་བློ། ཕྱོགས་གྲོལ། ཤཱཀྱ་རཀྵི་ཏ། རྗེ་ལེགས་སྐྱེས། སངས་རྒྱས་དབྱངས། དེས་ཆོས་ཀྱི་རྗེ་རིན་པོ་ཆེ་པཎ་ཆེན་ལ་གནང་བའོ། །རྩེས་ཐང་དུ་ཡན་ལག་དྲུག་གི་ཁྲིད་རྫོགས་རྗེས་སུ་མི་གཡོ་བླ་ན་མེད་པའི་དབང་བཀའ་དང་གཞུང་དྲུག་ལ་བརྟེན་པའི་ཕག་མོའི་བྱིན་བརླབས་རྣམས་ཀྱང་གནང༌། དེའི་ལོ་ཕྱི་མ་ལ་ཆོས་ཀྱི་རྒྱལ་པོ་གྲགས་པ་འབྱུང་གནས་པ་ལ་སློབ་དཔོན་ཨ་བྷ་ཡའི་ལུགས་ཀྱི་རྡོ་རྗེ་ཕྲེང་བའི་དབང་དཀྱིལ་འཁོར་བཞི་བཅུ་རྩ་ལྔར་བྱས་ནས་རྫོགས་པར་གནང་སྟེ། དེའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བཛྲ་ཡོ་གི་ནི། ཨ་བྷ་ཡཱ་ཀ་ར། ནཱ་ཡ་ཀཱ་བུ་དཱ། ད་ཤ་བ་ལ་ཤྲཱི་བི་ཁྱཱ་ཏ་དེ་བཿ ཤྲཱི་བྷ་དྲ། ལ་ལི་ཏ་བཛྲ། དྷ་རྨ་གུབྟ། རཏྣཱ་ཀ་ར། པདྨ་བཛྲ། རཏྣ་ཀཱིརྟི། སངས་རྒྱས་དབྱངས། ཆོས་ཀྱི་རྗེ་པཎ་ཆེན་རིན་པོ་ཆེའོ། །ཆོས་ཀྱི་རྒྱལ་པོ་ཆེན་པོས་དབང་གསན་པའི་རྗེས་ལ་དཀྱིལ་འཁོར་དེ་ཉིད་དུ་སྡེ་སྣོད་འཛིན་པ་ཆེན་པོ་གསུང་རབ་ལ་དབང་གྱུར་པ་དུ་མས་ཀྱང་དབང་ཚང་བར་ཞུས། དེའི་ཚེ་ཆོས་ཀྱི་རྒྱལ་པོ་གྲགས་པ་འབྱུང་གནས་པ་འཁོར་སྡེ་སྣོད་འཛིན་པ་ལྔ་ཙམ་དང་བཅས་པ་ལ་འགྲེལ་ཆེན་མན་ངག་སྙེ་མའི་ལུང་སྩལ་བའི་བརྒྱུད་པ་ནི། ཨ་བྷ་ཡ། ནཱ་ཡ་ཀ།རཏྣ་བུདྡྷི། ཆོས་སྦས། ལྷན་སྐྱེས་གྲགས། དྷརྨ་ཤྲཱི། ཤཱཀྱ་རྒྱལ་མཚན། ངག་དབང་གྲགས། རིན་ཆེན་གྲགས། པཎ་ཆེན་རིན་པོ་ཆེའོ། །དེ་ནས་སླར་མངའ་བདག་གི་གདན་འདྲེན་སོགས་དང་སྦྱར་ནས་སྐྱི་རོང་གི་ལམ་ལས་བལ་པོར་ཕེབས། རྡོ་རྗེའི་གདན་དུ་བླ་མ་ཆེན་པོ་སངས་རྒྱས་དབྱངས་ཀྱི་སྐུ་ཆེན་པོ་བཞེངས་པ་ལ་སོགས་པའི་ཆེད་དུ་ཐེགས་པར་བཞེད་ནའང༌། བོད་ཀྱི་རྒྱལ་པོའི་བླ་མར་གྱུར་ཏོ་ཞེས་པའི་གྲགས་པ་ཆེན་པོ་ལ་བརྟེན། གཅན་ཕྲེང་བའི་སྒུག་སྡོད་སོགས་ཀྱིས་ཐེགས་བཞུགས་ནི་བཤོལ། རྡོ་རྗེའི་གདན་པ་མཆོད་པ་འབུལ་མི་གནང༌། བལ་པོ་ཉིད་དུ་སངས་རྒྱས་དབྱངས་ཀྱི་སྐུ་ཚབ་རྡོ་རྗེ་འཆང་གི་གསེར་སྐུ་ཁྱད་པར་ཅན་བཞེངས་པ་སོགས་དང༌། བར་བར་དུ་ཆོས་ཇི་ལྟར་རིགས་པ་གསུང་བ་སོགས་གཞན་དོན་ཀྱང་བག་རེ་གནང༌། གཙོ་བོ་ནི་སྒྲུབ་པ་སྙིང་པོར་མཛད་པའི་རྣམ་ཐར་འགྲན་ཟླ་མེད་པ་འབའ་ཞིག་གིས་དུས་འདའ་བར་མཛད་པ་ཡིན་ནོ། ཡང་ཕྱིས་ཆུ་མོ་བྱའི་ལོ་ལ་བོད་དུ་ཕེབས། ལམ་དུ་བྱང་པ་ཡབ་སྲས་འཁོར་དང་བཅས་པ་མང་པོ་ལ་ཡང་བདེ་མཆོག་གི་དབང་སོགས་ལམ་བར་རྣམས་སུ་ཆོས་མང་པོ་རིམ་པར་གནང་ཞིང༌། ཡར་ཀླུངས་སུ་ཕེབས་ནས་བདག་པོ་ཆེན་པོ་ཀུན་དགའ་ལེགས་པ་འཁོར་དང་བཅས་པ་དང༌། གཞན་ཡང་སྨྲ་བའི་དབང་ཕྱུག་བསོད་ནམས་རྣམ་པར་རྒྱལ་བ་སོགས་སྡེ་སྣོད་འཛིན་པ་ཆེན་པོ་དུ་མ་ལ་ཡང་ཡན་ལག་དྲུག་གི་ཁྲིད་རྫོགས་པར་གནང༌། གཞན་ཁ་ཅིག་ལ་ཕག་མོའི་རྫོགས་རིམ་ཀྱང་གནང་བ་མཛད། གཞན་ཡང་རྩེས་ཐང༌། གསང་ཕུ། གུང་ཐང་སོགས་སུ་དགེ་འདུན་སྤྱི་ལ་ཚོགས་ཆོས་གནང་བ་དང༌། ཡུལ་སོ་སོའི་འགྲོ་བ་ཕལ་མོ་ཆེ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་འགོད་པ་ལ་སོགས་པའི་སྒོ་ནས་སྲིད་པ་མཐའ་ཅན་དུ་མཛད་ཅིང༌། གདན་ས་ཐེལ་ལ་སོགས་པར་སྤྱན་དྲངས། ཐུགས་དམ་གྱི་མཚན་མ་ཁྱད་པར་ཅན་གཟིགས་པ་ལ་སོགས་པ་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛད་དེ། དུས་ཕྱིས་སྐོར་བོད་དུ་པཎྜི་ཏ་བྱོན་པ་ལ་ཕྲིན་ལས་ཆེ་ཤོས་སུ་སྣང་ཞིང༌། ཁྱད་པར་རྡོ་རྗེ་ཐེག་པའི་ངེས་དོན་གྱི་བསྟན་པ་ལ་སྲོག་འཐུད་པ་ལྟ་བུའི་བཀའ་དྲིན་མཛད། ཕྲེང་བའི་དང་པོ་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་ལ་སོགས་འི་དབང་འགའ་ཞིག་ཀྱང་གནང༌། ཁྱད་པར་དུ་དུས་ཀྱི་འཁོར་ལོའི་ཡོངས་སུ་རྫོགས་པའི་དབང་རྒྱུད་འགྲེལ་ནས་ཇི་ལྟར་བཤད་པ་བཞིན་ལས། ཆོ་ག་གཞན་གྱི་ཆ་ཡང་ཅུང་ཟད་དང་བཅས་ཏེ་གནང་བའི་བརྒྱུད་པ་ནི། དང་པོའི་སངས་རྒྱས། ཟླ་བ་བཟང་པོ་ནས་རིགས་ལྡན་རྣམ་རྒྱལ། དུས་ཞབས་པ་ཆེ་བ། ཆུང་བ། ཤཱཀྱ་སེང་གེ་རྒྱལ་མཚན། གོ་ཏ་མ་ཤྲཱི། མདྷངྐ་ར་སྭཱ་མི། རཏྣ་མངྒ་ལ། ཛི་ནཱ་ལངྐ་རེ། སྭཱ་མི་མ་ཏི་མཱན། ཤཱཀྱ་རཀྵི་ཏ། སུ་ཛཱ་ཏ། སངས་རྒྱས་དབྱངས། ཆོས་ཀྱི་རྗེ་པཎ་ཆེན་རིན་པོ་ཆེའོ། དེ་ལྟར་པཎ་ཆེན་རིན་པོ་ཆེའོ། དེ་ལྟར་པཎ་ཆེན་རིན་པོ་ཆེ་འདིས་ནི་རྒྱུད་འགྲེལ་ཆེན་པོའི་བཤད་པ་གནང་བའི་སྐབས་མ་བྱུང་ཡང༌། དུས་ཀྱི་འཁོར་ལོའི་བསྐྱེད་རྫོགས་གཉིས་ཀའི་གདམས་པས་ཕྱོགས་འདི་རང་ལ་སོས་པ་བཞིན་དུ་མཛད་དེ་ཤིན་ཏུ་བཀའ་དྲིན་ཆེའོ། དུས་ཕྱིས་ལོ་ཙཱ་བ་མཁས་པ་བསོད་ནམས་རྒྱ་མཚོའི་སྡེས་བལ་ཡུལ་དུ་བགྲོད་ནས་པཎ་ཆེན་རིན་པོ་ཆེའི་ཞལ་གྱི་གདམས་པ་ཤིན་ཏུ་མང་བ་ལག་ཏུ་བླང་བ་དང་བཅས། ཉམས་སུ་མྱོང་བ་དང་བཅས་པར་མང་དུ་གནང་བ་རྣམས་ནི་ཁོང་ཉིད་ལ་དྲི་བར་བྱའོ། །གཞན་ཡང་སློབ་དཔོན་ནག་པོ་བའི་དཔྱིད་ཀྱི་ཐིག་ལེའི་འགྲེལ་པ། སྔར་རྒྱས་བསྟན་བཅུའི་འགྲེལ་པ་ལས་མ་འགྱུར་བ་རྫོགས་པར་བསྒྱུར་ནས་ལུང་ཡང་གནང༌། ཕྱི་རེས་ཆོས་ཀྱི་རྗེ་རིན་པོ་ཆེ་སྤྱན་སྔ་ངག་གི་དབང་ཕྱུག་གིས་ཞུ་བ་པོ་མཛད་ནས་དྲིལ་བུ་རིམ་ལྔའི་ཁྲིད་མཛད་ཅིང༌། གཞུང་ལ་བཤད་པ་ཡང་གནང་སྟེ། སྔར་བོད་ན་ཡོད་པའི་རིམ་ལྔ་ནི་མཚན་མ་དང་བཅས་པ་ཡིན་ལ། འདིར་ནི་མཚན་མ་མེད་པའི་རྫོགས་པའི་རིམ་པ་ཉིད་ཡིན་ནོ། འདིའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་རྣལ་འབྱོར་མ། རྡོ་རྗེ་དྲིལ་བུ་པ། རུས་སྦལ་ཞབས། ཛ་ལནྡྷ་རི་པ། ནག་པོ་པ། བཟང་པོ་ཞབས། རྣམ་རྒྱལ་ཞབས། ཏིལླི་བ། ནཱ་རོ་པ། རྣལ་འབྱོར་དབང་པོའི་ཐིག་ལེ། པདྨ་དཀར་པོ། ས་འཛིན། དགེ་བའི་བློ། སངས་རྒྱས་ཡེ་ཤེས། རྗེ་ཆེན་པོ་ལེགས་སྐྱེ། ཕྱོགས་གྲོལ། ཆོས་ཀྱི་གྲགས༌། རིན་ཆེན་གྲགས་པ། ཆོས་ཀྱི་རྗེ་པཎ་ཆེན་རིན་པོ་ཆེའོ། གཞན་ཡང་ལཱུ་ཡི་པའི་རྫོགས་རིམ་སངས་རྒྱས་འཆར་བ་དང༌། ཀྱེའི་རྡོ་རྗེའི་རྫོགས་རིམ་སྙིང་པོ་བརྒྱ་བ་ཨཱརྻ་དེ་བས་མཛད་པ་དང༌། དེའི་འགྲེལ་པ་ཧེ་རུ་ཀ་དེ་བས་མཛད་པ་རྣམས་དཔལ་བསོད་ནམས་རྣམ་པར་རྒྱལ་བ་སོགས་ལ་གནང་ཞིང་སོ་སོས་ལེགས་པར་བསྒྱུར་བ་སོགས་བོད་དུ་ཆོས་ཀྱི་ཕྲིན་ལས་རྒྱ་ཆེན་པོ་མཛད། སླར་ཡང་བླ་མ་དང་ལྷག་པའི་ལྷའི་ལུང་བསྟན་བཞིན་བལ་པོར་ཐེགས། གོ་པི་ཙནྡྲའི་དགོན་པར་སྒྲུབ་པ་སྙིང་པོར་མཛད་པའི་རྣམ་པར་ཐར་པས། གྲུབ་ཆེན་ལཱུ་ཡི་པ་སོགས་དང་མཇལ་ཞིང་མཉེས་པར་མཛད་པ་དང༌། བལ་ཡུལ་གྱི་སློངས་མོ་བ་མཐའ་དག་ནི་ནར་མའི་འཚོ་བ་སྦྱོར་བ་སོགས་ཟང་ཟིང་གི་སྦྱིན་པ་དང༌། སྐལ་བ་དང་ལྡན་པ་རྣམས་ཇི་ལྟར་རིགས་པར་ཆོས་ཀྱིས་ཀྱང་ཚིམ་པར་མཛད་ནས། ཉིད་ཀྱི་དགུང་ལོ་གྱ་ལྔ་པ་ས་ཕོ་བྱི་བའི་ཧོར་ཟླ་བརྒྱད་པ་ལ་ངེད་དགའ་ལྡན་དུ་འགྲོ་བའི་སྟོན་མོ་ཅིག་བྱེད་གསུང་ནས། བལ་པོའི་འཇུ་འཇུ་ཐམས་ཅད་དང༌། སློངས་མོ་པའི་ཚོགས་དང་བཅས་པ་ལ་སྟོན་མོ་རྒྱ་ཆེན་པོ་གནང༌། དེ་ནས་གཟུང་སྟེ་ཧོར་ཟླ་བཅུ་གཅིག་པའི་བར་མེ་ཏོག་གི་ཆར་དང༌། ས་གཡོ་བ་དང༌། གཟིམས་ཁང་ལ་འཇའ་ཟུག་པ་སོགས་ཇི་སྙེད་ཅིག་བྱུང་སྣང་ཞིང༌། ཁྱད་པར་ཧོར་ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ལ་ཆོས་གསུང་བའི་སྐུ་འཁྲིས་ཀྱི་བར་སྣང་ལ་ཡོན་ཆབ་འོ་མ་ལྟར་དཀར་བའི་ཆུའི་རྒྱུན་འབབ་པ་དང༌། ཉི་ཤུ་གཉིས་ཀྱི་ནམ་ཕྱེད་ཀྱི་བར་སློབ་མ་དམ་ཚིག་ཅན་རྣམས་དང་ལྷན་ཅིག་ཚོགས་ཀྱི་འཁོར་ལོའི་ཀུན་ཏུ་སྤྱོད་པས་མཆོག་ཏུ་དགྱེས་ཆེས་པར་རོལ་བཞིན་དུ་ཟབ་མོའི་ཆོས་དང་མ་འོངས་པའི་མཛད་པ་ལུང་བསྟན་པ་སོགས་རྒྱ་ཆེར་སྩལ་ཏེ། གཟིམས་ཆུང་དུ་བྱོན་ནས་བསམ་གཏན་གྱི་སྟན་ལ་རྡོ་རྗེའི་སྐྱིལ་མོ་དཀྲུང་གིས་བཞུགས་ཏེ། སྐུ་དྲང་པོར་བསྲང་ནས་མཁའ་སྤྱོད་དུ་གཤེགས་པའི་ཚུལ་བསྟན། ཉི་ཤུ་གསུམ་གྱི་སྲོད་ཀྱི་ཆ་ལ་དུར་ཁྲོད་ར་མ་དོ་ལིར་སྐུ་གདུང་ཞུགས་ལ་བཞེན་པའི་སླད་དུ་སྤྱན་དྲངས་པའི་ཚེ། བལ་པོའི་ཡུལ་མཐའ་དག་སྣང་བ་ཆེན་པོས་ཁྱབ་པ་དང༌། ཞུགས་ཀྱི་མེ་ལྕེའི་རྩེ་མོ་འཇའ་ཚོན་དང་འདྲེས་ཏེ་ནམ་མཁའི་མཐོངས་མཐའ་མེད་དུ་སོང་བ་སོགས་ཐམས་ཅད་ཀྱིས་མངོན་སུམ་དུ་གྱུར་པའི་ཆོ་འཕྲུལ་ཆེན་པོ་བསམ་གྱིས་མི་ཁྱབ་པས། བལ་པོ་བ་ལང་དང་འདྲ་བ་རྣམས་ཀྱང་རིས་མེད་དུ་དད་པར་གྱུར་ཅིང༌། ཐར་པ་བླ་ན་མེད་པའི་སྐལ་བ་ཅན་དུ་མཛད་པར་སྣང་སྟེ། བདག་ཉིད་ཆེན་པོ་འདི་ནི་རྒྱུད་སྡེ་རིན་པོ་ཆེ་དག་ལས་གསུངས་པའི་སློབ་དཔོན་དུ་མི་འོས་པའི་སྐྱོན་དུ་བྱ་བ་ཇི་སྙེད་པ་དག་དང་ནི་བྲལ། ཡོན་ཏན་དུ་བྱ་བ་ནི་མ་ཚང་བ་མེད་པར་ཡོངས་སུ་རྫོགས་ཤིང༌། ཁྱད་པར་དུ། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས་འདོད་པའི་དངོས་གྲུབ་སྟེར་པ་པོ་དཔལ་ལྡན་བླ་མ་ཞེས་གང་གསུངས་པའི་མཚན་ཉིད་ཐམས་ཅད་མ་ཚང་བ་མེད་པར་ཡིད་ཆེ་པ་ལས། བདག་ཅག་རྣམས་ཀྱི་བླ་ན་མེད་པའི་སྐྱབས་གཅིག་པུ་བར་གྱུར་པ་ཡིན་ནོ། ། དེ་ལ་ལོ་ཙཱ་བ་ཆེན་པོ་བསོད་ནམས་རྒྱ་མཚོའི་སྡེ་ཞེས་བྱ་བ་ནི་སྔོན་གྱི་སྐྱེས་པའི་རབས་ཀྱི་ཕྲེང་བ་རྣམས་སུ་ཡང་ཚོགས་གསུམ་གྱི་སྤྱོད་པ་མུ་མེད་པ་སྤྱད་ཅིང༌། སེམས་ཅན་གྱི་དོན་ཕྱི་ཕྱིར་ཞུགས་པ་མཐར་ཕྱིན་པ། སྤངས་པ་དང་ཡེ་ཤེས་ཕུལ་དུ་དབྱུང་དུ་མེད་པའི་མངོན་པར་བྱང་ཆུབ་པ་བརྙེས་པར་གྱུར་ཀྱང༌། ཉམ་ང་བའི་འཁོར་བའི་རྒྱ་མཚོ་ཀུན་རྟོག་གི་རླབས་བརྒྱས་ཀུན་འཁྲུགས་པ། ཉོན་མོངས་པའི་ཀློང་དང་ལས་གྱི་ཆུ་སྲིན་གྱིས་གཏམས་ཤིང༌། ཉེ་བར་ལེན་པའི་ཕུང་པོའི་རྟ་གདོང་གིས་ཡོངས་སུ་བསྐོར་བའི་ནང་དུ་བྱིང་བའི་མགོན་མེད་པ་རྣམས་ལ་མཁྱེན་བརྩེའི་བ་དན་རྣམ་པར་བསྒྲེང་བ་དང་ལྡན་པའི་ཕྲིན་ལས་ཀྱི་གྲུ་གཟིངས་ལེགས་པར་བཤམས་ཏེ། གདུལ་བྱ་དོན་མཐུན་རྣམས་ཐར་པའི་སྐམ་སར་སྒྲོལ་བ་ལ་བརྩོན་པའི་དེད་དཔོན་སེམས་དཔའ་ཆེན་པོའི་ཚུལ་འཛིན་པར་གདོན་མི་ཟ་བ་ཉིད་ལས། ཐུན་མོང་བའི་གདུལ་བྱ་རྣམས་ཀྱི་སྣང་ངོར་སྐལ་བ་མཉམ་པར་སྟོན་པའི་སྐུའི་སྐྱེ་བ་ཡོངས་སུ་གཟུང་སྟེ། བསྟན་པ་ལ་བྱ་བ་མཛད་པའི་ཚུལ་ཀྱང་དོན་བརྒྱད་ཀྱིས་ཤེས་པར་བྱ་ལས། དང་པོ་གྲུབ་པའི་རིགས་བརྒྱུད་དུ་སྐྱེ་བ་ཡོངས་སུ་གཟུང་བ་ནི། དེ་ཡང་ངན་ལམ་བཙན་པོ་འོད་ཀྱི་དཀྱིལ་འཁོར་ཅན་ཞེས་བྱ་བ་མ་སྨད་པའི་རིགས་དང༌། གདུང་ནི་རོག་སྟེ། སྔོན་ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསྟན་པ་འཛུགས་པའི་སླད་དུ་མཁན་པོ་བོ་དྷི་ས་ཏྭ་དང་རིག་འཛིན་པདྨ་སྤྱན་དྲངས་ཏེ་སད་མི་མི་བདུན་རབ་ཏུ་བྱུང་བའི་ནང་ནས་ངན་ལན་རྒྱལ་བ་མཆོག་དབྱངས་ཤེས་བྱ་བ་དཔལ་རྟ་མགྲིན་གྱི་གྲུབ་པ་བརྙེས་པའི་རྒྱུད་ལ་མཁས་གྲུབ་ཀྱི་སྐྱེས་བུ་དམ་པ་བར་མ་ཆད་པར་བྱོན་པའི་ནང་ནས་མཁྱེན་པ་དང་གྲུབ་པ་ཕུལ་དུ་བྱུང་བའི་རིག་པ་འཛིན་པ་ཆེན་པོ་བསོད་ནམས་འོད་ཟེར་དང༌། ཡུམ་རང་བཞིན་གྱི་ཊཱ་ཀི་མ་དཔལ་ལྡན་འཛོམ་བ་ཞེས་བྱ་བ་ལ་སྲས་ལྕམ་སྲིང་ལྔ་འཁྲུངས་པའི་ཐུ་བོར་མངལ་ཡོངས་སུ་འཛིན་པར་མཛད་དེ། དེ་ཉིད་ཀྱི་ཚེ་ན་ཡུམ་གྱི་མནལ་ལམ་དུ་གསེར་གྱི་རྡོ་རྗེ་རྩ་ལྔ་བ་ཆུ་མིག་ནས་རྙེད་པ་དང༌། ལུས་སེམས་བདེ་བས་ཁྱབ་ཅིང༌། ཉི་མའི་འོད་ཟེར་གྱིས་རྟག་ཏུ་འཚོ་བ་དང༌། འཇའ་ཚོན་གྱིས་སྐོར་བ། རོལ་མོའི་སྒྲ་སྙན་པ་དུ་མ་གྲག་པ་སོགས་ངོ་མཚར་བའི་ལྟས་དང་བཅས་བཞིན་དུ། ཁྲོ་མོ་ཞེས་བྱ་བ་ཤིང་ཕོ་འབྲུག་གི་ལོའི་ཧོར་ཟླ་བཅུ་པའི་ཚེས་ཉི་ཤུ་ལྔ་ལ་ཡར་ཀླུངས་བཙན་ཐང་གི་ཁྱམས་ཁང་གསར་ཞེས་བྱ་བར་བལྟམས་པའི་ཆོ་འཕྲུལ་བསྟན་ཏེ། ཕུན་སུམ་ཚོགས་པའི་འབྱོར་པའི་ཁྱད་པར་གྱིས་ཀྱང་འཕེལ་ཞིང་རྒྱས་པར་གྱུར་ལ། དཔལ་འབྱོར་རྒྱ་མཚོ་ཞེས་བྱ་བར་མཚན་གསོལ་ཏེ། སླད་ཀྱིས་གསང་ཕུ་བྲག་ནག་གི་རིན་པོ་ཆེ་པ་མགོན་རྒྱལ་བས་བསོད་ནམས་རྒྱ་མཚོའི་སྡེ་ཞེས་བྱ་བ་དོན་དང་མཐུན་པར་མཚན་གསོལ་བ་འདི་ཉིད་ཐམས་ཅད་དུ་གྲགས་ཤིང༌། འབྱོར་པ་རྒྱ་མཚོའི་དབུས་སུ་བཀུར་སྟིའི་ཁྱད་པར་དུ་མས་བསྐྱེད་བསྲིངས་ཏེ་ཆུ་ནང་གི་པདྨ་ལྟར་སྐྱེ་བོ་ཐམས་ཅད་ཀྱི་མིག་གི་བདུད་རྩི་ལྟ་བུར་གྱུ་ཏོ། གཉིས་པ་གཞོན་ནུའི་སྤྱོད་པ་ངོ་མཚར་བ་ཇི་ལྟར་བསྟན་པའི་ཚུལ་ནི། བལྟམས་མ་ཐག་པ་མ་མའི་པང་དུ་འཚོ་བའི་དུས་ཉིད་ནས་ཀུན་གྱི་ཡིད་དུ་འོང་ཞིང༌། དད་གཤིན་པའི་ཀུན་ཏུ་སྤྱོད་པས་ཕལ་གྱི་སྤྱོད་ཚུལ་ལས་རིང་དུ་སོང་བ་དང༌། ལོ་བཞི་ལྔ་བཞེས་པའི་ཚེ་བསམ་ཡས་སུ་ཕེབས་པ་ན་དབུ་རྩེ་རིགས་གསུམ་ལ་སོགས་པའི་རྟེན་རྣམས་སྤྱན་ལམ་དུ་གཟིགས་མ་ཐག་པར་ཕྱག་མཆོད་ཀྱི་ཁྱད་པར་མང་པོ་དང༌། ངེས་འབྱུང་དང་དད་པ་བླ་ལྷག་ཏུ་འཁྲུངས་པའི་སྐུ་ལས་བ་སྤུ་ལྡངཞིང་སྤྱན་ཆབ་བསིལ་བ། སྐབས་འགར་རྩེད་གྲོགས་ཀྱི་ཁྱེའུ་མང་པོ་ལ་འཁོར་བ་དང་ངན་སོང་གི་སྡུག་བསྔལ་གྱི་ཁྱད་པར་དང༌། དེ་ལས་ངེས་པར་འབྱུང་བ་ལ་ཡིད་བསྐུལ་བའི་ཆོས་སྟོན་པ། ཀློག་ཡིག་ལ་སོགས་པ་རྣམས་ཀྱང་དེ་དང་དེའི་སློབ་དཔོན་ལས་ལྷག་པར་མཁས་པ་དཀའ་བ་མེད་པར་ཐུགས་སུ་ཆུད། བཟླས་པ་དང་ཞལ་ཏོན་དུ་བྱ་བ་ཇི་སྙེད་པའངསྒྲིགས་ཆགས་སུ་མཛད། ཡུམ་སྙན་ངག་ལ་དགྱེས་པས་ཚིག་དོན་ཕུལ་དུ་བྱུང་བའི་སྙན་ངག་བརྩམས་ཏེ་འབུལ་བ་དང༌། རྫོགས་པའི་རིམ་པའི་ཏིང་ངེ་འཛིན་གྱི་གོམས་པ་བརྟས་པའི་དབང་གིས་བསམ་གཏན་གྱི་གནས་པས་གནས་ཤིང༌། ཡུལ་སྣང་གི་འཆར་སྒོ་རབ་འབྱམས་ཤར་བས་དེ་ཉིད་ཀྱི་ངང་དུ་རྒྱུན་རིང་དུ་འདའ་བ་དང༌། ཐམས་ཅད་དུ་དཀོན་མཆོག་གི་དྲུང་དུ་མཆོད་བཤོམས་མཛད་པ་སོགས་དགེ་བའི་མཛད་པ་ཆེན་པོ་རྣམས་ཀྱི་ཀྱང་སྒྲུབ་པར་དཀའ་བས་དུས་འདའ་བ་ལས། བཏང་སྙོམས་སུ་གྱུར་པས་ནམ་དུ་ཡང་མི་འདའ་བ་ཡིན་ནོ། གསུམ་པ་བསྟན་པ་ལ་རབ་ཏུ་བྱུང་ཞིང་ཐོས་པ་མི་ཟད་བ་ཚོལ་བ་ལྷུར་མཛད་པ་ནི། དགུང་ལོ་བདུན་བཞེས་པའི་ཚེ། རོང་སྟོན་པ་སྨྲ་བའི་སེང་གེ་དཔོན་སློབ་བསམ་ཡས་སུ་ཕེབས་ཏེ་ཆོས་འཁོར་བསྐོར་བའི་ཆོས་རར་ཐེགས་ཏེ་གུས་པ་ཆེནཔོ་མཛད་ཅིང༌། འཁོར་བའི་སྡུག་བསྔལ་མེ་འོབས་ལྟ་བུའི་ངང་ཚུལ་ལས་ངེས་པར་བྱུང་ནས། བསྟན་པ་ལ་རབ་ཏུ་འབྱིན་པར་དགོངས་ཏེ། རོང་སྟོན་ཆོས་རྗེས་མཁན་པོ། དྭགས་པོ་བཀྲ་ཤིས་རྣམ་པར་རྒྱལ་བས་སློབ་དཔོན། དཀའ་བཞི་པ་ཤེས་རབ་དཔལ་ལྡན་གྱིས་དུས་བསྒོ་བ་བྱས་ཏེ་རབ་ཏུ་བྱུང༌། དེའི་ཚེ་མཁན་པོའི་གསུང་གིས། འདི་ལ་བསྟན་པ་རང་འབྱམས་ལ་མངའ་མཛད་པའི་སྐྱེས་བུ་དམ་པ་ཅིག་འོང་བ་ཡིན་གསུང་བའི་དབུགས་དབྱུང་བ་དང་ལྷན་ཅིག་ཤཱཀྱ་རིན་ཆེན་དུ་མཚན་གསོལ། དེ་ནས་ཉིད་ཀྱི་སྐུ་ཞང་སློབ་དཔོན་ངག་དབང་བ་ལ་བརྟེན་ཏེ་རྣམ་འགྲེལ་དང༌། ཕར་ཕྱིན་གྱི་སློབ་གཉེར་མཛད་པའི་ཚེའང༌། ཞོགས་རེ་ཞིང་རྣམ་འགྲེལ་གྱི་གཞུང་ཤོག་གསུམ་མ་ཐུགས་སུ་ཆུད་པ་དང༌། གཞུང་རྣམས་ཆེས་བྱང་བ་རྐང་པ་རེ་རེ་ནས་ལུགས་ཟློག་ཏུ་ཐོན་པ་སོགས་ཀྱི་སྦྱང་བའང་མཛད་དེ། དགུང་ལོ་བཅུ་གསུམ་པ་ལ་དཔལ་རྩེས་ཐང་གི་ཆོས་གྲྭར་ཕར་ཚད་ཀྱི་བཤད་པ་གསར་པའི་དགའ་སྟོན་སྤེལ་བས། འདུས་པ་ཐམས་ཅད་ངོ་མཚར་གྱི་གནས་ལ་བཀོད། ཚུལ་དེས་ཆོས་ཀྱི་རྒྱལ་པོ་གྲགས་པ་འབྱུང་གནས་ཐུགས་ཕྲོགས་ཏེ། བཙུན་ཆུང་འདི་ལ་ངའི་བུ་ཚབ་འཆོལ་བ་ཡིན་གསུང་སྟེ་སློབ་གཉེར་གྱི་བདག་རྐྱེན་མཛད་ནས། ཆེན་པོ་དཔལ་འབྱོར་རྒྱ་མཚོ་བ་ལ་སྦྱར་ཏེ་དཀའ་བཅུའི་གཞུང་ཆེན་པོ་རྣམས་ལ་ནན་ཏན་དུ་མཛད་པའི་ཚེའང་ཉིན་མཚན་མང་པོར་སྦྲེལ་ཏེ་བརྩོན་པས་དུས་འདའ་བ་ལས་ཅུང་ཟད་ཙམ་ཡང་མི་མནལ་བ་དང༌། ཉིན་རེ་ཞིང་གཞུང་ཆོས་མི་གཅིག་པ་བདུན་རེ་གསུངས་པ་ལ་སྐྱར་ཆོས་མཛད་པས་མདའ་ཚད་ཉི་ཤུ་རྩ་གྲངས་ཀྱི་ཁྱོན་སྐོར་བ་ལ་དཀའ་གནས་མེད་པར་འཁྱོངས་པ། ཐེགས་ལམ་ཆིབས་ཐོག་ཏུ་བཤེས་སྤྲིང་གི་གཞུང་ལ་ཐུགས་འཛིན་གནང་བས་རྟ་ཆགས་ཅིག་གི་ཆ་ལ་ཐུགས་སུ་ཆུད་པ་སོགས། བརྩོན་པ་དང༌། སྦྱོར་བ་དང་སྐྱེ་བས་ཐོབ་པའི་ཤེས་རབ་ཕུན་སུམ་ཚོགས་པའི་མཛད་པ་ངོ་མཚར་བས་དུས་འདའ་བཞིན་དུ། དགུང་ལོ་ཉེར་གཅིག་པ་ལ་དཔལ་རྩེས་ཐང་གི་ཚོགས་སུ་བྱམས་ཆོས་ལྔ། དབུ་མ་རིགས་ཚོགས། རིན་ཆེན་ཕྲེང་བ། བཤེས་སྤྲིང༌། སྤྱོད་འཇུག །དབུ་མ་རྩ་འཇུག །བཞི་བརྒྱ་པ། མངོན་པ་གོང་འོག །ཕུང་པོ་ལྔའི་རབ་བྱེད། མདོ་རྩ། མེ་ཏོག་ཕྲེང་རྒྱུད། སུམ་བརྒྱ་པ། སོ་ཐར་གྱི་མདོ། ཚད་མ་སྡེ་བདུན་མདོ་དང་བཅས་པ། རིགས་གཏེར་རྣམས་ཀྱི་གཞུང་བཞེས་ཏེ། བཤད་པ་ཟླ་བ་མང་པོ་སྦྲེལ་ཏེ་མཛད་པས། མཁས་པ་ཐམས་ཅད་མགུ་བ་བསྐྱེད། ཁྱད་པར་ཆོས་རྒྱལ་གྲགས་པ་འབྱུང་གནས་པ་ཐུགས་ལྷག་པར་གང་སྟེ། ངེད་རང་གིས་བདག་རྐྱེན་བྱས་ནས་རེ་བ་ལས་ལྷག་པར་བློ་ཁེངས་པ་འདི་གཅིག་པུ་ཡིན། ད་ནི་འདིས་བདག་གི་ཡོངས་འཛིན་འོང་བར་འདུག་གསུང་ནས་དགྱེས་པར་མཛད་དོ། སྐུའི་སྐྱེ་བ་འདི་ལ་གསང་སྔགས་ཀྱི་དཀྱིལ་འཁོར་དུ་དབང་ཐོག་མར་ནོད་པ་ནི། སྐུ་ཕྲ་བའི་དུས་རྗེ་ཉིད་ཀྱི་ཡབ་རིག་པ་འཛིན་པ་ཆེན་པོས་དཔལ་འཁོར་ལོ་ཆེན་པོའི་དཀྱིལ་འཁོར་དུ་དབང་བསྐུར་ཏེ། གསང་མཚན་མི་བསྐྱོད་རྡོ་རྗེར་གསོལ། གཞན་ཡང་གུར་ཞལ་ལ་སོགས་པའི་རྗེས་གནང་མང་པོ་དང༌། དཔལ་དུས་ཀྱི་འཁོར་ལོ་ལ་སོགས་པའི་བཀའ་མང་དུ་གསན་ནོ། དེ་ནས་གྲུབ་མཐའ་དང་སྡེ་རིས་ལ་སོགས་པའི་རིས་སུ་མི་འབྱེད་པར་བསྟན་པ་རབ་འབྱམས་ཀྱི་ཐོས་པ་ཡོངས་སུ་ཚོལ་བས་མཁྱེན་རབ་ཀྱི་བློ་གྲོས་ཡོངས་སུ་འགེངས་པར་བཞེད་ནས། ན་ལེན་དྲར་ཐེགས་ཏེ་རོང་སྟོན་སྨྲ་བའི་སེང་གེ་ལས་བྱམས་ཆོས་ལྔ། དབུ་མ་རྩ་འཇུག །སྤྱོད་འཇུག །འདུལ་བ་མེ་ཏོག་ཕྲེང་རྒྱུད། སྒོམ་རིམ་གསུམ་སོགས་ཀྱི་བཤད་པ། ཕར་ཕྱིན་དང་དབུ་མ་ལྟ་ཁྲིད་སོགས་ཁྲིད་ཕྲན་མང་པོ། རྗེ་བཀྲ་ཤིས་རྣམ་པར་རྒྱལ་བ་ལ་ཕར་ཚད། དབུ་མ་སྐོར། སྐྱེ་རྡོར་ཡབ་ཡུམ་གྱི་བཀའ་སོགས། རྔོག་བདུན་རྒྱུད་ཀྱི་ཐ་མ་རྔོག་བྱང་ཆུབ་དཔལ་བ་ལས་རྔོག་དཀྱིལ་བདུན་སོགས་ཀྱི་བཀའ་དང༌། རྗེས་གནང་མང་པོ། དམར་སྟོན་རྒྱལ་མཚན་འོད་ཟེར་ལས་ཀྱང་གསང་སྔགས་ཀྱི་བཀའ་རྗེས་གནང་མང་པོ། སྣར་ཐང་མཁན་ཆེན་བསོད་ནམས་མཆོག་གྲུབ་པ་ལས་ས་སྡེ་ལྔའི་ལུང་སོགས། མཁན་ཆེན་ཀུན་རྒྱལ་བ་ལས་རྡོ་རྗེ་ཕྲེང་བ་དང༌། ཀྲྀ་ཡ་ས་མུ་ཙྪ་སོགས་དབང་བསྐུར་རབ་འབྱམས། ལམ་འབྲས། ཨུ་རྒྱན་བསྙེན་སྒྲུབ། ཆོས་དྲུག །ཕྱག་ཆེན་ལ་སོགས་པའི་ཁྲིད་རབ་འབྱམས། རྒྱུད་འབུམ་ལ་སོགས་པའི་ལུང་རབ་འབྱམས། སྒྲོན་གསལ་ལ་སོགས་པའི་བཤད་པ་རབ་འབྱམས། འཚུར་ཕུར་ཐེགས་ཏེ་འཇམ་དབྱངས་དོན་གྲུབ་འོད་ཟེར་བ་ལ་དཔལ་ཀརྨ་པའི་ཆོས་ཀྱི་རྒྱ་མཚོ་ཇི་སྙེད་པའི། དབང༌། ལུང༌། མན་ངག་བཤད་པ། སློབ་དཔོན་ཡེ་ཤེས་རྒྱ་མཚོ་བ་དང༌། བྲག་ནག་ཏུ་ཐེགས་ནས་རྗེ་རིན་ཆེན་རྒྱལ་མཚན་པ་ལ། དུས་ཀྱི་འཁོར་ལོ་ལ་སོགས་པ་གསང་སྔགས་ཕྱི་ནང་གི་དཀྱིལ་འཁོར་མང་པོར་དབང་དང་བཤད་པ། འགོས་ལོ་ཙཱ་བ་གཞོན་ནུ་དཔལ་གྱི་དྲུང་དུ་ཕར་ཕྱིན་དང༌། བཀའ་གདམས་གཞུང་དྲུག །སྔ་འགྱུར་གྱི་དབང་དང་རྗེས་གནང་མང་པོ། ཁྱད་པར་ལོ་ཙཱའི་སྐད་དོད་དང༌། སྒྲའི་ས་རིས། དཔལ་དུས་ཀྱི་འཁོར་ལོ་དང༌། སྒྲོན་གསལ། ཀྱེ་རྡོར་སོགས་རྒྱུད་སྡེའི་བཤད་པ་ཇི་སྙེད་པ་གསན་ཏེ། ཉིན་གང་དུ་བཤད་པ་མཛད་པ་ཐམས་ཅད་ཀྱི་དགོངས་དོན་དྲིལ་ཏེ་བསྐྱར་བཅག་མཛད་པས། མདོ་སྔགས་རབ་འབྱམས་ལ་དོན་དང་མཐུན་པའི་མཁས་པ་ཆེན་པོར་གྱུར་ལ། གཞན་ཡང༌། སྙན་དངགས་དང༌། གསོ་བ་དང༌། བཟོ་རིག་པ་ལ་སོགས་པ་མཁས་པ་ལ་འོས་པའི་རིག་གནས་རྣམས་ལའང་ཆེས་བྱང་བར་མཛད། གསང་སྔགས་ཀྱི་ཕྱག་ལེན་གར་དབྱངས་བྲི་ཐིག་ལ་སོགས་པའང་མཁས་པའི་ཕུལ་དུ་གྱུར་པ་དཀའ་བ་མེད་པར་མཁྱེན། ལྷག་པར་རྒྱ་གར་ཤར་ཕྱོགས་སཏྣ་ག་རའི་པཎྜི་ཏ་ཆེན་པོ་ནགས་ཀྱི་རིན་ཆེན་བོད་དུ་ཕེབས་པའི་དྲུང་དུ་བསྙེན་ཏེ། རྡོ་རྗེ་ཐེག་པའི་ལམ་ཐམས་ཅད་ཀྱི་མཐར་ཐུག་རྣལ་འབྱོར་ཡན་ལག་དྲུག་པ་སོགས་ཁྲིད་དང༌། པཎ་ཆེན་ཉིད་ཀྱིས་གང་ལ་བརྟེན་ནས་དངོས་གྲུབ་བརྙེས་པའི་ལྷག་པའི་ལྷ་དཔལ་སྡོམ་པ་བཅུ་གསུམ་མ་དྲིལ་བུ་ལུགས་དང༌། དུས་ཀྱི་འཁོར་ལོ་ལ་སོགས་པའི་དབང༌། རྗེས་གནང་སོགས་དང༌། པཎ་ཆེན་བལ་བོར་ཐེགས་པའི་ཞབས་ཕྱིར་འདོལ་ཁ་པར་ཐེགས་ཏེ། ཨཱརྻ་དེ་བའི་སྙིང་པོ་བརྒྱ་པ་སོགས་བཤད་པའང་རྒྱ་ཆེར་གསན་ཅིང༌། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ཡོངས་སུ་རྫོགས་པ་གནང་བ་མ་བྱུང་འདུག་ནའང་དཀའ་གནས་ཀྱི་བཤད་པ་ཞུས་ལན་དང་བཅས་ཏེ་རྒྱ་ཆེར་སྩལ་བས། ངེས་པ་མཐའ་དག་ཐུགས་སུ་ཆུད་དེ་ཕྱོགས་འདིར་དུས་ཀྱི་འཁོར་ལོ་ལ་ལྷག་པར་བཀའ་དྲིན་དུ་གྱུར། ཕྱིས་རྗེ་ཐམས་ཅད་མཁྱེན་པ་བྱམས་པ་གླིང་བ་ཆེན་པོའི་ཞལ་སྔ་ནས་དང༌། དཔལ་ཀརྨ་པ་ཞྭ་དམར་ཅོད་པན་འཛིན་པ་བཞི་པ་ལས་ཀྱང་དབང་ལུང་གདམས་པ་བཤད་པ་མང་པོ་གསན་ཏེ། བླ་མ་མཁས་ཤིང་གྲུབ་པ་བརྙེས་པ་སུམ་ཅུ་ཙམ་ཉེ་བར་བསྙེན་པ་ལས། མང་དུ་ཐོས་པ་རྒྱ་མཚོའི་ཕ་རོལ་དུ་སོན་ཏེ་མཁས་པའི་གྲགས་པས་ས་ཐམས་ཅད་དུ་ཁྱབ་པར་གྱུར་ཏོ། །བཞི་པ་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་བརྙེས་པ་ནི། དགུང་ལོ་ཉེར་གཉིས་པའི་ཐོག་ཏུ། ཁ་ཆེ་པཎ་ཆེན་གྱི་སྡོམ་བརྒྱུད་དྲི་མ་མེད་པ་ཚོགས་ཆེན་པའི་མཁན་ཆེན་དོན་གྲུབ་དཔལ་བས་མཁན་པོ། ལས་ཀྱི་སློབ་དཔོན་རྗེ་འགོས་ལོ་ཙཱ་བ་གཞོན་ནུ་དཔལ། གསང་སྟེ་བ་ཆེན་པོ་དཔལ་འབྱོར་བ་སྟེ། དགེ་འདུན་ཉི་ཤུའི་ཚོགས་ཀྱི་དབུས་སུ་ཞུགས་པ་ཡོངས་སུ་རྫོགས་པ་དགེ་སློང་གི་དངོས་པོ་བརྙེས་ཏེ། འཕགས་པ་དགྱེས་པའི་ཚངས་པར་སྤྱོད་པ་མཆོག་དང་ཡང་ལྡན་པར་གྱུར་ཏོ། །ལྔ་པ་བསམ་པ་ལས་བྱུང་བའི་མཁྱེན་རབ་ཀྱི་སྒོ་ཕྱེ་བ་ནི། སྔོན་དུ་གསན་པ་རྒྱ་ཆེན་པོ་རྣམས་མཛད་པའི་དུས་དེ་དང་དེར་ཡང་ཐོས་ཙམ་མ་ཡིན་པར་ཚིག་དོན་དུ་མའི་སྒོ་ནས་རྣམ་པར་བརྟགས་ཤིང་དཔྱད་ལ། བླ་མ་རྣམས་ཀྱི་དྲུང་དུ་ཞུས་ཤིང་གཏན་ལ་འབེབས་པ་དང༌། མཁས་པར་གྲགས་པ་རྣམས་དང་བརྩོད་ཅིང་བརྒོལ་བ་ལ་སོགས་པའི་སྒོ་ནས་གསུང་རབ་མཐའ་དག་གི་དགོངས་པ་དཔྱིས་ཕྱིན་པར་ཐུགས་སུ་ཆུད་པར་མཛད་པ། གཞན་ཡང་རྩེས་ཐང༌། བསམ་གཏན་གླིང༌། ཕོ་བྲང་འུམ་བུ་བླ་མཁར། རྒྱལ་བཟངས། བསམ་ཡས་འཆིམས་ཕུ། ཁྲིམས་ཁང་གླིང༌། བྲག་ལྷ་ཀླུ་ཕུག་ལ་སོགས་པར་སྐུ་མཚམས་ཀྱི་ངེས་པ་ལ་བཞུགས་ནས། བཀའ་འགྱུར་ལ་སོགས་པའི་གསུང་རབ་མཐའ་དག་གི་གཟིགས་པ་སྩལ་བ་དང༌། དེ་དག་གི་ཚིག་དོན་གྱི་ཆ་རྣམས་ཀྱང་ལེགས་པར་བསམས་བྱུང་གི་ངོ་བོར་བསྐྱེད་པར་མཛད་དེ། དཔལ་རྩེས་ཐང་ན་བཞུགས་པ་དང༌། ལས་སྟོད་བྱང་ན་བཞུགས་པའི་བསྟན་འགྱུར་ཀྱང་ལན་གཉིས་དང༌། བུ་སྟོན་ཞབས་དང༌། དེ་ཉིད་འདུས་པ་སོགས་བོད་ཡིག་ཇི་སྙེད་པ་སོགས། མདོར་ན་གང་དུ་ཐེགས་པའི་ས་ཕྱོགས་དེ་ན་གསུང་རབ་ཆེ་ཕྲ་ཅི་དང་ཅི་བཞུགས་པ་ཐམས་ཅད་ལ་གཟིགས་པ་སྩལ་བས། ཤེས་བྱའི་གནས་མཐའ་དག་གི་ནོར་བུས་ཡོངས་སུ་གང་བའི་བློ་གྲོས་ཀྱི་རྒྱ་མཚོ་ཉིན་རེ་ཞིང་ཆེས་ཆེར་འཕེལ་བས། ཐར་པ་ལ་རེ་བ་བརྟས་པ་རྣམས་གཙོ་བོར་གྱུར་པའི་ཡིད་ཅན་མཐའ་དག་གི་རེ་བ་ཡིད་བཞིན་དུ་སྐོང་བའི་རིན་པོ་ཆེ་དབང་གི་རྒྱལ་པོ་ལྟ་བུའི་ཐམས་ཅད་མཁྱེན་པ་ཆེན་པོར་གྱུར་ཏོ། །དྲུག་པ་བྱིན་རླབས་ཀྱི་སྟོབས་ཀྱིས་དབུགས་དབྱུང་བ་ཇི་ལྟར་བརྙེས་པ་ནི། མཆོག་གི་དངོས་གྲུབ་བརྙེས་པའི་ཚུལ་བསྟན་པ་སྟེ། དེ་ཡང་དམ་པ་འདི་ནི་ས་ཆེན་པོ་ལ་བཞུགས་པའི་སེམས་དཔའ་ཆེན་པོ་མངོན་པར་བྱང་ཆུབ་པའི་གོ་འཕང་མངོན་པར་བརྙེས་བཞིན་པ་ཉིད་བསམ་བཞིན་དུ་སྐྱེ་བའི་ཆོ་འཕྲུལ་སྟོན་པར་མཛད་པ་ཉིད་ལས། གཞན་ངོར་སྟོན་པ་ཙམ་ཉིད་ནའང༌། སྐུ་ན་གཞོན་ནུ་ནས་ངེས་དོན་ལ་ཐུགས་ཕྱོགས་པས། དམ་པ་རྣམས་ལས་ཁྲིད་ཀྱི་རྣམ་པ་མང་པོ་གསན་ཅིང་ནན་ཏན་གཙོ་བོར་སྣང་བས་ཡོན་ཏན་གྱི་ཁྱད་པར་མང་པོ་མངོན་དུ་གྱུར་ལ། རྗེ་འགོས། མཁན་ཆེན་ཀུན་རྒྱལ་བ། འཚུར་ཕུ་འཇམ་དབྱངས་གོ་ཤྲཱི་རྣམས་ཀྱི་དྲུང་དུ་ཆོས་དྲུག་གསན་ཏེ་ཐུགས་ཉམས་སུ་བཞེས་པས་གནས་ལུགས་ཕྱག་རྒྱ་ཆེན་པོའི་རྟོགས་པ་ཕྱིན་ཅི་མ་ལོག་པ་འཁྲུངས། དཔལ་མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་དུ་དབང་བསྐུར་བ་ནོད་པའི་ཚེ་ཡེ་ཤེས་ལྷག་པར་ཡང་ཕེབས་པའི་བྱིན་ཉམས་ཆེན་པོ་དང༌། བྲག་ནག་ཏུ་རྗེ་རིན་ཆེན་རྒྱལ་མཚན་པ་ལ་རྣལ་འབྱོར་རྒྱུད་ཀྱི་དབང་གསན་པ་ན་སྣོད་བཅུད་ཐམས་ཅད་དཔལ་རྩེ་དབྱིངས་གསུམ་གྱི་དཀྱིལ་འཁོར་ཆེན་པོར་དག་པའི་སྣང་བའང་ཤར། ཕྱིས་དཔལ་ཀརྨ་པ་ཞྭ་དམར་ཅོད་པན་འཛིན་པ་དཔལ་ཆོས་ཀྱི་གྲགས་པའི་ཞལ་སྔར་རྔོག་དཀྱིལ་བདུན་གྱི་དབང་འབུལ་བ་གནང་བའི་ཚེ། རྔོག་དཀྱིལ་བདུན་ཀ་ཡོངས་སུ་རྫོགས་པའི་མཐའ་འཇའ་འོད་ཀྱིས་བསྐོར་བའང་ཞལ་གཟིགས། ཙ་རི་ཏྲའི་གནས་ཆེན་པོར་གཤེགས་པ་ན་ཞིང་སྐྱོང་གིས་སྐུ་དངོས་སུ་བསྟན་ཏེ་ཕྲིན་ལས་བསྒྲུབ་པ་དང༌། གནས་ཀྱི་ཁྱད་པར་རྣམས་ཕྱི་ནང་གཞན་གསུམ་གྱི་ངེས་པ་དང་མཐུན་པའི་དཔའ་བོ་དང་ཊཱ་ཀིའི་རང་ཞལ་དུ་དག་པའང་མངོན་དུ་གྱུར། གནས་དེར་མཚན་ལྡན་ཐོད་པར་བདུད་རྩི་རིལ་བུ་ལན་གཉིས་སུ་བསྒྲུབས་པའི་ཚེའང་སྨན་དྲིས་ནང་ཐམས་ཅད་ཁྱབ་པ་དང༌། སིངས་བུའི་རྫ་མ་ལས་བདུད་རྩི་ཟད་དུ་མེད་པའང་བྱུང༌། ལྷོ་བྲག་མཁར་ཆུར་རྡོ་རྗེ་ནམ་མཁའ་ལྡིང་གི་མཚན་མ་བརྙེས་པ་དང༌། གྲོ་བོ་ལུང་དུ་སྐྱེས་མཆོག་མར་པ་དང་མཇལ་ཏེ་བྱིན་གྱིས་བརླབས་པས། བྱང་ཤམ་བྷ་ལ་ཆོས་ཀྱི་ཕོ་བྲང་ན། བཙུན་མོ་ལྔ་བརྒྱའི་དབུས་ན་བཞུགས། དུས་ད་ལྟ་ཁོ་བོའི་མདུན་དུ་བྱོན། ཁྱེད་སྐལ་ལྡན་ཡོད་ན་མཐོང་ལགས་སམ། ཞེས་པའང་མགུར་དུ་བཞེངས། གནས་ཆེན་དེ་རྣམས་དང༌། ཤམ་བུ། རྒྱལ་པོའི་ཁབ། ཆུ་བར། འཚལ་མིན། བསམ་གཏན་གླིང་ལ་སོགས་པའི་གནས་རྣམས་སུ། ཐུགས་དམ་བརྙེས་པའི་གསུང་མགུར་ཀྱང་ཇི་སྙེད་མཛད་དེ། ཚིག་དོན་གང་གི་སྒོ་ནས་ཀྱང་ཐམས་ཅད་ཡ་མཚན་དུ་འཛིན། མནལ་ལམ་དུ་བསྙད་པའི་ཟོལ་གྱིས་འགོས་ལོ་ཙཱ་བ་གཞོན་ནུའི་ཞབས། འགྲོ་མགོན་ཕག་མོ་གྲུ་པ་དང༌། དཔལ་ཆེ་མཆོག་ལ་སོགས་པར་གྱུར་ཏེ་ཆོས་གསུངས་ཤིང་ཚོགས་ཀྱི་གཙོ་བོ་མཛད་པ་དང༌། འགོས་གཞོན་ནུའི་ཞབས་ཀྱི་སྨིན་མཚམས་ནས་དུ་བ་ཅིག་བྱུང་བ། དེ་མཐར་ནམ་མཁར་ཁྱབ་པར་སོང་སྟེ་དེ་ལ་ཆེད་དུ་གཟིགས་པས་སྟོང་གཟུགས་ཀྱི་སྣང་བ་རབ་འབྱམས་མཐོང་བ་ཡིན་གསུང་བ་དང༌། ཕྱིས་དཔལ་བྱམས་པ་གླིང་པ་ཆེན་པོའི་དྲུང་དུ་གནས་བརྟན་གྱི་སྨོན་ལམ་ཆེན་མོའི་ལུང་གསན་པའི་ཚེ། སྟོན་པ་གནས་བརྟན་རྣམས་དང་བཅས་པ་སྙན་པར་དངགས་པའི་ཡུལ་བཀོད་ཇི་ལྟ་བ་བཞིན་དུའང་གཟིགས། གནོད་སྦྱིན་རྡོ་རྗེ་བདུད་འདུལ་གྱིས་དངོས་སུ་ཕྲིན་ལས་བསྒྲུབས་ཤིང༌། ཆོས་ཀྱི་རྒྱལ་པོ་བྱིན་ཧ་རས་བསྟན་པའི་བདག་པོར་གྱུར་པའི་འཇའ་སའང་ཕུལ། བྱམས་པ་གླིང་གི་མཆོད་རྟེན་ཆེན་མོའི་ནང་བསྐལ་བཟང་གི་སངས་རྒྱས་སྟོང་གིས་འབྲུའི་ཕུང་པོ་ལྟར་གཅེར་ཏེ་གང་བར་བཞུགས་པའང་མངོན་སུམ་པ་ལྟ་བུར་གྱུར། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ཕྱག་གཡས་པ་གསེར་གྱི་མདོག་ཅན་བརྐྱང་སྟེ་སྤྱི་བོར་བཞག་ནས་བྱིན་གྱིས་བརླབས། དཔལ་བྱམས་པ་གླིང་པ་ཆེན་པོ་དགའ་ལྡན་ནས་གཤེགས་ཏེ་བརྡ་དང་བརྡའི་ཆོས་ཀྱང་མང་དུ་གསུངས། པཎ་ཆེན་རིན་པོ་ཆེ་པཎྜི་ཏ་དང་རྣལ་འབྱོར་པ་དང་ལྷའི་ཆ་བྱད་དུ་མས་ཡང་དང་ཡང་དུ་མཇལ་ཞིང༌། པཎ་ཆེན་ཉིད་དགའ་ལྡན་དུ་གཤེགས་པ་དང༌། ཙ་རི་གཡུ་མཚོ་ལ་ཐེགས་པར་བསྐུལ་བ་སོགས། ལུང་བསྟན་དང༌། ཆོས་གསུངས་པ་དང༌། སྲས་ཀྱི་ཐུ་བོར་དབང་བསྐུར་ཞིང༌། ཐུགས་དཔལ་བེའུ་གནང་བ་སོགས་ཇི་སྙེད་མཆིས་ལ། དངོས་སུའང་བླ་སྒྲུབ་གནང་བའི་ཐོད་རྟེན་ཉ་ཕྱིས་ཀྱི་མདོག་ཏུ་གྱུར་ཅིང༌། དེ་ཉིད་ལ་པཎ་ཆེན་རིན་པོ་ཆེའི་སྐུ་ཤིན་ཏུ་གསལ་བ་རང་བྱོན་དུའང་བྱོན། བྱམས་པ་གླིང་གི་མཆོད་རྟེན་ཆེན་མོའི་ཕྱི་ནང་གི་ཆོས་ཐམས་ཅད་ཡེ་ཤེས་ཀྱི་གཟིགས་པ་ལ་དག་པའི་འཁོར་ལོར་གསལ་བས། ཆོས་སྐུ་རྟོག་བྲལ་བྱང་ཆུབ་སེམས། །བྱང་ཕྱོགས་སོ་བདུན་རྣམ་དག་པའི། །གཟུགས་བརྙན་མཆོད་རྟེན་ཆེར་སྣང་བ། །ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་འཆར། །རྡུལ་ཕྲན་མཐར་ཐུག་ཆ་ལའང༌། །དག་པའི་ཞིང་ཁམས་བསམ་མི་ཁྱབ། ཁྱེད་སྐལ་ལྡན་ཡོད་ན་མཐོང་ལགས་སམ། །ང་རྣལ་འབྱོར་གྱི་མིག་ལ་མངོན་སུམ་སྣང༌། །ཞེས་ཀྱང་མགུར་དུ་གསུངས། མཁན་ཆེན་ཀུན་རྒྱལ་བའི་དྲུང་དུ་སྦྱོར་དྲུག་གི་ཁྲིད་ཀྱི་ལུང་གསན་པ་ཙམ་གྱིས་རྟགས་བཅུ་ཡོངས་སུ་ཚང་བར་གཟིགས་པ་དང༌། སྐུ་ལུས་བདེ་བས་གང་བའི་ཉམས་ཀྱི་འགྱུར་བ་ངོ་མཚར་ཅན་བྱུང་བར་སྣང་ཞིང༌། དིང་རིར་དམ་པའི་སྐུ་གདུང་དཀར་རུ་ལ་གཟིགས་སྣང་ཐ་དད་འོང་བ་ལས། སྐུ་ངོ་བོ་སྟོན་པའི་སྐུ་དང༌། མེ་ལོང་དུ་ཤར་བ་དེ་དམ་པ་ཉིད་ཀྱི་སྐུ་བལ་ཐུལ་མ་སྔི་ལྟ་བའི་སྤྱི་བོར་བྱང་ཆུབ་ཆེན་པོའི་མཆོད་རྟེན་ཆུང་ངུ་ཡོད་པ། དེའི་སྨིན་མཚམས་ནས་ཐིག་ལེ་ཅིག་བྱུང་བའི་ནང་དུ་སྟོང་གཟུགས་ཀྱི་སྣང་བ་རབ་འབྱམས་གཟིགས་པ་སོགས་གྲུབ་པའི་མཚན་མ་རྒྱ་ཆེན་པོ་མངོན་དུ་གྱུར་སྣ་ལ། སྟོང་གཟུགས་ཀྱི་སྣང་བ་རབ་འབྱམས་ཞེས་ལན་མང་པོར་འབྱུང་བ་འདི་ལས་ན། བསྐྱེད་རྫོགས་ཀྱི་ལྷ་དང་སངས་རྒྱས་བྱང་སེམས་དག་པ་རྡུལ་གཅིག་གི་སྟེང་ན་རྡུལ་དེ་སྙེད་ཀྱི་གྲངས་དང་མཉམ་པར་བཞུགས་པའི་ཡེ་ཤེས་ཀྱི་འཁོར་ལོར་དག་པ་ཐམས་ཅད་ཡེ་ཤེས་ཀྱི་གཟིགས་པ་ལ་མངོན་སུམ་དུ་གྱུར་བར་གོར་མ་ཆག་མོད། དེ་ལྟ་ནའང་ལྷོ་གྲོ་བོ་ལུང་གི་ཟངས་ཕུག་ཏུ་བལ་པོར་མཆོག་གི་དངོས་གྲུབ་བརྙེས་པར་འགྱུར་བའི་ལུང་བསྟན་པ་ནས་རང་བྱིན་བརླབས་ལ་སོགས་པའི་ཏིང་ངེ་འཛིན་རྣམས་ལ་བརྟན་པ་ཐོབ་པར་དབུགས་དབྱུང་བ་དང༌། བལ་པོར་ཐེགས་ཏེ། གྲུབ་པའི་དབང་ཕྱུག་ནགས་ཀྱི་རིན་པོ་ཆེས་བཅུ་གསུམ་གྱི་བདག་ཉིད་ཅན་གྱི་བཅོམ་ལྡན་འདས་སྡོམ་པའི་དཀྱིལ་འཁོར་ཆེན་པོ་ཕྱི་ནང་གསང་བ་དབྱེར་མེད་པའི་བདག་ཉིད་ཅན་དུ་དབང་གི་ཡེ་ཤེས་ལྷན་ཅིག་སྐྱེས་པ་མངོན་དུ་བསྟན་ཏེ། རིམ་པ་བཞི་པའི་འོང་གསལ་ལམ། ཏིང་ངེ་འཛིན་གྱི་ཡན་ལག་མངོན་དུ་བརྙེས་པས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོར་གྱུར་ཏེ། གྲུབ་པའི་འཁོར་ལོ་སྒྱུར་བ་ཆེན་པོའི་ཆོས་ཀྱི་རྒྱལ་སྲིད་ལ་བཞག་ནས། མཆོག་གི་གནས་ལ་དབུགས་འབྱིན་པ་ཆེན་པོ་བརྙེས་པའི་བར་ནི། རྗེ་ཉིད་ཀྱི་གསུང་མགུར་ལས། དེ་ལ་ཉི་སྒྲོལ་བྱེད་ཀྱི་ནི། །ས་གའི་ཟླ་བར་ལྷོ་ཕྱོགས་རྒྱུད། །གྲོ་བོའི་ཀླུངས་ཀྱི་ཏམ་མྲའི་ཁྱིམ། །ཊཱ་ཀིའི་དགའ་སྟོན་གྱིས་གང་ཚེ། །ས་ལིའི་སྙེ་མ་ཟུང་སྨིན་པའི། །དུས་ལ་ཁྱོད་འདོད་འབྲས་བཅས་ཤེས། །སྤྲུལ་པའི་སྐུ་ཡིས་ལུང་བསྟན་པ། །དེ་འདྲ་དེ་ནི་མངོན་སུམ་ཞེས། །དབུགས་འབྱིན་དང་པོའི་ངེས་པའོ། །དེ་ནས་ས་སྐྱོང་ནག་བ་ཅན། །ཆགས་བྲལ་ཕྱོགས་ཀྱི་རིགས་ལྡན་དུས། ཀུ་ལ་ཤམྦུར་ཙཎྜི་ཀས། །རང་བྱིན་བརླབས་པའི་གཟི་བསྐྱེད་ཚེ། །ཀཱ་ཀའི་ཐལ་བ་མགོ་བོར་ལྷུང༌། །ཕ་དང་ཕྲད་པར་འདོད་པའི་བུ། །འཇིགས་བཅས་ཉམ་ངར་བཅས་སོ་སྐད། །དེ་ཡིས་སྔངས་བཞིན་སླར་ཡང་ནི། །རཀྟ་ག་རུ་ཊར་གྱུར་ལུས། །ཕྱོགས་བཞིའི་ཆུ་འཛིན་བསྡུད་པ་ཅན། །ཡུལ་ཀུན་གང་བའི་རྒྱུན་འབེབས་མཐར། །ཀཱ་ལ་རཱུ་པའི་གཟུགས་སྟོན་པ། །གྲགས་པ་མིན་པས་ལས་བཅིལ་ནས། །མཆོག་འདོད་ངེས་པའི་བརྡ་གསང་ཞེས། །དབུགས་འབྱིན་ཐོང་པ་གཉིས་པའོ། །ས་སྐྱོང་ཉིད་ཀྱི་ཆུ་སྟོད་ཅན། །དཀར་བའི་རྒྱལ་བ་དབུས་མ་ལ། །ལྷོ་ཕྱོགས་རིན་པོ་ཆེའི་གླིང་དུ། །མེས་པོ་མདོག་གནག་རི་དྭགས་དགྲ། །བྷིཀྵ་རཱ་བ་རང་གི་ཕ། །ཕྲེང་བར་སྤེལ་བས་བྱིན་བརླབས་ནས། །ཤིང་ཁྱིམ་སྒོ་གླེགས་ཀྱིས་བསྐོར་བར། །མིག་མངས་མ་ཡིས་བདེར་བསྐྱངས་པ། །རང་གི་སློབ་མས་གསང་བར་བསྐུལ། །འདི་ནི་བཙན་ཐབས་ངེས་པའི་བརྡ། །ཚོགས་སྤྱོད་རིགས་པ་མིན་ཞེས་གསུང༌། མཆོག་གི་དབུགས་འབྱིན་གསུམ་པའོ། །དེ་ནས་ཕ་ཡུལ་སྙེག་འདོད་བུ། །དོན་མཐུན་བཞིན་དུ་ཆས་པ་ལས། །ས་སྐྱོང་དབྱུག་པ་འཛིན་པ་ཅན། །ཆགས་བྲལ་རྒྱལ་བ་གསུམ་པ་ལ། །ངམ་རིང་ཞེས་བརྗོད་བྱང་ཕྱོགས་རྒྱུད། །ཀཱ་ལ་ཙ་ཀྲའི་ཕོ་བྲང་འཁོར། །ལྷ་ཡིས་ལུང་སྟོན་དུས་དགེ་བར། །རིག་བྱེད་མིག་བཅས་རི་དྭགས་མིག །ཕྱོགས་ཀྱི་གོས་ཅན་མཁར་བགྲོད་མ། །ཡུལ་གྱི་ངེས་པ་ལས་འོངས་ལ། །དེ་སྙེད་ཧེ་རུ་ཀས་རོལ་བ། །ན་ཊི་དབང་གྱུར་ས་ཧ་ཛ། །ངེས་པའི་བརྡ་ཆེན་རབ་གསང་བ། །རྙེད་དཀའི་དབུགས་འབྱིན་བཞི་བའོ། །དེ་ནས་རིམ་གྱིས་གྲུབ་པའི་གནས། །ཆུ་བར་ཨེ་དབྱིངས་ངག་པ་རུ། །སྨིན་དྲུག་ཅན་ཀྱི་རིགས་ལྡན་མ། །ཆགས་བྲལ་ཕྱོགས་ཀྱི་དགའ་སྟོན་མཐར། །གསེར་མདོག་ཆོས་གོས་འཛིན་པ་ཡི། །ཕ་དང་རྒྱན་བཟང་ས་མ་དག །འདུད་ཅིང་རབ་དགའི་དབང་གྱུར་ལ། །བུ་ཡིས་གསེར་མདོག་སངྒྷ་ཙི། །ལེགས་བགོས་ཕ་མར་ལུང་བསྟན་པ། །བཻ་རོ་ཙ་ན་བཛྲ་དང༌། །བཛྲ་ཏཱ་རེ་ཞེ་བརྗོད་སོགས། །ངོ་མཚར་ལས་ཀྱང་ངོ་མཚར་བ། །འདི་ནི་ཐ་དད་མིན་གསང་བརྡ། །མཆོག་ཆེན་དབུགས་འབྱིན་ལྔ་པའོ། །དེ་ནས་རིམ་བགྲོད་མགོ་ཅན་གྱི། །ཆགས་བྲལ་རྒྱལ་བ་དབུས་མ་ལ། །ཉི་མ་མཁར་ཞེས་བྱ་བའི་རིའི། །ཙ་ལ་ཀོ་ཊའི་གནས་ས་རུ། །མཆོག་ཏུ་འབར་བཅས་ཀུནྚ་ལའི། ཁྱིམ་དུ་ཅི་བཞིན་རང་གི་ཕ། །བྷི་ཀྵཱུ་ནཱི་ཡིས་བདེར་འཁྱུད་པའི། །གསང་བའི་རོལ་མོ་བསྐུལ་བ་ལ། །བདག་དང་གྲོགས་པོ་ངཱི་བྃ་གཉིས། །སློབ་སྦྱོང་གནས་ལ་དབང་ཞེས་གསུང༌། །དེར་ཞུགས་མཆོག་ཏུ་བི་མ་ལ། །ཨཱ་ཀཱ་ཤ་མཐོང་མཐའ་མེད་ལ། །པྲ་བྷཱ་སྭ་རའི་གསོལ་བཏབ་ནས། སྭ་སཾ་བིདྱའི་ངོ་བོར་སོན། དེ་ནས་མཱ་ཡ་སཱ་དེ་ཧ། །འབར་བའི་ཞུགས་ལ་རབ་བཞིན་པ། །སྤྲུལ་གྱི་ཤུན་པ་བཞིན་གྱུར་ལ། །སྙིགས་མ་ཨ་ལྦ་སྟི་ཞེས་པའི། །རང་སྒྲ་ཐོས་འདི་མཆོག་ལས་ཀྱང༌། །མཆོག་ཆེན་ལུང་བསྟན་ངེས་པའི་བརྡ། །དབུགས་འབྱིན་དྲུག་པ་ཨེ་མའོ། །དེ་ནས་རྒྱལ་གྱི་ཉ་ཡི་མཐར། །ཕ་ཡིས་མེས་པོ་བཅུ་གསུམ་གྱི། །སྡོམ་པར་ལུས་ངག་ཡིད་དང་ནི། །ཡི་ཤེས་སྨིན་ལས་སླར་སྨིན་པས། །ཐུན་མོང་སློབ་མར་བཅས་ཚིམ་ནས། །སྐྱ་རེངས་འཆར་བའི་སྔ་ལོགས་སུ། །མཆོག་ཏུ་གསལ་བའི་ས་མཱ་དྷི། །མངོན་སུམ་འགོད་པ་ལྟ་བུ་ལ། །བཟང་པོའི་ཁྱིམ་དུ་མཐོན་པོའི་སྟན། །ཕ་ཡི་མདུན་དུ་བདེར་བཅས་ནས། །འདི་ནི་ཁྱོད་འདུག་སྟན་ཡིན་གསུང༌། །དེ་ནས་སྤྱི་བོར་མཚན་རྣམས་ཀྱིས། །ལེགས་བརྒྱན་གཡས་པའི་ཕྱག་བཞག་ནས། །བཅུ་བདུན་ཡི་གེས་ཡི་གེ་དང༌། །བྲལ་བའི་གནས་ལ་དབང་བསྐུར་བའི། །བརྡ་གསང་རྒྱས་པ་ལས་རྒྱས་པ། །དོན་ཆེན་གསང་བའི་དབུགས་འབྱིན་ནི། །བདུན་པ་ཆ་ཤས་ཅན་གྱི་ཡིད། །ཆ་ཤས་མེད་པའི་གནས་སུ་གང། །གནས་བདུན་བརྫུན་གྱི་རོལ་མོ་ལ། །བྱིས་པ་རང་ཉམས་བཞིན་གཡེངས་པ། །ཕ་ཡིས་བདེན་པར་ལུང་བསྟན་ཅིང༌། །དོན་པོར་མངོན་སུམ་གྱིས་དབུགས་ཕྱུང༌། །ཞེས་འབྱུང་བ་ཉིད་སྐལ་བ་བཟང་ཞིང་མོས་པའི་དགེ་བ་སྟོབས་སུ་གྱུར་ལ། ཚད་མར་གྱུར་པའི་ཆོས་དང་ཡེ་ཤེས་ཀྱི་སྤྱན་མངའ་བ་རྣམས་ཀྱིས་མཁྱེན་པར་དཔྱོད་ཅིག་གུ དེ་ནས་འཕགས་པ་ཤིང་ཀུན་ཏུ་ཐེགས་ཏེ། ཤཱནྟ་པཱུ་རིའི་གཙུག་ལག་ཁང་དུ་ཚོགས་ཀྱི་འཁོར་ལོ་གནང་བའི་ཚེ། རྣལ་འབྱོར་དབང་ཕྱུག་ཤ་བ་རི་དང་མཇལ་ཞིང་བྱིན་གྱིས་བརླབས་པས། མེས་ཤ་བ་ར་ཡིས་བྱིན་རླབས་ཤིང༌། །ཕ་བྱིན་པོ་ཆེ་ཡི་ཐུགས་རྗེ་ལས། །ཕྱི་འདོད་ཡོན་གྱི་སྣང་བ་སྣོད་དུ་ཆགས། ནང་ཕུང་ཁམས་ཀྱི་དྭངས་མ་བཅུད་དུ་སྨིན། །ལྷ་དཔའ་བོ་ཊཱ་ཀིའི་ཐུགས་དམ་བསྐོངས། །ཞེས་སོགས་གསུང་མགུར་ངོ་མཚར་བ་མང་པོ་ཡང་གསུངས། །དེར་པཎ་ཆེན་དེ་ཉིད་མཉེས་པ་གསུམ་གྱིས་མཉེས་པར་མཛད་དེ། ཤ་བ་རིས་པཎ་ཆེན་ལ་དངོས་སུ་སྩལ་པའི་རྣལ་འབྱོར་ཡན་ལག་དྲུག་པ་དང༌། རིག་འཛིན་པདྨས་སྩལ་བའི་པདྨ་ཚེ་དཔག་མེད་ཀྱི་གདམས་པ་སོགས་གདམས་པའི་གསང་མཛོད་མཐའ་དག་ཀྱང་བུམ་པ་གང་བྱོའི་ཚུལ་དུ་ཐོབ། །དབང་གི་དོན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐུ་ཉམས་སུ་བསྟན་ཏེ། བཞེད་པ་ཡོངས་སུ་གང་བས་བོད་དུ་ཕེབས་པར་བརྩམས་པ་ན། གདམས་པ་གསན་པ་དེ་དག་སོ་སོ་ལ་བརྒྱུད་པའང་ཡོད་མོད་ཀྱི་ངེད་རང་གི་ཆོས་ཐམས་ཅད་ཤ་བ་ར་པཱ་ད་ལས་ཐོས་པ་ཆོག་གསུང་བ་དང༌། ངེད་ནས་བརྒྱུད་པའི་གདམས་པ་རྣམས་ཟུར་འཇུག་གི་ལམ་དོན་དུ་གཉེར་བའི་སྐལ་བ་དང་ལྡན་པ་རྣམས་ལ་ཐུན་མཚམས་སུ་སྟོན། དེ་ང་རང་གི་ས་མཱ་དྷིའི་མིག་གིས་མཐོང་བ་ཡིན་གསུང་བའི་གཞན་དོན་གྱི་གནས་ལ་དབུགས་དབྱུང་བ་ཆེན་པོའང་ཐོབ་སྟེ། ཇི་སྐད་བཀའ་གནང་བ་བཞིན་རྗེ་འདི་ཉིད་ཀྱིས་རྗེས་སུ་གཟུང་སྟེ་གདམས་པ་བཏབ་པ་ཐམས་ཅད་ལ་གེགས་སུ་གྱུར་པ་ཅི་ཡང་མེད་པར་ལམ་གྱི་མངོན་པར་རྟོགས་པ་མཐའ་དག་རྒྱུད་ལ་དཀའ་བ་མེད་པར་སྐྱེ་ཞིང༌། ཇི་ལྟར་སྐྱེ་བ་དེ་དག་ཀྱང་ཇི་ལྟ་བར་དགོངས་པ་ལ་སོགས་པའི་མངོན་པར་མཁྱེན་པ་དང་གང་ཟག་སོ་སོའི་སྐྱེ་ཚུལ་དང་དབང་པོའི་ཁྱད་པར་དང་མཐུན་པར་དཀྲི་བར་མཛད་པ་ལ་སོགས་པའི་ཡེ་ཤེས་ཀྱི་གཟིགས་པ་མངའ་བ་ཡིན་ནོ། །བདུན་པ་དེ་ལྟར་སྡེ་སྣོད་དང་རྒྱུད་སྡེ་རྒྱ་མཚོའི་མངའ་དབང་དུ་གྱུར་ཅིང་མཆོག་གི་དངོས་གྲུབ་བརྙེས་ནས་བསྟན་པ་ལ་བྱ་བ་མཛད་པའི་ཚུལ་ཡང༌། དམ་པ་འདི་ནི་ཕན་བདེ་མཐའ་དག་གི་རྩ་བ་སངས་རྒྱས་ཀྱི་བསྟན་པ་ཡིན་པར་དགོངས་ནས། སྒོ་མཐའ་དག་ནས་ཐབས་ཀྱི་རྣམ་པ་དུ་མས་བསྟན་པ་རིས་མེད་པ་འཛིན་སྤེལ་བསྲུང་བའི་ཐབས་བསྒྲུབ་པར་མཛད་པ་ལས། བསྟན་པ་ཡུན་དུ་གནས་པའི་གཞི་རྟེན་དཀོན་མཆོག་གསུམ་གྱི་རྟེན་བཞེངས་པའི་མཛད་པ་ཡང༌། ཐོག་མར་རྗེ་ཉིད་ཀྱི་ཡབ་ཡུམ་གཉིས་ཀྱི་ནང་རྟེན་དུ་བྱམས་པའི་ལོངས་སྐུ་རྒྱན་མ་རྐང་གང་པ་ཅིག་དང༌། སྟོན་པའི་གསེར་སྐུ་མཐོ་གང་བ་ཞིག །དེ་ནས་དཔལ་རྩེས་ཐང་གི་གཙུག་ལག་ཁང་ཆེན་པོའི་རི་མོ་ཤིང་རྩི། བྱམས་པ་དང་དོན་གྲུབ་ཀྱི་ལྷ་ཆེན་རྒྱབ་མཐོ་ཉི་ཤུ་རྩ་གཉིས་རེ་ཡོད་པ་དང༌། བསམ་ཡས་ཁྲིམས་ཁང་གླིང་གི་ཞིག་གསོས། དབུས་ན་བྱང་ཆུབ་ཆེན་པོ་གཙོ་འཁོར། ཞི་བ་འཚོ་དང༌། རྒྱལ་བ་མཆོག་དབྱངས་རྣམས་ཀྱི་སྐུ། ཡབ་རྗེའི་གདུང་ཚ་བཞུགས་པའི་གསེར་འབུམ་གཉིས་རྣམས་དང་བཅས་པ། ན་ལན་དྲའི་རྟེན་ཆེན་ཡང་ལྷག་པར་འགྲུབ་པའི་རྐྱེན་ཕྱག་ལ་དར་བས་བཞེངས་པ་དང་འདྲ་བར་སྣང་ལ། ཕྱིས་གྲྭ་བྱམས་པ་གླིང་དུ། རྗེ་ཐམས་ཅད་མཁྱེན་པ་བསོད་ནམས་རྣམ་པར་རྒྱལ་བའི་ཞལ་སྔ་ནས་ཀྱི་ཐུགས་དམ་དུ། རྗེ་འདི་ཉིད་ཀྱིས་ལྷག་པར་ཡང་ཐུགས་ཁུར་བཞེས་ཏེ། སྦྱིན་པའི་བདག་པོ་ཆེན་པོ་ས་ལ་སྤྱོད་པ་དབང་ཕྱུག་དཔོན་ཆེན་རིན་ཆེན་བཟང་པོ་དང༌། དེའི་བཙུན་མོ་བསོད་ནམས་དང་འབྱོར་བའི་དཔལ་གྱིས་མཐོ་ཞིང༌། མ་སྨད་པའི་སྙིང་སྟོབས་མཆོག་གིས་གཏོང་བ་ལ་སོགས་པ་དཔལ་རྡོ་རྗེ་བདེ་མ། དེའི་སྲས་དཔོན་ཆེན་རིན་ཆེན་རྒྱལ་པོ་མཆེད་དང་བཅས་པ་ལ་བརྟེན་ནས། ཆོས་ཀྱི་འཁོར་ལོ་བསྐོར་བའི་མཆོད་རྟེན་བཀྲ་ཤིས་སྒོ་མང་དཔངས་སུ་རྒྱུག་འདོམ་སུམ་ཅུ་རྩ་བྱེད་དང་གསུམ་དང༌། ཞིང་དུ་ངོས་རེ་ལ་འདོམ་ཉི་ཤུ་རྩ་གཉིས་རེ་ཡོད་པ། རྒྱུ་རྐྱེན་བཀོད་པས་འཕགས་པ་དང༌། རྒྱལ་བ་བྱམས་པའི་སྐུ་སྤྲུལ་སྐུ་བཟང་པོའི་འདུག་སྟངས་ཀྱིས་བཞུགས་པ་རྒྱབ་མཐོ་ལྔ་བཅུ་རྩ་བདུན་ཡོད་པ་སྟེ། མཆོད་རྟེན་ཟླ་བ་བཅོ་བརྒྱད་དང༌། ལྷ་ཆེན་ཟླ་བ་བཅུ་བཞིའི་ཁོངས་སུ་གྲུབ་པར་མཛད་དེ། གྲུབ་པའི་སྤྱོད་པ་སོ་སོའི་སྐྱེ་བོའི་བློའི་ཡུལ་ལས་འདས་པའི་ལེགས་བྱས་ཀྱི་ལྷུན་པོ་ངོ་མཚར་གྱི་བཀོད་པ་ཟད་མི་ཤེས་པར་འཆར་བ། འཇིག་རྟེན་ན་དཔེ་ཟླ་མ་མཆིས་པ་འདི་དག་ནི། མཁས་པ་ནས་བྱིས་པའི་བར་གྱི་སྐྱེ་དགུ་མཐའ་དག་གིས་ལམ་གྱི་དཀའ་བ་ལ་མ་འཛེམས་པར་བལྟ་ཞིང་ཕྱག་བྱ་བའི་འོས་སུ་གྱུར་པ་ཉིད་དེ། ཡི་གེའི་ལམ་གྱིས་ཕྱོགས་ཙམ་ཡང་མཚོན་པ་མ་ཡིན་ནོ། །གཞན་ཡང་སྦྱིན་བདག་དེ་དག་ལ་བརྟེན་ནས། དུས་གསུམ་སངས་རྒྱས་ཀྱི་སྐུ་ཤིན་ཏུ་ཆེ་བ་དང༌། སྟོན་པ་གནས་བརྟན་བཅུ་དྲུག་འཁོར་དང་བཅས་པའི་གསེར་སྐུ་སོགས་དང༌། འཆིམས་ཕུ་སྤྱི་བོའི་སྒྲུབ་ཁང་གཙུག་ལག་ཁང་རྟེན་དང་བཅས་པ་རྣམས་དང༌། གྲྭ་ཐང་ལ་སོགས་པའི་ཞིག་གསོས། བསམ་གཏན་གླིང་གི་སྒྲུབ་སྡེ་ཆེན་པོ་འདེབས་པ། རྗེ་ཉིད་ཀྱི་ཐུགས་དམ་བླ་མ་བཀའ་དྲིན་ཆེ་བ་རྣམས་ཀྱི་སྐུ་དང་ཐང་ཀ།རྒྱུད་སྡེ་བཞིའི་ལྷ་གཙོ་བོ་རྣམས་ཀྱི་ཐང་ཀ་སོགས་དང༌། རྒྱུད་འགྲེལ་དང༌། རྒྱུད་གཙོ་བོ་རྣམས་གསེར་དང༌། གཞན་མདོ་རྒྱུད་དགོངས་འགྲེལ་དང་བཅས་པ་བཞེངས་པར་མཛད་པ་རྣམས་ནི་བགྲང་བར་མི་དཔྱོད་དོ། བཀས་བསྐུལ་ཏེ་ལྷོ་རྒྱུད་ཀྱི་ས་སྐྱོང་བ་དཔལ་བཀྲ་ཤིས་དར་རྒྱས་ལེགས་པའི་རྒྱལ་པོས་ཀྱང༌། ཐུབ་ཆེན་གྱི་གསེར་སྐུ་རྒྱབ་མཐོ་ཉི་ཤུ་རྩ་ལྔ་ཡོད་པ། གཙུག་ལག་ཁང་དང་བཅས་པ། མཆོད་རྟེན་ཆེན་པོ། ཆོས་སྡེ། བཀའ་འགྱུར་གསེར་དང༌། བསྟན་འགྱུར་ཤོག་སྐྱར་བཞེངས་པ་དང༌། བསམ་བདེ་ནང་སོ་གྲགས་པ་མཐའ་ཡས་པས་རྒྱུད་འབུམ་ནས་བརྩམས་ཏེ་གསེར་གྱི་བཀའ་འགྱུར། ཡར་རྒྱབ་ནང་སོ་དཔོན་ཆེན་རིན་ཆེན་བཟང་པོ་ཡབ་ཡུམ་གྱིས་བཀའ་འགྱུར་གསར་དུ་བཞེངས་བཞིན་པའི་འཕྲོ་གྲུབ་པར་བསྐུལ་བ། ཙ་རིའི་གནས་ཆེན་པོ་ལྷག་པར་འཁྲུགས་ཏེ་མཚན་ལྡན་ཐོད་པ་དྭགས་པོར་གདན་འདྲེན་པ་སོགས་ཀྱིས་འཇིག་ཏུ་ཉེ་བ་ལ། ཐུགས་དམ་དང་ཐབས་ཀྱི་ཁྱད་པར་དུ་མས་ཞི་འཇགས་སུ་མཛད་པ་སོགས་བསྟན་པའི་རྩ་བ་གཟུགས་པ་དང༌། རྗེ་ཉིད་ས་ཕྱོགས་གང་དང་གང་ཕེབས་ཀྱང༌། མཆོད་རྟེན། གཙུག་ལག་ཁང་གསུང་རབ་སོགས་ལ་ཞིག་གསོས་དང༌། མཆོད་པ། དགེ་འདུན་གྱི་སྡེ་ལ་རྙེད་པ་མང་པོ་སྟོབ་པར་མཛད་པའི་ཚུལ་ནི་མཐའ་ཡསསོ། །འགྱུར་མཛད་པའི་ཚུལ་ཡང༌། པཎ་ཆེན་བོད་དུ་ཕེབས་པའི་ཚེ་ནི་གསུང་ཆོས་གནང་བ་མང་པོའི་ལོ་ཙཱ་མཛད་ལ། སྙིང་པོ་བརྒྱ་པ་རྩ་འགྲེལ་དང༌། རྡོ་རྗེ་ཕག་མོའི་གཞུང་རྡོ་རྗེ་རྣམ་པར་སྒེག་མ་སོགས་གཞུང་ཆུང་མང་པོ་ལ་ནི་གསར་འགྱུར་དང༌། ཀྱེ་རྡོར། གུར། སྡོམ་འབྱུང༌། སྡོམ་པའི་འགྲེལ་པ་དེ་ཁོ་ན་ཉིད་མཁས་པ་བརྟག་པའི་རྡོ་རྗེས་མཛད་པ། བཅུ་གསུམ་མའི་དཀྱིལ་ཆོག་སོགས་ལ་འགྱུར་བཅོས་གནང་འདུག་སྟེ། ཚིག་དོན་གཉི་གའི་སྒོ་ནས་འགྱུར་ཤིན་ཏུ་བཟང་བར་སྣང༌། བསྟན་བཅོས་རྩོམ་པ་གནང་བ་ཡང༌། དཔལ་དུས་ཀྱི་འཁོར་ལོའི་ལེའུ་དང་པོ་གཉིས་ཀྱི་འགྲེལ་བཤད། རྡོ་རྗེ་སྙིང་འགྲེལ་དང༌། ཕྱག་རྡོར་སྟོད་འགྲེལ་གཉིས་ཀྱི་དཀའ་འགྲེལ་མཛད་དེ། སེམས་འགྲེལ་སྐོར་ལ་བོད་ཡིག་བྱུང་བ་ལ་བཟང༌། གཞན་ཡང་མདོ་སྡེ་ཏིང་ངེ་འཛིན་གྱི་རྒྱལ་པོ་དང༌། དཀོན་བརྩེགས། ཕལ་ཆེན་སོགས་ཀྱི་ཟིན་བྲིས། མཁའ་འགྲོ་རྒྱ་མཚོ། མངོན་བརྗོད། རྡོ་རྗེ་མཁའ་འགྲོ་སོགས་རྒྱུད་སྡེ་མང་པོའི་ཟིན་བྲིས། སྡོམ་པ་བཅུ་གསུམ་མ་དང༌། མི་གཡོ་བླ་མེད། ཕག་མོ་སོགས་པཎ་ཆེན་ནས་བརྒྱུད་པ་ཕལ་ཆེ་བའི་སྒྲུབ་དཀྱིལ། གསང་འདུས་འཇིག་རྟེན་དབང་ཕྱུག །རྡོ་རྗེ་འཇིགས་བྱེད། འཇམ་དཔལ་སྒྱུ་དྲ། ཕྱག་རྡོར་དབང་བསྐུར། རྔོག་དཀྱིལ་བདུན། ཞི་ཁྲོ། ཕུར་བུ། རྟ་མགྲིན་སོགས་ཀྱི་སྒྲུབ་དཀྱིལ། སྦྱོར་དྲུག་རིམ་ལྔ་སོགས་ཀྱི་ཁྲིད་ཡིག །བཀའ་བསྲུངས་སྤྱི། དུད་སོལ་ཕྱི་ནང༌། གནོད་སྦྱིན་སོགས་ཀྱི་བསྐང་གསོའང་མཛད་དེ་བཀའ་འབུམ་ཡོངས་རྫོགས་པོ་ཏི་བཅུ་གཉིས་ཙམ་སྣང་ངོ༌། །བླ་མ་དང་དཀོན་མཆོག་གི་རྟེན་དགེ་འདུན་ལ་ཞབས་ཏོག་མཛད་པའི་རིམ་པ་ཡང༌། རྒྱུ་འབྲས་ཀྱི་ཐེག་པ་འདོམས་པར་མཛད་པའི་ཡོངས་སུ་འཛིན་པ་དེ་དང་དེ་དག་ལ་ཆོས་གསན་པའི་དུས་ཐམས་ཅད་དུ་བསྙེན་བཀུར་བསྟར་ཆགས་དང༌། ལྷག་པར་ཆོས་གསུང་དུས་ཆོས་ཇ་མ་ཆག་པར་ཞུ་བ། སྡེ་སྣོད་ཀྱི་གཞུང་ཆེ་བ་རྣམས་ལ་གཞུང་རྫོགས་སྟོན་མོ་ལ་སོགས་པར་གྲགས་པ་རྣམས་དང༌། དབང་གསན་པའི་དུས་དང༌། རྒྱུད་སྡེ་རྣམས་ལ་ཚོགས་འཁོར་དང་རྒྱུན་མཆོད། གདམས་པ་རྣམས་ལ་ཁྲིད་སྟོན་དུ་གྲགས་པ་སོགས་ཀྱང་སྐབས་དེ་དང་དེར་ཆོས་བཟང་ཞིང་ཁ་ན་མ་ཐོ་བ་མེད་པས་མཆོད་ཅིང༌། ཡོན་གྱི་མཆོག་ཀྱང་གྱ་ནོམ་པ་དང༌། ལུས་ངག་གི་བཀུར་བསྟིར་བྱ་བས་ཀྱང་གཡོ་མེད་པར་མཆོད་པར་མཛད་ལ། ཁྱད་པར་པཎ་ཆེན་རིན་པོ་ཆེ་བོད་དུ་ཕེབས་པའི་ཚེ་གསེར་དང་ན་བཟའ་ལ་སོགས་པའི་འབུལ་བ་ལན་ཅིག་ཙམ་མ་ཡིན་པར་རྒྱ་ཆེར་མཛད་པ་རྣམས་ལྟ་ཞོག །རྟེན་ཁེབས་རང་ཡང་བཅོ་བརྒྱད་ཙམ་འབུལ་ཐུབ་གསུང༌། པཎ་ཆེན་བལ་པོར་ཐེགས་ནས་ཀྱང་ལོ་རེ་བཞིན་གསེར་སྲང་རེ་དང་ན་བཟའ་སོགས་ཕུལ། ཕྱིས་དགོངས་པ་རྫོགས་པའི་དུས་མཆོད་ཟླ་བ་དང་ལོ་ཚིགས་ཐམས་ཅད་ལ་དགེ་འདུན་གྱི་སྡེ་ཆེན་པོ་ཁོ་ན་རྣམས་སུ་ཟང་ཟིང་གི་མཆོད་སྦྱིན་ཆེན་པོ་མཛད། འགོས་ལོ་ཙཱ་བ་གཞོན་ནུའི་ཞབས་ཀྱི་དྲུང་དུའང་སྔ་སོར་ལོ་རེ་ཞིང་འབུལ་བ་སྟོབས་ཆེ་བ་དང༌། ཕྱིས་ཟླ་རེ་ཞིང་གསོལ་ཆས་བཟང་ཞིང་རྨ་མེད་པ་མང་པོ་དང༌། དབྱར་དགུན་གྱི་ན་བཟའ། གསེར་ནས་ཀྱི་འབུལ་ཆེན་མང་པོ། གཞན་ཡང་བླ་མ་ཞལ་བཞུགས་པ་རྣམས་ལ་འབུལ་བ། རྗེ་ཉིད་ཀྱི་ཡབ་ཡུམ་དང༌། བླ་མ་ཞི་བར་དགོངས་པ་རྣམས་ཀྱི་ལོ་ཟླའི་དུས་མཆོད། དགོན་ཆེ་ཆུང་ཐམས་ཅད་ཀྱི་ཚུལ་དུས་མཆོད་སོགས་ལ་སྣོན་མ། ཙ་རི་ཏྲའི་གནས་སུ་ཇོ་བཟང་རྣམས་ལ་ལོ་བསྟར་གྱི་ཚོགས་འཁོར། ཚོགས་ཆེན་པ་སོགས་དགེ་འདུན་གྱི་སྡེ་མང་པོར་མང་ཇ་སོགས་ཀྱི་ཐེས། མཁན་པོ་རིན་པོ་ཆེའི་དུས་མཆོད་དང༌། ཁྲིམས་ཁང་གླིང་གི་མཆོད་ཐེས་སུ་གློ་དང་ཀ་ཆུ་སོགས་ནས་ས་ཆ་སྦྱོར་བ། བྱམས་པ་གླིང་གི་དབྱར་ཆོས་ལ་སྡེ་སྣོད་དང་རྒྱུད་སྡེ་རྒྱ་མཚོའི་ཆོས་ཀྱི་འཁོར་ལོ་དང༌། སྨོན་ལམ་ཆེན་མོ་ལ་ཚོགས་སྡེ་གསུམ་དང་དགོན་ཆེ་ཕྲའི་དགེ་འདུན་སྟོང་ཕྲག་མང་པོ་འདུས་ཏེ། སྔ་དྲོ་ནས་བརྟན་དང་སྨན་བླའི་སྨོན་ལམ་ཆེན་མོ། རྒོངས་སྨོན་ལམ་གྱི་རྣམ་པ་ཐམས་ཅད་པ་དང་སྐྱེ་བོ་ཇི་སྙེད་འདུས་པ་ཐམས་ཅད་དག་པའི་ལས་ལ་སྦྱོར་བའི་ལྟད་མོའི་ཁྱད་པར་སོགས་ཐམས་ཅད་ཡ་མཚན་དུ་འཛིན་པའི་དུས་སྟོན་ཆེན་པོའི་ཞབས་ཏོག །སྒྲུབ་མཆོད་ཆེ་ཆུང་དང་བཅས་པའི་ཐེས་ཀྱི་ས་ཆ་སྦྱོར་བ། བསམ་གཏན་གླིང་གི་སྒྲུབ་སྡེའི་བདག་རྐྱེན་རྣམས་ལ་སྦྱིན་བདག་ཆེན་པོ་རྣམས་ཀྱི་དད་པ་བསྐུལ་བ་སོགས་སྔོའི་ཡུལ་ལས་འདས་པའི་ཕྲིན་ལས་རྒྱ་མཚོའང་མངོན་དུ་མཛད། སྐུ་ན་གཞོན་ནུ་མཚན་ཉིད་ཀྱི་གསན་པ་མཛད་དུས་ནས་དཀོན་མཆོག་གི་དྲུང་དུ་ཉིན་རེ་ཞིང་ཞལ་ཟས་གཉིས་མ་དང༌། དཀར་མེ། དབྱར་རྒུན་དུ་རྐྱེན་བཞིན་འདུས་བྱས་པའི་མེ་ཏོག་སོགས་མཆོད་པ་རྒྱུན་མི་འཆད་པ་དང༌། རྗེ་ཉིད་ཀྱི་ཡབ་ཡུམ་གཉིས་དང༌། ཡོངས་འཛིན་ཞི་བར་དགོངས་པ་རྣམས་ཀྱི་གདུང་མཆོད་ལ་སོགས་པའི་ཚེ་དང༌། རྗེས་སུ། བཙན་ཐང་དང༌། ཁྲིམས་ཁང་གླིང་སོགས་སུ་དཔལ་རྩེ་དབྱིངས་གསུམ། ཁམས་གསུམ་རྣམ་རྒྱལ། འཇམ་དཔལ་སྒྱུ་འཕྲུལ་དྲ་བ་སོགས་དང༌། དགོན་པ་གསར་པར་དུས་འཁོར་ལ་སོགས་པ་དང༌། བྱམས་པ་གླིང་དུ་མཆོད་རྟེན་ཆེན་མོའི་རབ་གནས་དུས་སྒྱུ་འཕྲུལ་དྲ་བ་སོགས་དང༌། དོལ་ལྷུན་གྲུབ་ལྷ་རྩེ་དང་རྣམ་རྒྱལ་སོགས་སུ་སྤྲུལ་སྐུ་རིན་པོ་ཆེ་ཞྭ་དམར་བ་ལ་གསང་སྔགས་གསར་རྙིང་མང་པོ་དང༌། རྔོག་དཀྱིལ་བདུན་གྱི་བཀའ་གནང་པའི་དུས་སོགས་ཏེ། རབ་གནས་སྦྱིན་སྲེག་ལ་སོགས་དཀྱིལ་འཁོར་གྱི་ལས་རིམ་གང་དང་གང་དུ་གནང་བའི་དུས་ཐམས་ཅད་དུའང་། དཀྱིལ་འཁོར་གྱི་ལྷ་ཚོགས་དེ་དང་དེའི་གྲངས་མཚུངས་ཀྱི་མཆོད་པའི་ཁྱད་པར་བཟང་པོ་དང༌། དུས་རྒྱུན་གྱི་མཆོད་བཤོམས་ཀྱི་ཁྱད་པར་ཐམས་ཅད་ངན་དོན་དང་ཆ་ཕྲ་མོ་མ་ཡིན་པར་ཚོགས་ཆེ་ཞིང་དངོས་གཙང་བ་ཁོ་ནས་མཆོད་ཅིང་བཤོམ་པར་མཛད་པ་ནི། ནམ་མཁའ་མཛོད་ཀྱི་ཆོ་འཕྲུལ་རླབས་པོ་ཆེ་ལ་མངའ་བརྙེས་པ་ཉིད་དེ། གཞན་དག་གིས་མཐོང་བ་ཙམ་གྱིས་དད་པ་འདྲེན་ཅིང་མིག་ལྟོས་ལ་ཕན་པར་གྱུར་ལ། ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ་ནི། སྤྱིར་བསྟན་པའི་སྙིང་པོ་སྒྲུབ་པ་ཡིན་པ་ལ་ནན་ཏན་སྙིང་པོར་བྱ་བར་དགོངས་པ་དང༌། པཎ་ཆེན་རིན་པོ་ཆེས་ཀྱང་ད་ལྟ་བསྟན་པའི་སྙིང་པོ་བསྡུ་བའི་དུས་ཡིན་པས་ཡ་རི་མ་རི་མང་པོ་དགོས་པ་མེད། གཙོ་བོར་གྲུབ་པ་གྱིས། ཐུན་མཚམས་སུ་ཆོས་གང་སྟོན་པ་ཐམས་ཅད་ཟུང་འཇུག་གི་ལམ་འདིར་སྣ་རྙེད་པ་རེ་སྟོན། ཟུང་འཇུག་གི་ལམ་སྟོན་པ་ལས་ལྷག་པའི་གཞན་དོན་མེད་ཅེས་བཀས་བཅད་པ་དང༌། ཆོས་འཁོར་བསྐོར་བར་ཞབས་འབྲིང་བ་རྣམས་ཀྱིས་གསོལ་བ་བཏབ་པ་ནའང༌། རྙེད་བཀུར་དང་ལོ་འདོད་སྙིང་ལ་བཅངས་པའི་ཆོས་བཤད་དང་འཁོར་བསྡུ་བའི་གཞན་དོན་འདྲ་ལྟར་སྣང་ཙམ་ཡིན་མོད། དེ་འདྲ་བའི་ཆོས་བཤད་ཉན་མཛད་མཁན་གྱིས་ཆོག་པར་འདུག །ཁོ་བོ་སྒྲུབ་པ་གཙོ་བོར་གྱུར་པའི་སྒོ་གསུམ་གྱི་བྱ་བ་ཐམས་ཅད་གཞན་དོན་དུ་བྱེད་དེ། ཕལ་ཆེར་དོན་མེད་དོན་ཡོད་དང༌། རྣམ་ཀུན་དོན་ཡོད་ཤེས་པར་བྱ་བའི་ངེས་པས་ད་ལྟ་གཞན་དོན་ཕྲ་མོའི་གཡེང་བ་དོར་ནས། ཁད་ཀྱིས་སྐད་ཅིག་རེ་རེ་ལ་ཡང་སངས་རྒྱས་ཀྱི་ཞིང་ཁམས་རྒྱ་མཚོ་སྤྱོད་པ་དང་སེམས་ཅན་རྒྱ་མཚོ་སྨིན་པར་བྱེད་ནུས་པའི་གཞན་དོན་གོ་སྐབས་ཡངས་པོ་ཅིག་བྱེད་པ་ཡིན་ཞེས་གསུང་པ་བཞིན། འཁོར་བསྡུ་བ་དང་སྡེ་སྣོད་ཀྱི་བཤད་ཉན་སྐྱོང་བ་སོགས་ནི་ཆེར་མ་གནང་མོད། དེ་ལྟ་ནའང་གདུལ་བྱ་རྣམས་ཀྱི་བསམ་པ་དང་སྦྱར་ཏེ་གང་ཟག་རེ་རེའི་ཉམས་ལེན་ཆོས་ཐུན་རེའི་ཁོངས་སུ་ཡང་མདོ་རྒྱུད་མཐའ་དག་གི་དགོངས་དོན་སྙིང་པོར་དྲིལ་བའི་ཆོས་ཀྱི་བདུད་རྩིས་ཚིམ་པར་མཛད་པའི་ཚུལ་ཡང༌། མཚན་ཉིད་ཀྱི་གྲྭ་ཚང་ཉིད་ན་བཞུགས་པའི་ཚེ་སྐྱར་ཆོས་པའི་ཟོལ་གྱིས་བློ་གསལ་མང་པོའི་བློ་གྲོས་རྒྱས་པར་མཛད་ལ། བྲག་ནག་ཏུ་ཁམས་ཕྱོགས་ནས་འོངས་པ་སོགས་མང་པོ་ལ་ཡོ་གའི་ཕྱག་ལེན་གར་ཐིག་སོགས་འཁྲིད་པ། དབང་མི་ལྔ་བཅུ་ལྷག་པ་ལ་འཇམ་དཔལ་སྒྱུ་འཕྲུལ་དྲ་བའི་དབང་དང་རྗེས་གནང་མང་པོ། མཆིམས་ཕུར་མང་པོ་ལ་རྟ་མགྲིན་ལྷ་བཞིའི་དབང༌། རྩེས་ཐང་དུ་ཉང་རེ་བཀའ་བཅུ་པ་དང༌། ལྷུན་སྡེ་རབ་འབྱམས་པ་སོགས་མང་པོ་ལ་བརྟག་གཉིས་སོགས་ཀྱི་བཤད་པ་དང༌། ཞི་ཁྲོ་ལ་སོགས་པའི་དབང་དང་རྗེས་གནང་མང་པོ། ཐར་པ་གླིང༌། སྨན་རྒྱལ། གཡམ་བཟངས་ལ་སོགས་པར་དོན་དུ་གཉེར་བ་ཤིན་ཏུ་མང་པོ་ལ། གསང་འདུས་འཇིག་རྟེན་དབང་ཕྱུག །སྤྱན་རས་གཟིགས་གསང་སྒྲུབ་ལ་སོགས་པའི་བཀའ། ཕྱག་ཆེན་ཆོས་དྲུག་སོགས་ཁྲིད། མདོ་སྡེ་ཏིང་འཛིན་རྒྱལ་པོ་སོགས་ཀྱི་བཤད་པ་དང༌། རྒྱལ་པོའི་ཁབ་ཏུ་བླ་མ་འབྲང་རི་བ་དང༌། བླ་མ་ཚུལ་བླ་སོགས་ལ་སྦྱོར་དྲུག་གི་ཁྲིད། ཙ་རིའི་ཇོ་བཟངས་རྣམས་ལ་དགོངས་གཅིག་གི་བཤད་པ། ཕྱག་ཆེན་ཆོས་དྲུག་སོགས་ཁྲིད། རྡོ་རྗེ་རྣལ་འབྱོར་མའི་བྱིན་བརླབས། དབང་པོ་དགོན་པར་བླ་མ་འབྲང་རི་བ་སོགས་ལ་བདེ་མཆོག །ཀྱེ་རྡོར་རྨཻ་ཏྲི་ལུགས་སོགས་ཀྱི་བཀའ། ལྷོ་བྲག་ཤར་དུ་དཔལ་ཨ་མོ་གྷ་དང༌། ཆོས་རྗེ་བོ་དོང་བའི་གཟིམས་དཔོན་འོད་བཟང་བ་སོགས་ལ་བརྟག་གཉིས་ཀྱི་བཤད་པ། དབང་ལུང་ཁྲིད་སོགས་ཇི་སྙེད་པ་དང༌། དེ་དག་དང་ལྷན་ཅིག་བཀའ་བཅུ་པ་བསོད་བཟངས་སོགས་ལ་དུས་ཀྱི་འཁོར་ལོའི་སྤྱི་དོན། ལྷོ་ནུབ་ཏུ་ཆོས་རྗེ་བསྟན་རིན་པ། ངང་སྤྲོ་མཁན་ཆེན་པ། བླ་མ་རྫ་སྣ་བ། སླེའུ་ཆུང་བ་སོགས་ལྔ་བཅུ་ལྷག་པ་ལ་སྦྱོར་དྲུག་ལན་གཉིས། དགོངས་གཅིག །དྲིལ་བུ་ལུས་དཀྱིལ་དང༌། བླ་མ་གསང་འདུས་སོགས་ཀྱི་དབང༌། ཡར་འབྲོག་ཁ་པ་ཀླུངས་སུ། ཆོས་རྗེ་ཀུན་དགའ་རྒྱལ་པོ་དང༌། མངོན་དགའ་ཆོས་སྡེའི་ཆེ་བགྲེས་མང་པོ། སྒྲུབ་སྡེ་བསམ་སྡིངས་ཀྱི་སྒྲུབ་པ་བ་རྣམས་དང་བཅས་པ་ལ་སྦྱོར་དྲུག །བདེ་མཆོག་གི་དབང༌། ཕྱག་ཆེན། སྔགས་པ་མང་པོ་ལ་ཞི་ཁྲོ་དང་ཕུར་པ་རྟ་མགྲིན་གྱི་དབང་སོགས་གང་ལ་གང་འདོད། ལ་སྟོད་བྱང་དུ་བདག་པོ་ཆུད་ཁ་བ་སོགས་སྔགས་བོན་ཤིན་ཏུ་མང་བ་ལ་ཞི་ཁྲོ་སོགས་ཀྱི་དབང༌། གསང་སྙིང་གི་བཤད་པ། ཕྱིས་བྱམས་པ་གླིང་དུ་དབྱར་ཆོས་ཆེན་མོ་ལ་ཆོས་འཁོར་སྒང་བ་བྱང་ཆུབ་རྣམ་རྒྱལ་བ་སོགས་ཟུར་ཆེན་གསུམ་དང༌། ཆེན་པོ་བསོད་ནམས་འོད་ཟེར་བ། སློབ་དཔོན་བསྟན་གསལ་བ། སློབ་དཔོན་ཤེར་དབང་བ་སོགས་གཙོ་བོར་གྱུར་པའི་གཞི་བྱེས་ཀྱི་དགེ་འདུན་སྟོང་དུ་ཚང་བ་ལ་མདོ་ཏིང་འཛིན་རྒྱལ་པོ། བསླབ་བཏུས། ཐུབ་པ་དགོངས་རྒྱན། ས་སྡེ་ལྔ། བེ་བུམ་སྔོན་པོ། བྱམས་སྨོན་ཊཱིཀ་ཆེན་སོགས་ཀྱི་བཤད་པ་ལེགས་པར་སྩལ་ཏེ་ངེས་དོན་གྱི་སྲོག་བྱིན་པ་ལྟ་བུའི་བཀའ་དྲིན་མཛད། ཁྱད་པར་བྱམས་པ་གླིང་བ་རྣམས་གཙོ་བོར་གྱུར་པ་ལ་སྔགས་འདུལ་ཆེན་པོ་ལོ་བསྟུད་མ་མང་པོར་གནང་བ་དང༌། གཞན་ཡང་ཆོས་རྗེ་འཕགས་པ་ལྷ་སོགས་མང་པོ་ལ་བརྟག་གཉིས་རྡོ་རྗེ་སྙིང་འགྲེལ། ནཱ་རོ་འགྲེལ་ཆེན། དགོངས་གཅིག །ཟབ་མོ་ནང་དོན་སོགས་ཀྱི་བཤད་པ། མི་གཡོ་བླ་མེད་ལ་སོགས་པའི་དབང༌། སླར་ཡང་ཁམས་པ་དགེ་བཤེས་དཀའ་བཅུ་བས་ཐོག་དྲངས་མང་པོ་དང༌། མི་ཉག་རབ་འབྱམས་པ་ཆོས་ཀྱི་གྲགས་པ། རབ་འབྱམས་པ་བདེ་བཟང་པ། མངའ་རིས་རབ་འབྱམས་པ་ཤེར་རྒྱལ་བ། རབ་འབྱམས་པ་ལེགས་བཤད་པ་སོགས་དགེ་བཤེས་མཁས་པ་མང་པོ་ལ་ཟབ་མོ་ནང་དོན་དང་དགོངས་གཅིག་ཚར་སྔ་ཕྱི་བཞི་ཙམ་དང༌། ཆོས་འཁོར་སྒང་བ་དང༌། འཕགས་པ་གདན་ས་པ་དཔལ་བཟང་བ་སོགས་ལྔ་བཅུར་ཉེ་བ་ལ་དོ་ཧ་བརྒྱ་དྲུག་ཅུ་པ། ཚུལ་ཁྲིམས་ལེའུ། མཚན་ཡང་དག་པར་བརྗོད་པ་སོགས་རྒྱ་ཆེ་བའི་བཤད་པ། རབ་འབྱམས་པ་ཤེར་རྒྱལ་བ་དང༌། ལེགས་བཤད་པ་སོགས་སྐལ་བ་དགེ་བ་རྣམས་དང༌། བསམ་གཏན་གླིང་གི་སྒྲུབ་པ་པོ་རྣམས་ལ་སྦྱོར་དྲུག་གི་ཁྲིད་ལན་མང་དུ་སྩལ་ཏེ། དུས་དེ་སྐོར་ལོ་ཤས་ཅིག་ལའང་ཁྲིད་ལན་སུམ་ཅུ་རྩ་གྲངས་སྩལ། འཇིག་རྟེན་གྱི་རྗེས་སུ་སྤྱོད་པའི་ས་སྐྱོང་བ་ཡང་འབྲོག་ཁྲིད་དཔོན་ཧྱེནྡུ་ཀུན་དགའ་རྒྱལ་མཚན་མཆེད་བཅས། སྲས་ཧྱེནྡུ་ལྷུན་གྲུབ་བཀྲ་ཤིས། ཡར་རྒྱབ་དཔོན་ཆེན་རིན་ཆེན་བཟང་པོ། བཙུན་མོ་རྡོ་རྗེ་བདེ་མ། དེའི་སྲས་དཔོན་ཆེན་ཀུན་དགའ་རིན་ཆེན་རྒྱལ་པོ། དེའི་གཅུང་ཆོས་རྗེ་བསོད་ནམས་ཡེ་ཤེས་དཔལ་བཟང་པོ། བུ་ཚལ་པ་ནང་སོ་ལྷ་དབང་པ་སྲས་བཅས། བསམ་བདེ་བ་ནང་སོ་གྲགས་པ་མཐའ་ཡས་དཔོན་བློན། བྱ་བའི་ཁྲི་དཔོན་རྒྱལ་བ་པ། དེའི་སྲས་དཔལ་བཀྲ་ཤིས་དར་རྒྱས་ལེགས་པའི་རྒྱལ་པོ་མཆེད་བཅས་རྣམས་ཀྱིས་གུས་པར་གཙུག་ཏུ་བསྟེན་ཅིང༌། དེ་དག་རྣམས་ལའང་གདམས་པ་དང་རྗེས་སུ་བསྟན་པའང་མང་དུ་སྩལ། རྒྱུད་ཡོངས་སུ་སྦྱོང་ཞིང་བར་ཆད་བསྲུང་བའི་བཀའ་རྗེས་གནང་དང༌། ཁྱད་པར་བདེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་གསུམ་གྱི་བཀའ་དང༌། རིག་པ་སྩལ་པས། ཡུལ་འཁོར་དང་བཅས་པ་བཀྲ་ཤིས་ཤིང༌། ཕས་ཀྱི་རྒོལ་བས་མི་བརྫི་བ་དང༌། འཕྲལ་དང་ཡུན་གྱི་ཕུན་ཚོགས་རྒྱ་མཚོས་འབྱོར་ཞིང༌། འདུས་བྱས་ཀྱི་དངོས་པོ་ལ་སྙིང་པོ་ལེན་པའི་ཐབས་དགེ་བའི་རྩ་བ་རྒྱ་ཆེན་པོ་ལ་སྦྱོར་བའི་བཀའ་དྲིན་ཡང་མཛད། བྱང་པ་བདག་པོ་རྣམ་རྒྱལ་གྲགས་པ་ཡབ་སྲས་ཀྱིས་ཀྱང་རིག་ཀྱི་བསྙེམས་པས་གཞན་ངོར་དྲེགས་ཀྱང༌། དོན་དུ་བླ་མ་ལྟ་བུར་བཀུར་ཞིང་ཆོས་ཀྱི་དྲི་མོལ་མང་པོ་ཞུས་ཏེ། ལྷག་པར་གུས་པ་འབུལ། ཁྱད་པར་རྒྱལ་བ་གར་དབང་རྡོ་རྗེ་འཆང་ཆེན་པོའི་སྤྲུལ་པའི་སྐུ་དཔལ་ཀརྨ་པ་ཞྭ་དམར་ཅོད་པན་འཛིན་པ་བཞི་པ་ཆོས་ཀྱི་གྲགས་པ་ཡེ་ཤེས་དཔལ་བཟང་པོའི་ཞལ་སྔ་ནས་ཀྱིས། སྐུ་སྐྱེ་བ་མང་པོའི་ཡོངས་སུ་འཛིན་པ་མཛད་པ་ཉིད་སླར་ཡང་སྐྱེ་བ་འདི་རྗེས་སུ་གཟུང་བར་གསོལ་བའི་སླད་དུ་ཁམས་ཕྱོགས་སུ་ཕེབས་དགོས་པའི་ཞུ་བ་སྤྱན་འདྲེན་པ་འབུལ་ཆེན་དང་བཅས་པ་ཙ་རིར་བཞུགས་ཐོག་སླེབ་ཀྱང་ཐེགས་པ་མ་ཤར་བས། ཕྱིས་དབུས་ཕྱོགས་སུ་ཆེད་དུ་གཏད་དེ་ཕེབས་ནས། སྔར་འདྲིས་པ་ལས་ཀྱང་ཆོས་འདྲིས་པའི་དཔོན་སློབ་ཏུ་འགྱུར་ཏེ། ཐོག་མར་རྡོ་རྗེ་ཕག་མོ་ཞལ་གཉིས་མའི་བཀའ་སྩལ་བ་ནས། དྲིལ་བུ་བཅུ་གསུམ་མ། མི་གཡོ་བླ་མེད། རྔོག་དཀྱིལ་བདུན། འཁོར་ལོ་སྒྱུར་དྲུག །སངས་རྒྱས་ཐོད་པ། ཕུར་པ་སྤུ་གྲི། རྡོར་དབྱིངས། ཕྱག་རྡོར་དབང་བསྐུར། དམ་ཚིག་གསུམ་བཀོད། ཚེ་དཔག་མེད་ཛེ་ཏཱ་རིའི་ལུགས། བདེ་མཆོག་ནམ་མཁའ་དང་མཉམ་པ་ལ་སོགས་པའི་དབང༌། རྗེ་བཙན། དུད་སོལ། ཕྱག་བཞི་པ་ཀླུ་སྒྲུབ་ལུགས། ནཱ་རོ་མཁའ་སྤྱོད། དོན་གྲུབ་མ། འཇམ་དབྱངས་ལྷ་ལྔ། བླ་མ་གསང་འདུས། ཚོགས་བདག་ ཚེ་རིང་མཆེད་ལྔ་ལ་སོགས་པའི་བྱིན་བརླབས། ཀྱེ་རྡོར། གུར། ས་མྦུཊཱ། གདན་བཞི། མ་ཧཱྃ་མཱ་ཡཱ། མཚན་བརྗོད་སོགས་ཀྱི་རྒྱུད་རྔོག་པའི་བཤད་སྒྲོལ་རྣམས་དང་བཅས་པ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ཆེ་བ། སྙིང་པོ་བརྒྱ་པ་རྩ་འགྲེལ། གྲུབ་སྙིང༌། ཨ་མ་ན་སི། ཟབ་མོ་ནང་དོན། དགོངས་གཅིག་ལ་སོགས་པའི་བཤད་པ། འགྲོ་མགོན་བཀའ་འབུམ་ལ་སོགས་པའི་ལུང༌། སྦྱོར་དྲུག །རྡོ་རྗེ་རྣལ་འབྱོར་མའི་རྫོགས་རིམ། དྲིལ་བུ་རིམ་ལྔ་རྣམས་པཎ་ཆེན་ལུགས་ཀྱི་ཁྲིད། བསྲེ་འཕོའི་གདམས་པ། ཆོས་དྲུག་མཁར་དཀར་མ། མཱ་ཡཱའི་རྫོགས་རིམ་པའི་ནུ་མའི་མན་ངག་སོགས་གདམས་པའི་ཚོགས་ཏེ། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་ཆར་ཆེན་པོ་གསན་པར་མཛད་དེ། སྲས་ཀྱི་ཐུ་བོར་གྱུར། གཞན་ཡང་སྐལ་བ་དང་ལྡན་པ་མང་པོ་ལ་དབང་ལུང་བཤད་པ་སོགས་སོ་སོའི་འདོད་པ་གང་བར་སྩལ་བ་དང༌། དཔལ་དུས་ཀྱི་འཁོར་ལོར་ནི་གསུང་རབ་མཐའ་དག་གི་སྙིང་པོ་ཟུང་འཇུག་གི་བསྟན་པ་མ་སྦས་པར་གསལ་བར་སྟོན་པ། འདིིའི་དོན་ཁོང་དུ་ཆུད་ན་མདོ་སྔགས་ཀྱི་གསུང་རབ་ཐམས་ཅད་ཁོང་དུ་ཆུད་པར་ནུས་ཤིང༌། གཞན་ཐམས་ཅད་འདི་རྟོགས་པའི་ཐབས་སུ་གྱུར་པ་སྟེ། བསྟན་པའི་སྙིང་པོ་ལས་ཀྱང་ཆེས་སྙིང་པོར་གྱུར་པ་ཡིན་གསུང་ཞིང༌། གླེགས་བམ་ལ་འབྲལ་སྤང་མཛད་པ་དང༌། མདོ་སྔགས་ཀྱི་གསུང་ཆོས་ཅི་གནང་ཡང་དུས་ཀྱི་འཁོར་ལོའི་ངེས་པས་གསལ་བར་མཛད་དེ་གསུང༌། ཐམས་ཅད་ཀྱི་དོན་གྱི་སྙིང་པོ་མཐར་ཐུག་པ་ནི་ཟུང་འཇུག་གི་ཐེག་པ་འདིར་བགྲོད་པ་གཅིག་པུའོ་ཞེས་འཇིགས་པ་མེད་པའི་སེང་གེའི་སྒྲ་ཡང་གསལ་བར་བསྒྲས། སྡེ་སྣོད་མང་དུ་ཐོས་ཤིང་མཁས་པར་སྦྱངས་པ་ལས་ཐེག་པ་འདིར་ཡིད་རྟོན་པས་དུས་ཀྱི་འཁོར་ལོའི་གླེགས་བམ་ལ་མགོ་བོ་གཏུགས་སྟེ་དུས་བྱས་ན་སངས་རྒྱ་བ་ལ་ཉེ་ཞེས་ཀྱང་གསུང༌། དེ་ལྟར་དུས་ཀྱི་འཁོར་ལོ་ལ་གཅེས་སྤྲས་སུ་མཛད་དེ། སྤྱི་དོན་ལན་མང་པོ་དང༌། རྒྱུད་འགྲེལ་ཀྱང་ཆོས་འཁོར་སྒང་བས་ཐོག་དྲངས་སྡེ་སྣོད་འཛིན་པ་དང༌། ཞབས་འབྲིང་པ་སོགས་མང་པོ་ལ་རྒྱ་ཆེར་སྩལ་ལ། ཁྱད་པར་རྣལ་འབྱོར་ཡན་ལག་དྲུག་པ་ལ་སོགས་པའི་ཁྲིད་ཀྱི་རིམ་པ་སྩལ་ཏེ་སྐལ་བ་དང་ལྡན་པ་ཡོངས་སུ་སྨིན་པར་མཛད་པའི་ཚོགས་ནི་བགྲང་བ་ལས་འདསསོ། །དེ་དག་ནི་མདོ་ཙམ་སྨོས་པ་སྟེ། ཡང་དག་པར་ན་བྱང་ཆུབ་སེམས་དཔའི་རིགས་ཀྱི་རྟགས་དང༌། སྙིང་སྟོབས་དང༌། སྤྲོ་བ་དང༌། བརྟུན་པ་དང༌། བསླབ་པའི་གནས་ནམ་དུ་ཡང་མི་གཏོང་བ་དང༌། དམ་བཅས་པ་མི་འབྲལ་བ་དང༌། དམན་པ་དང་མ་རུངས་པ་ལ་ལྷག་པར་བརྩེ་བ་དང༌། རྒྱུ་མེད་པར་གཉེན་གཤིན་པ་དང༌། བྱས་པ་དྲིན་དུ་གཟོ་བ་དང༌། སྐུ་སྲོག་ལ་བསྡོ་བ་ལ་ཡང་ཕན་འདོགས་པར་མཛད་པ་དང༌། ཐོས་པ་མང་བ་ལ་སོགས་པ་དགེ་བའི་བཤེས་གཉེན་གྱི་ཆོས་མ་ཚང་བ་མེད་པ་དང་ལྡན་ཞིང༌། ཐེག་པ་མཆོག་གི་ཐུགས་བསྐྱེད་པས་ལེགས་པར་ཟིན་པའི་ངེས་འབྱུང་གི་སྡོམ་པས་བསྡམས་པ་དང༌། རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བས་མ་གོས་པ་དང༌། དགག་སྒྲུབ་ཀྱི་བསླབ་པ་རིན་པོ་ཆེའི་གནས་ལས་ཅུང་ཟད་ཀྱང་འདའ་བར་མི་སྤྱོད་པས་ཚངས་པར་སྤྱོད་པ་མཆོག་གི་མཐར་སོན་ཏེ་དམ་པའི་ཆོས་འདུལ་བ་ལས་གསུས་པའི་བསྟེན་པར་འོས་པའི་ཡོན་ཏན་རྫོགས་པར་མངའ་བ་ཉིད་དང༌། རྡོ་རྗེའི་ཐེག་པ་ལ་ལྷག་པར་ཞུགས་པའི་ཐུགས་རྒྱུད་རབ་ཏུ་སྨིན་པ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་དམ་ཚིག་ལས་ཅུང་ཟད་ཀྱང་འདའ་བར་མི་སྤྱོད་ཅིང་དབང་གི་དོན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐུ་ཉམས་སུ་བསྟར་བ། རྒྱུད་མ་ལུས་པའི་རྡོ་རྗེའི་གནས་དབང་བཞི་པའི་ངེས་པ་ཐུགས་སུ་ཆུད་ནས་སོ་སོ་ཡང་དག་པར་རིག་པ་བཞི་དང་ལྡན་པས་བཀའ་དྲིན་མཛད་པ་ལ་བསྙེངས་པ་དང་བྲལ་བ་སྟེ། དཔལ་ལྡན་བླ་མ་ཞེས་འདོགས་པའི་མཚན་ཉིད་མ་ཚང་བ་མེད་པར་ཡོངས་སུ་རྫོགས་པར་མངའ་བ་ཉིད་ཀྱིས། ལྷ་དང་བཅས་པའི་འཇིག་རྟེན་མཐའ་དག་གི་སྐྱབས་གཅིག་པུ་བར་གྱུར་པ་སྟེ། རྣམ་པར་ཐར་པ་རྒྱ་མཚོ་ཡིད་ལ་བྱ་ཞིང་མཚན་ཁ་ཏོན་དུ་བྱ་བ་དང༌། མི་ཕྱེད་པའི་དད་པ་ཆེ་ཐང་དུ་སྐྱེད་དེ་རྣམ་པ་ཐམས་ཅད་དུ་གུས་པས་ཕྱག་བྱ་བར་རིགས་པ་ཉིད་ལས་ཉི་ཚེའི་ངོ་མཚར་ཡི་གེར་འགོད་པའི་ངལ་བས་ཅི་ཞིག་བྱ བརྒྱད་པ་མྱ་ངན་ལས་འདའ་བའི་མཛད་པ་ནི། ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་དག་སྐྱེ་འཆིའི་འཆིང་བ་ལས་རྣམ་པར་གྲོལ་ཀྱང༌། གཞན་དོན་མི་རྟག་པ་ཉིད་ཀྱི་ངེས་པར་འབྱུང་བ་ལས་བརྩམས་པའི་ཆོས་ཀྱི་རྣམ་གྲངས་བསྟན་པར་བཞེད་པ་ནའང༌། འཚལ་མིན་མཁན་ཆེན་ཆོས་ཀྱི་གྲགས་པ། མངའ་རིས་རབ་འབྱམས་ཤེར་རྒྱལ་བ། ཆོས་འཁོར་སྒང་བ། ཆོས་རྗེ་རྟེའུ་ར་བ་རིན་ཆེན་ཆོས་རྒྱལ་སོགས་ལ་ཉིན་རེ་ཞིང་ཟབ་རྒྱས་ཀྱི་ཆོས་ལྷུགས་པར་སྩོལ་བཞིན་པའི་ངང་ནས། དགེ་བྱེད་ཅེས་བྱ་བ་ཆུ་ཕོ་སྟག་གི་ལོ་དགུང་ལོ་ལྔ་བཅུ་རྩ་དགུ་བཞེས་པའི་ཟླ་བ་དགུ་པའི་ཚེས་བདུན་ལ་སྤྲུལ་པའི་སྐུ་བསྡུས་ཏེ། ཚེས་བཅུ་ལ་བབ་པ་ན་དགའ་ལྡན་དུ་གཤེགས་པའི་ཚུལ་བསྟན་ཏེ། འཇའ་འོད་དང༌། མེ་ཏོག་གི་ཆར་དང༌། དྲི་བཟང་པོའི་ངད་ལྡང་བ་ལ་སོགས་པའི་ངོ་མཚར་བའི་ལྟས་མང་པོ་ཐམས་ཅད་ལ་ཐུན་མོང་དུ་གྱུར་ལ། དེ་ཉིད་དུ་དཔལ་ཀརྨ་པ་ཞྭ་དམར་ཅོད་པན་འཛིན་པ་བཞི་པ་ཕེབས་ཏེ། རྗེ་ཉིད་དགའ་ལྡན་དུས་གཤེགས་པར་ངེས་ཤེས་སློབ་མ་རྣམས་དབུགས་ཕྱུང་ཞིང༌། དགུང་ཞག་གི་མཐའ་ཇི་སྲིད་བར་བཞུགས་ནས། ཐུགས་དམ་བསྐུལ་བ། གདུང་ཞུས། དགོངས་རྫོགས་ངོ་བོའི་བསྔོ་བ་འབུལ་བ། ཕྱི་རྟེན་སྐུ་འདྲ་རིན་པོ་ཆེའི་རབ་གནས། བསྟོད་ཆེན་དང་རྣམ་ཐར་ཆེན་མོ་སྒྲིག་པའི་མཐར་ཐུག་པར་སྩལ་ཏེ་དགོངས་པ་ཡོངས་སུ་བསྐོང་བར་མཛད་ལ། གདུང་ཙན་དན་དཀར་པོ་དང༌། ཨ་ག་རུ་དང༌། སི་ཧླ་ལ་སོགས་པའི་མེས་སྦྱངས་པས། ཁ་དོག་སྣ་ཚོགས་པའི་རིང་བསྲེལ་དང༌། ཤེལ་ལྟར་དྭངས་པའི་སྐུ་གདུང་དང༌། གཟུགས་ཀྱི་སྐུ་གྲངས་མེད་པ་དག་ཀྱང་གདུལ་བྱ་རྣམས་ཀྱི་མཆོད་པའི་རྟེན་དུ་བྱོན་ཏོ། ཡོངས་སུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ནས་ཀྱང༌། ཐུགས་རྗེའི་རྒྱུན་ཆད་པ་མེད་པར་རྗེས་སུ་འཇུག་པས། གདུང་ཁང་རིན་པོ་ཆེ་ཐོག་ཚད་མ་ངོ་བོ་དངུལ་དང༌། སྒོ་ཁང་ཕྲ་ཁྱིམ་སོགས་གསེར་ལྗང་བརྡུངས་ལས་གྲུབ་པ། རིན་པོ་ཆེ་མརྒད་དང༌། པདྨ་རཱ་ག་དང༌། མུ་ཏིག་དང༌། ནལ་དང༌། གཡུ་ལ་སོགས་པའི་ཕྲ་ཚོམས་བསམ་གྱིས་མི་ཁྱབ་པས་སྤྲས་པ་བྱམས་པ་གླིང་མཆོད་རྟེན་ཆེན་མོའི་བུམ་ཐོགས་སྟེང་མ་ན་བཞུགས་པ་དང༌། ཞལ་སྒོ་བཞུགས་ཁང་གསེར་དངུལ་ལས་གྲུབ་པ་རིན་པོ་ཆེས་སྤྲས་པ་མདའ་གང་བ་དང༌། སྐུ་འདྲ་རིན་པོ་ཆེ་སྐུ་ཚད་དང༌། དེ་བས་ཆུང་བའི་གསེར་དངུལ་ལས་གྲུབ་པ་དང༌། རས་བྲིས་སུ་བཞེངས་པ་ཆེ་ཕྲ་མང་པོ་དང༌། གདུང་འདག་དང་སྨན་འདག་བསྲེས་པ་ལས་སྐུ་པར་དུ་བཏབ་པ་བརྒྱ་ཕྲག་མང་པོར་སྤེལ་བ་དང༌། བཀའ་འབུམ་རིན་པོ་ཆེ་གླེགས་བམ་དུ་བཞེངས་པ་དང༌། ཕྱིས་དགོངས་པ་ཇི་ལྟ་བ་བཞིན་རྗེ་བཙུན་བྱམས་པའི་གོས་སྐུ་ཆེན་མོ་ངོ་མཚར་བ་བཞེངས་སུ་གསོལ་བ་སོགས་དཔལ་རྡོ་རྗེ་བདེ་མ་དང༌། དེའི་སྲས་ཆོས་ཀྱི་རྗེ་བསོད་ནམས་ཡེ་ཤེས་དཔལ་བཟང་པོས་མཆོག་ཏུ་མི་ཕྱེད་པའི་གུས་པས་སྒྲུབ་པར་མཛད་པ་དང༌། གཞན་ཡང་ཞལ་སློབ་དང་སྦྱིན་བདག་སོ་སོས་གསེར་དངུལ་ལས་གྲུབ་པའི་སྐུ་འདྲ་ཆེ་ཕྲ་ཇི་སྙེད་པ་དང༌། བཀའ་འབུམ་ཚར་མང་པོར་འཕེལ་རྒྱས་སུ་བཞེངས་པ་རྣམས་ཀྱང་བསྟན་པའི་རྩ་བ་དང༌། འགྲོ་བ་རྣམས་ཀྱིས་མཆོད་པའི་རྟེན་དུ་གྱུར་ལ། ཁྱད་པར་བུ་སློབ་ཆེ་བ་རྣམས་ཀྱིས་གནས་ཐ་དད་པ་མང་པོར་བཤད་སྒྲུབ་ཀྱི་ཕྲིན་ལས་སྤེལ་བ་ནི་མང་དུ་ཡོད་མོད། སྐུ་འདྲ་ཆེ་བ། རྟེན་གསུམ་མཆོད་ཆ་ཕྱག་དཔེ་དང་བཅས་པ་དང༌། ཞབས་འབྲིང་པ་གཉུག་མར་གནས་པ་རྣམས་ཀྱིས། ཐུགས་རྩོམ་ཇི་སྙེད་པའི་སྒྲུབ་མཆོད་སོགས་ཕྱག་ལེན་དང༌། རྣལ་འབྱོར་ཡན་ལག་དྲུག་པ་ལ་སོགས་པའི་ཁྲིད་སྐྱོང་བ་སོགས་ཀྱི་རྒྱུན་ནི་དོལ་བསམ་གཏན་གླིང་དང་བྱམས་པ་གླིང་སོགས་ན་ཡོད་དོ། །དེ་ལྟར་མདོར་བསྡུས་ཙམ་བཀོད་པ་འདི་དག་ནི་གོང་དུ་ཞལ་འཕངས་བྱུང་བ་ཉིད་ཁ་བསྐང་བ་དང༌། གཞན་ཡང་བསྟན་བཅོས་འདིར་ཡི་གེ་མ་རྙེད་པས་འབྲི་བར་མ་སྤོབས་པའི་ཆོས་དང་གང་ཟག་གི་བྱུང་བ་བསྟན་པ་ལ་སྨན་ཡོན་དུ་གྱུར་པའི་ཚུལ་རྣམས་ཕྱིས་བསྣོན་པར་རིགས་པ་རྩོམ་པ་པོ་དཔལ་ཐམས་ཅད་མཁྱེན་པ་འགོས་ལོ་ཙཱ་བ་ཆེན་པོ་ཉིད་ཀྱི་དགོངས་པའང་ཡིན་པ་དང༌། ཁྱད་པར་ལྷོ་རྒྱུད་ཀྱིས་སྐྱོང་བའི་རྒྱལ་རིགས་དཀོན་མཆོག་གསུམ་ལ་བླ་མར་མཛད་པ་བརྒྱུད་མར་བྱུང་བ་རྣམས་ཀྱི་ནང་ནས་ལྷག་པར་ཡང་གཙུག་ལག་ཐམས་ཅད་ཀྱི་ཕྲིན་ལས་དང༌། བསྟན་བྱུས་དབྱར་གྱི་ཆུ་བོ་ལྟར་འཕེལ་ཞིང་རྒྱས་ལ། མི་ཉམས་པའི་བསོད་ནམས་དང་ཡེ་ཤེས་ཆེན་པོའི་དཔལ་གྱིས་འབྱོར་པ་དཔལ་བཀྲ་ཤིས་དར་རྒྱས་ལེགས་པའི་རྒྱལ་པོ་ཞེས་བྱ་བས། ཆོས་འབྱུང་ཆེན་པོ་འདི་བར་དུ་བཞེངས་པའི་ཚེ། དགེ་བའི་ལས་འདི་དག་ལ་ཆེ་ཐང་དུ་སྩོལ་བ་ཡང་རྗེ་བཙུན་འདི་ཉིད་ཀྱི་བཀའ་སྩལ་ཁོ་ན་ཡི་དམ་དུ་བགྱིས་པ་ཡིན་པ་དང༌། ལྷག་པར་ངེད་ལྷོ་རྒྱུད་རྒྱལ་པོའི་བསྟན་པ་དར་རྒྱས་དང༌། མཐར་ཐུག་དངོས་གྲུབ་ཀྱི་གནས་ལ་ལམ་གྱི་སྣ་རྙེད་པའི་བཀའ་དྲིན་མཛད་པ་ལ་རྗེ་བཙུན་ལོ་ཙཱ་བ་ཆེན་པོ་འདི་ཉིད་ལས་བཀའ་དྲིན་ཆེ་བ་མེད་པས། སྐབས་འདིར་རྣམ་པར་ཐར་པ་མདོར་བསྡུས་པ་ཅིག་ཅེས་ཀྱང་དགོས་ཤེས་གསུང་བའི་བཞེད་པ་ལྟར་བྲིས་པ་ཡིན་ནོ། ། སྤྱིར་དུས་ཀྱི་འཁོར་ལོ་ལ། ལོ་ཙཱ་བ་གྱི་ཇོ། བློ་གྲོས་སྙིང་པོ་སོགས་རྨ་དགེ་བའི་བློ་གྲོས། མང་འོར་བྱང་ཆུབ་ཤེས་རབ། བསོད་ནམས་ཡེ་ཤེས། འ་ཞ་རྒྱ་གར་བརྩེགས། ཙ་མི་སངས་རྒྱས་གྲགས། ལྡི་རི་ཆོས་གྲགས། གཉན་ལོ་ཙཱ། ཁ་རག་གི་གཉོས་ལོ་ཙཱ་བ། འབྲོ་ཤེས་རབ་གྲགས། སྟེངས་པ་ལོ་ཙཱ་བ། རོང་ལིངས་ལོ་ཙཱ་བ། རྭ་ཆོས་རབ། ཆག་ཆོས་རྗེ་དཔལ། ཤོང་སྟོན་རྡོ་རྗེ་རྒྱལ་མཚན། ཡར་ཀླུངས་ལོ་ཙཱ་བ་གྲགས་པ་རྒྱལ་མཚན། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ། དཔང་གི་སློབ་མ་བློ་གྲོས་རྣམ་གཉིས་ལ་སོགས་པ་སྟེ། གླེགས་བམ་གཅིག་ལ་དུས་ཀྱི་འཁོར་ལོ་ཁོ་ན་སྒྱུར་བྱེད་མང་ངོ༌། །དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ་ལ་གཉན་ལོ་ཙཱ་བ་དང་ཤེའུ་ལོ་ཙཱ་བའི་འགྱུར་དང༌། ཕྱིས་ཀླུབས་ལོ་ཙཱ་བ་བློ་གྲོས་དཔལ་གྱི་འགྱུར་ཏེ། དེས་ཚིགས་སུ་བཅད་པ་བཅུ་གཅིག་གི་ཆད་པ་གསབསསོ། །དབང་མདོར་བསྟན་ལ་འབྲོ། རྭ། མན་ལུངས་པ། སྒྲ་ཚད་པ་རིན་རྒྱལ། དཔང་ལོ་ཙཱ་བ། ཡར་ཀླུངས་ལོ་ཙཱ་བ་རྣམས་ཀྱི་འགྱུར་ཡོད་ཅིང༌། བུ་ཧྲངས་ལོ་ཆུང་གིས་བསྒྱུར་བ་ལ་མཚན་དབང་ཉེར་བསྟན་ཟེར་རོ། །རྡོ་རྗེ་སྙིང་པོའི་འགྲེལ་པ་ནི་ཅོག་གྲུ་ཏིང་འཛིན་བཟང་པོ། གཉེལ་ཅོར་ཤེས་རབ་གྲགས། ཁྱུང་པོ་ཆོས་བརྩོན། ཡར་ཀླུངས་ལོ་ཙཱ་བ། དཔང་བློ་གྲོས་བརྟན་པ་རྣམས་ཀྱིས་བསྒྱུར་རོ། །ཕྱག་ན་རྡོ་རྗེས་མཛད་པའི་བདེ་མཆོག་གི་འགྲེལ་པ་ནི། ཅོག་གྲུ་ཏིང་འཛིན་བཟང་པོའི་འགྱུར་ལས་ཤོང་བློ་བརྟན་གྱིས་བཅོས་པ་དང༌། ཁུ་དངོས་གྲུབ་ཀྱི་འགྱུར་ཞིག་ཀྱང་མཐོང་ངོ༌། །དོན་དམ་པའི་བསྙེན་པ་ལ་ནི་ཟླ་བ་མགོན་པོའི་རང་འགྱུར་དང་ཡར་ཀླུངས་ལོ་ཙཱ་བས་བསྒྱུར་བའང་མཐོང་ངོ༌། །ལྟ་བའི་འདོད་པ་མདོར་བསྟན་ནི་བློན་བོད་དུ་མ་འགྱུར་བ་ཀུན་སྤངས་ཆོས་གྲགས་དཔལ་གྱི་བསྒྱུར་རོ། །དབང་མདོར་བསྟན་གྱི་ནཱ་རོ་པའི་འགྲེལ་པ་ལ་ནི་ཡར་ཀླུངས་ལོ་ཙཱ་བ། སྒྲ་ཚད་པ། དཔང་རྣམས་ཀྱི་འགྱུར་སྣང་ངོ༌། དུས་ཀྱི་འཁོར་ལོའི་སྐབསསོ། ། ཕྱག་རྒྱ་ཆེན་པོའི་སྐབས། ད་ནི་སངས་རྒྱས་ཀྱི་བསྟན་པ་གཞི་སོ་སོ་ཐར་པ་ནས་དཔལ་གསང་བ་འདུས་པའི་བར་གྱི་སྒྲུབ་པ་དང་ཉམས་ལེན་ཐམས་ཅད་ལ་རྒྱས་འདེབས་པར་བྱེད་པ་ཕྱག་རྒྱ་ཆེན་པོའི་གཏམ་བརྗོད་པར་བྱ་སྟེ། དེ་ཡང་འཁོར་བ་སྤོང་བར་མི་འདོད་པའི་སྐྱེ་བོ་རང་ག་བ་རྣམས་དང༌། མུ་སྟེགས་རྒྱང་འཕེན་པ་རྣམས་ནི་ཐར་པ་ལ་སེམས་མི་གཏོད་པས་དེའི་ཚུལ་ནི་དེར་ཟད། མུ་སྟེགས་པ་གཞན་གཅེར་བུ་པ་ལ་སོགས་པ་རྣམས་ནི་འཁོར་བའི་སྡུག་བསྔལ་གྱི་རྩ་བ་མི་དགེ་བའི་ལས་སུ་མཐོང་ནས། ལས་བཟློག་པར་ལྟ། སྤྱོད་པ་བ་ནི་ཡིད་བརྟན་པའི་ཐར་པ་མི་སྲིད་པས་རེ་ཞིག་གི་ཐར་པའི་དོན་དུ་ཉོན་མོངས་པ་སྤོང༌། གྲངས་ཅན་པ་དང་བྱེ་བྲག་པ་དག་ནི་འཁོར་བའི་རྩ་བ་ཉོན་མོངས་པ། དེའི་ཡང་རྩ་བ་བདག་མ་ཤེས་པའི་མ་རིག་པ་ཡིན་པས་བདག་ཤེས་པར་བྱས་ནས་བསམ་གཏན་སྒོམ་པ་ལ་ཞུགས་པས་བསམ་གཏན་དང་པོ་ནས་སྲིད་པའི་རྩེ་མོའི་བར་དུ་ཅི་རིགས་པར་བསྒྲོད། འོན་ཀྱང་བདག་ཏུ་ལྟ་བའི་སྙིས་ཟིན་པ་ན་མནར་མེད་པའི་དམྱལ་བའི་བར་དུ་ལྷུང་བར་འགྱུར་བས་ན། སློབ་དཔོན་དབྱིག་གཉེན་གྱིས། ཡང་ཅི་འདི་ལས་གཞན་ལ་ཐར་པ་ཡོད་དམ་ཞེ་ན། མེད་དོ། ཅིའི་ཕྱིར་ཞེ་ན། བདག་ཏུ་ལྟ་བ་ཕྱིན་ཅི་ལོག་ལ་ཞེན་པ་ཉིད་ཀྱི་ཕྱིར་རོ། །ཞེས་གསུངས་པ་ལྟར། བདག་ཏུ་ལྟ་བའི་མ་རིག་པ་མ་སྤངས་པས་ན་ཐར་པ་མེད་པར་བཞེད། བདག་ཏུ་ལྟ་བ་ལ་ཡང་གང་ཟག་དང་ཆོས་ཀྱི་དབྱེ་བས་བདག་ཏུ་ལྟ་བ་རྣམ་པ་གཉིས་ཡོད། དེ་ལས་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་གང་ཟག་ཏུ་ལྟ་བ་སྤངས་པས་ཡང་སྲིད་ཀྱི་རྒྱུན་དང་བྲལ་བའི་ཡིད་བརྟན་པའི་ཐར་པ་ཐོབ་པར་འགྱུར། བློ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བདག་ཉིད་གཅིག་པུ་ཐར་བར་བྱས་ན། གལ་ཏེ་གཅིག་ཐར་བྱེད་ན་དེ་ལས་ཁྲེལ་བོར་མེད། །ཅེས་གསུངས་པའི་ཚུལ་གྱིས་སེམས་ཅན་གྱི་ཐར་པའི་ཐབས་བཙལ་དགོས། དེའི་ཐབས་མ་ལུས་པར་མཁྱེན་པ་ཡང་སངས་རྒྱས་ལས་གཞན་པ་མེད་པས། ཤེས་བྱའི་སྒྲིབ་པ་སྤང་བའི་ཕྱིར་ཆོས་ཀྱི་བདག་ཏུ་ལྟ་བ་སྤང་དགོས་པར་གཟིགས་ནས། ལྟ་བ་དེ་སྤང་པའི་ཕྱིར་འབད་དགོས་ལ། དེ་ཡང་སྟོང་པ་ཉིད་རྟོགས་པའི་ལྟ་བས་ཆོས་སུ་ལྟ་བ་སྤོང་སྟེ། དེ་ཡང་འཛིན་སྟངས་འགལ་བའི་སྒོ་ནས་སྤོང་བ་ཡིན་ནོ། །སྟོང་པ་ཉིད་ཀྱི་ལྟ་བ་བསྐྱེད་པའི་ཕྱིར་ཡང་ལུང་དང་རིགས་པའི་རྒྱ་མཚོར་འཇུག་པར་བྱེད་དོ། །ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ནི་འཛིན་སྟངས་འགལ་བས་སྤང་བར་བྱ་བའི་གཉེན་པོ་རིགས་པའི་སྟོབས་ཀྱིས་རྙེད་པའི་རྗེས་སུ་དཔག་པའི་ཚད་མ་ཡིན་ན། རྗེས་སུ་དཔག་པ་ནི་རྣམ་པར་རྟོག་པ་ཁོ་ན་ཡིན་ལ། རྣམ་པར་རྟོག་པ་ཡིན་ཕན་ཆད་མ་རིག་པ་ཡིན་པར་དཔལ་ཆོས་ཀྱི་གྲགས་པས་བཞེད་དེ། དེ་སྤོང་བ་ལ་ནི་འཛིན་སྟངས་འགལ་བའི་གཉེན་པོ་མེད་དེ་རྗེས་སུ་དཔག་པའི་ཚད་མ་དང་འཛིན་སྟངས་འགལ་ན་ཕྱིན་ཅི་ལོག་ཁོ་ནར་འགྱུར་བའི་ཕྱིར་རོ། དེས་ན་ལྟ་བར་མ་གྱུར་པ་འདིའི་གཉེན་པོ་ནི་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཡིན་ལ། དེ་ནི་བླ་མ་དམ་པའི་བྱིན་རླབས་ཉིད་ལས་འབྱུང་བ་ཡིན་ནོ། ཞེས་བྱ་བ་ནི་བསྟན་པ་སྤྱིའི་རིམ་པའོ། །འདིར་ཆོས་རྗེ་རྒོད་ཚང་བའི་ཞལ་ནས། རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་པ་འདི་ལ་ཕྱག་རྒྱ་ཆེན་པོ་ཞེས་ལམ་ཕུལ་དུ་ཕྱུང་བར་མགོ་འདོན་མཁན་བྲམ་ཟེ་ཆེན་པོ་ས་ར་ཧར་གདའ་བ་བུ། དེའི་ལུགས་འཛིན་པ་རྒྱ་གར་ན་རྗེ་རི་ཁྲོད་ཞབས་ཡབ་སྲས་ཡིན། ཞེས་གསུངས་པ་ལྟར། ཡབ་རི་ཁྲོད་ཞབས་ཀྱི་ལུགས་སྲས་མཻ་ཏྲི་བས་གཟུང་ནས་སློབ་མ་རྣམས་ཕྱག་རྒྱ་ཆེན་པོའི་ལམ་ལ་བཀོད་པ་ལས་འཛམ་བུའི་གླིང་དུ་ཁྱབ་པར་གྱུར་པ་ཡིན་ནོ། །དེ་ཡང་ཕྱག་རྒྱ་ཆེན་པོ་སྟོད་ལུགས་པ་རྣམས་ཀྱི་མཻ་ཏྲི་པ་ལུག་གི་ལོ་བར་བཞེད་ལ། རྗེ་རས་ཆུང་བའི་ལུགས་ཀྱིས་ཁྱིའི་ལོ་པར་བཞེད་ཅིང་བདུན་ཅུ་རྩ་བརྒྱ་པ་ལ་མྱ་ངན་ལས་འདས་པར་བཞེད་དོ། ཇི་ལྟར་ཡང་ལུགས་གཉིས་ཀས། མཻ་ཏྲི་པ་ནི། དང་པོར་ཕྱི་ནང་གི་གྲུབ་མཐའ་ཕལ་ཆེ་བ་ལ་མཁས་པར་གྱུར་ཀྱང༌། དེས་ཐུགས་མ་ཚིམ་པར་འབད་པ་དུ་མས་དཔལ་ཤ་བ་རི་དབང་ཕྱུག་བཙལ་ཏེ། དེས་བྱིན་གྱིས་བརླབས་ཤིང་གསུང་གིས་སྣང་བར་བྱས་པས། སྙིང་པོའི་དོན་མངོན་སུམ་དུ་རྟོགས་པར་གྱུར་ནས་དྲན་པ་མེད་ཅིང་ཡིད་ལ་བྱེད་པ་མེད་པ་ལ་སོགས་པའི་ཚུལ་སྨྲས་པས་མཁས་པ་ཆེན་པོ་ཤཱནྟི་པ་མ་རངས་པར་གྱུར་ནས་བརྩད་པས་མཻ་ཏྲི་བ་རྒྱལ་བར་གྱུར་ཏེ། དེ་ཕྱིན་ཆད་ནི་རྒྱལ་བ་མཻ་ཏྲི་བ་ཞེས་གྲགསསོ། །དེ་ལ་སློབ་མ་མང་དུ་ཡོད་ཀྱང་གཙོ་བོ་ནི་ཆེ་བཞི། འབྲིང་བདུན། ཆུང་བ་བཅུ་སྟེ་ཉི་ཤུ་རྩ་གཅིག་ཏུ་གྲགསསོ། །ཆེ་བ་བཞི་ནི། ན་ཏེ་ཀ་ར། དེ་བ་ཨཱ་ཀ་ར་ཙནྡྲ། ར་མ་པཱ་ལ། ཕྱག་ན་རྡོ་རྗེ་དང་བཞིའོ། །ན་ཏེ་ཀ་ར་ནི་མུ་སྟེགས་པའི་དུས་ཀྱི་མིང་སྟེ། ཕྱིས་ནི་ལྷན་ཅིག་སྐྱེས་པའི་རྡོ་རྗེའོ། །དེ་བ་ཨཱ་ཀ་ར་ཙནྡྲ་ནི་མཚན་གཞན་སྟོང་ཉིད་ཏིང་ངེ་འཛིན་ཏེ་ཤེས་རབ་ཡེ་ཤེས་གསལ་བ་མཛད་པ་པོའོ། །ར་མ་པཱ་ལ་ནི། བོད་ཀྱི་སྐད་དུ་དགའ་བ་སྐྱོང་བ་སྟེ་དབང་ངེས་པར་བསྟན་པའི་འགྲེལ་པ་མཛད་པ་པོའོ། །ཕྱག་ན་རྡོ་རྗེ་ནི། ནམ་མཁའི་སྙིང་པོ། སའི་སྙིང་པོ། ཕྱག་ན་རྡོ་རྗེ་སྟེ་སྐུ་མཆེད་གསུམ་གྱི་ཆུང་བ་ཡིན་པ་ལས། སའི་སྙིང་པོས་ཁྲིད་དེ་མཻ་ཏྲི་བ་ལ་རྗེས་སུ་གཟུང་བར་ཞུས་པས། མཻ་ཏྲི་བ་དགྱེས་ཏེ་ཁོང་རང་དང་ཕྱག་ན་གཉིས་ཀའི་སྐུ་རས་ཡུག་གཅིག་གིས་བཅིངས་ཏེ། བྱང་ཆུབ་ཀྱི་བར་དུ་མི་འབྲལ་བའི་དམ་བཅའ་མཛད། ཕྱག་ན་འདི་ནི་མེ་མོ་སྦྲུལ་གྱི་ལོ་ལ་འཁྲུངས། ཆུང་ངུ་ནས་བློ་རྣོ། ཕྱི་ནང་གི་རིག་པ་མཐའ་དག་དང་གསང་སྔགས་ཀྱི་རྒྱུད་སྡེ་མང་པོ་ལ་མཁས། ཁྱད་པར་སྙིང་པོ་སྐོར་རྣམས་ཀྱི་བདག་པོར་གྱུར་ཏོ། །འབྲིང་བདུན་ལ། མཉམ་པའི་རྡོ་རྗེ། མི་ཉམས་རྡོ་རྗེ། ནམ་མཁའི་རྡོ་རྗེ། རོལ་པའི་རྡོ་རྗེ། དྷི་རི་ཤྲཱི་ཛྙཱ་ན། ཨ་བྷིི་ཡུཀྟ། ཛ་གཏྤཱལ། ཆུད་བཅུ་ལ། སྐནྡྷ་པ། མེ་གོ་པ། རྭ་ཆོ་རྣལ་འབྱོར་པ། ཏི་བུ་བ། ཤྲཱི་ནཱ་ལནྡ་པ། པདྨའི་ཕྲེང་བ། གོ་ཆ་མ། ནག་པོ་པ་ཆུང་བ། ཤྲཱི་རྣ་བ། པ་ལི་ཨཱ་ཙརྻ་རྣམསསོ། །ཁ་ཅིག་ནི། ཀ་རོ་པ། ཕྱག་ན། མར་པ། བལ་པོ་ཤྲཱི་ལ་བྷ་རོ་རྣམས་ལ་ཐུགས་ཀྱི་སྲས་བཞི་ཞེས་ཀྱང་ཟེར་རོ། །དེ་ལ་ཕྱག་རྒྱ་ཆེན་པོ་སྟོད་ལུགས་པ་རྣམས་ཀྱིས་ཕྱག་རྒྱ་ཆེན་པོ་བོད་དུ་འགྱུར་བ་ལ་སྔ་ཕྱི་བར་གསུམ་དུ་བྱས་ནས། སྔ་མ་སྐོར་ནི་རཱུ་བ་ལས་བརྒྱུད་པ་རྣམས་དང༌། བར་པ་ལ་སྟོད་སྨད་གཉིས་ལས། སྟོད་འགྱུར་ཕྱག་ནས་བོད་དུ་བྱོན་སྟོན་ཆེན་རྣམས་ལ་གསུངས་པ་དག་ཡིན་ལ། སྨད་འགྱུར་ནི་ཨ་སུས་དབུས་སུ་ཚེ་ཕྱིད་པར་མཛད་ནས་གསུངས་པ་རྣམསསོ། །ཕྱི་འགྱུར་ནི་མངའ་རིས་པ་ནག་པོ་ཤེར་དད་ཀྱིས་རྒྱ་གར་དུ་བྱོན་ནས་ཕྱག་ན་སྐུ་བགྲེས་པ་ཞིག་ལ་ཐུག །ཕྱིས་བོད་དུ་བྱོན་ནས་གསུངས་པ་རྣམས་དང༌། རྗེ་མར་པ་ལ་བྱུང་བ་ནི་ཟུར་འགྱུར་ཞེས་ཟེར་ཡང༌། དང་པོར་སྔ་བ་ནི་ཇོ་བོ་ཆེན་པོ་རྗེ་ལྷ་གཅིག་གིས་ཐེག་པ་ཆེན་པོ་རྒྱུད་བླ་མ་རྩ་འགྲེལ་དང༌། དོ་ཧ་ལ་སོགས་པའི་སྐོར་རྣམས་མཻ་ཏྲི་བ་ལས་གསན་ནས། ཕྱིས་བསམ་ཡས་སུ་བཞུགས་པའི་ཚེ་ཞག་ཤས་ཤིག་མཆིམས་ཕུར་བྱོན་ཏེ། དོ་ཧ་དང་གྲུབ་སྙིང་གི་སྐོར་དང༌། ཀུན་ཏུ་བཟང་པོའི་སྤྱོད་པ་བྱེད་ཚུལ་རྣམས་འབྲོམ་ལ་གསུངས་པ་ལས། འབྲོམ་གྱིས་ནི་བོད་རྣམས་སྤྱོད་པ་རྩིང་པོར་སོང་དོགས་ནས་ཆེར་མ་སྤེལ་ལ། ཡེ་ཤེས་གྲུབ་པ་ལ་འབྲོམ་གྱི་འགྱུར་ཅིག་འདུག་གོ། །ཐེག་པ་ཆེན་པོ་རྒྱུད་བླ་མ་རྩ་འགྲེལ་ནི་ཡེར་བར་རྔོག་བྱང་ཆུབ་འབྱུང་གནས་ཀྱིས་ཞུས་ནས་འགྱུར་ཡང་མཛད་དོ། །དེ་ནས་རྗེ་མར་པ་སྔ་ལ། དེའི་རྗེས་ལ་པཎྜི་ཏ་བཻ་རོ་ཙ་ན་རཀྵི་ཏ་བོད་དུ་བྱོན་ནས་གསུངས་པ་སྔ། དེའི་འོག་ཏུ་ནི་སྐོར་ནི་རཱུ་བའོ། །དེའི་འོག་ཏུ་སྟོད་ལུགས་སྨད་ལུགསསོ། །དེའི་འོག་ཏུ་རྗེ་རས་ཆུང་པའོ། །དེའི་འོག་ཏུ་ནག་པོ་ཤེར་དད་དོ་ཞེས་ཤེས་པར་བྱའོ། དེ་ལ་པཎྜི་ཏ་བཻ་རོ་ཙ་ན་རཀྵི་ཏ་ནི། ཡུལ་རྒྱ་གར་ལྷོ་ཕྱོགས་ཀོ་ས་ལའི་གྲོང་ཁྱེར་སོ་མ་པཱུ་རིར་རྒྱལ་པོ་ཟ་ཙ་ནའི་རིགས་སུ་འཁྲུངས། ཡུམ་ནི་སྐལ་བ་བཟང་མོ་ཞེས་བྱ། ལོ་བཅུ་གཉིས་པ་ལ་ཞང་པོ་མུ་སྟེགས་པའི་པཎྜི་ཏ་ཞིག་ཡོད་པ་དེའི་ཕྱིར་འབྲངས་ཏེ་སློབ་གཉེར་མཛད་ཅིང༌། རྒྱ་གར་ནུབ་ཕྱོགས་སུ་བྱོན་ནས་ལོ་གཅིག་ཙམ་བཞུགས། དེ་ནས་ཡུལ་དབུས་མ་ག་དྷར་བྱོན་པས་རྣལ་འབྱོར་པ་ཅིག་དང་མཇལ་ནས་འཇམ་དཔལ་དཔའ་བོ་གཅིག་པ་གསན། དེ་ནས་རྣལ་འབྱོར་པ་དེའི་ཕྱིར་བ་ར་ཎཱ་སིར་བྱོན། རྣལ་འབྱོར་པ་དེ་དེར་ཆུང་མ་བླངས་ནས་བཞུགས། ཁོང་གིས་རྒྱ་གར་ཤར་ཕྱོགས་སུ་བྱོན་ནས་ནཱ་ལནྡྲ་ན་བཞུགས་པའི་དུས་སུ་སུ་ར་པཱ་ལ་ཞེས་བྱ་བ་ཡིག་མཁན་གྱི་རིགས་ཀྱི་ཡུལ་བྷ་རེནྡྲའི་རྣལ་འབྱོར་པ་དེས་གཞན་གྱི་སྤྱི་བོར་ཕྱག་བཞག་ནས་མ་བཏེག་གི་བར་དུ་མི་རྟོག་པ་རྒྱུད་ལ་སྐྱེ་བའི་མཁས་པ་ཆེན་པོ་ཞིག་འདུག་པ་དང་མཇལ། དེས་རྗེས་སུ་གཟུང་ནས་ལོ་བརྒྱད་ཕྱགས་ཕྱིར་འབྲངས་ཏེ་ཨམ་ན་སི་དང༌། དོ་ཧ་ལ་སོགས་པ་ཕྱག་རྒྱ་ཆེན་པོའི་སྐོར་མཻ་ཏྲི་པའི་ཆོས་སྐོར་དང༌། དགྱེས་པ་རྡོ་རྗེའི་གདམས་ངག་དང་བཅུད་ལེན་གྱི་མན་ངག་ལ་སོགས་པ་མང་དུ་གསན་ནས། ནུབ་ཕྱོགས་ཛཱ་ལནྡྷ་རར་ལོ་དྲུག་དཀའ་ཐུབ་མཛད། དེ་ནས་ནཱ་ལནྡྲའི་ནགས་གསེབ་ཏུ་རྣལ་འབྱོར་པ་སི་ཏི་དང༌། རྣལ་འབྱོར་པ་མ་ད་ན་ལ་སོགས་པ་དང་ཚོགས་འཁོར་ལྷན་ཅིག་ཏུ་མཛད། བི་ཀྲ་མ་ཤཱི་ལའི་པཎྜི་ཏ་གུ་ཎ་རཀྵི་ཏ་ལ་ཕ་རོལ་ཏུ་ཕྱིན་པ་དང༌། དབུ་མ་རིགས་ཚོགས་དང༌། ཕ་རྒྱུད་གསང་འདུས་ལ་སོགས་པ་དང༌། མ་རྒྱུད་དང་ཀྲྀ་ཡའི་ཆོས་མང་དུ་གསན། དེ་ནས་དྷ་ན་རཀྵི་ཏ་ལ་སྤྱོད་ཕྱོགས་དང༌། སྒྲུབ་ཐབས་བསྡུས་པ་དང༌། སེང་གེ་སྒྲའི་སྒྲུབ་ཐབས་རྟོག་པ་དང་བཅས་པ་དང༌། སྒྲོལ་མ་ཀུ་རུ་ཀུལླེའི་རྟོག་པ་དང༌། སེང་ལྡེང་ནགས་སྒྲོལ་དང་གཏུམ་པོའི་སྒྲུབ་ཐབས་ལ་སོགས་མང་དུ་གསན། དྷརྨ་ཀཱིརྟི་ལ་ཚད་མའི་གཏན་ཚིགས་གསན། དེ་ནས་ཤར་ཕྱོགས་བྷ་རེནྡྲའི་པཎྜི་ཏ་ཛ་ཡ་ཨཱ་ཀ་ར་ལ་བདེ་མཆོག་བཅུ་གསུམ་མ་དང༌། ཕག་མོ་ལྷ་ལྔ་དང་ཇོ་མོ་ཨུ་རྒྱན་མ་ལ་སོགས་པ་གསན། ཤར་ཕྱོགས་སུ་གྲོང་ཁྱེར་སོ་མ་པཱུ་རིའི་རྣལ་འབྱོར་པའི་ཚོགས་དཔོན་པཎྜི་ཏ་ས་ར་ན་ལ་སྒྲུབ་ཐབས་དང་གདམས་ངག་འགའ་ཞིག་ཞུས། པཎྜི་ཏ་སུ་དྷ་ན་གུཔྟ་ལ་འཇམ་དཔལ་དཔའ་བོ་གཅིག་པའི་རྒྱུད་གསན། ཨ་བྷ་ཡཱ་ཀ་ར་གུཔྟ་ལ་བདེ་མཆོག་མངོན་འབྱུང་དང༌། རྡོ་རྗེ་མཁའ་འགྲོའི་སྟོད་འགྲེལ་སྒྲུབ་སྐོར་རང་བྱིན་གྱིས་བརླབ་པའི་སྒྲུབ་ཐབས་ལ་སོགས་གསན། དེ་ལྟར་མང་དུ་མཁྱེན་ཀྱང་གསང་ཞིང་ཁེངས་སྐྱུང་མང་དུ་མཛད། ཡུལ་ཉི་ཤུ་རྩ་བཞི་ལས་མ་བྱོན་པ་ཨུ་རྒྱན་ལས་མེད། དེར་བཞུད་སྙམ་ནས་ལྷོ་ཕྱོགས་སུ་བྱོན་ནས་སྤྱོད་པ་མཛད་པས་རྒྱལ་པོ་གཅིག་གིས་གཟུང་ནས་མེ་ལ་བསྲེགས་པས་མ་ཚིག་དེ་ནས་བོད་དུ་བྱོན་ཏེ་རི་བོ་རྩེ་ལྔ་ལ་བཞུད་རྩིས་བྱས་པས་རྒྱལ་པོའི་མཆོད་གནས་བཅོལ་ཏེ་མ་ཐོན། ཤིང་ཀུན་མཁར་གྱི་མུ་ཐང་བུ་དང་འགྲས་པའི་དུས་སུ་རྫུ་འཕྲུལ་མང་དུ་མཛད་ཀྱང་གསང་བར་གདའ། དེ་ནས་རྒྱ་ནག་ཏུ་བྱོན་པས་རྒྱལ་པོས་གྲི་དང་མདའི་རུ་ག་བཅུག་ཀྱང་ཤས་ཤུས་ཙམ་ཡང་མ་བྱུང༌། དངུལ་ཆུ་དཀར་ཡོལ་གང་གསོལ་བས་སྐུ་ལ་གནོད་པར་མ་ནུས། ཛམྦུའི་གླིང་གི་སུམ་གཉིས་བསྐོར། བོད་དུ་ལན་ལྔ་བྱོན་ཏེ་དབུས་གཙང་གི་ས་ཆ་སྟོད་སྨད་མང་པོར་བྱོན་པས་ཐམས་ཅད་བགྲང་མི་ནུས་ཀྱི། འཕན་ཡུལ་གྱི་རྒྱལ་དུ་ཡུན་རིང་བར་བཞུགས། དོ་ཧ་ལ་སོགས་པའི་འགྱུར་ཡང་མཛད། དོ་ཧ་སྐོར་གསུམ་ག་འདིའི་ཆོས་ཡིན་པས། རྒྱལ་པོ་དང་བཙུན་མོ་གཉིས་ཨ་སུས་མཛད་པར་སྨྲ་བའང་མི་བདེན་པར་སྣང་ངོ༌། །འདིའི་སློབ་མ་ཡང་ལ་སྟོད་དུ་སྤྲུལ་སྐུ་ཟླ་བ་འོད་ཟེར། གཙང་དུ་རིན་པོ་ཆེ་རྒྱལ་ཚ། དབུས་སུ་ཞང་རིན་པོ་ཆེ་སྟེ། བོད་དུ་ཡུན་རིང་བཞུགས་པས་སློབ་མ་མང་པོ་ཡོད་པར་ངེས་ཀྱང་ཡི་གེ་མ་མཐོང་བས་དེ་ཙམ་ལས་བགྲང་བར་མི་དཔྱོད་དོ། །འདི་ལ་གྲོང་འཇུག་མ་བྱས་པའི་སྐོར་དེས་སྙེ་ཐང་དུ་གདམས་པ་ཞུས་པའི་སྐོར་ནི་རཱུ་བ་ལས་བོད་དུ་འབྱོན་པ་འདི་སྔ་བ་ཡིན་ནོ། །དེ་ལྟ་བུའི་གྲུབ་ཐོབ་ཆེན་པོ་དེ་ནི་མཐར་འོན་གྱི་སྒང་ཁར་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཏོ། ཡང་མཻ་ཏྲི་པའི་སློབ་མ་ཀ་རོ་བ་ནི། ཤར་ཕྱོགས་ཟ་ཧོར་གྱི་ཡུལ་གྱི་གྲོང་ཁྱེར་བུ་ལུ་ས་ལ་ཞེས་བྱ་བ་ན། ཡབ་རྒྱལ་པོ་ཆུ་བོའི་རྒྱུན་དང༌། ཡུམ་བྲམ་ཟེ་མོ་ཉི་ཟླ་འབར་ལ་སྲས་གསུམ་མངའ་བའི་འབྲིང་པོ་ནོར་བུའི་སྙིང་པོ་བྱ་བར་འཁྲུངས། ལོ་བདུན་ལོན་པའི་ཚེ་མཁའ་འགྲོས་ལུང་བསྟན་ནས་ཡི་གེའི་སློབ་དཔོན་ལ་གཏུགས། ལོ་ལྔ་ལ་ལེགས་པར་མཁྱེན། དེ་ནས་ཤཱནྟི་པའི་སློབ་མ་པཎྜི་ཏ་དགེ་བ་བཟང་པོ་ལ་རྣམ་པར་རིག་པ་ལོ་བཞིར་སྦྱངས། དེ་ནས་པཎྜི་ཏ་ནག་པོ་དང་སྟོབས་ཅན་ནག་པོ་གཉིས་ལ་ལོ་བཅུ་བཞིར་སྒྲ་བསླབས། དེ་ཡན་དུ་དགུང་ལོ་སུམ་ཅུ་ལོན། སུམ་ཅུ་རྩ་བཞི་ལ་བི་ཀྲ་མ་ཤྲཱི་ལར་ཐམས་ཅད་ཡོད་སྨྲའི་མཁས་པ་ཆེན་པོ་མི་ཏྲ་ཏ་ར་ལ་རབ་ཏུ་བྱུང༌། དེ་ནས་འདུལ་འཛིན་ཆེན་པོ་བི་མ་ལ་ཀོ་ས་ལ་ལུང་སྡེ་བཞི་ལ་སྦྱངས། དེ་ནས་སུམ་ཅུ་རྩ་དགུ་པ་ལ་པཎྜི་ཏ་སིངྷ་གུ་ཎ་ལ་ཚད་མ་ལོ་བཞིར་སྦྱངས། དེ་ནས་བཞི་བཅུ་རྩ་བཞི་པ་ལ་པཎྜི་ཏ་བློ་བརྟན་ལ་བྱ་སྤྱོད་དང་ཕ་མའི་རྒྱུད་ལ་སྦྱངས། དེ་ནས་ཁ་ཆེ་ལཀྵྨཱི་ཆེན་མོ་ལ་རྣལ་འབྱོར་ཆེན་པོ་ལ་བློ་སྦྱངས། དེ་ནས་ལྔ་བཅུ་རྩ་བཞི་ལ་བྲམ་ཟེ་ཐ་ག་ན་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱངས། དེ་ནས་རྡོ་རྗེ་གདན་གྱི་ནུབ་ཕྱོགས་སུ་མཁས་པ་རབ་བཟང་མདངས་ལ་མངོན་པ་བསླབས། དེ་ནས་སིངྷཏ་ར་དང་ཕྲད་ནས་ལོ་དྲུག་ཅུ་རྩ་བཞིའི་བར་དུ་རྡོ་རྗེ་གདན་དུ་རིན་པོ་ཆེའི་སྒྲུབ་པ་མཛད། དེ་ནས་ལོ་བདུན་ཅུ་རྩ་གཉིས་པ་ལ་ལོ་བཅུ་དྲུག་ལོན་པ་ལྟ་བུར་གྱུར་ཀྱང༌། མཁས་པ་འབྱུང་བའི་གནས་གཞིར་བཤད་པར་འདོད་པ་ལས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གོམས་པའི་རྣལ་འབྱོར་མ་པདྨ་ཅན་ཞེས་པ་དང་ཕྲད་དེ། དེ་ན་རེ། རང་ལ་སངས་རྒྱས་ཡོད་མོད་ཀྱང༌། །མ་རྟོགས་སེམས་ཅན་སྙིང་རེ་རྗེ། །ཐ་སྙད་རབ་ཏུ་མཁས་གྱུར་ཀྱང༌། །སེམས་ཀྱི་དེ་ཉིད་མ་རྟོགས་ན། །དབུལ་པོས་ཕུག་པོ་བརྡུངས་པ་བཞིན། །དེ་ལ་འབྲས་བུ་འབྱུང་མི་སྲིད། །ཚེ་ཡི་རིག་འཛིན་བརྙེས་གྱུར་ཀྱང༌། །འཇིག་རྟེན་བྱ་བ་ལ་ཆགས་ན། །ཆགས་སྡང་འདམ་དུ་ཆུད་པའི་ཕྱིར། །བདེ་བ་མ་ཡིན་སྡུག་བསྔལ་འབྱུང༌། །ཀྱེ་སྐྱེས་བུ་རང་སེམས་རྟོགས་ལ་ཅིར་མིན་ཉམས་སུ་ལོང༌། །བླ་མ་མཆོག་བསྟེན་གདམས་ངག་ལ་འབད་བྱོས། །འཇིག་རྟེན་ཆོས་བརྒྱད་ཐོང་ལ་བདེ་ཆེན་སྤོར། །འཁོར་བ་སྐྱེ་མེད་དག་ཏུ་རྒྱ་ཡིས་ཐོབ། །ཅེས་ཟེར་ནས་དེ་ནས་རྣལ་འབྱོར་མ་དེ་དང་སྤྲུལ་པའི་ཁྱེའུ་གཉིས་ལུང་བསྟན་ལ་བརྟེན་ནས་ཡབ་ལས་བླངས་པའི་ནོར་ཆེན་པོ་དང་བཅས་ཏེ་ཕྱིའི་རྒྱ་མཚོ་དཔག་ཚད་བཞི་བཅུ་རྩ་གཉིས་ཀྱི་ཕ་རོལ་ན། རྣལ་འབྱོར་པ་ནཱ་ག་པཱུ་རི་ཞེས་བྱ་བ་དང་མཇལ་ཏེ། དེས་ཚོགས་ཀྱི་འཁོར་ལོ་ལ་བརྟེན་ནས་བྱིན་གྱིས་བརླབས། དེ་ནས་ལོ་གསུམ་དུ་སྦྱོར་བ་སུམ་ཅུ་པ་ལ་སྦྱངས། དེ་ནས་ལོ་བཅུ་བཞིར་གཞུང་འབུམ་པ་དང༌། རྒྱུད་འབུམ་པ་དང༌། ནམ་མཁའ་དང་མཉམ་པའི་རྒྱུད། དམ་ཚིག་གི་རྟོག་པ་སྟོང་ཕྲག་ཕྱེད་དང་བཅུ་གཉིས་པའི་རྒྱུད། སམྦུ་ཊའི་རྒྱུད་བཞི་དང༌། མཁའ་འགྲོ་མའི་སྦྱོར་བ་དང་ཉེ་བར་སྦྱོར་བའི་རྒྱུད་ལ་མང་དུ་སྦྱངསསོ། །དེ་ནས་སླར་རྡོ་རྗེ་གདན་དུ་བྱོན། སྒྲ་སློབ་པའི་གྲོགས་པོ་ན་ཏེ་ཀ་རས་བཤད་པ་མཛད་དེ། གལ་ཏེ་སྒོམ་པར་འདོད་ན་མངའ་བདག་མཻ་ཏྲི་བ་ལ་ཕྱག་རྒྱ་ཆེན་པོ་སྒོམ་དུ་མེད་པའི་མན་ངག་ཡོད་པས་དེར་སོང་གསུང་ནས། བ་ཏའི་དགོན་པར་བྱོན་ཏེ་ལོ་བདུན་དུ་སྙིང་པོའི་དོན་ལ་སྦྱངས། དེ་ནས་ཀེམ་རིའི་དུར་ཁྲོད་དུ་ལོ་ལྔ་བསྒོམས། དེ་ནས་ལྷོ་ཕྱོགས་གྱད་གྱི་ཡུལ། ས་ལ་ཏ་ཙེ། ཀམྤ་ལའི་གྲོང་ཁྱེར། ཁ་ཆེའི་ཡུལ་རྣམས་སུ་སྤྱོད་པ་སྣ་ཚོགས་མཛད་དེ། མཚན་གྱི་རྣམ་གྲངས་པ་ཏི་ཀརྨ་ཞེས་ཀྱང་བྱའོ། །དེའི་སློབ་མ་དམ་པ་སྐོར་ནི། གཉལ་སྟོད་ཀྱི་ཐང་ལ་དགེ་ཚར། ཡབ་སྐོར་སྟོན་དངོས་གྲུབ་འབར་དང༌། ཡུམ་གཉོས་མོ་གཟའ་སྒྲོན་མ་གཉིས་ཡི་སྲས་སྔ་ཚིགས་སུ་ཆུ་ཕོ་སྟག་ལ་འཁྲུངས། ལོ་དེ་ཉེ་དུ་ལ་གནོད་ཟེར་ནས་ལྟོ་བྱས་ཏེ་དབུ་རུ་བའི་བཙུན་པ་ཅིག་གི་ཕྱིར་སློབ་གཉེར་ལ་བརྫངས། ཕྱིན་ཚུར་སྲིང་མོས་ཐལ་བ་གཏོར། དུལ་མོ་བྱས་པས་སྤྱུགས་བར་ཡང་ཤེས། དེ་ནས་ལྷ་སར་རབ་ཏུ་བྱུང༌། སྐོར་ཆུང་བར་གྲགས། ཇོ་བོ་རྗེའི་སློབ་མ་བལ་པོ་འགྱོད་པ་གསང་བ་དང་བཻ་རོ་ཙ་ན་གཉིས་མཇལ། ཁོང་བསྙུང་བ་ལ་བཻ་རོའི་དབུ་སྐྲ་ཐོར་རེ་བརླན་པས་ཕན། སྒོམ་ཞུས་པས་སེམས་འཛིན་ཟབ་མོ་ཅིག་ཀྱང་གནང༌། ཁྱོད་རྣལ་འབྱོར་བ་སྔོ་བསངས་ཀྱིས་བྱིན་གྱིས་རློབ་ཅེས་ལུང་བསྟན། འགྱོད་པ་གསང་བ་ལ་སྒྲ་བསླབས་པས་ལོ་གཅིག་ལ་མཁྱེན། ཡོན་གསེར་སྲང་གསུམ་ཁས་བླངས། འཕན་ཡུལ་དུ་བྱོན་པས་ལོ་ཙཱ་བ་ཅིག་གྲོངས་པའི་ཇོ་མོས་བི་བརྟ་ཕུལ། དེ་རྟིང་ལོ་བཅུ་བཞེས་པའི་ཚེ་གསེར་ཁུང་སྒང་དུ་གསེར་པའི་རྐུན་པོ་བསྲུང་བ་མཛད། ཁོ་རང་གི་ཡོ་བྱད་རྐུན་པོས་ཁྱེར་བ་ལ་མཐུ་མཛད་པས་ཡུས་ཆེན་པོ་ལོན། གསེར་མང་པོ་བྱུང་བས་བལ་པོ་ལ་ཁས་བླངས་པ་བཞིན་གྲུབ། ལོ་བཅུ་གཅིག་ལོན་པ་ལ་ཡུལ་དུ་བྱོན། ཡབ་འདས་པའི་གླེགས་བམ་བརྒྱ་ཚར་མཛད། སྲིང་མོས་སྦས་པའི་གཡུ་རྡོག་ཅིག་བརྐུས་ནས་དབུར་རུར་བྱོན། ལོ་བཅུ་གཉིས་པ་ལ་འདུལ་བ་བཤད་ཤེས་པ་བྱུང༌། དེ་ནས་གཡུ་དེ་བཙོངས་པས་གསེར་སྲང་བཅུ་གསུམ། དར་གུ་ལིང་ཡུག་གཅིག་གསེར་ཞོ་གང་གི་གླ་རྩི་རྣམས་བྱུང་བ་བསྣམས་ཏེ། སྦ་སྟོན་རྡོར་ཤེ། ཀོང་སྟོན་རིན་ཆེན་གསུམ་གྱིས་བལ་པོར་ལོ་བཅུ་གསུམ་པ་ལ་བྱོན། ཡ་གལ་དུ་ཀྲྀ་ཡོག་ལ་སྦྱངས། མི་རྣམས་ཡམ་བུའི་རྣལ་འབྱོ་ར་མ་བལྟ་བ་ལ་འགྲོ་བས་བོད་གསུམ་པོས་ཀྱང་བྱོན། རྣལ་འབྱོར་མ་དེ་གྲོང་ཁྱེར་པའི་གཏོར་མ་གསོལ་ནས་མྱ་ངན་འདས་ཆུང་གི་གཙུག་ལག་ཁང་དུ་བཞུད། དེའི་ཕྱི་ལ་རྣལ་འབྱོར་པ་རྭ་རུ་ཅན་བྱ་བ་འདུག་པའི་ཞལ་ནས། བལ་ཡུལ་ན་ང་ཕྱུག་ངའི་བྲང་ཁང་བལྟ་བ་ལ་འདེང་གསུང་སྟེ་བྱོན་པས། སོ་ཕག་གི་ཁང་པ་ཞིག་ན་གྱོ་མོ་དང་གཡམ་པ་མིག་ཕུག་པ་ཅིག་དང་རྭ་རུ་ཅིག་དང་ཤིང་ཁྱིམ་ཅིག་ལས་མི་འདུག་པ་བརྡར་ཤེས་ནས་མོས་པ་སྐྱེས། རྣལ་འབྱོར་མ་དེ་སྟོན་པ་མྱ་ངན་ལས་འདས་པའི་གཟུགས་ཉལ་བའི་སྟེང་ན་གཅེར་བུ་ནུ་མ་དང་བྷ་ག་བསྟན་ནས་འཛུམ་མེ་འདུག་པ་ལ། གདམས་པ་ཞུ་ན་བྱས་པས། རྭ་རུ་ཅན་ན་རེ། བྱིན་གྱིས་རློབ་པ་མ་གཏོགས་ཆོས་གནང་བ་མེད་ཟེར། འོ་ན་ཇི་ལྟར་བྱིན་གྱིས་རློབ་དྲིས་པས་རྭ་རུ་ཅན་ན་རེ། ངེད་ཚོང་པ་བཅུ་གསུམ་ཡོད་པ་ལ་ང་མ་གཏོགས་ཡོ་ཤི། རྣལ་འབྱོར་མས་ངའི་རྒྱབ་ཏུ་ས་འཐོར་བ་ལ་ཅི་ཡིན་དྲིས་པས། དེ་གངྒཱའི་བྱེ་མ་ཡིན་ཁྱོད་ཞག་བདུན་ན་འཆི་བ་ལ་དེས་ཞག་བཅུ་གསུམ་དུ་མི་འཆི། དེ་ནས་འཆི་ཟེར་བས། ཅི་ཕན་དྲིས་པས་རྫས་དང་ཡོ་བྱད་ཐམས་ཅད་སུ་འཁྱེར་འཁྱེར་ལ་བཏང་ནས་ངའི་ཕྱིར་ཕྱིན་ན་ཕན་གསུང༌། དེ་ལྟར་བྱས་པས་ང་ཡིས་ཁྱོད་ལ་བྱིན་གྱིས་རློབ་ཅིག་གསུང་ནས་ལག་མཐིལ་དུ་མཆིལ་མ་གནང༌། ཕྱག་སྤྱི་བོར་བཞག་པ་ཙམ་གྱིས་ཏིང་ངེ་འཛིན་ཇི་ལྟ་བ་བཞིན་དུ་སྐྱེས། ད་ང་ལ་གདམས་ངག་མི་དགོས་དེས་གྲོལ་བ་ཡིན་གསུང༌། ཡང་རྭ་རུ་ཅན་ན་རེ། བལ་ཡུལ་འདི་ན་རྒྱ་གར་ཕྱག་ན། ཕམ་ཐིང་བ། བྷ་རོ་ཕྱག་རྡུམ་ལ་སོགས་པའི་པཎྜི་ཏ་མང་པོ་ཡོད་ཀྱང་ཁྱོད་ལ་ཕན་མི་ཐོགས། ཡ་གལ་ན་རྣལ་འབྱོར་བ་མདའ་གཞུ་ཅན་ཞེས་བྱ་བ་གཞན་ལ་མདའ་རྒྱབ་པས་ཟང་ཐལ་དུ་སོང་ཡང་ཅི་ཡང་མི་འོང་བ་ཞིག་ཡོད། དེས་ཕན་ཐོགས་འོང་བས་དེ་ལ་གསོལ་བ་ཐོབ་ཟེར་བས་ཚིགས་བཅད་རེ་ཙམ་གསུང་བ་ལས་གཞན་མ་བྱུང༌། དེ་ནས་གསོལ་བ་མང་དུ་བཏབ་དངོས་པོ་ཅི་ཡོད་རྣམས་ཕུལ་བས། རྒྱ་གར་ཐང་ཁབ་ཀྱི་དུར་ཁྲོད་ཙིན་ཙི་ལིང་དུ་ཁྲིད། ཕྱི་རོལ་ཏུ་ལྕེ་སྤྱང་ལ་སོགས་དང་ལྷན་ཅིག་ཏུ་བཞག །སང་དེ་བླ་མས་གཡོག་མོ་ཀུ་མུ་ད་ར་བྱ་བ་ལ་གསེར་བསྐུར་ནས་ཚོང་འདུས་ནས་ཚོགས་འཁོར་རྒྱུའི་བཟའ་བཏུང་མང་པོ་ཉོས། སྐོར་ཆུང་བ་རང་མེ་ཏོག་འཐུར་བཅུག་ནས། མེ་ཏོག་ཚོམ་བུའི་དཀྱིལ་འཁོར་ལ་བརྟེན་ནས་བུམ་དབང་བསྐུར། མཚན་པྲཛྙཱ་ཤྲཱི་ཛྙཱ་ན་ཀཱིརྟིར་བཏགས། དེ་དུས་བླ་མས་གཏམ་རྒྱུད་མང་དུ་གསུངས་པ་གྲོ་ག་ལ་བྲིས་པས་བླ་མས་ཆུས་བཀྲུས། དེ་ནས་སྒྲ་ལ་ལོ་བཞི་སྦྱངས་པས་སྒྲའི་གནས་བཅུ་བདུན་མཁྱེན། དེ་ནས་རྗེ་བཙུན་མ་ཀུ་མུ་ད་ར་ལ་ཕྱག་བྱས་ནས་བྱིན་གྱིས་རློབ་པར་ཞུས་པས། བུམ་དབང་ལ་ཤེས་རབ་ཡེ་ཤེས་བཏགས་པ་ཅིག་གནང༌། རྗེ་བཙུན་མའི་ཞལ་ནས། ཁྱེའུ་ཁྱོད་སྐྱེ་འཆིས་འཇིགས་ནས་ཆོས་ལ་དཀའ་ལས་བྱེད་པ་ངོ་མཚར་བས། རྡོ་རྗེ་ཐེག་པ་ཐུན་མོང་མ་ཡིན་པ་མ་ནོར་བ་ཅིག་ངེད་ཀྱིས་སྦྱིན་གྱིས། བུས་ཀྱང་ཉམས་སུ་ལོང་ཅིག་གསུང་ནས་ཞབས་སྤྱི་བོར་བླངསསོ། །དེ་ནས་གཤིན་རྗེ་གཤེད་ནག་པོའི་ཆོས་སྐོར་ལ་སོགས་པའི་བསྐྱེད་རིམ་གྱི་ཆོས་སྐོར་ཐམས་ཅད་གསན་ནས་མཁྱེན། ཤེས་རབ་ཀྱི་མེ་འབར་བས་ཆོས་ཐམས་ཅད་མཁྱེན་པར་བྱུང་བ་ལ་བླ་མ་ཡབ་ཡུམ་ཡང་མཉེས། དེ་ནས་དབང་རྫོགས་པར་བྱེད་དགོས་གསུང་ནས་གནང་བར་ཞལ་གྱིས་བཞེས་པ་ལ་ཡོ་བྱད་མེད་ནས་བལ་ཡུལ་དུ་བྱོན། གྲོགས་པོ་གཉིས་ཀྱང་མོས་ནས་ཞུ་ཟེར། དེ་ནས་ལོ་བཅུ་དགུ་ལོན་པ་ལ་བོད་དུ་བྱོན་ནས། ལ་སྟོད་ཀྱི་ལེང་ལོ་ཙཱ་བའི་སར་མི་བཅུ་གསུམ་ལ་བུམ་དབང་བསྐུར་བས་རྟ་ཅིག་ཕུལ། དེ་ནས་མར་བྱོན་ནས་གྲ་ཐང་དུ་དགེ་བཤེས་གྲྭ་པ་མངོན་ཤེས་ལ་ནུབ་མོ་གསངས་ནས་བདེ་མཆོག་ལཱུ་ཡི་པ་དཱི་བངྐ་རའི་ལུགས་དང༌། ནཱ་རོ་ལུགས་གཉིས་གསུངས་པས་གསེར་སྲང་ཕྱེད་ཕུལ་ལོ། །འདི་གྲྭ་པའི་ལོ་དྲུག་ཅུ་རྩ་དགུ་པ་ཡིན། ལར་གསེར་སྲང་བཅུ་གསུམ་རྙེད་ནས་ལོ་ཞབས་དེ་ཉིད་ལ་ཙིན་ཙི་ལིང་དུ་བྱོན། གསེར་སྲང་བདུན་ལ་མཎྜལ་བྱས་ནས་བླ་མ་ལ་ཕུལ་བས་ལོ་བདུན་ན་བསོད་ནམས་འོང་ཞེས་ལུང་བསྟན་ཏེ། དེ་ལྟར་བྱུང་གསུང༌། གསེར་སྲང་དྲུག་གིས་དབང་རྫོགས་ཞུ་བའི་ཡོ་བྱད་བྱས་ནས། དེ་ནས་བླ་མ་ཡབ་ཡུམ་གྱིས་ཟུང་འཇུག་གི་སྦྱོར་བ་ལ་སྙོམས་པར་ཞུགས་ནས་གསང་བའི་དབང་བསྐུར་རོ། དེ་ནས་བལ་མོ་འབྲི་སྣུ་བྱ་བ་ལ་ཕྱག་རྒྱ་མཛད་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར། དབང་བཞི་པ་བརྔས་བསྟན་ཏོ། །དེ་ནས་སྙིང་པོའི་སྐོར་ཐམས་ཅད་གསན་པས་རྟོགས་པས་ང་རྒྱལ་ལོ། །དེ་ནས་རྒྱ་གར་གྱི་གྲོང་ཁྱེར་གྱི་མཐའ་ན་གསང་སྤྱོད་པ་ཡོད་པའི་རྩར་བཏང་བས་ཕྱིན་པ་དང༌། མཆོད་ཁང་ཅིག་ན་ཐང་ཀ་ཅིག་བཀྲམ། དེའི་མདུན་ན་མཆོད་པ་ལྔ་བཤམས་ནས་འདུག །དེར་བསྡད་བས་དགེ་སློང་གི་ཆ་བྱད་འཛིན་པ་ཅིག་ལྷུང་བཟེད་དང་གསིལ་བྱེད་ཐོགས་ནས་གྲོང་ཁྱེར་ནས་བསོད་སྙོམས་བསླངས་ཏེ་བྱོན་ནས། ཁྱོད་རྣལ་འབྱོར་པ་མདའ་གཞུ་འཛིན་པའི་སློབ་མ་ཡིན་ཏེ་འོང་གསུང་ནས། དེ་ནས་ནུབ་མོ་ཐང་ཀ་བསྡུས་པའི་འོག་ནས་སྒོ་ཆུང་ཅིག་ཕྱེ་ནས་ཕྱག་རྒྱ་མོ་མཚན་དང་ལྡན་པ་རུས་པའི་རྒྱན་ལ་སོགས་པས་བརྒྱན་པ་མང་པོ་ཕྱུང་ནས། གསང་སྔགས་ཀྱི་སྤྱོད་པ་སྣ་ཚོགས་མཛད་དེ་བདེ་བ་སྦར་ནས། ནང་པར་ཡང་སྦས་ནས་སྒོ་བཅད་དེ་ཐང་ཀས་བཀབ་ནས། ཁོང་རང་བསོད་སྙོམས་ལ་གཤེགས་ཏེ། ངེད་རྒྱ་གར་བ་གསང་སྤྱོད་འདི་ལྟར་བྱེད་པ་ཡིན་ཞེས་ཟེར་བ་ལ་ཤིན་ཏུ་ཡང་ངེས་ཤེས་སྐྱེས་ནས། གསང་སྤྱོད་ཟླ་བ་དྲུག་མ་མཛད་དོ། །དེ་ནས་བོད་དུ་འབྱོན་པར་བཞེད་པ་དང༌། བླ་མའི་ཞལ་ནས། དཔལ་ཨུ་རྒྱན་གྱི་ཡུལ་ན་མཁའ་འགྲོ་མའི་ཐོད་པ་དུམ་བུ་གཅིག་པ། དཔྲལ་བ་ན་མིག་གཅིག་ཡོད་པ་དེ་ལྟ་བུ་ཅིག་ཡོད་པས། དེ་ཁྱོད་ལ་ཡོད་ན་བར་ཆད་ཐམས་ཅད་ཀྱིས་མི་ཚུགས་ཏེ་བླང་ཏུ་འདོད་གསུང་བ་ལ། རྟོགས་པས་ང་རྒྱལ་ཏེ་མ་བྱོན་པས། འོ་ན་འདི་ཁྱེར་གསུང་ནས་དུམ་ཅིག་མ་ཁྱེར་ནས་བྱོན། བྱོན་ཁར་གདུང་བ་སྐྱེས་ནས་ཙིན་ཙི་ལིང་གི་ཐང་ལ་རྗེ་བཙུན་ཀ་རོ་པའི་བསྟོད་པ་ཡང་བཞེངས། དེ་ནས་འཕགས་པ་ཤིང་ཀུན་ལ་སྐོར་བ་མཛད་དེ་ཞག་གསུམ་བཞུགས་པ་ལས། བལ་པོའི་ཡོན་བདག་བྷ་ཧ་ཞེས་བྱ་བ་ན་རེ། བདག་གི་མཆོད་གནས་སུ་བཞུགས་འཚལ་ཞེས་ཞུ་བ་ཕུལ་བས་ཟླ་བ་གཅིག་ཞུགས་ཏེ། དེའི་སྐབས་སུ་གྲོང་འཇུག་མཛད་པའི་ལོ་རྒྱུས་ནི། དེ་ཡང་རྒྱ་གར་གྱི་ཡུལ་ན་རྗེ་བཙུན་ཀ་རོ་བ་ཞེས་བྱ་བ་རིག་པའི་གནས་རྣམ་པ་ལྔ་ལ་མཁས་པ། པཎྜི་ཏ་ལས་རྣལ་འབྱོར་པར་གྱུར་པ། བརྒྱུད་པ་དགུའི་གདམས་པ་མངའ་བ། མངོན་ཤེས་དང་ལྡན་པ་ཅིག་བཞུགས་པ་ལས། དེ་ལ་སློབ་མ་མང་ཡང་མཆོག་ཏུ་གྱུར་པ་ནི། ནི་རཱུ་པ་ཏའི་རྣལ་འབྱོར་པ་ཞེས་བྱ་བ། དང་པོར་མཁས་པར་བློ་སྦྱངས་པ། བརྒྱུད་པ་དགུའི་གདམས་པ་ཐུགས་སུ་ཆུད་པ། སྐུ་བགྲེས་པ། དགུང་ལོ་བདུན་ཅུ་རྩ་བཞི་ལོན་པ། གྲུབ་པ་ཐོབ་པ་ཅིག་གནས་པ་ལས། དུས་ནམ་ཞིག་ན་རྗེ་བཙུན་ཀ་རོ་པའི་ཞལ་ནས། ཀྭ་ནི་རཱུ་པ་ཁྱོད་བོད་ཡུལ་དུ་འགྲོ་དགོས་པར་འདུག་གོ་ཞེས་གསུང་ངོ༌། །ཡང་དུས་ནམ་ཞིག་ན་ཁྱོད་ཀྱིས་བོད་ཡུལ་དུ་ཕྱིན་ན་འགྲོ་བ་སེམས་ཅན་རྣམས་ལ་ཕན་ཐོགས་ཏེ་འོང་བར་འདུག་གོ་ཞེས་གསུང་ངོ༌། །བདག་གིས་སེམས་ཅན་གྱི་དོན་ཅང་འོང་ངམ་བྱས་པ་དང༌། ཡང་དུས་ནམ་ཞིག་ན་ཁྱོད་ཀྱིས་བོད་དུ་སེམས་ཅན་ལ་ཕན་ཐོགས་པས་ཁྱོད་བོད་ཡུལ་དུ་ངེས་པར་སོང་ཞིག་ཅེས་གསུང་ངོ༌། །འོ་ན་འགྲོ་ཐབས་ཇི་ལྟ་བགྱི་ཞུས་པས། འདི་ནས་རྡོ་ཆུའི་གླིང་དུ་སོང་དང༌། རྡོ་ཆུའི་གནོད་པས་ཀྱང་མི་ཚུགས་ལ། དེ་ན་མཁའ་འགྲོ་མའི་གླིང་ཡོད་པས་མཁའ་འགྲོ་མ་རྣམས་ཀྱིས་ཀྱང་བྱིན་གྱིས་རློབ་ཅིང་སྡོང་གྲོགས་བྱེད་པར་འགྱུར་རོ་ཞེས་ལུང་བསྟན་ནོ། དེ་ནས་ནི་རཱུ་པས་གསུང་བཞིན་བྱས་ཏེ་རྡོ་ཆུ་ལ་བྱོན། རྡོ་ཆུ་དེ་སེམས་ཅན་གང་ལ་རེག་པ་དེ་འཆི་ཞིང་རྡོར་འགྱུར་བ་ལས་དེས་གནོད་པར་མ་གྱུར་ཏོ། །དེ་ནས་མཁའ་འགྲོ་མ་རྣམས་ཀྱིས་མདུན་བསུ་ནས་མཆོད་བསྟོད་བྱས་ཏེ་ཚོགས་ཀྱི་འཁོར་ལོའི་གཙོ་བོ་མཛད་དེ་ལན་གསུམ་དུ་བསྐོར་རོ། །དེ་ནས་མཁའ་འགྲོ་མ་རྣམས་ཀྱིས་ལུང་བསྟན་ཏེ། ཁྱོད་བལ་ཡུལ་དུ་སོང་དང་དེར་བོད་ཕྲུག་མཚན་དང་ལྡན་པ་གཞོན་ནུ་ལ་རབ་ཏུ་བྱུང་བ་ཤེས་རབ་དང་ལྡན་པ་ཅིག་དང་འཕྲད་ཀྱིས། དེ་དུས་ལ་བབ་པ་ཡིན་པས་གྲོང་འཇུག་གྱིས་ལ་བོད་ཡུལ་དུ་སོང་ཞིག །ངེད་ཀྱིས་ཀྱང་བར་ཆད་བསྲུང་ཞིང་གྲོགས་བྱའོ་གསུང་ངོ༌། །དེ་ནས་རྗེ་བཙུན་ནི་རཱུ་བས་བལ་པོར་བྱོན་པ་དང༌། སྐོར་ཆུང་བ་དང་ཡོན་བདག་བྷ་ཏའི་གནས་སུ་འཛོམ་སྟེ། སྐོར་ཆུང་བ་འདས་པའི་ལུས་དེ་ལ་ནི་རཱུ་པས་གྲོང་འཇུག་མཛད་དེ་སྔར་གྱི་སྐུ་ལུས་དེ་བསྲེག་སྦྱངས་མཛད་ནས་བོད་དུ་བྱོན། དང་པོ་ལྡོམ་བུ་བའི་སྤྱོད་པས་བསོད་སྙོམས་མཛད་ཅིང་བཞུགས་ཙ་ན། ལྷ་སར་རྗེ་བཙུན་ཀ་རོ་བ་ཡབ་ཡུམ་བྱོན་ནས་མཇལ་ཏེ། བྱེ་མའི་གསེབ་ནས་པྲཛྙཱ་ཀཱིརྟི་ཞེས་རྗེ་བཙུན་མ་ཀུ་མུ་ད་ར་འབོད་དེ། འདིར་བྱོན་པ་ཇི་ལྟར་ལགས་བྱས་པས། ཡུམ་ན་རེ། རྗེ་བཙུན་ཀ་རོ་བ་ཡང་ཕ་བི་ན་བཞུགས། ཁྱོད་ལ་བར་ཆད་འོང་བར་འདུག་པས་ངེད་འོངས་པ་ཡིན་གསུང༌། དེ་ནས་ཕྱག་དང་སྐོར་བ་བྱས་ཞབས་སྤྱི་བོར་བླངས། བླ་མས་ཀྱང་བྱིན་གྱིས་བརླབསསོ། །བླ་མས་བྱིན་གྱིས་བརླབས་པས་ཕྱིས་གྱེ་རེ་ཤེའུ་ཆུང་པས་གསད་པར་བརྩམས་པ་ལས་བར་དུ་མ་ཆོད་པ་ཡིན་གསུང༌། ལྷ་སར་དབང་རྣམ་ངེས་ཚར་གཅིག་གསན། དེ་ནས་རྗེ་བཙུན་པ་ཡབ་ཡུམ་མང་ཡུལ་གུང་ཐང་དུ་བསྐྱལ། དེ་ནས་མར་ལོག་ནས་ཟངས་གླིང་གི་པཎྜི་ཏའི་ཆ་བྱད་མཛད་དེ་བྱོན་པས་བོད་དུ་རྒྱ་གར་ཟངས་གླིང་པ་བྱོན་བྱ་བར་གྲགས། དེ་ནས་བོད་རང་གི་ཆ་ལུགས་སུ་མཛད་ནས་དགེ་སློང་བཅུ་གསུམ་པོ་ལ་སོགས་པའི་སློབ་མ་རྣམས་ལ་ལོ་ཉི་ཤུ་རྩ་གཅིག་ལ་གསང་སྔགས་ཀྱི་ཆོས་བཤད། དབང་བསྐུར། གསང་སྔགས་ཀྱི་ཆོས་མང་པོ་རང་འགྱུར་དུ་བསྒྱུར། རྒྱུད་སྡེ་དུ་མ་དང་གདམས་ངག་གི་སྐོར་མང་པོ་གསུངས་ནས། དམ་པའི་ཆོས་གསང་སྔགས་ཟབ་མོ་དང་སྙིང་པོའི་བསྟན་པ་དར་བར་མཛད་པ་ཡིན་ནོ། །སྤྱིར་ན་དགུང་ལོ་ལྔ་ནས་ཉི་ཤུ་རྩ་གཅིག་གི་བར་སློབ་གཉེར་མཛད། ཉི་ཤུ་རྩ་ལ་བོད་དུ་བྱོན། ཉི་ཤུ་རྩ་གཅིག་ནས་སྙིང་པོའི་དོན་བཤད་དེ། དགུང་ལོ་བཞི་བཅུ་རྩ་གཅིག་པ་ཆུ་ཕོ་རྟ་ལ་མྱ་ངན་ལས་འདསསོ། །དེ་ཆ་དར་ཤེས་རབ་སེང་གེ་ལ་ཆོས་སྐོར་རྣམས་གསུངས། དེས་སྲས་ཡེ་ཤེས་སེང་གེ དེས་ཁམས་པ་གླང་སྟོན། དེས་བླ་མ་ཁྲག་པ་ཆེན་པོ། དེས་བླ་མ་མྱང་ཆེན་པོ། དེས་སངས་རྒྱས་ཇོ་སྲས། དེས་སློབ་དཔོན་ཤཱཀ་ཤེ། དེས་དགེ་སློང་རཏྣེ་ཤྭ་ར་ལ་གསུངསསོ། །སྐོར་འདི་གྲུབ་ཐོབ་ཆེན་པོ་བོད་དུ་ཡུན་རིང་དུ་བཞུགས་པ་ཞིག་ན་ཡང༌། དིང་སང་དགེ་བའི་བཤེས་གཉེན་རྣམས་དེའི་གཏམ་ཆེར་མི་གླེང་བས་རྣམ་ཐར་ཅུང་ཟད་རྒྱས་པར་བྲིསསོ། ། ཡང་རྒྱ་གར་ཕྱག་ན་སྔོན་སྤྱོད་པ་ལ་གཤེགས་ཏེ་བལ་པོར་ལྡོམ་བུ་མཛད་པའི་ཚེ། བལ་པོར་ཆོས་སྤེལ་བར་ནུས་སམ་མི་ནུས་གཟིགས་པས་ནུས་པར་དགོངས་ནས། ཕྱིས་ལོ་ལྔ་བཅུ་བཞེས་པའི་ཚེ་ཡེ་རང་དུ་བྱོན་ནས་བཞུགས། འབྲོག་ཇོ་སྲས་ལ་སོགས་པའི་བོད་སྟོན་རྣམས་ཀྱིས་མཇལ་ནས་ཆོས་ཞུས་ཏེ། ཆོས་ནི་གྲུབ་སྙིང་ཕྲ་མོ་དང་བཅས་པའི་གཞུང་དང༌། གདམས་ངག་མཚན་ཉིད་ཀྱི་རྗེས་སུ་འབྲངས་པའི་བྲུལ་ཚོ་དགུ། ཕ་རྒྱུད་ཀྱི་རྗེས་སུ་འབྲངས་པའི་བྲུལ་ཚོ་དགུ། མ་རྒྱུད་ཀྱི་རྗེས་སུ་འབྲངས་པའི་བྲུལ་ཚོ་དགུ་སྟེ་ཉི་ཤུ་རྩ་བདུན་པོ་རྣམས་ལས་ཀྱི་ཕྱག་རྒྱ། ཆོས་ཀྱི་ཕྱག་རྒྱ། ཕྱག་རྒྱ་ཆེན་པོ། དམ་ཚིག་གི་ཕྱག་རྒྱ་སྟེ་ཕྱག་རྒྱ་བཞིས་བཅིངས་ཤིང༌། ལྟ་བ་ལུང་རིགས་དང་འབྲེལ་བ། སྒོམ་པ་ཉམས་མྱོང་དང་འབྲེལ་བ། སྤྱོད་པ་དུས་ཚོད་དང་འབྲེལ་བ། འབྲས་བུ་གཞན་དོན་དང་འབྲེལ་བ། ལམ་དྲོད་རྟགས་དང་འབྲེལ་བ། དབང་གདམས་ངག་དང་འབྲེལ་བ་སྟེ་འབྲེལ་པ་དྲུག་ལྡན་དུ་གསུངས། གཞུང་ལ་གྲུབ་པ་སྡེ་བདུན་ནི། མཚོ་སྐྱེས་ཀྱི་གསང་བ་གྲུབ་པ། ཡན་ལག་མེད་པའི་རྡོ་རྗེའི་ཐབས་དང་ཤེས་རབ་གྲུབ་པ། ཨིནྟྲ་བྷཱུ་ཏིའི་ཡེ་ཤེས་གྲུབ་པ། ལ་ཀྵྨཱི་ཀ་རའི་གཉིས་མེད་གྲུབ་པ། ཊོམྦྷི་ཧེ་རུ་ཀའི་ལྷན་ཅིག་སྐྱེས་གྲུབ། དཱ་རི་ཀ་བའི་གསང་བ་ཆེན་པོའི་དེ་ཁོ་ན་ཉིད་གྲུབ་པ། རྣལ་འབྱོར་མ་ཙི་ཏོས་མཛད་པའི་དངོས་པོ་གསལ་བའི་རྗེས་སུ་འགྲོ་བའི་དེ་ཁོ་ན་ཉིད་གྲུབ་པ་རྣམསསོ། །སྙིང་པོ་ནི། རྒྱལ་པོ་དང༌། བཙུན་མོ་དང༌། དམངས་དོ་ཧ་སྟེ་གསུམ་མོ། གཞན་མཻ་ཏྲི་པས་མཛད་པའི་དབང་ངེས་བསྟན་དང༌། བདག་མེད་མ་གསལ་བ་ལ་སོགས་པའི་ཆོས་ཕྲན་རྣམས་དང༌། ལྷན་ཅིག་སྐྱེས་པའི་རྡོ་རྗེས་མཛད་པའི་དེ་ཁོ་ན་ཉིད་བཅུ་པའི་འགྲེལ་བ་དང༌། གནས་པ་བསྡུས་པ། ཕྱག་ནས་མཛད་པའི་རྡོ་རྗེའི་ཚིག་འབྱེད་དང༌། བླ་མ་བརྒྱུད་པའི་རིམ་པ། དེ་བ་ཨཱ་ཀ་ར་ཙནྡྲས་མཛད་པའི་ཤེས་རབ་ཡེ་ཤེས་གསལ་བ། ར་མ་པཱ་ལས་མཛད་པའི་དབང་ངེས་བསྟན་གྱི་འགྲེལ་པ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་ཕྱག་རྒྱ་བཞི་རྗེས་སུ་བསྟན་པ་རྣམས་ལ་ཕྲ་མོ་སྐོར་ཞེས་གྲགས་ཏེ་དེ་རྣམས་གསུངས། དེ་རྗེས་སུ་འབྲོག་ཇོ་སྲས་ཀྱིས་བླ་མ་ཕྱག་ན་བོད་དུ་སྤྱན་དྲངས་ཏེ། གཙང་གི་ཆུ་སྒོར་བཞུགས་ནས་བོད་སྟོན་རྣམས་ལ་ཕྱག་རྒྱ་ཆེན་པོའི་ཆོས་མང་དུ་གསུངས་པའི་སློབ་མ། ཤེ་སྟོན་བྱང་འབར། ཞིང་སྔ་རིང་མོ། ཁམས་པ་རྒྭ་སྟོན། སྤུ་ཧྲངས་ནག་པོ་ཤེར་དད། འབྲོག་ཇོ་སྲས་རྡོ་རྗེ་འབར། འོར་བརྒྱད་སྟོན་ཆུང༌། ཀླུང་ཤོད་པ་ཁྱུང་ཁྲི། ཁྱིའུ་བརྩོན་འགྲུས། བ་རེག་ཐོས་པ་དགའ། བྲང་ཏི་བློ་གྲོས་དབང༌། བྲའོ་འབུམ་ལ་འབར། བྲག་པ་དཀོན་གྲགས། སེ་སྟོན་སྒྲ་གཅན་ཟིན། མཚུར་དབྱིག་གི་རྒྱལ་མཚན་རྣམས་དང༌། སློབ་མ་ལོ་ཙཱ་བ་ཡང་ནག་ཚོ་ཚུལ་ཁྲིམས་རྒྱལ་བ། རྨ་བན་ཆོས་འབར། གཉན་དྷརྨ་གྲགས། མཚུར་ཡེ་ཤེས་འབྱུང་གནས་ཏེ་བཞིའོ། །དེ་རྣམས་ལས་མང་བར་བྱས་ན་བོད་སྟོན་སུམ་ཅུའོ་ཞེས་ཀྱང་ཟེར་རོ། །འབྲོག་ཇོ་སྲས་ཀྱིས་ཕྱག་ན་སྤྱན་འདྲེན་པའི་ཚེ་གསེར་སྲང་བརྒྱད་ཅུ་འབུལ་བར་ཞུས། ཡབ་ཀྱི་འདང་མཛད་པའི་ཚེ་གསེར་སྲང་ལྔ་བཅུ་ལ་བརྒྱད་ཅུ་ལྟར་བཅོས་ནས་ཕུལ་བས། བླ་མ་ཕྱག་ནའི་ཉི་གནས་རྣམས་ཀྱིས་གཞལ་བས་ལྔ་བཅུར་འདུག་ནས། དེ་ལ་བླ་མ་མ་དགྱེས་ཏེ་འབྲོག་ཇོ་སྲས་ཀྱིས་ང་ལ་བརྫུན་བྱ་བར་མི་འོས། འདི་འདྲ་ན་ཁོའི་ཕ་དེ་ཡང་གཤའ་མ་ཅིག་མིན་ནམ། ཕ་ཡི་སྤྱོད་པ་བུ་ཡིས་སྟོན། བྱ་བ་ཡིན་གསུང་ནས་ཆུ་གྲིས་རང་གི་གསུས་པ་ཐལ་མར་གཤགས། དེར་འཁོར་རྣམས་བྲེད་ནས་ངུས་པས། ཁྱེད་རྣམས་མ་དགའ་འམ་ཅི་ཡང་མི་ལྟོ་གསུང་ནས་ཕྱག་གིས་བྱིལ་བ་ཙམ་གྱིས་སྨེན་པ་ཙམ་ཡང་མེད་པར་གྱུར་ཏེ་ལྷོ་བལ་དུ་ཐེགས། འདིའི་གྲུབ་རྟགས་བརྒྱད་ནི། དུག་སྦྲུལ་བྱུང་བ་ལ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་གྱིས་བཟློགས་པ་དང༌། གླང་ཆེན་སྨྱོན་པ་བྱུང་བ་མཁའ་འགྲོ་མས་བཟློག་གྲོགས་བྱས་པ་དང༌། མཁའ་འགྲོ་མ་དེས་ལུང་བསྟན་ནས་གྲོང་ཁྱེར་དུ་བྱོན་པས་བྲམ་ཟེ་རྒན་པོ་མཁའ་འགྲོ་མ་ཆུང་མར་ཡོད་པ་ཅིག་གིས། ཨུ་རྒྱན་གྱི་རྒྱལ་པོ་གཉིས་འཐབ་རྩོད་ཤོར་ནས་རྒྱལ་པོ་ཨ་བྷྲོ་ཞེས་བྱ་བ་སྐྱེ་བ་བདུན་པ་ཅིག་ལ་རྒྱལ་པོ་གཞན་དེའི་བློན་པོ་མོང་རྩེ་མོང་གིས་མདའ་མདེའུ་རྡོ་རྗེ་ཕ་ལམ་ལས་བྱས་པ་སྨིན་མཚམས་སུ་རྒྱབ་ནས་ཤི་བའི་རོ་མཁའ་འགྲོ་མ་རྣམས་ཀྱིས་ཧབ་ཐོབ་བྱས་པས། བྲམ་ཟེ་རྒན་པོའི་ཆུང་མས་མགོ་ཐོབ་ནས་ཁྱིམ་དུ་ཁྱེར་འོངས་པས་བྲམ་ཟེས་འབར་བས། ཁྱོད་དང་ལས་འབྲེལ་ཡོད་པས་ཞབས་ཏོག་བྱས་པ་ཡིན། ད་མི་དགོས་ན་ཕྱིན་ཆོག་ཟེར་ནས་མགོ་དེ་ཕྱག་ན་ལ་ཕུལ་ནས་མོ་རང་ཤི། ཐོད་པ་དེ་ཕྱག་ནས་ས་འོག་ཏུ་སྦས་པས་ནམ་མཁའ་ནས་སྒྲ་བྱུང་བས་དངོས་གྲུབ་ཏུ་ཤེས་ནས་ས་ལས་ཕྱུང་སྟེ། ཉར་བཅག་མཛད་པས་དངོས་གྲུབ་བྱུང་བ་དང༌། དེའི་ནང་དུ་ཆང་ཅུང་ཟད་རེ་བླུགས་ནས་སྣོད་དུ་བཅུག་པས་སྣོད་ཆང་གིས་ཁེངས་འོང་བ་དང༌། ཆུ་བོ་གངྒཱའི་འགྲམ་ན་ཡར་བྱོན་པས་མཁའ་འགྲོ་མ་གཉིས་ཀྱིས་རྡོའི་སྒོམ་ཐག་སྲུབས་མེད་ཅིག་བཏགས་ནས་ཕུལ་བ་དང༌། ཕག་མོ་བུམ་པ་གསུམ་པའི་སྦྱིན་སྲེགས་མཛད་ནས་རྡོ་རྗེ་རྣལ་འབྱོར་མའི་ཞལ་སློབ་མ་ལ་དངོས་སུ་སྟོན་ནུས་པ་དང༌། བ་དམར་མོའི་ལྕི་བ་ས་ལ་མ་རེག་རིན་པོ་ཆེའི་སྣོད་དུ་བཞག་ནས་དེའི་སྟེང་དུ་ཤིང་ཐོག་བཞག་སྟེ་བྱིན་བརླབས་མཛད་པས་ཤིང་ཐོག་ཟད་མེད་འོང་བ་དང༌། ཆུ་བོ་གངྒཱའི་འགྲམ་དུ་རྒྱལ་པོ་བྱུང་ཡང་ཆོམ་རྐུན་གྱིས་འཇོམས་པ་ལ། གཤིན་རྗེ་གཤེད་ཀྱི་ཏིང་ངེ་འཛིན་གྱིས་ཇག་པ་རེངས་པར་མཛད་པ་དང༌། ཇོ་སྲས་རྡོ་རྗེ་འབར་གྱིས་གསེར་ཕུལ་བས་ཆུ་གྲིས་གསུས་པ་གཤགས་པ་དང་བརྒྱད་ཟེར་རོ། འཁོན་ཕུ་བའི་སྲས་ཟླ་བ་འོད་ཟེར་གྱིས་བལ་པོར་བྱོན་པའི་ཚེ་གྲུབ་པའི་རྟགས་ངོ་མཚར་བ་མཛད་པ་མཐོང་བའི་ལོ་རྒྱུས་ཀྱང་འདུག་གོ། ཕྱག་ནའི་སློབ་མ་ཁ་ཆེ་དྷརྨ་ཤྲཱི་སྤྱན་གཅིག་པ་ཞེས་བྱ་བས་ཀྱང་བླ་མའི་ཕྱགས་ཕྱིར་བྱོན། ཕྱག་རྒྱ་ཆེན་པོའི་སྐོར་མང་དུ་བཤད། བོད་ཀྱི་སློབ་མ་རྣམས་དང་བགྲོས་ནས་འབུམ་གྱི་ཊཱི་ཀ་དང་སྡུད་པའི་ལྡེ་མིག་བརྩམསསོ། ། ཡང་ཕྱག་ནའི་སློབ་མ་ལ་སྟོད་གཙང་ཤོང་བ། དེ་ནས་ཤེར་སྒོམ་དར་སེང༌། ཇོ་བཙུན་མེ་འབར། ཞིང་དེང་པོ་ལུང་བ། གོ་ལུང་བ། གྲུབ་ཐོབ་བཙུན་པ། མངའ་རིས་ཆར་ཆུང་བ། ལ་སྟོད་ན་ཟླུམ་པ། མཁན་པོ་སྙིང་པོ་རྒྱལ་མཚན། མཁན་པོ་རྒྱལ་མཚན་འོད། མཁན་པོ་ནམ་མཁའ་རྒྱལ་མཚན། འཇམ་དབྱངས་རིན་ཆེན་བཟང་པོ། མི་ཉག་ཤེས་རབ་བཟང་པོ། རྗེ་བཙུན་རི་མི་འབབས་པ་ལས་མི་ཉག་པས་མཛད་པས་ཁྲིད་ཡིག་བདག་གིས་ཐོབ་བོ། །དེ་ལྟར་ཕྱག་ན་དཔོན་སློབ་ལས་བྱུང་བ་རྣམས་ལ་ཕྱག་རྒྱ་ཆེན་པོ་སྟོད་ལུགས་ཤེས་གྲགསསོ། ། ཨ་སུ་ནི། མེས་པོ་རྒྱ་གར་ནས་འོངས་པའི་པཎྜི་ཏ་བལ་པོའི་བྷ་རོ་རྣམས་ཀྱི་མཆོད་གནས་ཡིན་པ་ལ། དེའི་བུས་ཡོན་ཏན་མ་བསླབས་པས་བྷ་རོའི་གཡོག་པོར་གྱུར་པ་དེའི་བུ་སྟེ། ཆུང་ངུ་ནས་ཤེས་པ་རྣོ་ཞིང་གྲུང་བས་རྒྱ་སོ་ཁ་ཡན་ཆད་ཀྱི་ཚོང་ཟོག་བླངས་ནས་རང་གི་བདག་པོ་བྷ་རོ་དེ་ལ་ཕུལ་བས་བྷ་རོ་དགའ་སྟེ། ད་ངས་ཁྱོད་ལ་ཁྱིམ་ཅིག་དབུབ་ཟེར་བ་ལ། ཨ་སུས་བདག་ལ་ཁྱིམ་མི་འཚལ། ཆོས་འདོད་པས་ཆོས་ལ་བཏང་བར་ཞུ་བྱས་པས་བྷ་རོས་ཀྱང་གནང་སྟེ། དང་པོར་བལ་པོ་ཛ་ཧཱུྃ་ངམ་ཤནྟི་བྷ་དྲར་གྲགས་པས་པཎྜི་ཏ་དེ་ལ་དབང་དང་རྒྱུད་འགྲེལ་མང་དུ་མཉན། དེ་ནས་ཕྱག་ན་ལ་གདམས་པ་ཞུས་པས་བདེན་པ་གཟིགས་ཏེ་ཡང་དག་པའི་སྐྱེས་བུར་གྱུར་ནས། རྒྱའི་ཡུལ་དུ་གཤེགས་པར་དགོངས་ཏེ་འཕན་ཡུལ་གྱི་སུམ་འཕྲང་དུ་ཐོགས་ཤིག་བཞུགས་ནས་འཁོར་མང་པོ་ལ་ཆོས་གསུང་པའི་ཚེ། ཇོ་མོ་འབྲོམ་མོ་གཟའ་ཅིག་དང་མཐུན་ནས་སྲས་གྲགས་པ་སེང་གེ་འཁྲུང་པའི་ངོ་མཐོང་བས་རྒྱལ་འབྱོན་པ་གཤོལ་ཏེ། རླུང་ཤོད་དུ་ཡུན་རིང་དུ་བཞུགས། རྨ་སྒོམ་ཆོས་ཀྱི་ཤེས་རབ་ཀྱིས་ཀྱང་ཨ་སུ་དང་ཀླུང་ཤོད་དུ་མཇལ་ཕྱིས་ཡོན་བདག་ཀླུ་ཕྱུག་གིས་སྤྱན་དྲངས་ནས་འབྲོམ་སྟོད་དུ་བཞུགས། དེར་རང་གི་ཆོས་ཕག་མོའི་བྱིན་རླབས་སྐོར་དང་དོ་ཧ་དང་ཕྱག་རྒྱ་ཆེན་པོ་བཤད་པས་གྲྭ་པ་ཁྲི་ཚོ་མང་པོ་བྱུང༌། དེའི་ཚེ་ཆོས་རྗེ་རས་ཆུང་པས་ཀྱང་མཇལ་ནས་ཆོས་ཞུས། ཨ་སུའི་གསུང་གིས་ད་བུ་སྨད་གསོ་དགོས་པས་ཁྱོད་ཀྱིས་བསོད་སྙོམས་གྱིས་ལ་ང་ལ་ནས་ཕུལ་གསུང་བས། ནས་མང་པོ་རྙེད་དེ། ནས་བོང་རྒྱབ་ཉི་ཤུ་ཙམ་ཕུལ། དེ་ལ་རིགས་ཀྱི་སྲས་གྲགས་པ་སེང་གེ་ ཆོས་ཀྱི་གྲགས་པ། ཨིནྡུ་དབང་ངེ་དང་བཞིའོ། །སྲས་མོ་ལྷ་འདྲེ་མི་གསུམ་བྱ་བ་སྟེ་ལྕམ་སྲིང་བདུན་ནོ། རྗེ་བཙུན་གྲགས་པ་སེང་གེ་ནི། ཡབ་ཀྱི་དགོངས་པ་ལོན་པ། ཕྱག་རྒྱ་ཆེན་པོའི་རྟོགས་པ་ནམ་མཁའ་ལྟ་བུ་ཐུགས་ལ་འཁྲུངས་པ། འཇིག་རྟེན་གྱི་སྣང་བ་རྨི་ལམ་སྒྱུ་མ་ལྟ་བུར་མཁྱེན་པ། དངོས་གྲུབ་རྣམ་པ་གཉིས་བརྙེས་པའི་རྣལ་འབྱོར་པའོ། ཆོས་ཀྱི་གྲགས་པ་ནི། ཆོས་སྤྱི་དང་རང་གི་མཚན་ཉིད་ལ་མཁས་པ་ཁྱད་པར་ཕྱག་རྒྱ་ཆེན་པོ་ལ་ཤིན་ཏུ་མཁས་པ་ཡིན་ནོ། ཨིནྡུ་དང་དབང་ངེ་ལ་བརྒྱུད་པ་ཟིན་པ་མ་བྱུང༌། གྲགས་པ་སེང་གེའི་སྲས་གྲུབ་ཐོབ་མགོན་པོ། གཅུང་སངས་རྒྱས་སྒོམ་པ། དེ་འོག་སེང་གེ་གྲགས། ཆུང་ཤོས་སློབ་དཔོན་བལ་པོ་འཇིག་རྟེན་ནོ། དེ་ལ་གྲུབ་ཐོབ་མགོན་པོ་ནི། ཕྱག་རྒྱ་ཆེན་པོའི་ཆོས་ལ་ཐོས་བསམ་མཛད་པས་མཁས་པ་ཆེན་པོར་གྱུར། ཡི་དམ་རྡོ་རྗེ་ཕག་མོ་ལ་སྒྲུབ་པ་མཛད་པས་ཞལ་གཟིགས། འཇིག་རྟེན་གྱི་མཁའ་འགྲོ་བྲན་དུ་འཁོལ། ཆོས་སྐྱོང་མགོན་པོ་དང་ལྷ་སྲིན་སྡེ་བརྒྱད་ཀྱིས་སྲོག་སྙིང་ཕུལ། དངོས་སྒྲུབ་རྣམ་པ་གཉིས་ལ་མངའ་བརྙེས་པའི་རྣལ་འབྱོར་པར་གྱུར། སངས་རྒྱས་སྒོམ་པ་ནི། ཡབ་མེས་ཀྱི་གདན་ས་མཐོན་པོ་ལ་ཞེན་པ་མེད་པས་མཆིལ་མ་ལྟར་བོར། ཟས་སྐོམ་གྱི་འཁྲི་བ་ཆོད་པས་ཆུ་ལ་དཀའ་ཐུབ་མཛད་དེ། ཕྱག་རྒྱ་ཆེན་པོའི་རྟོགས་པ་འཁྲུངས། ཆོས་དང་གང་ཟག་ཏུ་ཡ་མ་བྲལ་བ་ཡིན་ནོ། སློབ་དཔོན་བལ་པོ་འཇིག་རྟེན་ནི། སྔོན་བསོད་ནམས་བསགས་པས་ཡབ་མེས་བཀའ་དྲིན་ཅན་གྱི་དཔོན་སྲས་སུ་འཁྲུངས། གཅེན་པོ་གོང་མ་རྣམས་ཀྱིས་ཐུགས་ཟིན། བླ་མ་གོང་མ་རྣམས་ཀྱི་ཐུགས་དགོངས་ལོན། ཡབ་མེས་ཀྱི་གདན་ས་མཐོན་པོའི་སྟེང་ནས་ཕྱག་རྒྱ་ཆནེ་པོའི་གདམས་པ་ཉི་མ་ཤར་བ་ལྟར་གསུངས་པས་འགྲོ་བའི་མུན་པ་བསལ། ཡི་དམ་ལྷའི་ཞལ་གཟིགས། མཁའ་འགྲོ་བྲན་དུ་འཁོལ། ཆོས་སྐྱོང་ལྕམ་དྲལ་དང་དམ་ཅན་ཕོ་མོ་རྣམས་དང་གསུང་གླེང་མཛད་ཅིང་བཀའ་བསྒོ་བའི་ལས་མཛད་པ་ཆེན་པོའོ། བླ་མ་སྐྱེ་མེད་ཀྱི་ཐུགས་ཀྱི་སྲས་སུ་གྱུར་པ་ཡང༌། སྒོམ་ཀྭ་བ་བཞི། གདུང་དྲུག །གཡོར་པོ་བའི་བུ་གསུམ། དམག་པ་སྒང་ལ་སོགས་ཏེ། ཀྭ་བ་བཞི་ནི། རྒྱལ་གྱི་སྒོམ་ཚོ། གྲབ་ཀྱི་སྒོམ་ཚོ། བྱེ་མ་ལུང་སྟོང་གི་སྒོམ་ཚོ། ཀླགས་ཀྱི་སྒོམ་ཚོའོ། །གདུང་དྲུག་ལ། རྭ་ལོ་ཙཱ་བ། བ་ཚབ་ལོ་ཙཱ་བ། དོལ་བོ་ཡེ་ཤེས། དགེ་བཤེས་གཉན་ལ་སོགས་པའོ། གཡོར་པོའི་བུ་གསུམ་ལ། རོག་པ་དམར་རྡོར་སེང༌། ཞང་བྲའོ་བྲག་རྩ་བ། རླུང་སྟོན་རྡོ་རྗེ་བླ་མ་རྣམསསོ། །གཞན་ཡང་མངའ་རིས་པར་བུ་པ་དང༌། སྒང་སྟོན་འོད་འབར་དང༌། སྤང་སྟོན་ཆོས་འབར་ལ་སོགས་པའོ། དེ་དག་ལས་རོག་རྡོར་སེང་གིས་སངས་རྒྱས་བརྩག་སོན་ལ་གསུངསསོ། ། སློབ་དཔོན་རླུང་སྟོན་གྱིས་ནི། བླ་མ་ཡང་མཉེས་པ་གསུམ་གྱིས་མཉེས་པར་མཛད། ཕྱག་རྒྱ་ཆེན་པོའི་རྟོགས་པ་འཁྲུངས། བལ་པོ་སྐྱེ་མེད་ཀྱི་ཐུགས་ཀྱི་བཅུ་འཐིགས། སློབ་མ་གཞན་ལས་ཁྱད་པར་དུ་འཕགས་ཏེ་དོ་ཧ་རྒྱས་བཤད་ལ་མངའ་བརྙེས། ཁོང་ལ་གྲུབ་ཐོབ་མགོན་པོ་དང་སངས་རྒྱས་སྒོམ་པ་གཉིས་ཀྱིས་ཞུས། ཁོང་སྐུ་མཆེད་ལ་བལ་པོ་འཇིག་རྟེན་གྱིས་ཞུས། དེ་ལ་དོལ་བ་ཇོ་སྲས་ཀྱིས་ཞུསསོ། ། ཡང་བླ་མ་མངའ་རིས་པ་བྱ་བ་གཞོན་ནུ་ལ་རབ་ཏུ་བྱུང༌། ཐོས་པ་མང་དུ་མཛད། ཁྱད་པར་འདུལ་བ་མདོ་རྩ་ཚར་བཅུ་བཞི་ཙམ་བཤད་པ་མཛད་པ་ཅིག་གིས། བླ་མ་ཕྱག་ན་ལ་རྗེ་བཙུན་མ་དབུ་བཅད་མའི་གདམས་ངག་ངོ་མཚར་ཅན་ཅིག་ཡོད་ཅེས་གསུངས་ནས་ཞུར་བྱོན་པས། བླ་མ་ཕྱག་ནའི་ཞལ་ནས། མཆོག་དང་ཐུན་མོང་གཉིས་གང་འདོད་གསུང་པ། མཆོག་གི་དངོས་གྲུབ་འདོད་ཅེས་ཞུས་པས། བླ་མའི་ཞལ་ནས། འོ་ན་ཁྱོད་སྐུ་ནས་ཀྱང་བྱོན་གདའ་བས་ངས་སྔ་མ་མི་གཞན་དག་ལ་མ་བྱིན་པའི་གདམས་ངག་ཕྱག་རྒྱ་ཆེན་པོ་རྡེའུ་སྐོར་ཞེས་བྱ་བ། ཐབས་ཤེས་རབ་ཟུང་དུ་སྦྲེལ་ནས་ལམ་དུ་འཁྱེར་བ། འཁོར་བ་རྒྱུ་འབྲས་ནས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མན་ཆད་རྡེའུ་བརྒྱ་བདུན་ཅུ་དོན་གསུམ་གྱིས་ལམ་དུ་བསྒྲིགས། གཞུང་གསུམ་པོ་འགྲེལ་པར་བཀོད་པ་ཡ་ཀི་བྲམ་ཟེ་ཆེན་པོ་ནས་དུས་དེ་རིང་ཡན་ཆད་ལ་ཚིག་ལ་མང་ཉུང་མེད་པ། དོན་ལ་འདྲ་མིན་མེད་པ། བར་ན་དམ་ཚིག་གི་སེལ་མེད་པ། རྣམ་པར་ཐར་པ་གཞན་དང་མ་འདྲེས་པ་ཞིག་ཡོད་གསུང་ནས་གནང་ངོ༌། དེར་བླ་མས་ཀྱང་རྟོགས་པ་ཁོང་དུ་ཆུད་ཅིང་ཐུགས་ཐག་ཆོད་པར་བ་གྱིསསོ། །དེ་ནས་ཡུལ་དབུས་སུ་བྱོན་ནས་དབུ་རུ་འབྲོམ་པར་བྱོན་པ་ན། བླ་མ་བལ་པོ་སྙན་གྲགས་ཆེ་བར་འདུག་ནས་ཕྱག་རྒྱ་ཆེན་པོ་སྒོམ་མི་དགོས་པ་ཞིག་ཡོད་དམ་སྙམ་ནས་མཉན་པས། ཐབས་བཞག་ནས་གཞུང་དང་ལྟ་བ་བསྟུན་ནས་འཆད་ཀྱི་འདུག་པས། བདག་ལ་ནི་བླ་མ་ཕྱག་ནས་སྔར་ལྟ་བུའི་རྡེའུ་སྐོར་ཅིག་གནང་ནས་ཡོད་པ་ལ། བླ་མ་ཆེན་པོ་འདི་ལྟར་འཆད་པ་ཅི་ལགས་ཞུས་པས་བལ་པོའི་ཞལ་ནས། བོད་འདི་ལྟ་བུ་བུན་ནེ་བ་ཅིག་དང༌། སྤྲོས་པ་ལ་དགའ་བར་འདུག་ནས་བདག་གིས་རྡེའུ་སྐོར་མ་བསྟན་པ་ཡིན། ཁྱོད་ལ་བསྟན་གྱིས་གསུང་ནས་ཚོགས་འཁོར་བཤམས་ཏེ་ཞུས་པས་གནང་སྟེ་སྔར་དང་ཁྱད་མ་བྱུང༌། ཕྱིས་རླུང་རྡོ་རྗེ་བླ་མས་གདམས་པ་དེ་བཙལ་བས་སྔར་གྱི་ཆ་འདྲ་བ་དེ་ལ་བརྟེན་ནས་བསྒྲིགས་པ་རྡེའུ་བརྒྱ་ལྔ་བཅུ་ཙམ་པ་ཞིག་གནང༌། བླ་མ་མངའ་རིས་པས་བལ་པོའི་མཆོད་གནས་ཀྱང་ལོ་བརྒྱད་ཙམ་མཛད་དོ། དེའི་སློབ་མ་གྲུ་ཤུལ་བ་ཡིན་ཏེ། མངའ་རིས་པས་གྲུ་ཤུལ་དུ་བྱོན། གནས་བརྟན་གྱིས་གནས་མ་བཏང་བས་གྱང་ར་ཅིག་ན་བཞུགས་འདུག་པ་གྲུ་ཤུལ་བས་ནང་དུ་སྤྱན་དྲངས་པས་འབྱོན་དུ་མ་གནང༌། ཁ་བ་བབ་སྟེ་སྤྱན་དྲངས་པས་བྱོན། བརྒྱུད་པའི་ཐང་ཀ་གཟིགས་པས་འདི་ལ་མོས་སམ་གསུང༌། མོས་ཞུས་པས། འདིའི་གདམས་ངག་ཤེས་སམ་གསུང་བས། མི་ཤེས་ཞུས་པས། འོ་ན་ང་ལ་ཡོད་གསུང་ནས་ཞག་བཅོ་བརྒྱད་ལ་གདམས་པ་ཚང་བར་གནང༌། གསེར་ལ་ཐུབ་ཞོ་ལྔ་ཕུལ་བས་ང་ལ་མི་དགོས་གསུང་ནས་མ་བཞེས། སང་ཕོད་ཆུ་བོ་རིར་དུས་འདི་ཙམ་ན་ཤོག་གསུང་བའི་དུས་བཏབ་ནས་གཤེགས། དེ་ནས་དུས་ལ་བབ་པ་ན་གྲུ་ཤུལ་བས་ཆུ་བོ་རིིར་བྱོན་པ་བླ་མ་བྱོན་ནས་ཞག་ལྔ་སོང་འདུག །དེར་ཟླ་བ་གཅིག་བཞུགས་ནས་འདིར་བཞུད་དང་འདིར་འདས་མེད་པར་གསང་སྤྱོད་མཛད་དོ། ། དེ་ལ་མཁས་པ་བར་ཕུ་པ་བློ་གྲོས་སེང་གེ་ཕྱག་རྒྱ་ཆེན་པོ་དོ་ཧ་སྐོར་གསན་ནས་གསུམ་ཀ་ལ་བསྡུས་དོན། ཊཱི་ཀ་འབྲེལ་འཇུག་ལ་སོགས་པའི་ཡིག་སྣ་བརྒྱད་མཛད་དེ། ཡིག་ཆ་དེ་རྣམས་ཀྱིས་ཕྱོགས་ཐམས་ཅད་དུ་ཁྱབ་བོ། ། དེའི་སློབ་མ་སྒྱེར་སྒོམ་ཆེན་པོ། སངས་རྒྱས་དབོན་པོ། བླ་མ་བྲག་འབུར་བ། ཤུག་གསེབ་རི་བ། ཆོས་རྗེ་བླ་མ་དམ་པ། མི་ཉག་ཤེས་རབ་བཟང་པོ། ཆོས་རྗེ་རི་མི་འབབས་པ་བསོད་ནམས་རིན་ཆེན། དེས་བདག་ལ་དོ་ཧ་བར་ལུགས་རྣམས་གནང་སྟེ། ཨ་སུའི་སྐོར་རྣམས་ལ་ཕྱག་རྒྱ་ཆེན་པོ་སྨད་ལུགས་ཤེས་གྲགསསོ། ། ཡང་ཕྱི་འགྱུར་ནི། ཕྱག་ན་བགྲེས་ཁར་མངའ་རིས་པ་ནག་པོར་ཤེར་དད་ཀྱིས་རྒྱ་གར་ཤར་ཕྱོགས་སུ་ཁོང་གི་ཞབས་དྲུང་དུ་བཞུགས་ནས་དོ་ཧ་ཆེ་ཆུང་གཉིས། སྐུའི་མཛོད་འཆི་མེད་རྡོ་རྗེ། གསུང་གི་མཛོད་འཇམ་དབྱངས་རྡོ་རྗེ། ཐུགས་ཀྱི་མཛོད་སྐྱེ་མེད་རྡོ་རྗེ། སྐུ་གསུང་ཐུགས་ཡིད་ལ་མི་བྱེད་པའི་མཛོད། སྒོམ་རིམ་དྲུག་པ། འཆི་ཁ་མའི་གདམས་ངག །རྙོག་པ་མེད་པའི་རྒྱུད། དེའི་འགྲེལ་པ་སྟེ་ཕྱག་རྒྱ་ཆེན་པོའི་ཆོས་བཅུ་གསན། འདི་འགོས་ལོ་ཙཱ་བའི་སློབ་མ་ཡིན། ཕྱིས་གཞུར་གྲུ་སྣའི་རྒྱབ་ཏུ་དགོན་པ་མཛད་ནས་ལྷང་ཚོའི་དཔོན་དུ་གྱུར། དགེ་འདུན་གྱི་དུག་སྦྱོར་བྱུང་ནས་གྲོངས། བླ་མ་སོས་ཁོང་དང༌། སྐོར་ཆུང་བ་གཉིས་ཀ་ལ་གདམས་པ་གསན། ཁྱད་པར་ནག་པོའི་དྲུང་དུ་ལོ་དྲུག་བཞུགས། སོས་བགྲེས་ཁར་མྱང་སྟོན་རྩགས་སེ་ལ་གནང༌། དེས་བླ་མ་རོག་བདེ་ལ་གནང་ངོ༌། ། གྲུབ་སྙིང་ཕྲ་མོ་དང་བཅས་པའི་བཤད་པའི་བཀའ་རྣམས་ནི་དིང་སང་མི་སྣང་ལ། ལུང་ནི། ཤ་བ་ར། མཻ་ཏྲི་བ། རྒྱ་གར་ཕྱག་ན། བྲང་ཏི། གཙང་ཡང་དག་འབར། ཕུག་ཟུངས་སྐྱབས། རྩངས་འབྱུང་སེ། ལྕེ་སྟོན་མདོ་སེང༌། བླ་མ་སྟོན་ཤཱཀ།ལྕེ་བློ་ལྡན་སེང་གེ ཀུན་མཁྱེན་འཕགས་འོད། བུ་སྟོན་རིན་པོ་ཆེ། ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་བར་དུ་ཡོད་དེ། བདག་གིས་ནི་དེ་ལས་གྲུབ་པ་སྡེ་བདུན་དང༌། དེ་ཁོ་ན་ཉིད་བཅུ་པ་རྩ་འགྲེལ་ཙམ་ཐོབ་བོ། །རྒྱ་གར་ཕྱག་ན་འཁྲུངས་ནས་མེ་ཕོ་སྤྲེའུ་ཡན་ཆད་ལ་ལོ་བཞི་བརྒྱ་དང་དྲུག་ཅུ་སོང་ངོ༌། རྒྱལ་བ་མཻ་ཏྲི་པ་ལས་བརྒྱུད་པའི་ཕྱག་རྒྱ་ཆེན་པོའི་སྐབསསོ། ། ༡༢.༡ བརྒྱུད་པ་དང་པོའི་སྐབས། ད་ནི་དམ་པའི་ཆོས་སྡུག་བསྔལ་ཞི་བྱེད་ཇི་ལྟར་བརྒྱུད་པའི་ཚུལ་བརྗོད་པར་བྱ་སྟེ། དོན་གང་གིས་སྡུག་བསྔལ་ཞི་བྱེད་ཅེས་བརྗོད་ཅེ་ན། བོད་དུ་བྱོན་པའི་གདམས་པ་དང་འཁྲིད་ལུགས་ཕལ་ཆེ་བ་ནི་སློབ་མ་མི་དགེ་བ་ལས་ཟློག་ཏུ་བཅུག་ནས་དེའི་སེམས་རྒྱུད་ཀྱི་ཉོན་མོངས་པ་སྦྱོང་བར་བྱེད་པ་གཙོ་ཆེའོ། །ཆོས་འདིས་ནི་ཚེ་རབས་སྔ་མའི་ལས་ཀྱི་དབང་གིས་ཚེ་འདིར་ལུས་དམན་པར་གྱུར་པ་དང༌། ནད་བུ་ཅན་དང༌། དབུལ་ཕོངས་དང༌། མི་མ་ཡིན་པ་པས་གཙེས་པ་དག་གི་སྡུག་བསྔལ་རྣམས་འཕྲལ་དུ་ཞི་བར་བྱས་ནས་རྣལ་འབྱོར་ལ་སྦྱོར་བཟོད་པར་བྱེད་པ་སྟེ། །དེ་བས་ན་སྡུག་བསྔལ་ཞི་བྱེད་ཅེས་བྱ་སྟེ། འདི་ཡང་རྒྱལ་བའི་ལུང་ལས། སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས། ཞེས་པ་དེ་ལ་བརྟེན་ནས་བཏགས་པར་བཞེད་དོ། །ཆོས་འདིའི་བདག་པོ་ནི་དམ་པ་སངས་རྒྱས་ཏེ། དེ་ནི་གྲུབ་པའི་དབང་ཕྱུག་ཆེན་པོ་ཡིན་པའི་ཕྱིིར། ཡོན་ཏན་བགྲང་བ་ལས་འདས་མོད་ཀྱི། འོན་ཀྱང་གསུང་རབ་དག་ལས་བླ་མས་སློབ་མ་འཁྲིད་པ་ན་བསྡུ་བའི་དངོས་པོ་བཞིས་འཁྲིད་པར་གསུངས་པ་ལ་དོན་དཔྱོད་པ་ནི་སློབ་མ་ཐབས་ཇི་ལྟ་བུས་ལམ་ལ་འཛུད་པའི་ཐབས་དེ་ལ་བྱ་ལ། དོན་མཐུན་པ་ནི་སློབ་མ་ལམ་གང་བསྟན་པའི་ལམ་དེ་ཉིད་ལ་བླ་མ་ཡང་གནས་པ་ལ་བྱ་བ་ཡིན་པའི་ཕྱིར། དམ་པས་ཀྱང་སློབ་མ་འཁྲིད་པ་ན་རྟེན་སྡོམ་པ་གསུམ་ལྡན། ལམ་དཀའ་ཐུབ་གྱི་སྲངས། འབྲས་བུ་གཞན་དོན་གྱི་སྤྱོད་པ་གསུམ་གྱིས་འཁྲིད་པར་མཛད་པའི་ཕྱིར་དམ་པ་ཉིད་ལ་ཡོན་ཏན་དེ་དག་ཇི་ལྟར་མངའ་བ་བརྗོད་པར་བྱ་བ་ཡིན་ནོ། ། དེ་ཡང་དམ་པའི་ཡུལ་ནི་རྒྱ་གར་ལྷོ་ཕྱོགས་བེ་ད་ལའི་ཡུལ་འཁོར་དུ་གྱུར་པ་ཙ་ར་སིང་ག །དེའི་བྱེ་བྲག་ཁྲོན་པའི་གླིང་སྐྱེས་བོ་དད་པ་ཅན་མང་དུ་གནས་པའི་སར། ཡབ་ནོར་བུ་རིན་པོ་ཆེ་ལེན་པའི་རིགས་ཅན་བརྩོན་འགྲུས་གོ་ཆ་དང༌། ཡུམ་དཀོན་མཆོག་མཆོད་པ་ལ་མཁས་པ་སྤོས་སྦྱོར་ལ་བརྩོན་པའི་རིགས་པ་ར་ས་ཧ་ཞེས་བྱ་བའི་སྲས་སུ་འཁྲུངས་ཏེ། ཡུམ་ལ་འཁྲུངས་མ་ཐག་ཉིད་ལས་ཚེམས་དང་ལྡན་པ་ཞིག་སྟེ། བྲམ་ཟེ་མཚན་མཁན་ལ་རྟོག་ཏུ་བཅུག་པ་ན་ཡང་འདིས་པཎྜི་ཏ་དང་རྣལ་འབྱོར་པ་གང་བྱས་ཀྱང་མངོན་པར་ཤེས་པ་ལ་སོགས་པ་ཕུལ་དུ་བྱུང་བའི་ཡོན་ཏན་དང་ལྡན་པར་འགྱུར་རོ་ཞེས་ལུང་བསྟན། སྐྱེ་བ་བདུན་པ་ཡིན་པས་སྡིག་པའི་དྲི་མ་མེད་ཅིང་དགེ་བ་ལ་ངང་གིས་དགའ་བ་སྟེ། ཆུང་ངུ་ནས་སྒྲ་རིག་པ་ལ་སོགས་པའི་རིག་པའི་གནས་མཐའ་དག་ལ་སྦྱངས་པས་མཁས་པར་གྱུར་ཏེ། དེ་ནི་རིགས་ཁྱད་པར་ཅན་དང་ལྡན་པའི་ཡོན་ཏན་ནོ། །དེ་ནས་བི་ཀྲ་མ་ཤཱི་ལར་མཁན་པོ་དགེ་བའི་ལྷ་ལས་རབ་ཏུ་བྱུང་ནས་དམ་པའི་ཆོས་འདུལ་བ་ལ་མཁས་ཤིང་སོ་སོ་ཐར་བའི་སྡོམ་པ་མཆོག་ཏུ་གྱུར་ལ། བླ་མ་གསེར་གླིང་བ་ལས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་སྤྱོད་པ་རླབས་པོ་ཆེ་ལ་གནས་ཤིང༌། བླ་མ་མང་པོ་ལས་དཀྱིལ་འཁོར་དུ་དབང་བསྐུར་བ་མནོས་ཏེ། རིག་པ་འཛིན་པའི་དམ་ཚིག་དང་སྡོམ་པ་ཕུན་སུམ་ཚོགས་པ་དང་ལྡན་པའི་ཡོན་ཏན་ནོ། །དེ་ནས་གྲུབ་ཐོབ་ཕོ་མོ་ལྔ་བཅུ་རྩ་བཞི་ལ་གདམས་པ་ཟབ་མོ་མཐའ་དག་མནོས་ཏེ། དེ་ཡང་མཚན་ཉིད་སྒྲ་རིག་པའི་བླ་མ་བཅུ་གཅིག་ནི། ཀླུ་སྒྲུབ། ཤེས་རབ་བཟང་པོ། ཡོན་ཏན་འོད། ཆོས་གྲགས། ཨཱ་ཀ་ར་སིདྡྷི། ཤངྐ་ར། ཡེ་ཤེས་སྙིང་པོ། ཐོགས་མེད། ཨཱརྻ་དེ་བ། ཞི་བ་ལྷ། བླ་མ་གསེར་གླིང་པ་རྣམསསོ། །ཕ་རྒྱུད་གཡོ་བ་རླུང་གི་བླ་མ་བཅུ་གཅིག་ནི། ངག་གི་དབང་ཕྱུག །བུདྡྷ་གུཔྟ། གོ་དྷ་རི། ཀརྨ་བཛྲ། ཛ་བ་རི་པ། ཡེ་ཤེས་ཞབས། ཀླུ་བྱང༌། ཨཱ་ནནྡ། ཀྲྀཥྞ་པ། བ་སུ་དྷ་རི། པདྨ་བཛྲ་རྣམསསོ། །མ་རྒྱུད་བདེ་བ་ཉམས་ཀྱི་བླ་མ་བཅུ་གཅིག་ནི། མཚོ་སྐྱེས་རྡོ་རྗེ། ཨིནྡྲ་བྷུ་ཏི། ཊོམྦྷཱི་པ། རྡོ་རྗེ་དྲིལ་བུ་པ། ཏི་ལླི་པ། ནག་པོའི་ཞབས། སྒེག་པ་རྡོ་རྗེ། ལཱུ་ཡི་པ། བི་རཱུ་པ། ཀུན་དགའ་སྙིང་པོ། ཀུ་ཀུ་རི་བ་རྣམསསོ། །ཕྱག་རྒྱ་ཆེན་པོ་བརྡའི་བླ་མ་བཅུ་གཅིག་ནི། ས་ར་ཧ། ཙཱརྻ་བ། གུ་ཎ་རི། ཏོག་ཙེ་པ། ཀོ་ཥ་པ། ཤ་བར་བ། མཻ་ཏྲི་བ། སཱ་གར་སིདྡྷི། ཉི་མ་སྦས་པ། ཨཱ་ཀར་སིདྡྷི། རཏྣ་བཛྲ་རྣམསསོ། །རིག་པ་ངོ་སྤྲོད་ཀྱི་བླ་མ་བཅུ་ནི། རི་ཁྲོད་མ། དྲི་མེད་མ། པདྨོ་ཞབས། ཀུ་མུ་ད། བདེ་བའི་འབྱུང་གནས། གངྒཱ་བཟང་མོ། ཙི་ཏོ་མ། ལཀྵྨི། ཤིང་ལོ་མ། སུ་ཁ་སིདྡྷི་རྣམསསོ། །དེ་རྣམས་ལས་ཕྱི་མཚན་ཉིད་དང་ནང་ཕ་དང་མའི་རྒྱུད་ཀྱི་གདམས་པ་མཐའ་དག་བླངས་ནས་སྒྲུབ་པ་མཛད་དེ། སེང་གེ་རྫོང་དུ་བླ་མའི་བསྙེན་པར་བསྐྱལ་བས་རྟོགས་པ་ཕྱོགས་མེད་དུ་ཤར། ཤར་ཕྱོགས་སེང་གེ་རྫོང་ལ་ལོ་དྲུག །རྡོ་རྗེ་གདན་དུ་ལོ་བཅོ་ལྔ། རང་བྱུང་གི་མཆོད་རྟེན་དུ་ལོ་བཞི། རི་ཀུ་རུ་ཀུལླར་ལོ་ལྔ། ཆུ་བོ་གངྒཱའི་འགྲམ་དུ་ལོ་ལྔ། རྒྱ་གར་ཤར་ཕྱོགས་ཀྱི་ནགས་སུ་ལོ་ལྔ༌། རྒྱ་གར་ལྷོ་ཕྱོགས་ཀྱི་དུར་ཁྲོད་དུ་ལོ་ལྔ༌། དུར་ཁྲོད་བསིལ་བའི་ཚལ་དུ་ལོ་བདུན། ཡང་རྡོ་རྗེ་གདན་དུ་ལོ་གསུམ། མངོན་པར་དགའ་བའི་ཡུལ་དུ་ལོ་བཅུ་སྟེ། དེ་རྣམས་སུ་སྒྲུབ་པ་མཛད་པས་ཡི་དམ་གྱི་ལྷ་འཇམ་དབྱངས། སྤྱན་རས་གཟིགས། རྡོ་རྗེ་འཛིན། སྒྲོལ་མ། ཁ་སང་ཎི། གཤིན་རྗེ་གཤེད། རང་བྱུང་རྒྱལ་མོ། སྒྲིབ་སེལ། འོད་ཟེར་ཅན། ཀུན་བཟངས། བཱ་རཱ་ཧཱི། མི་གཡོ་བ་སྟེ་ཡི་དམ་གྱི་ལྷ་བཅུ་གཉིས་དང༌། གཞན་ཡང་རྣམ་པར་སྣང་མཛད་དང༌། རྟ་མགྲིན་དང༌། བདེ་མཆོག་དང༌། དགྱེས་རྡོར་ལ་སོགས་པའི་ལྷ་བགྲང་གིས་མི་ལང་བ་གཟིགསསོ། །གཞན་ཡང་ངོ་མཚར་མཁའ་སྤྱོད་ཀྱི་བླ་མ་སུམ་ཅུ་རྩ་དྲུག་ལ་སོགས་པ་རིག་པ་འཛིན་པ་ཡང་དཔག་ཏུ་མེད་པ་ཞལ་གཟིགས། དངོས་གྲུབ་ཀྱང་མིག་སྨན། རྐང་མགྱོགས། རིལ་བུ། ས་འོག །གནོད་སྦྱིན་མོ། རལ་གྲི། མཁའ་སྤྱོད་རྣམས་གྲུབ་ཅིང༌། མཆོག་གི་དངོས་གྲུབ་ནི་མཐོང་ལམ་ཆེན་པོའི་ཡེ་ཤེས་བརྙེསསོ། །འབྲས་བུ་གཞན་གྱི་དོན་ནི་ཡུལ་ཉི་ཤུ་རྩ་བཞི་ལ་སོགས་པའི་གནས་ཐམས་ཅད་དུ་སྤྱོད་པ་མཛད་ཅིང༌། གྲུབ་པ་ཐོབ་པའི་སྙན་པས་མཚན་ཡང་སྣ་ཚོགས་སུ་སྒྲོགསསོ། །དེ་ལ་བོད་དུ་གཞན་དོན་ཇི་ལྟར་མཛད་པ་ནི། སྤྱིར་བོད་དུ་ལན་ལྔར་བྱོན་པ་ལ་དང་པོ་ནི་འབྲིན་ཐང་ལས་སྒོ་ནས་ཙ་རིར་བྱོན་ནས་རེ་མ་ཏི་ལ་རྐང་མགྱོགས་ཀྱི་དངོས་གྲུབ་ཞུས་ཏེ། སྐོང་ཡུལ་དང་སུམ་ཡུལ་གྱི་བར་བཅད་དེ་སྨད་ཁམས་གསུམ་ཞབས་ཀྱིས་ཐེར་མེད་དུ་བཅགས། དེ་དུས་ཉིད་ན་ཆོས་སྦྱིན་པའི་སྣོད་མེད་ཀྱང་ཕྱིས་དེ་རྣམས་སུ་བསྟན་པ་དར་བར་འགྱུར་བར་ལུང་བསྟན། གཉིས་པ་ནི་ཁ་ཆེ་ནས་འཐོན་ཏེ་མངའ་རིས་སུ་བྱོན་ནས་ཞང་ཞུང་གླིང་ཁ་བ་དང་བོན་པོ་ཁྲ་ཚང་འབྲུག་བླ་མ་གདམས་པ་འགའ་རེ་གནང༌། གསུམ་པ་ནི། བལ་པོ་ནས་ཚོང་པ་དང་འགྲོགས་ཏེ་བྱོན་པ་ན་ཡར་ཀླུངས་ཀྱི་རྨང་ར་སེར་པོ་དང་མཇལ་ཏེ་དེ་དང་འགྲོགས་ནས་གཙང་དུ་སྐྱོ་བསོད་ནམས་བླ་མ་དང་རྨང་ར་སེར་པོ་ལ་གཅོད་ཀྱི་གདམས་པ་མང་དུ་གནང་ངོ༌། །བཞི་པ་ནི་ཤ་འུག་སྟག་སྒོ་ལ་བྱོན་ནས་གཉལ་དུ་བཞུགས་ཏེ། ཡུམ་གྱི་སྒྲིབ་པ་སྦྱངས་ནས་ཕྱིས་དབུས་ཀྱི་ཕྱོགས་སུ་ཕེབས་ནས་རྨ་སོ་ལ་སོགས་པའི་དོན་མཛད་པའོ། །ལྔ་པ་ནི། དེ་ནས་རྒྱ་ནག་ཏུ་བྱོན་ནས་དེར་ལོ་བཅུ་གཉིས་བཞུགས་ནས་སླད་ཀྱིས་དིང་རིར་ཕེབས་པའོ། །དེ་ལ་སྤྱིར་དམ་པས་བོད་དུ་གདུལ་བྱ་སྣ་ཚོགས་པ་སྨིན་པར་མཛད་པས་སྒོ་ཐར་ལ་སོང་བའི་གྲངས་ནི། ཀུན་དགས་དམ་པ་ལ་བོད་ན་གདམས་པ་བཏབ་པའི་སློབ་མ་ཇི་ཙམ་བདོག་ཞུས་པས། དིང་རིའི་ཐད་ཀའི་སྐར་མ་ཡ་གིའི་གྲངས་ཁྱོད་ཀྱིས་ཆོད་དམ་གསུང་སྟེ། དིང་རི་ནི་གནམ་རྒྱ་ཆེ་བས་དེའི་སྐར་མའི་གྲངས་གཟུང་བར་དཀའ་སྟེ། དེ་རྣམས་སྒོ་ཐར་ལས་ཀུན་ལ་གྲགས་པའི་བརྒྱུད་པ་ཟིན་པ་མ་བྱུང་སྟེ། སྐྱེ་བོ་རྣམས་ཀྱིས་ཤེས་པར་ཡང་དཀའ་འོ། །དེ་ལྟར་སློབ་མ་དཔག་ཏུ་མེད་པས་གདམས་པ་ཡང་དཔག་ཏུ་མེད་ཀྱང་གྲགས་ཆེ་བ་ནི་བརྒྱུད་པ་སྔ་ཕྱི་གསུམ་སྟེ། དེ་ལ་བརྒྱུད་པ་དང་པོ་ནི། དམ་པས་ཁ་ཆེ་ཛྙཱན་གུ་ཧྱ་ལ་གསུངས་པའི་ཞི་བྱེད་སྒྲོལ་མའི་སྐོར་གསུམ་དང༌། གཤིན་རྗེ་གཤེད་ལ་སོགས་པའི་སྒྲུབ་ཐབས་རྣམས་ཏེ། དེ་རྣམས་ཨོང་པོ་ལོ་ཙཱ་བ་ལ་དམ་པ་དང་ཛྙཱན་གུ་ཧྱ་གཉིས་ཀས་བཤད། དེས་ལོ་བཙུན་ཆུང་དང་བླ་ཆུང་འོད་ཟེར་ལ་བཤད། ། དེ་ལ་ལོ་བཙུན་ཆུང་ནི། རྒྱ་གར་དུ་སྒྲུབ་པ་ལ་བཞུད་ནས་ཕྱིར་མ་ལོག །བླ་ཆུང་འོད་ཟེར་གྱིས་འཆུས་པ་དར་བརྩོན་ལ་བཤད། དེས་འཆུས་པ་བརྩོན་སེང་ལ་བཤད། དེས་རོག་ཤེས་རབ་འོད་ལ་བཤད་དོ། ། ཡང་ཁ་ཆེ་ཛྙཱ་ན་གུ་ཧྱ་གྱིས་སྤུ་ཧྲངས་ལོ་ཆུང་ལ་བཤད། དེས་དམར་སྟོན་ཆོས་རྒྱལ། དེས་དགེ་བཤེས་ཡོལ་མེ། དེས་གཤེན་སྟོན་ནམ་མཁའ། དེས་ཀྱི་ཚང་ཞིག་པོ། དེས་རོག་ཤེས་རབ་འོད་ལ་བཤད་དོ། །ཨོང་པོ་ལོ་ཙཱ་བའི་ལུགས་ལ་སྒྲུབ་ཐབས་རྣམས་མེད་དོ། །བརྒྱུད་པ་དང་པོའི་སྐབསསོ། ། ༡༢.༢ རྨ་ལུགས་ཀྱི་སྐབས། བརྒྱུད་པ་བར་པ་ནི། གཙོ་བོ་རྨ་སོ་སྐམ་གསུམ་ཕྲན་དང་བཅས་པ་རྣམས་ཏེ། དེ་ལ་དམ་པས་གཉལ་གྱི་སྣང་གྲོར་དགེ་འདུན་གྱི་གཡོག་ལོ་གསུམ་མཛད་ནས་ཆོས་སྒོ་ལ་བྱོན་ཏེ། ཡར་སྟོད་དུ་ཕེབས་པ་ན། གཉགས་ལོ་ཙཱ་བ་དང་མཇལ་ནས་བདེ་མཆོག་དཔའ་བོ་གཅིག་པ་གནང༌། ཁུ་ལོ་ཙཱ་བ་ལ་དམ་ཚིག་ཉམས་འདུག་གསུངས་ནས་མཇལ་དུ་མ་གནང༌། དེ་ནས་རྨ་དང་མཇལ་ཏེ། དམ་པ་རྨ་དེ་ནི། ཡར་སྟོད་སྐྱེར་སྣང་རྨ་སྨོན་ལམ་ཞེས་བྱ་བའི་སྲས་སུ་ཤིང་མོ་ལུག་ལ་འཁྲུངས། ཤིང་ལུག་འདི་ཇོ་བོ་རྗེ་གཤེགས་པའི་ཕྱི་ལོ་དང༌། བུ་ཏ་བས་བཅུ་གསུམ་ལོན་པའི་ལོ་དེ་ཡིན། གཞོན་ནུ་ལ་རབ་ཏུ་བྱུང་ནས་མཚན་ཆོས་ཀྱི་ཤེས་རབ་ཏུ་བཏགས། ཡབ་ལ་པདྨ་དབང་ཆེན་གསན། དེ་ནས་སྤྱོད་ཕྱོགས་དང་དབུ་མ་དང་དོ་ཧ་སྟོད་ལུགས་དང་གྲུབ་སྙིང་རྣམས་གསན། བཅུ་དགུ་པ་ཆུ་མོ་གླང་ལ་དམ་པ་དང་མཇལ་ཏེ། བླ་མ་རྨ་སྐུ་ཁམས་མ་བདེ་བར་རང་གི་ཁང་ཐོག་ན་བཞུགས་པའི་ཚེ་ཨ་ཙ་ར་ནག་པོ་རས་རྐྱང་ཕྲག་ལ་བཀལ་བ་ཞིག་བྱུང་བ་ལ་ཁོང་ལ་ཁྱི་ཤིན་ཏུ་ཐུ་བ་ཡོད་པ་རྣས་ཀྱང་དེ་ལ་མི་ཟུགས་པར་མཇུག་མ་སྒྲིལ་ཞིང་སྐོར་བ་བྱེད་ཅིང་འདུག་པས་ངོ་མཚར་སྐྱེས་ཏེ་གཡོག་བལྟར་བཏང་བས་ཨ་ཙ་ར་ཅིག་འདུག་ཟེར། ངོ་མཚར་ཅན་དུ་ཤེས་ནས་ནང་དུ་འབྱོན་པར་ཞུས་པས་སྤྱིལ་པོའི་སྒོ་ཡང་མ་བསྟན་པར་མཁྱེན་ཏེ་ནང་དུ་བྱོན། བྱིན་བརླབས་ཞུས་པས་བྱིན་བརླབས་མཛད་པ་ཙམ་གྱིས་བསྙུན་ཡང་དྭངས། གདམས་པ་ཅིག་གནང་འཚལ་ཞུས་པས། སྐྱེ་བ་མང་པོ་ནས་ལས་འབྲེལ་ཡོད་པས་གདམས་པ་བྱའོ་གསུང༌། ཁྱོད་ཀྱིས་ཆོས་ཅི་ཤེས་གསུང་བས། ཕ་རྒྱུད་དང་ཕྱག་རྒྱ་ཆེན་པོ་ཤེས་ཞུས་པས། ཁྱོད་ཀྱི་དེ་ཚིག་གི་ཕྱག་རྒྱ་ཆེན་པོ་བྱ་བ་ཡིན་པས། དེ་དོན་གྱི་ཕྱག་རྒྱ་ཆེན་པོ་བསྟན་གྱི་གསུང་ནས། མིག་ནི་མི་འཛུམས་སེམས་ནི་འགགས་པ་དང༌། །རླུང་གགས་པ་ནི་དཔལ་ལྡན་བླ་མས་རྟོགས། །ཤེས་བྱ་བ་ལ་སོགས་པའི་གཞུང་ལ་བརྟེན་ནས་རྩ་བའི་ངོ་སྤྲོད་མཛད་པས་རྨ་ལ་ཉམས་རྟོགས་ཁྱད་པར་ཅན་སྐྱེས། དེ་ནས་ཞག་བཅོ་བརྒྱད་སོང་བ་དང་དམ་པ་དེ་གཤེགས་གསུང་བས་བཞུགས་པར་ཞུས་པ་མ་གནང༌། ཕྱགས་ཕྱིར་འབྲེངས་པས་ཀྱང་འབྲང་དུ་མ་གནང༌། ཅིས་ཀྱང་ཐུགས་རྗེས་འཛིན་པར་ཞུས་པས་ད་རེས་ལོག་ལ་སང་རེས་དགུན་འཕན་ཡུལ་དུ་ཤོག་གསུང༌། དེ་ནས་རྨས་བསྒོམས་པས་ངེས་ཤེས་སྐྱེས་ཏེ་དགུན་འཕན་ཡུལ་དུ་སོ་ཆུང་བ་གཡོག་ཏུ་ཁྲིད་ནས་བྱོན། བྱེན་ཡུལ་དུ་དམ་པ་ལ་གདམས་པའི་འཕྲོ་བཅད་པས། བཀོད་པ་དྲུག་ཅུ་རྩ་བཞི་པའི་རྡེའུ་ཁྲིད་གནང་ནས། དམ་པའི་སར་ཟླ་བ་གསུམ་བཞུགས། དེའི་སྐབས་སུ་ཨ་སུ་རླུང་ཤོད་ན་ཡོང་བ་དང་མཇལ། དེ་ནས་ཡུལ་དུ་བྱོན་ནས་འཁོར་འདབ་དང་ནོར་རྫས་སྤངས་ཏེ། སྒྲུབ་པ་པོར་མཛད་ནས་རྨའི་ཕུག་པར་ལོ་གཅིག་བཞུགས། དེ་ནས་ཀོང་པོ་བྲག་གསུམ་གྱི་མཚོ་རྫོང་ལ་བྱོན་ནས་ལོ་དགུ་བཞུགས། དེར་ཡུལ་དེ་ན་འཁྲུགས་པ་ཆེན་པོ་ལངས་བ་ལ་གཞི་བདག་གིས་ཁྱེད་ཀྱིས་གཉའ་མཛོད་ཟེར། ངས་མ་ཐུབ་བྱས་པས་ངས་གྲོགས་བྱ་ཡིས་ཟེར་ནས་བདེན་ནམ་སྙམ་ནས་འཁྲུག་པའི་སར་བྱོན་ནས་འཁྲུག་པ་དོ་བ་ལ་རྨས། བར་ན་ཕར་ལ་ཆོས་གོས་བརྡུལ་ཞིང་ངའི་གཉའ་ཡོད་དོ། །སུ་མི་ཉན་པ་ལ་མི་རུང་བ་སྣ་དགུ་འོང་ངོ་ཟེར་གྱི་ཕྱིན་པས། གར་འབྱོན་གྱི་རྗེས་རླུང་ནག་ཚུབ་མ་ཆེན་པོ་ཞིག་བྱུང་བས། དེར་དམག་རྣམས་ཀྱིས་གཏད་མེད་དུ་འཁྲུག་པ་ཆད། ད་ནི་སེམས་ཅན་གྱི་དོན་འོང་ངམ་དགོངས་ནས་དྭགས་པོ་རྫོང་ཁར་འཁོར་མང་དུ་བསྟེན། དེ་ནས་ཡར་ཀླུངས་སུ་བྱོན་ནས་ཀྱི་ཚང་དུ་ལོ་གསུམ་བཞུགས། དེ་ནས་བུ་སློབ་མང་དུ་འཚོགས་ནས་ཆོས་ཞུ་གར་བྱུང་དུ་བཞུགསསོ། །དེ་ལ་བུ་ཆེན་ལྔ་བྱོན་ཏེ། གང་བར་གཤེན། ཤུད་བུ་ལོ་ཙྪ་བ། བླ་མ་ཤེའུ། སོག་པོ་མདོ་སྡེ། ཞང་དགའ་ལྡན་པའོ། །དེ་ལ་སོག་པོ་མདོ་སྡེ་ནི། ཤོ་སྐྱམ་པ་ཡིན། མཆེད་གསུམ་ཡོད་པའི་ཆེ་བ་ལྷ་རྗེ་སོགས་སྨན། འབྲིང་བླ་མ་སོག་པོ་མདོ་སྡེ་སྟེ། སྨན་དང་ཆོས་གཉིས་ཀ་མཁྱེན། དམ་པ་རྨའི་ཡབ་ཀྱི་སློབ་མ་ཡིན་པས་ཕྱག་སྐྱེལ་དུ་ཕྱིན་པས། རྨ་སྒོམ་སྐྱེར་སྣའི་ཕུར་པར་བཞུགས་པ་དང་མཇལ། རྨའི་ཞལ་ནས། ཁོ་བོ་རྒྱ་གར་གྱི་གྲུབ་ཐོབ་ཅིག་དང་མཇལ་བས་ལེགས་པར་སོང༌། དེ་མིན་ན་སྟོན་ཆེན་གྱི་མལ་ནས་ཐ་མལ་གྱི་རོ་འོང་བར་འདུག་གསུང་པས། དེ་དང་ཇི་ལྟར་མཇལ་གྱི་ལོ་རྒྱུས་ཞུས་པས་ངེས་ཤེས་སྐྱེས་ནས་གདམས་པ་ཞུས་པས་སློབ་མ་རྙིང་པ་ཡིན་པས་སྟེར་ཚབས་ཆེ་གསུང་ནས་ཁྲིད་ལ་བཅུག་ནས་གདམས་པ་ཚང་བར་གནང༌། སོག་པོ་ཡང་ངེས་ཤེས་སྐྱེས་ནས་བྱ་བ་བཏང་སྟེ་སྒྲུབ་པ་པོར་བྱསསོ། །ཕྱིས་རྨ་དྭགས་པོ་ནས་བྱོན། ཡར་མདར་ཕྱག་སྐྱེལ་དུ་བྱོན། བླ་མ་ཆོས་རྗེ་སྐད་བྱ་བ་གསུང་དྲིས་པས། སེམས་བསྐྱེད་ལམ་ཁྱེར་སྟོང་ཐུན་ཁ་འཐོར་མཐར་རྒྱས་བྱ་བ་ཡོད་ཟེར་བས། ང་ལ་མ་གནང་བའི་ཆོས་ཡོད་པར་འདུག་སྙམ་ནས་ཞུས་པས། དམ་པ་རྒྱ་གར་གྱི་ཆོས་ལ་ཚིག་གཅིག་ལའང་དབྲི་བསྣན་མེད་པ་ཁྱེད་རང་ལ་ཡོད། ད་ལྟ་ང་འཆད་པ་འདི་གང་ཟག་གི་ཡུལ་དང་བསྟུན་ནས་ཆོ་ལུ་ཆོ་ལུར་བཤད་པ་ལ་མིང་ཐ་དད་དུ་ཐོགས་པ་ཡིན་གསུང༌། སོག་པོ་མདོ་སྡེ་བཙན་ཐང་ན་བཞུགས་པའི་སར་རྟེན་ལོ་བཅུ་དགུ་པ་ཅིག་གིས་མཇལ་ནས་གདམས་པ་རྣམས་ཚང་བར་གསན། དེ་ལ་རོག་ཤེས་རབ་འོད་ཀྱིས་གསན་ནོ། ཡང་རྨའི་སློབ་མ་ཞང་དགའ་ལྡན་པ་ནི། ཡར་སྟོད་གཙང་ཞལ་དུ་འཁྲུངས་པའི་མཆིམས་ཞང་ཡིན། དམ་པ་སྐོར་ནི་རུ་བ་ལ་ཕྱག་རྒྱ་ཆེན་པོ་ཞུས། དབང་བཞི་རྫོགས་པར་ཞུས་ནས་རྒྱ་ས་སྨན་སྟག་རྩེ་སར་རྨའི་ཕྱིར་བྱོན། བྱར་གྱི་སྔོན་ཆུང་གནས་ཀྱི་ཤུག་པ་གསེབ་ཏུ་ཁྲིད་མཛད་པས་ཐུགས་ཐག་དེར་ཆོད། དེ་ལ་སློབ་མ་གཉལ་སྟོན་དགའ་ཆུང་འབར། སྐྱོག་སྒོམ་བསམ་གཏན་ཁུ་སྒོམ་ཇོ་དགའ། རྒྱ་དར་སེང༌། འཆུས་པ་དར་བརྩོན་རྣམསསོ། ། རྒྱ་དར་སེང་ནི། གྲ་ཕྱི་ཕུར་རྒྱ་ལོང་ཆོས་འབར་གྱི་བུར་སྐྱེས། ལོ་སུམ་ཅུ་ལ་ཞབས་ལ་མདའ་ཕོག་པས་ཆུ་ཚན་ཁར་བྱོན་པས་རས་པ་ཁ་ཀྱོག་རྡོ་རྗེ་སེང་གེ་དང་མཇལ་ནས་ཕྱག་རྒྱ་ཆེན་པོ་ཞུས། ཞང་སྨན་མོ་ན་བཞུགས་པ་ལ་གདམས་པ་ཞུས་པས་རྟོགས་ལྡན་ནམ་མཁའི་རྣལ་འབྱོར་པར་གྱུར་ཏོ། །དེའི་བུ་ཆེན་སྟོད་དུ་ཇོ་སྲས་སྤུན་གཉིས་བྱ་བ་དོལ་པ་དབང་རྒྱལ་དང༌། ཤེས་རབ་མེ་ཆུང་བ། སྨད་དུ་གཉགས་ཚ་སྤུན་གཉིས་བྱ་བ་ཞང་སྟོན་ཇོ་སྤུ་དང༌། བླ་མ་སློབ་ཆུང་བ་གཉིས། བར་རྒྱའི་སྨྱོན་ཆུང་གིས་བརྒྱུད་པ་གཟུང་སྟེ། ཆུ་བོ་རིར་ཁྲ་སྣ་རྒྱ་སྨད་དུ་འཁྲུངས། མཚན་རྒྱ་ཆ་འབར། ལོ་ཉི་ཤུ་རྩ་བཞི་ལ་གྲི་བུ་གདོང་པ་ཆུ་བོ་རིར་སྒྲུབ་པ་ལ་བྱོན་པ་དང་མཇལ་ནས་ཞབས་ལ་གཏུགས། རྒྱ་སྨྱོན་གྱིས་བཀའ་བརྒྱུད་གསུངས། མ་མོ་མཁའ་འགྲོ་གསུམ་སྨྱོན་གྱིས་ངོ་སྤྲད་པས་རྟོགས་པ་དང་ཉམས་ཐ་མི་དད་པ་རྒྱུད་ལ་སྐྱེས། མཚན་སྨྱོན་པ་དོན་ལྡན་དུ་ཐོགས། དེས་རི་ཁྲོད་པ་ལ་གསུངསསོ། ། ཡང་ཁུ་སྒོམ་ཇོ་དགས་ཀླུ་མདའ་ཚེ་ལུང་དུ་བཞུགས་ནས་གདུལ་བྱ་མང་དུ་བསྐྱངས། དེས་སྟོད་ལུངས་ཞོང་པ་སྟེང་གི་རྒྱལ་བ་དཀོན་མཆོག་སྐྱབས་ལ་གསུངས། དེས་རོག་ཤེས་རབ་འོད་ལ་གསུངས། ཤེས་རབ་འོད་ཀྱིས་ཕྱག་རྒྱ་ཆེན་པོའི་རྟོགས་པ་དེར་ཤར། ཡང་ཞང་བཙུན་རྒྱལ་བ་བཀྲ་ཤིས་ཀྱིས་འཆུས་པ་དར་བརྩོན་ལ་བཤད། དེས་འཆུས་པ་བརྩོན་སེང་ལ་བཤད། དེས་རོག་ཤེས་རབ་འོད་ལ་གསུངསསོ། །དེ་ལ་རྨའི་ཆོས་སྐོར་ནི་ཆིག་བརྒྱུད་དང་དོན་བརྒྱུད་གཉིས་ལས། དོན་ཁྲིད་ནི་ལག་ཁྲིད་བཅུ་དྲུག །ཆིག་བརྒྱུད་ནི་སེམས་བསྐྱེད་དང་སྟོང་ཐུན་དང་ཁ་འཐོར་དང་ཁར་ཕོག་སྣར་ཕོག་དང་མཐར་རྒྱས་རྣམསསོ། །རྨ་ལུགས་ཀྱི་སྐབསསོ། ། ༡༢.༣ སོ་ལུགས་ཀྱི་སྐབས། སོ་ལུགས་ནི། ཡུལ་ར་མོ་བ། དེར་ལོ་ཉེས་བྱུང་ནས་གཟའ་མི་རྣམས་སྤྲང་དུ་འོངས། བུ་སྤུན་གཉིས་ཡོད་པ་ལ་ཕོ་བོ་གཟུགས་ཆུང་བས་སོ་ཆུང་བ་ཟེར། ནུ་བོ་གཟུགས་རིང་བས་སོ་རིངས་ཟེར། སོ་ཆུང་བ་དེ་ཆུ་བོ་སྟག་ལ་འཁྲུངས་ནས་ལོ་བཅུ་ཙམ་ལོན་པའི་དུས་སུ་ཡར་སྟོད་སྐྱེར་སྣར་སྤྲངས་པས་རྨ་སྒོམ་གྱིས་བྱིས་པ་རྒན་པ་དེ་ངའི་རྗེས་ལ་ཞོག །ངས་ལྟོ་དང་གོས་སྟེར་གསུངས་པས་བཞག་སྟེ། གཟའ་མི་རྣམས་ཡར་ཀླུངས་ལ་སོང༌། དེར་རྨ་སྒོམ་གྱིས་སོ་ལ་བཙུན་པ་བཅོས། མིང་ཡང་དགེ་འདུན་འབར་དུ་བཏགས། དེར་ལོ་བཅུ་གཉིས་ལོན་ཙ་ན་རྨའི་ཐད་དུ་དམ་པ་བྱོན་པ་ལ་ཞལ་ཡུག་ཅིག་མཐོང༌། དམ་པ་བཞུད་ནས་ལོ་ཤས་སོང་བ་ན་རྨ་སྒོམ་ཁམས་ཅུང་ཟད་མ་བདེ་བས། དམ་པའི་རྗེས་ལ་སྙེག་སྙིང་འདོད་པར་བྱུང་ནས་སོ་ཆུང་བ་ཁྲིད་དེ་བྱོན་པས། ཁོང་གཉིས་པོ་རག་མ་མདའ་ན་ཡོད་པའི་ཚེ། །དམ་པ་འཕན་ཡུལ་བྱེ་ཁུད་ན་བཞུགས་པའི་ཚེ་སོ་ཆུང་བས་འཁྱམ་དུ་ཕྱིན་པས། དེར་དམ་པ་ཡང་བྱོན་བྱུང་སྟེ། ཞིང་ཤས་གསུམ་ཙམ་གྱིས་ནས་དམ་པ་ཨ་ལི་དགའ་ངའི་ཙི་ལུ་བྱུང་གསུང་ནས་བང་བཏང་བྱུང་སྟེ། སོ་ཆུང་བའི་ལག་པ་ལ་འཇུས་ནས་ཁྱོད་སྐྱེ་བ་གསུམ་དུ་ངའི་སློབ་མ་ཡིན། ད་ངའི་རྗེས་ལ་འདེང་གསུང་ནས་བྱེ་ཁུད་དུ་ཁྲིད། དེར་ངོ་སྤྲོད་ཅུང་ཟད་བཏབ་པ་ཙམ་གྱིས་ནམ་ནངས་པ་བཞིན་དུ་སོང་ནས། སོ་ཆུང་བ་ལ་དྲི་མ་མེད་པའི་ཤེས་པའི་སྟོབས་ཆེན་པོ་ཤར། དེར་སླར་ལོག་འོངས་ཏེ་རྨ་དང་དཔོན་སློབ་གཉིས་པོ་ཡོས་ཤིག་བཏགས་པའི་ཆེ་སོ་ཆུང་བ་རང་ཡུལ་འཇུ་བ་བཞག་ནས་ཧད་དེ་ཡུན་རིང་དུ་བསྡད་འདུག །དེར་རྨ་སོ་ཁྱོད་ལ་ཙ་ཅིག་ཅིག་བྱུང་འདུག །དམ་པས་གདམས་པ་གནང་བ་ཡིན་ནམ་ཟེར། དེར་རྨས་ཡིན་ངེས་སྙམ་ནས་དཔོན་སློབ་གཉིས་དམ་པའི་སར་བྱོན། རྨ་ལ་ཡང་གདམས་པ་འགའ་གནང༌། རྨ་ན་རེ། ད་འོ་སྐོལ་དཔོན་སློབ་ཡུལ་དུ་འགྲོ་ཟེར་བ་ལ། སོ་ཆུང་བས་ང་དམ་པ་ལ་གདམས་པ་ཅིག་ཞུ་བ་ཡིན་བྱས་པས། གདམས་པ་ངས་བྱིན་པས་ཆོག་འདེང་གསུང༌། སློབ་དཔོན་རང་སྔོན་ལ་བཞུད། ང་ཟླ་བ་གཅིག་ཙམ་ན་རྗེས་ལ་འོང་བྱས་ནས་མ་ཕྱིན། དེར་དམ་པས་དོན་བརྒྱུད་ཀྱི་གདམས་རྫོགས་པར་གནང༌། དམ་པ་གར་ཐེགས་ཀྱི་ཕྱགས་ཕྱི་བྱས་པས་གྲུབ་ཐོབ་ཕོ་མོ་ལྔ་བཅུ་རྩ་བཞིའི་གདམས་པ་ཡང་གནང༌། དེ་ལ་ཡི་གེ་བྱེད་པར་ཞུས་པས་ཀྱང་བཀས་གནང་ནས་སྟར་ཁ་རྡོ་རྗེ་གྲགས་ཀྱི་འབུམ་གྱི་ཤོག་རས་ལ་གདམས་པ་རྣམས་བྲིས། དེ་ནས་དམ་པ་གར་བཞུད་ཀྱི་ཕྱགས་ཕྱི་བྱས་ཁ་རག་མདུན་དུ་སླེབ་ཙ་ན། དམ་པའི་ཞལ་ནས་ཁྱོད་རང་ཕྱིར་ལོག་གསུང༌། གར་འབྱོན་དུ་ཕྱགས་ཕྱི་བྱེད་ཞུས་པས། ངའི་རྗེས་ཁྱོད་ཀྱིས་མི་སྙོགས་གསུང༌། དེ་ནས་དམ་པ་ཡུད་ཀྱིས་གཤེགས་ཏེ། རྒྱ་ནག་ལ་བཞུད་པའི་རེས་དེ་ཡིན། སོ་ཆུང་བས་ཕྱིར་ལོག་ནས་ལྷ་སར་རིག་པའི་ཚད་ལྟ་བའི་ཕྱིར་དྲིལ་གདང་ལ་དམིགས་པ་གཏད་པས་དྲིལ་གདང་རང་འཁྲོལ་བ་ཡང་བྱུང༌། དེ་ལ་སོགས་པའི་ཚད་ལྟ་མང་དུ་བྱས། དེ་ནས་ཡར་ཀླུངས་སུ་བྱོན། རྨ་ལ་གདམས་པ་རྣམས་འབུལ་ལམ་སྙམ་ནས་རྨ་དབུ་རི་ན་བཞུགས་པའི་སར་བྱོན་ནས། ད་ངའི་ཤེས་པ་འདི་གང་ལ་ཡང་འཐོགས་པ་མི་གདའ་བྱས་པས། ཁྱོད་རང་གི་ཕ་མ་སྤྲང་གི་འདུག་པ་གསོས་པས་ཆོག་མོད་གསུང༌། དེ་ལ་སོ་ཆུང་བས་ནད་པ་ལ་འདྲེ་གང་གནོད་པ་དང་ནད་ཅི་ཡིན་པ་ཐམས་ཅད་སལ་ལེ་མཁྱེན་པ་བྱུང་ནས་འདྲེ་འདུལ་མང་དུ་བྱས། ཡོན་ཡང་ཆེ་བར་བླངས། ཡོ་བྱད་མང་དུ་རྙེད་པས་ཡོ་བྱད་རྣམས་ཀྱིས་ཡར་མདར་གཞིས་ཤིག་ཉོས་ནས་ཕ་མ་དང་སྤུན་ཟླ་དེར་བཞག །གཞན་རྣམས་ཡར་མདར་བཞག་ནས་གྲུབ་ཐོབ་ཕོ་མོ་ལྔ་བཅུ་རྩ་བཞིའི་དཔེ་རྣམས་ཨ་མ་ཤུང་མོ་ཤཱཀ་སྒྲོན་ལ་བཅོལ་བས་དཔེ་ལ་ཐེམ་ཤོག་བྱས་པས་བརྒྱུད་པ་བརྒྱ་མ་ཚང་གཞན་རྣམས་ལ་སོ་ཆུང་པ་རང་གིས་བྱས་པ་དེ་ཡིན་ནམ་ལྷུག་པ་རྒྱས་པ་ཅིག་བཞུགས། ཕྱིས་འཆུས་པ་དར་བརྩོན་གྱིས་དམ་པ་སྐྱེས་མཆོག་ཆེ་འབྲིང་ཆུང་གསུམ་དུ་བཏགས་ནས་ཚིགས་སུ་བཅད་པར་སྡེབས། སོ་ཆུང་བས་དམ་པ་དིང་རི་ན་བཞུགས་པར་ཐོས་ཏེ་ནད་པ་གསོས་པའི་ཡོན་གྱི་གསེར་སྲང་གསུམ་དང་རྟ་ཕོ་བཟང་བ་ཅིག་ཁྱེར་ནས་དིང་རིར་སླེབ་པ་ན་དམ་པ་ཁྲོམ་གྱི་དཀྱིལ་ན་བཞུགས་འདུག་པས་གསེར་སྲང་གསུམ་པོ་དེ་དམ་པའི་པང་དུ་སྐྱུར། དགའ་གྲགས་ནས་དམ་པའི་པང་དུ་མཆོངས་ཏེ་དབུ་ནས་རལ་བ་ཅིང་ཀྱང་ཕྱི། དེར་ཡོས་རྒྱོབ་རྒྱོབ་ཟེར་བ་ལ། དམ་པའི་གསུང་ནས། ཁོ་ལ་མ་བརྡེག་ཅིག་ཁོ་ལ་བདག་པོ་བཟང་པོ་ཡོད་དོ་གསུང༌། གསེར་དེ་བུད་མེད་ཅིག་གིས་ཙེན་གྱི་ཇངས་སོང་བ་སུ་ཁ་སིདྡྷིས་མཁའ་འགྲོ་མའི་ཚོགས་འཁོར་གྱི་རྒྱུ་ལ་འཁྱེར་བ་ཡིན་ཟེར། དེར་ལངས་ཏེ་མགུར་ཅིག་ཀྱང་བླངས་པས་ཀུན་གྱིས་གྲུབ་ཐོབ་ཏུ་ཤེས། དེ་རེས་དམ་པས་མཐའ་སེལ་ལྔ་བཅུ་རྩ་གཅིག་གི་གདམས་པ་གནང༌། དེ་ནས་ཡང་ཕྱིར་དབུས་སུ་བྱོན་ནོ། །སྐབས་ཤིག་ཏུ་དིང་རིར་དམ་པའི་གདན་ས་སུས་འཛིན་ལགས་ཞུས་པས། དམ་པའི་ཞལ་ནས། དེ་དང་ལོ་ཆུང་བས་གཟུང་ན་དཀར་གོང་མང་དུ་འགྲོ། གྱོ་མོ་ཤར་འགྲོ། མཁན་པ་འདི་ཀུན་ཡང་ནས་སུ་སྨིན་པ་ཅིག་འོང་སྟེ། ཁོ་ཡང་ཁྱིའི་སྤྲེ་ཐུམ་བུ་ལ་ཆགས་ནས་འདིར་མི་སྡོད་གསུང༌། སྒོམ་ཆེན་སྨོན་ལམ་འབར་དང་སོ་ཆུང་བ་མཇལ་ལུགས་ནི། ཤ་མི་དེ་རུས་པ་ཤ་མི་ཡིན། ཕུ་ཐང་མགོན་པོ་ནང་གི་ཕུ་དེར་ཤིང་མོ་གླང་གི་ལོ་ལ་འཁྲུངས། སྐོར་ནི་རཱུ་པ་རྒྱ་སྨན་དུ་བྱོན་པ་ལ་གདམས་པ་ཞུས་པས་སེམས་ཀྱི་གནས་པ་ཨ་ཏོ་ཅིག་སྐྱེས། དེར་སོ་ཆུང་བ་ཡང་བྱོན་པ་དང་མཇལ་བས། སོ་ཆུང་བ་ན་རེ། ཁྱོད་ཀྱི་སྒོམ་འདི་ཁ་བའི་འོག་གི་འབར་འབུར་དང་འདྲ། བོང་བ་དང་རྡོ་གང་ཡིན་མི་ཤེས། ང་ལ་དམ་པ་སངས་རྒྱས་ཀྱི་གདམས་པ་ཐག་ཆོད་པ་ཅིག་ཡོད་པས་ཁྱོད་རང་ངའི་ཕྱིར་འདེང་ངམ་ཟེར། དེར་ཕྱིན་པས་ཆོག་བྱས་ཏེ། སོ་ཆུང་བ་གཉལ་ལ་སོགས་པ་ཀུན་ཏུ་འཁྱམ་པའི་གཡོག་བྱས། ཁོང་ལ་བྱུང་བའི་དངོས་པོ་རྣམས་ཁུར་ཚར་ཁུ། གཡོག་ཡུན་རིང་པོ་སོང་བ་ལ་གདམས་པ་མ་བྱུང༌། ལན་ཅིག་དཔོན་སློབ་གཉིས་འཕན་ཡུལ་ན་ཡོད་པའི་ཚེ་བུར་ལྟང་སྟོད་པ་ཅིག་རྡོས་བཀང་ནས་ཤ་མི་ལ་བསྐུར། བུ་རམ་འདི་ནས་སྟོད་ལུངས་སུ་སླེབ་དུས་འོ་སྐོལ་དཔོན་སློབ་ཟ་བ་ཡིན་ནོ་གསུང༌། དེར་ཁུར་ནས་ཕྱིན་པ་ཐང་ཆད་པ་ལ། སོ་ཆུང་བའི་གསུང་ནས། ཁྱོང་ཐང་མི་ཅད་དམ་ཟེར། ཐང་ཆད་བྱས་པས། འོ་ན་ངས་ངལ་གསོ་གསུང་ནས་སོ་ཆུང་བ་རང་སྟེངས་ཀ་ཅིག་ཏུ་དཀྱིལ་དཀྲུང་བཅས་འདུག །དེས་ཀྱང་ཅུང་ཟད་ཕན་པར་བྱུང༌། ལ་ཁར་སླེབ་ཙ་ན་སོ་ཆུང་བ་ན་རེ། འདི་ལ་ཅི་ཡང་མི་བཏུབ་གསུང་ནས་རྡོ་རྣམས་འཐུར་ལ་བསྒྲིལ་སོང༌། དེར་དཔོན་སློབ་གཉིས་པོས་སྟོད་ལུངས་སུ་མི་གཅིག་གི་ཁང་པར་བསྡད་ཙ་ན། སྲོད་ལ་འདི་ལ་གདམས་ངག་མེད་ངེས་པར་འདུག །བླ་མ་གཞན་ཞིག་གི་ཐད་དུ་འགྲོ་བསམ་པ་བྱུང༌། ནག་གུང་ལ་འདིས་རེས་འགའ་ངའི་སེམས་ཤེས་འོང་གི་འདུག་པས་གདམས་པ་ཡོད་དམ་སྙམ་པ་བྱུང༌། ཐོ་རངས་ད་དུང་འདི་ཁ་ལ་གཏུད་ནས་གདམས་པ་ཨེ་སྟེར་ལྟ་དགོས་སྙམ་པ་བྱུང༌། ནམ་ནངས་པ་དང་སོ་ཆུང་བའི་གསུང་ནས་སྨོན་ལམ་འབར། ཁྱོད་ཀྱི་སྲོད་ཀྱི་བསམ་པ་དེ་ལ་ཅི་ཡང་མི་བཏུབ། ནག་གུང་གི་དེ་དགའ་ཚད་ཡིན། ཐོ་རངས་ཀྱི་དེ་ལ་བཏུབ་གསུང་བས་བསྡད། ན་མ་ཅིག་སོ་ཆུང་བ་རང་གིས་ལྐོག་ཏུ་ཟོས་ནས། ཤ་མི་ལ་ད་ནང་འོ་སྐོལ་དཔོན་སློབ་ལ་ཚ་བ་སྟེར་མི་ཅིག་ཡོད་པས་དེར་འགྲོ་གསུང་ནས་ཕྱིན། སྒོ་རའི་རྩར་སླེབ་ཙ་ན་འདི་ཡང་མིན་པ་འདུག་འདི་ཡང་མིན་པ་འདུག་ཟེར་ནས་ཉི་མ་དེ་ལ་ཅི་ཡང་མ་མྱོང་བར་ནས་ལྡོག་དགོས་པ་བྱུང་བས་ཀྱང་ཚིག་པ་ཟ། ཡང་ན་མི་ཅིག་སོ་ཆུང་བའི་གཡོག་ཅིག་ལ་གཞན་དུ་ཕྱིན་ནས་ལོག་འོངས་པའི་ཚེ། སོ་ཆུང་བའི་རྩ་ན་མི་གཞན་ཞིག་ཀྱང་འདུག་པ་ལ། སྐད་ཆུང་རེ་བྱས་ནས་སྨོན་ལམ་འབར་སླེབ་བྱུང༌། ཁོས་སྐུར་འོང་བས་ཀ་ཅ་རྣམས་སྦོས་ཤིག་ཟེར་བས། ཤ་མིའི་རྟོག་པ་ལ་ངས་ཡུན་དེ་ཙམ་ཞིག་ཏུ་ཁོང་གི་གཡོག་ཤ་ཚ་བ་ཤ་སྟག་བྱས་པ་ལ་ང་འདི་འདྲ་ཟེར་བ་སྙམ་ནས་ཞེ་སྡང་དྲག་པོ་དཔེ་མེད་པ་ཅིག་སྐྱེས། གྲི་ཙར་གྱིས་བཏོན་ནས་སོ་ཆུང་བའི་སྟེང་དུ་མཆོངས་པས། སོ་ཆུང་བ་མཛོད་ཅིག་གི་ནང་དུ་བྲོས་ནས་སྒོ་བསྡམས་སོང་བས་སྒོ་ཙ་དེར་ཕྱིན་ཙ་ན། སོ་ཆུང་བས་ནང་ནས། སྨོན་ལམ་འབར་ཁྱོད་རང་གི་སེམས་ཞེ་སྡང་དུ་རྫོགས་ཡོད་དོ། དེ་ལ་ལྟོས་ཤིག་ཟེར་བས། བལྟས་པས་སེམས་ཀྱི་ངོ་བོ་རྣལ་མར་རྗེན་གྱིས་མཐོང་བའི་རྟོགས་པ་ཡང་དག་པ་ཅིག་ཤར། དེར་དགའ་གྲགས་ནས་ལག་པས་མདུན་གྱི་ཐུ་བ་གཉིས་བཏེག་ཅིང་གཟུང་ནས་བྲོ་འཁྲབས་ཏེ། ཐུགས་རྗེ་ཅན་ཁྱོད་ལ་ཡའི། ཐབས་མཁས་པོ་ཁྱོད་ལ་ཡའི། མཁྱེན་པ་ཅན་ཁྱོད་ལ་ཡའི། བྱས་པས་སོ་ཆུང་བ་སྒོ་ཕྱེ་སྟེ་བྱོན་ནས། སོ་ཆུང་བ་ན་རེ། ངས་ཁྱོད་ལ་ཇི་ཙམ་ཞིག་སྔར་ཞེ་སྡང་སྐྱེ་བའི་ཐབས་བྱས་པ་ལ་ཆེར་སྐྱེས་མ་བྱུང་གསུང༌། དེ་ནས་གདམས་པ་ཐམས་ཅད་རྫོགས་པར་གནང༌། སོ་ཆུང་བ་དྲུག་ཅུ་རྩ་བདུན་པ་ས་སྤྲེ་ལ་གཤེགས་གཤེགས་ཀྱི་བར་དུ་རྗེས་སུ་འབྲངས་ཏེ། ལར་ནི་གཡོག་བར་མེད་དུ་ལོ་སུམ་ཅུ་རྩ་བཞི་བྱས། དེ་ནས་བཟང་གྲོང་ཚུགས་ཁར་ཁང་ཆུང་ཅིག་བརྩིགས་ནས་སྟེང་དུ་མལ་བཅས། འོག་ཏུ་ད་འཇུག །བ་ལང་གི་ལྕི་བ་འཐུ་ཞིང་བྱིས་པ་རྣམས་དང་རྡོ་འཐབ་ཁོ་ན་བྱེད་པ་ལ་ནང་དུ་ཡོན་ཏན་རྒྱས་པས་སྙན་གྲགས་ཆེན་པོར་སོང་སྟེ། བརྒྱད་ཅུ་རྩ་བདུན་པ་ལྕགས་ཡོས་ལ་གཤེགས། འདི་ལ་སློབ་མ་འཆུས་པ་དར་བརྩོན། མལ་ཀ་བ་ཅན་པ། མཐིང་གང་པ་ཤེར་ཚུལ་ཏེ་གསུམ་བྱུང་བའི་རྣམ་ཐར་མཐོང་ལ། གཞན་ལུག་རོ་ཞིག་པོ་ལ་སོགས་ཀྱི་རྣམ་ཐར་ནི་མ་མཐོང་ངོ༌། དེ་ཡང་ཤ་མི་སྟོད་ལུངས་མདའ་ན་བཞུགས་པའི་ཚེ་འཆུས་པ་དར་བརྩོན་གྱིས་གདམས་པ་ཞུར་ཕྱིན་ནས། གདམས་པ་ཞུ་བ་ཡིན་བྱས་ཏེ་ཕྲིན་དུ་བསྐུར་བས་མཇལ་ཁ་ཡང་མ་གནང༌། དེར་འཆུས་པས་ཞག་འགའ་ཡང་ཁོང་གི་ཁང་རྩར་སྲན་བསྐྱེད་ནས་བསྡད། དེར་ཡོན་བདག་ཅིག་གིས་དགེ་བཤེས་འགའ་ཡར་ལ་ཆོས་སྟོན་བྱེད་པའི་སར་ཤ་མི་སྤྱན་འདྲེན་པའི་ཞུ་བ་བྱུང་བས། ཤ་མི་ན་རེ། ང་མི་འགྲོ་དེར་སློབ་དཔོན་ཏིང་འཛིན་འོད་ཚིག་པ་ཟ་ཟེར་བས། ཇོ་མོ་ན་རེ། གདན་འདྲེན་པ་ལ་ཅིས་ཀྱང་འབྱོན་པ་འཐད། ངེད་རང་གི་ཕྱི་ན་ཡོད་པའི་བཙུན་པ་འདི་ཕྱགས་ཕྱིར་ཁྲིད་ན་འདིས་ཁ་ཡ་ཡོང་བ་སྲིད་ཞུས་པས། འོ་ན་དྲིས་ཤིག་གསུང་བས། འཆུས་པ་ལ་དེ་རིང་བླ་མའི་ཕྱགས་ཕྱིར་ཕྱིན་ན་སློབ་དཔོན་ཏིང་འཛིན་ཟེར་བ་ཅིག་ཡོད། དེའི་ཁ་ཡ་ཡོད་དམ་བྱས་པས་ཡོད་ཅིག་བྱས། དེ་ནས་དཔོན་སློབ་གཉིས་ཀྱི་བྱོན་པས་ཡོན་བདག་གི་ནང་དུ་སླེབ། རེ་ཤིག་ན་སློབ་དཔོན་ཏིང་འཛིན་དཔོན་སློབ་ལྔ་ཙམ་བྱས་བྱུང༌། ཏིང་འཛིན་ན་རེ། སྨོན་ལམ་འབར་གྱིས་ཀྱང་སླེབ་འདུག །ཁྱོད་ཁ་འདྲའི་གྲལ་དབུ་རང་ཟེར། དེར་འཆུས་པས་བླ་མ་རྣམ་རྟོག་དུམ་བུར་གཏུབ་པས་ཆོས་གཏམ་མི་མཛད། ངེད་རང་ཆོས་གཏམ་ཉམས་དགའ་མོ་བྱའམ་བྱས་པས། བྱས་པས་ཆོག །ང་ཕར་ལ་སུ་ལའང་མི་འདྲི་བ་ཡིན། ཁྱོད་རང་ང་ལ་དྲིས་ཤིག་ཟེར་བས། འཆུས་པ་དེ་དང་པོར་རིགས་ཚོགས་ལ་མཁས་པར་སྦྱངས་པ་ཞིག་ཡིན་པས། འོ་ན་དབུ་མ་ནས་ཆོས་ཅན་མཐུན་སྣང་བ་མེད་པར་བཤད་པ་དེའི་དོན་ཅི་ཡིན་དྲིས་པས། ཏིང་འཛིན་རྡུགས་ནས་བཤད་རྒྱུ་ཅིའང་མ་བྱུང་བ་སྒོམ་སྨོན་ཀོག་གིས་བཞེངས་ནས་འོ་དེ་ཁྱེར་དེ་འགོམ་བྱས་ནས་བྲོ་འཁྲབས་པས། ཡོན་བདག་ཐོག་ཏུ་བྱུང་ནས་འཆུས་པའི་གོང་རྩ་ནས་བཟུང་ནས། སྡུག་བཙུན་འདིས་ངའི་བླ་མ་གཉིས་འཁྲུག་ཏུ་བཅུག །ཕྱིར་བུད་ཟེར་བ་ལ། སྒོམ་སྨོན་གྱིས་ཁོའི་སློབ་མ་ལྔ་བྱུང་བ་འཇོག །ངའི་གཅིག་པོ་འདི་མི་འཇོག་ན་ང་རང་ཡང་འགྲོ་བྱས་པས། ད་འོ་ན་བཞུགས་པར་ཞུ་ཟེར་ནས་ཞུ་བ་བྱས། དེར་ཆོས་སྟོན་ཐོན་ནས་ལོག་འོངས་བ་ན། སྒོམ་སྨོན་ན་རེ། འཆུས་པ་ལ་ཁྱོད་ཀྱི་དེ་གསེར་ཕྱེ་བྲེ་གང་ཕུལ་བ་བས་ཀྱང་དགའ། གདམས་ངག་བྱའོ་གསུང་ནས་ནང་དུ་ཁྲིད། ཞག་མང་པོར་སྔས་སྦྲེལ་ནས་ཆོས་ཀྱི་གླེང་མོ་མང་པོ་བྱས། གདམས་ངག་ཀྱང་རྫོགས་པར་གནང་ངོ༌། དེས་རང་གི་སྲས་འཆུས་པ་བརྩོན་འགྲུས་སེང་གེ་ལ་གསུངས། དེས་མཁས་པ་ཆེན་པོ་རོག་ཤེས་རབ་འོད་ལ་གསུངས། ། ཡང་སོ་ཆུང་བས་གཅུང་པོ་སོ་སྐུ་རིངས་ལ་གསུངས། དེས་བྱར་གྱི་བླ་མ་སྤང་ལ། དེས་འཆུས་པ་ཡབ་སྲས། ། ཡང་སོས་ཤ་མི། དེས་དགེ་བཤེས་ལེའུ། དེས་རྒྱལ་བ་དཀོན་སྐྱབས། དེས་རོག་ལའོ། ཡང་ཤ་མིས་མཐིང་གང་བ་ལ་གསུངས། དེས་སྤང་བཟངས་པ་བ་རི་སྒོམ་ཆེན་ལ་གསུངས། དེས་འཕྲང་ཁ་ཇོ་བཙུན་ལ་གསུངས་ཏེ། འདི་གསུམ་གྱི་ལོ་གྲངས་ཀྱི་ངེས་པ་མ་རྙེད་ཀྱང་ཤ་མི་གྱ་བདུན་པ་ལྕགས་ཡོས་ལ་གཤེགས་ནས། དེ་རྟིང་ཆུ་འབྲུག་ནས་ཆུ་ཕོ་རྟའི་བར་ལོ་ལྔ་བཅུ་རྩ་གསུམ་ཙམ་ཞིག་བླ་མ་གསུམ་པོ་དེའི་རིང་ལ་སོང་བ་འདྲ། དེ་ལ་ཉན་པོ་ཆོས་རྗེ་འབྱུང་གནས་ཡེ་ཤེས་ས་ཕོ་རྟ་ལ་འཁྲུངས་ནས་ཤིང་ཕོ་བྱི་བའི་བར་རེ་བདུན་བཞུགས། སངས་རྒྱས་སྒོམ་པ་བྱང་ཆུབ་རྡོ་རྗེ་མེ་ཕོ་བྱི་བ་ལ་འཁྲུངས་ནས་ལྕགས་མོ་སྦྲུལ་གྱི་བར་རེ་དྲུག་བཞུགས། རྒྱ་བྲག་ཆོས་རྗེ་ཡེ་ཤེས་གཞོན་ནུ་མེ་མོ་སྦྲུལ་ལ་འཁྲུངས་ནས་བདུན་ཅུ་རྩ་གཅིག་པ་མེ་མོ་ཡོས་ལ་གཤེགས། སྐྱེས་མཆོག་བསམ་གཏན་དཔལ་བ་ལྕགས་ཡོས་ལ་ཡར་འབྲོག་བྲང་མདར་འཁྲུངས། མེ་ཕོ་རྟའི་བར་དུ་བདུན་ཅུ་རྩ་དྲུག་བཞུགས་ཏེ། དང་པོར་རབ་ཏུ་བྱུང་ནས་ཇོ་སྟན་ཚོགས་ཆེན་མོ་བའི་ཁྲོད་ན་ཡོད་པ་ལ། ལན་ཅིག་མཁན་ཆེན་ཆོས་ཀྱི་རྒྱལ་མཚན་པའི་ཕྱགས་ཕྱིར་ཕྱིན་པས་མཁན་ཆེན་པ་རྟ་བརྡབ་ཀྱིས་གཤེགས་པས། དེར་སྐྱོ་བ་དྲག་པོ་སྐྱེས་ཏེ། སྤྲེ་ཞིང་མཁན་པོ་གཞོན་རིན་དང་གཉིས་བསྔོངས་ནས་རྒྱ་བྲག་ཆོས་རྗེ་ཡེ་ཤེས་གཞོན་ནུ་བ་འཕན་ཡུལ་ལན་པའི་ཕུ་ན་བཞུགས་པའི་དྲུང་དུ་ཕྱིན། ལུང་པ་དེའི་མདར་སླེབ་པ་ཙམ་ནས་ཚུལ་ཁྲིམས་ཀྱི་དྲི་ཕུན་སུམ་ཚོགས་པ་ཚོར། གྲོགས་པོ་གཞོན་རིན་ལ་ཚོར་རམ་བྱས་པས། མ་ཚོར་སེ་བའི་དྲི་ཡིན་ལ་ཆེ་ཟེར། ཞལ་མཐོང་བ་ཙམ་གྱིས་མོས་གུས་ཆེར་སྐྱེས། དེ་ནས་དོན་བརྒྱུད་ཀྱི་ཁྲིད་ལ་བཙུད། བསམ་གཏན་དཔལ་ལ་རིང་པོར་མ་ལོན་པར་རྟོགས་པ་ཕུན་སུམ་ཚོགས་པ་སྐྱེས། བླ་མ་ལ་ཡང་སངས་རྒྱས་སུ་མཐོང༌། དེ་ནས་དཀའ་བ་མང་པོ་སྤྱད་མ་དགོས་པར་རྣལ་འབྱོར་གྱི་དབང་ཕྱུག་ཏུ་གྱུར་ཏེ། གང་དང་གང་དུ་བྱོན་པ་དེ་དང་དེ་ཐམས་ཅད་དུ་གདུལ་བྱའི་འུར་ལངས། ཟས་ནོར་གྱི་དཔུང་འདུ། ཙ་རིར་བྱོན་པས་ཀྱང་དག་པའི་སྣང་བ་མཐའ་ཡས་པ་གཟིགས། དབེན་གནས་གང་དང་གང་དུ་བཞུགས་པ་ཐམས་ཅད་དུ་ཟབ་མོའི་ཁྲིད་བསྐྱངས། ཕྱིས་ཡབ་ཆོས་སྡིངས་དང་སྒོ་མོ་ཆོས་སྡིངས་གཉིས་ཉིན་གཅིག་ལ་བཏབ། རྟོགས་ལྡན་ཕོ་མོ་བགྲང་གིས་མི་ལངས་པ་འདུས། མགུར་གསུངས་པའི་ཞལ་ཏ་ཚིག་རེ་ཙམ་གྱིས་ཉམས་ཀྱི་འུར་ལངས་པས་ཁེངས། རིའི་རྩ་བ་ཐམས་ཅད་དུ་རང་ཤོང་གི་སྤྱིལ་བོས་བཀང༌། ནོར་ལོངས་སྤྱོད་ལ་ཕྱག་ཏུ་མི་འོང་བྱ་བ་མེད་ཀྱང་ཁབ་དང་སྐུད་པ་ཙམ་ཡང་བདག་ཏུ་མི་འཛིན། ཞོ་སྟོང་ཕྲག་ཕུལ་བ་དང་ཁབ་དང་སྐུད་པ་ཕུལ་བ་ཐམས་ཅད་ལ་ཇ་དང་བཅས་པའི་གྲོ་བཟང་པ་རེ་གནང་བ་མ་གཏོགས་ཁྱད་པར་མི་འབྱེད། དཔོན་སློབ་ཐམས་ཅད་བསོད་སྙོམས་ཀྱིས་འཚོ་བ་མ་གཏོགས་དགོན་པའི་གཞི་རྐྱེན་དུ་ཞིང་ཕྱར་བ་ཙམ་ཡང་མི་འཛིན། དང་པོར་ཐོས་བསམ་ཆེར་མ་མཛད་ཀྱང་ནང་ནས་ཤེས་རབ་བརྡོལ་བས་མཁས་པ་མང་པོའི་ཡང་ཆོས་ཀྱི་སྲོག་གཟུང༌། སྙན་པས་ཐམས་ཅད་དུ་ཁྱབ་པས་གོང་ནས་གདན་འདྲེན་བྱུང་བ་ལ་ཡང་ཅིར་ཡང་མ་བརྩིས་པར་རང་སར་བཞུགས། ཆོས་རྗེ་ཀུན་མཁྱེན་ཇོ་ནང་པས་ལྷ་སར་ཕེབས་དུས་འདིར་འབྱོན་པར་ཞུ་དང༌། འོ་སྐོལ་ཆོས་ཀྱི་གསུང་གླེངས་བྱེད་པ་ཡིན་གསུངས་པས། སངས་རྒྱ་བའི་རྒྱུ་ལམ་འབྲས་བུ་ཐམས་ཅད་བླ་མ་སངས་རྒྱས་ཀྱི་དྲུང་དུ་སྒྲོ་འདོགས་བཅད་ཟིན་པས་སུ་ལ་ཡང་དྲི་དགོས་པ་མེད་གསུང་ནས་མ་བྱོན། དེའི་རྗེས་སུ་གུ་རུ་དཀོན་གཞོན་ལ་སོགས་པ་གདན་སར་བཞུགས་པ་ཐམས་ཅད་ཀྱིས་ཀྱང་བླ་མའི་རྣམ་ཐར་གཟུང་ནས་དགོན་པ་གཉིས་པོ་ལ་དགོན་གཞིས་ལ་སོགས་པའི་ཡོངས་སུ་འཛིན་པ་མེད་པར་བསོད་སྙོམས་ཀྱི་འཚོ་བ་ལ་བརྟེན་ནས་ལོ་མཚམས་པ་བརྒྱ་ལས་མི་ཉུང་བ་ལ་རྒྱགས་འགྱེད་པར་མཛད། རང་ཚེ་བློས་བཏང་ནས་སྒྲུབ་པ་ལ་འཇུག །ཆོས་ལུགས་གང་ལའང་ཚིག་གཅིག་ཀྱང་མི་སྨོད། ཕྲད་པའི་སྐྱེ་བོ་རབ་ཏུ་བྱུང་བ་ལྟ་ཞོག །ཁྱིམ་པ་ལ་ཡང་དག་སྣང་སྒོམ་པ་ནི་འདི་རྣམས་ཀྱི་ཆོས་ལུགས་ཡིན་ནོ། སྐྱེས་མཆོག་པའི་སློབ་མ་ཆོས་རྗེ་འཕེལ་གཡག་པ་བསམ་གཏན་ལྷུན་གྲུབ་ནི་ཤིང་མོ་ཕག་ལ་འཁྲུངས། ཤིང་མོ་བྱའི་བར་དུ་བདུན་ཅུ་རྩ་གཅིག་བཞུགསསོ། །སོ་ལུགས་ཀྱི་ཆོས་ཀྱི་རྣམ་གྲངས་ནི། ཚིག་བརྒྱུད་དང་དོན་བརྒྱུད་གཉིས་ལས། ཚིག་བརྒྱུད་ལ་ཡང་བརྒྱུད་པ་ཆེན་པོ་དང་རྒྱུད་ཕྲན་གཉིས་ལས། ཆེན་མོ་ལ་དམ་པ་སྐྱེས་མཆོག་ཆེ་བ་ང་བཞི། འབྲིང་སོ་གཉིས། ཆུང་བ་བཅུ་བདུན་ཏེ། དེ་ལ་གྲུབ་པ་ཐོབ་པ་རེ་རེའི་ལོ་རྒྱུས་དང་གདམས་པའི་ངོ་བོ་སློབ་མ་འཁྲིད་ལུགས་ཆ་ཚང་རེ་རེ་ཡོད་པས་བརྒྱུད་པ་ལྔ་བཅུ་རྩ་བཞིའམ། བརྒྱུད་པ་བརྒྱ་དང་གསུམ་དུ་འགྱུར་བས་བརྒྱུད་པ་ཆེན་མོ་ཞེས་བྱའོ། རྒྱུད་ཕྲན་ནི། དོན་སྐོར་ལྔ་མ། རིམ་པ་བཞི་མ། བསམ་གཏན་གྱི་ཐུན་ཆེ་ཆུང༌། གྲགས་པ་བརྒྱད། ཡབ་སྲས་གསུམ་མ། སྐྱོན་ཅན་སྐྱོན་མེད་ལ་སོགས་ཆོས་སྡེ་སུམ་ཅུ་རྩ་གཉིས་བཞུགས། དོན་རྒྱུད་ལ་ཕྱོགས་སུ་ལྷུང་བ་དང་མ་ལྷུང་བ་ལས། དང་པོ་ནི། རྣལ་འབྱོར་ཕོ་མོ་ལྔ་བཅུ་རྩ་བཞི་ལ་དོན་བརྒྱུད་ལྔ་བཅུ་རྩ་བཞི། བླ་མ་སུམ་ཅུ་རྩ་གཉིས་ལ་དོན་རྒྱུད་སོ་གཉིས། དམ་པ་བཅུ་བདུན་ལ་དོན་རྒྱུད་བཅུ་བདུན་བཞུགས། ཕྱོགས་སུ་མ་ལྷུང་བ་ལ་མིག་འབྱེད་ཀྱི་སྐོར་དང་མཁའ་འགྲོ་མའི་སྐོར་ལས། དང་པོ་ལ་བུ་བཞི་མ་དང་ལྔ་སྟེ། དེ་ཡང་གཞུང་སྦས་པ་མིག་འབྱེད། དེའི་ཡན་ལག་ཏུ་དུས་དང་དུས་ཕྲན་ལ་གདམས་པ། ངོ་སྤྲོད་བརྒྱ་རྩ་དྲུག་པ། མ་འགགས་རྣམ་དག །རྡོ་རྗེ་སེམས་དཔའི་གསང་ལམ་མོ། །མཁའ་འགྲོ་མའི་སྐོར་ལ་སོའི་སྐོར་མགོ་ཆེན་མོ་བཞི་སྟེ། མཆོག་སྒྲུབ་པ་ལ་བརྡའི་སྐོར། ཐུན་མོང་སྒྲུབ་པ་ལ་ཡི་གེ་བཞི་པའི་སྐོར། གཉིས་ཀ་སྒྲུབ་པ་ལ་ཛ་ག་ཏའི་སྐོར། ཐུན་སྐོར་རོ། བརྡའ་སྐོར་ལ་ཧེ་རུ་ཀའི་བརྡའི་སྐོར། བདེ་བར་གཤེགས་པའི་བརྡའི་སྐོར། རྡོ་རྗེ་དྲིལ་བུ་བའི་བརྡའི་སྐོར། དམ་པའི་བརྡའི་ཐོར་བུ་བའོ། །ཐུན་མོང་སྒྲུབ་པ་ལ་དམར་མོ་གསུང་གི་སྒྲུབ་པ། ནག་མོ་ཐུགས་ཀྱི་སྒྲུབ་ཐབསསོ། །དེ་ལ་ཡང་ཕག་མོ་ཆོས་སྐུའི་སྒྲུབ་ཐབས། ལོངས་སྐུའི་སྒྲུབ་ཐབས། སྤྲུལ་སྐུའི་སྒྲུབ་ཐབསསོ། །ཛ་ཀ་ཏའི་སྐོར་ནི། གཏུམ་མོ་འཁོར་ལོ་གཅིག་པ་ཡིན། ཐུན་སྐོར་ལ་སྤྱོད་ལམ་གྱིི་ཉམས་སྐྱོང་ལུགསསོ། །དེ་རྣམས་ཀྱི་རྩ་བའི་སྙིང་པོ་ལྟ་བུར་གྱུར་པ་ནི་རྒྱུད་སྡེ་དང་ཆོས་སྐད་བསྟུན་པ་སྨྲ་བའི་སེང་གེའི་དོན་རྒྱུད། ཆོས་སྐད་མ་བསྟུན་པ་བརྒྱུད་པ་བཞི་པ་ཡོངས་སུ་མ་གྲགས་པའི་དོན་རྒྱུད། མཚང་མདོར་བསྡུས། སོའི་རིག་པ་སྲངས་འཇུག་སྙན་བརྒྱུད་བཞི་རྣམས་བཞུགསསོ། ། དམ་པ་སྨོན་ལམ་གྱིས་བྱིན་གྱིས་རླབས་པའི་མལ་ཀྭ་བ་ཅན་པའི་ལོ་རྒྱུས་ནི། ཡུལ་གཡོའི་བྱེ་ཅན་པ། གྲོང་མལ་རྟེའུ་ར་བ། ཡབ་མལ་དར་མ་མགོན། ཡུམ་ཧབ་བརྡལ་གཟའ་མདོ་བ། དེ་གཉིས་ལ་སྲས་གསུམ་ཡོད་པའི་འབྲིང་པོ། མེ་ཕོ་རྟའི་ལོ་ལ་འཁྲུངས། ཤིན་ཏུ་ཐུ་བ་སྤྲང་ཞི་ཚེ་བྱེད་པ་ཅིག་ཡོད། ཡུགས་ས་མོ་ནོར་ཤིན་ཏུ་ཕྱུག་པ་ཅིག་དང་ལྷན་དུ་བཞུགས་པས། མོ་ན་རེ། ཁྱེད་ཆོས་བྱེད་ན་ངས་རྒྱགས་སྟེར། མི་བྱེད་ན་འབྲལ་ཟེར་བས་ཆོས་སྒོར་ཞུགས། འོལ་ཁར་སློབ་དཔོན་དར་མ་གྲགས་ལ་རྨ་ལུགས་ཞུས། མལ་སྤོས་ཀྭ་བ་སྨོན་ལམ་བཙལ་ལ་ནཱ་རོ་པའི་ཆོས་དང་བྱ་རོག་མའི་སྒྲུབ་ཐབས་ཞུས་ནས་ལྡོམ་བུ་བྱེད་ཅིང་ཡོད་པ་ལ། ཚིར་སྒང་ན་དམ་པ་སོའི་འདས་མཆོད་ཀྱི་མང་བསྐོལ་འཐུང་བདོ་བ་ལ་སླེབས། གྲྭལ་མགོ་དེ་ན་རྣལ་འབྱོར་པ་དོམ་ར་ཅན་ཅིག་འདུག་པ་དེ་ཅེ་རེ་གཟིགས་ནས་ཇ་འཐུང་ངམ་གསུང་ནས་གསོལ་འཕྲོ་ཕོར་གང་གནང༌། ཕྱེ་འདོད་དམ་གསུང་ནས་རྐྱལ་བ་ཅིག་གི་ཞབས་ནས་གཟུང་ནས་ཁྱོད་ཁྱེར་གསུང་ནས་གཤེགས་བཞུད། དམ་པ་སྒོམ་སྨོན་དེ་སྒྲ་ཆེ་བས་ཞལ་ལྟ་སྙམ་ནས་གང་ཡིན་དྲིས་པས། ཅིག་ན་རེ་ཁྱོད་འཆལ་བ་ཅིག་འདུག །ད་ཅི་ནས་ཁྱོ་རང་ལ་ཇ་དང་ཕྱེ་སྟེར་མི་དེ་ཡིན་མོད་ཟེར། འཚོལ་དུ་ཕྱིན་པས་ཕ་ཟད་ཞིང་འགྲམ་ཅིག་ན་རྣལ་འབྱོར་པ་ཅིག་དང་དགེ་སློང་ཅིག་ལ་ཆོས་འཆད་ཀྱི་འདུག་པས་ཕྱག་བཙལ། དད་པ་སྐྱེས། མིག་མཆི་མས་གང༌། མིག་ཧད་པོར་སོང༌། སེམས་མི་རྟོག་པར་སོང་བ་ལ་སྒོམ་སྨོན་གྱི་ཞལ་ནས། མི་གཟུང་ན་བླུད་མ་འོང་བ་ཡིན། སེམས་གཟུང་བས་བླུད་མ་ནི་མི་འོང་ཅི་བྱེད་ཐོང་གསུང༌། དེར་ཐུགས་དམ་འཁྲུངས། དེ་ནུབ་དེར་བཞུགས་ནས་ཡང་སང་རྩད་བཅད་པས་ལ་བ་འཕྲང་ལ་བཞུད་ཟེར་ནས་ཕྱིན་པས། མ་ཟད་ན་བཙུན་པ་ཅིག་ལ་ཆོས་གསུང་པ་དང་མཇལ། བར་དོའི་གདམས་པ་ཞུས་པས་གནང༌། ཕྱགས་ཕྱིར་འགྲོ་ན་ཞུས་པས། ང་ལ་ཆུང་མ་འདྲེ་མོ་འདྲ་བ་ཅིག་ཡོད་གསུང་ནས་མ་གནང༌། དེ་ནས་གཡོར་པོར་འོངས་ནས་བསོད་སྙོམས་བྱས་པའི་ནས་གྱིས་ཚིལ་བུ་ཉོས་ནས་ཁྱེར་ཏེ་ཕྱིན་པས། རྣལ་འབྱོར་པ་བྱ་བ་ཁྱི་བཙོངས་པ་བཞིན་དུ་ལོག་ནས་འོང་བ་མིན་གསུང་ནས་བཀྱོན། ལོ་རོ་ཞིག་པོས་སྨྲ་བ་སེང་གེའི་དོན་རྒྱུད་བྱ་བ་ཡོད་ཞུས་ཟེར་བས། ཞུས་པས། སུ་ཟེར་ལ་ང་དེ་འདྲ་བའི་གདམས་པ་མེད་གསུང༌། ལོ་རོ་ཞིག་པོ་ཟེར་ཞུས་པས། ཁོ་དམ་ཉམས་ཡིན། ཁོ་དང་ཕྲད་ཚད་དམྱལ་

བར་འགྲོ་གསུང་ནས་བཀྱོན། ཡང་ཡང་ཞུས་པས་དོན་བརྒྱུད་ཀྱི་གདམས་ངག་ཐམས་ཅད་ཚང་བར་གནང༌། ཕྱིས་ལོ་རོ་ཞིག་པོ་འདྲ་བ་ཞིག་གྱིས་ཤིག་གསུང༌། ལོ་བཅུ་གཉིས་སུ་ཉམས་སུ་ལེན་པའི་བཀའ་རྒྱ་བཏབ། དེ་ནས་བཀའ་རྒྱ་གྲོལ་བ་ཡིན་གསུང༌། སྔར་གྱི་ཇ་དང་ཕྱི་གནང་བ་དེ་དབང་བསྐུར་གྱི་དོད་དུ་འདུག་གསུང༌། རང་ལོ་སུམ་ཅུ་རྩ་ལྔ་ལ་ཤ་མི་དང་མཇལ། ལོ་བཅུ་གཉིས་ཀྱི་བར་དུ་བསྟེན། སྒྲུབ་པ་ལོ་བཞི་བཅུ་ཐམ་པ་མཛད། ཡོན་བདག་གེ་རྒོད་བྱ་བའི་སར་ཟླ་བ་གཉིས་བྱོན། དེ་མ་གཏོགས་སྒྲུབ་པ་ལ་ཞུགས་ནས་གྲོང་གསེབ་འགྲིམ་མ་མྱོང༌། རང་ལོ་བརྒྱད་ཅུ་རྩ་དྲུག་པ་ལུག་གི་ལོ་ལ་སྐུ་གཤེགས། རིང་བསྲེལ་བསམ་གྱིས་མི་ཁྱབ་པ་བྱོན་ནོ། །འདི་འགྲོ་བའི་མགོན་པོ་ཕག་མོ་གྲུབ་པའི་ལོ་བཅུ་བདུན་པ་ཤ་མིའི་བཞི་བཅུ་རྩ་གཉིས་པ་ལ་འཁྲུངས་པ་ཡིན། མེ་ཕོ་རྟ་དེའི་ཕྱི་ལོ་མེ་མོ་ལུག་ལ་རྟེན་ནེ་འཁྲུངས། ཀ་བ་ཅན་པ་དྲུག་ཅུ་རྩ་གཅིག་པ་མེ་ཕོ་རྟ་ལ་སྙེ་མདོ་བ་སྨྲ་བའི་སེང་གེ་འཁྲུངས་པ་ཡིན་ནོ། །ཀ་བ་ཅན་པ་འདི་ལ་སློབ་དཔོན་ཀུན་བཟངས་ཤེས་བྱ་བས་གཏུགས་ཏེ། དོན་རྒྱུད་ཞུས་ཤིང༌། ཀ་བ་ཅན་པའི་ཇོ་མོ་དང༌། ཇོ་སྲས་ལའང་དོན་རྒྱུད་ཞུས་ཟེར་བ་འདུག་སྟེ། སློབ་དཔོན་ཀུན་བཟངས་འདིའི་ལོ་རྒྱུས་ནི་རྡོ་རྗེ་ཟམ་པའི་ལོ་རྒྱུས་སུ་ཤེས་པར་བྱའོ། །ཀ་བ་ཅན་པས་བྱིན་གྱིས་བརླསབ་པ་དགྱེར་སྒོམ་ཆེན་པོ་ཡིན་ཏེ། དེའི་ལོ་རྒྱུས་ནི། ཡུལ་ཡར་ཀླུངས་གཤོང་བ་ན་དགྱེར་བེ་གུ་བ་དང་ནི་གུ་བ་གཉིས་ལས་ནང་ཚན་བེ་གུ་བ། ཡང་དགོས་ཁང་གསར་བ། ཁྲ་འབྲུག་པའི་དཔོན་བརྒྱུད་ཡིན། ཡབ་དམག་དཔོན་དཀོན་མཆོག་སྐྱབས། ཡུམ་རྒྱལ་ཚ་མ་མདོ་སྡེ་རྒྱན་གཉིས་ཀྱི་སྲས་སུ་ཤིང་ཕོ་བྱི་བ་ལ་འཁྲུངས། མཚན་ཆོས་ཀྱི་སེང་གེར་བཏགས། གཅུང་པོ་དམག་དཔོན་ཆོས་རྡོར་ཏེ་སྐུ་མཆེད་གཉིས་ཀྱི་ཆེ་བ་ཆོས་སེང་དགུང་ལོ་བཅུ་གཅིག་ལ་རབ་ཏུ་བྱུང་སྟེ། མཚན་ཚུལ་ཁྲིམས་སེང་གེ ཁྲ་འབྲུག་གི་དཔོན་གཉེར་ཀྱང་མཛད། དགེ་བཤེས་ཧོར་ལ་གསང་འདུས་ཀྱི་དབང་ཞུས་པའི་གསང་མཚན་རྡོ་རྗེ་རྒྱལ་པོ་ཞེས་བྱ། དེར་གསང་འདུས་ཀྱི་རྩ་འགྲེལ་ལ་སོགས་པ་གསན། དཔལ་ཕག་མོ་གྲུ་པའི་སྙན་པ་ཤིན་ཏུ་ཆེ་བར་ཡོད་པས་དགུང་ལོ་བཅུ་དགུལ་མཐའ་རྩར་བྱོན། དགོན་པ་མཐོང་བ་ཙམ་གྱིས་དད་པ་ཐུན་མོང་མ་ཡིན་པ་སྐྱེས། དཔལ་ཕག་མོ་གྲུ་པ་ཚོགས་སུ་བྱོན་པ་ལ་ལ་ལ་ཕྱམ་ཚེ་འདིང༌། ལ་ལ་ཆོས་གོས་འདིངས་ཀྱི་འདུག་པས། དགྱེར་གྲྭ་པ་གསར་པར་སོང་བས་ལམ་གྱི་མཐའ་གཅིག་ཏུ་ཕྱམ་ཚེ་བཏིང་བས་འགྲོ་མགོན་དེ་ངོས་སུ་སྐྱོགས་ནས་བྱོན་ཏེ། ཁོང་རང་གི་ཕྱམ་ཚེའི་སྟེང་དུ་ཞབས་བཞག་ནས་སྤྱན་ཅེར་གྱིས་གཟིགས་ནས་དགེ་སློང་རྡོ་རྗེ་འཛིན་པ་ངོ་མཚར་ཆེ་གསུང༌། བདག་དགེ་ཚུལ་ལགས་ཞུས་པས་དགེ་ཚུལ་ཡིན་ཀྱང་དགེ་སློང་རྡོ་རྗེ་འཛིན་པ་ངོ་མཚར་ཆེ་གསུང༌། ཆོས་ཉན་པས་བླ་མ་སངས་རྒྱས་སུ་མཐོང༌། བདེ་གསལ་མི་རྟོག་པའི་ཉམས་ཁྱད་པར་ཅན་རྩོལ་མེད་དུ་སྐྱེས། ཐབས་ལམ་ཆོས་དྲུག་ལ་སོགས་པའི་གདམས་ངག་ཡམས་ཤིག་ཞུས། དེ་ནས་ཡུལ་དུ་རྒྱགས་ལེན་དུ་བྱོན་པས་ཡབ་དགྲས་གཟུང་ནས་འཁྲུག་པ་བྱེད་དགོས་བྱུང༌། དེའི་བར་ལ་དཔལ་ཕག་མོ་གྲུབ་པ་སྐུ་གཤེགས། དེར་སྐྱོ་ཤས་དྲག་པོ་སྐྱེས་ནས་བླ་མ་བཟང་པོ་ཅིག་གི་དྲུང་དུ་འགྲོ་དགོས་སྙམ་པ་ལ། སྟོན་པ་གཅིག་ན་རེ། དྭགས་པོའི་སློབ་མ་རྣལ་འབྱོར་ཆོས་གཡུང་བྱ་བ་ཁྱད་པར་ཅན་ཅིག་བཞུགས་ཟེར་བས། མཚན་ཐོས་པ་ཙམ་གྱིས་མོས་གུས་སྐྱེས་ནས་མཇལ་དུ་བྱོན་པ་ལ། ལྗང་གི་མདར་སླེབ་ཙ་ན་འདིའི་ཕུ་ན་མལ་ཀ་བ་ཅན་པ་ཞེས་བྱ་བ་གྲུབ་ཐོབ་ཅིག་བཞུགས་པ་ཐོས་ནས་མཇལ་དུ་བྱོན་པས། ཇོ་མོ་དང་མཇལ་ནས་མཇལ་ཁ་ཞུས་པས། བཙུན་པའི་འཁོར་གྱིས་དགོས་པ་མེད་ནང་དུ་མ་བཏང་ཅིག་གསུང་བ་ལ། ཁྱིའི་ལྟོ་སྣོད་གཡར་ནས་མ་བཀྲུས་པར་ཇ་བསྐོལ་བས། དེ་བླ་མས་གསན་ཏེ། རྣལ་འབྱོར་པ་གཏུབ་པ་ཅིག་འདུག་གསུང་ནས་དགྱེས། །མཇལ་ཁ་བཏང་།ཁྱོད་བྱུང་བ་དགའ་ཁྱོད་ལ་ཕན་ཐོགས་པར་འདུག་ཅིག་གསུང༌། དབུ་སྔས་སྦྲེལ་ནས་ཟླ་བ་གཅིག་ཙམ་བཞུགས་ཏེ། དོན་རྒྱུད་ཐུགས་ཀྱི་མན་ངག་ལ་སོགས་པའི་ཆོས་མང་དུ་གསུངས། ཆོས་ཀྱི་གསུང་གླེང་མང་དུ་བྱས་པས་གཞན་ལ་སྐྱར་གྱི་བཤད་དགོས། ཁྱོད་ལ་ལན་རེ་རེས་ཆོག་པར་འདུག །ཁྱོད་དབང་པོ་ཡ་རབ་ཅིག་ཚར་བར་འདུག་གསུང༌། དེ་ནས་ཀྭ་བ་ཅན་གྱི་ཕུག་པ་ཅིག་ཏུ་སྒོམ་གྱི་བསྡད་པས་སྲོད་ཅིག་མཁའ་འགྲོ་མ་གྲིབ་ཕོག་པ་ཅིག་བྱུང་ནས་རིན་པོ་ཆེས་ངོ་སྤྲད་པས་གྲིབ་སོལ། དེས་བདུད་རྩི་ཀ་པཱ་ལ་གང་དྲངས་པས་ཟག་མེད་ཀྱི་བདེ་བ་རྒྱས། དེ་ནས་ཀྭ་བ་ཅན་པ་ཡབ་ཡུམ་ལ་གྲྭ་པ་མི་ཆེ་ཆེ་ལྔ་བཅུ་ཙམ། ཉི་ཁྲི་ཚར་གཅིག །རྟ་གསུམ་གྱིས་སྣ་དྲངས་པའི་ནོར་སྣ་བརྒྱ་རྩ་གསུམ་ཙམ་ཕུལ། བཀའ་རྒྱ་བཀྲོལ་ནས་ཚོགས་པ་ལ་དོན་རྒྱུད་གསུང་བར་ཞུས་པས་ཟླ་བ་ལྔ་པ་ཅིག་གསུངས། ཆོས་ཀྱི་བདག་པོ་ཁྱོད་རང་ཡིན་པས་སུ་བཤད་བཤད་ལ་ཤོད་གསུང་ནས་དགྱེར་གྱིས་བཅོ་ལྔ་ཕན་ཆད་ལ་གསུངས། དེ་ནས་འོལ་ཁར་རྣལ་འབྱོར་ཆོས་གཡུང་དང་མཇལ། མལ་ཅན་དུ་སྐྱེ་མེད་མངོན་སུམ་རྟོགས་པ་ཞུས་པས། དེས་ཀྱང་ཨེན་མི་འོང་བ་ཅིག་ཡོད་པ་ཡིན་གསུང་ནས་ཕྱག་རྒྱ་ཆེནཔོ་གནང༌། རྗེ་བཙུན་མ་ཞལ་གཉིས་མའི་བྱིན་བརླབས། ཆོས་དྲུག་ལ་སོགས་པའི་ཁྲིིད་རྣམས་རྫོགས་པར་གནང༌། ཆོས་བརྒྱད་ཀྱི་འཆིང་བ་ལས་གྲོལ། རྒྱལ་ཁམས་པ་བྱེད་པར་ཞུས་ནས་གནས་ངེས་མེད་རྣམས་སུ་བྱོན། མལ་གྲོལ་གཟི་ཅན་དང་སྙེའི་མཁར་ནག་ལ་སོགས་གདུག་པ་ཅན་རྣམས་བཏུལ། བར་ཕུར་བྱོན་ནས་དོ་ཧ་སྐོར་གསུམ་འགྲེལ་འཇུག་གི་བཀའ་ཁྲིད་བཤད་པ་དང་བཅས་པ་ཚང་བར་ཞུས། དེ་དུས་དགུང་ལོ་སུམ་ཅུ་ལོན་ནོ། །དེ་ནས་སྟོད་ལུངས་ཀྱི་ཕྲེང་ཁ་བྲག་ཏུ་ཡོན་བདག་ཉེ་འབུམ་གྱིས་ཡོན་བདག་མཛད་ནས་ལོ་ལྔ་བཞུགས། རྟེན་འབྲེལ་རྒྱ་མཚོ་ཡངས་པ་ལ་སོགས་པ་རྟེན་འབྲེལ་གྱི་གདམས་པ་སྐོར་མང་དུ་མཛད། མཁའ་འགྲོས་གདན་དྲངས་ནས་སྐུ་ལུས་ཀྱི་བཀོད་པ་མཛད་དེ་ཨུ་རྒྱན་དུ་བྱོན། ཨིནྡྲ་བོ་དྷི་ལ་སོགས་པ་གྲུབ་ཐོབ་ལྔ་ལ་གདམས་པ་ཞུས། བདེ་མཆོག་ལ་སོགས་པའི་ཡི་དམ་དུ་མའི་ཞལ་གཟིགས་ཤིང་དབང་བསྐུར་ཐོབ། དེ་ནས་དགུང་ལོ་སོ་བརྒྱད་པ་ལྕགས་མོ་གླང་ལ་སྙེ་ཕུ་ཤུགས་གསེབ་བཏབ་སྟེ། ལོ་ཉི་ཤུ་རྩ་བཞིར་བཞུགས་ནས་གཞན་དོན་རྒྱ་ཆེར་བསྐྱངས་པས་སློབ་མ་སྟོད་ནས་རྒྱ་དང༌། དམར་མཛོད་མ་བ་དང༌། འཛོད་གསུམ། སྨད་ནས་རྟོགས་ལྡན་མི་གསུམ་ལ་སོགས་པ་གདུལ་བྱ་དཔག་ཏུ་མེད་པ་སྨིན་གྲོལ་དུ་མཛད་དེ། དགུང་ལོ་དྲུག་ཅུ་རྩ་གཅིག་པ་ཤིང་ཕོ་བྱི་བའི་དབྱུག་གུ་ཟླ་བའི་ཚེས་བཅུ་བཞིའ་ཉི་མ་ཤར་བའི་དུས་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་གཤེགསསོ། །ཤིང་ཕོ་བྱི་བ་འདི་ཁ་ཆེ་པཎ་ཆེན་བོད་དུ་བྱོན་པ་ཡིན་ནོ། །དེའི་རྗེས་སུ་གདན་སར་དཔལ་རྒྱ་མཁར་བས་མཛད་དོ། །དགྱེར་གྱིས་བྱིན་གིས་བརླབས་པ་སངས་རྒྱས་དབོན་ཡིན་ཏེ། དེའི་ལོ་རྒྱུས་ནི། ཡབ་དགྱེར་ཞིག་གི་གཅུང་པོ་དམག་དཔོན་ཆོས་རྡོར་དང༌། ཡུམ་རླན་ཆུང་མ་ལ་སྲས་ལྔ་འཁྲུངས་པའི་ཆེ་བ་རིན་ཆེན་སྙིང་པོ་སྐུ་ན་གཞོན་ནུ་ཅིག་ཡུམ་གྱིས་དཔལ་རྒྱ་མཁར་བ་ལ་བསྐུར་ནས་ཤུག་གསེབ་ཏུ་ཆོས་ལ་བཏང༌། དེ་དགྱེར་གྱིས་མཁྱེན་ནས་དེ་རིང་རིན་ཆེན་སྙིང་པོ་འོང་བར་འདུག །ཁྱེད་གྲྭ་པ་རྣམས་ཀྱིས་བསུ་བ་གྱིས། ང་བས་ཁོ་བཟང་བ་ཅིག་འོང་བ་ཡིན་གསུང༌། སྟག་ལུང་ལ་ཁ་ན་ཚུར་བྱོན་པ་ལ་བསུ་བ་བྱས། གྲྭ་པ་ཐམས་ཅད་ཁོང་གི་མཛད་སྤྱོད་ལ་མཉེས། དགོན་པར་བཞུགས་ནས་དགྱེར་དང་མཇལ། རབ་ཏུ་བྱུང་ནས་མཚན་རིན་ཆེན་དབང་ཕྱུག་ཏུ་བཏགས། དགྱེར་གྱི་སྤྱན་སྔར་རྟེན་འབྲེལ་ལ་སོགས་པ་སྙེ་ཕུ་བའི་ཆོས་གསུམ། དོ་ཧ་གསུམ་ཁྲིད་དང་བཅས་པ་ཞུས་ཤིང༌། དགྱེར་སྐུ་གཤེགས་རྗེས་དམར་བུ་བྲག་པས་དཔོན་པོའི་ཞབས་ཏོག་ངས་བྱེད་གསུང་ནས་མཛོད་མར་གདན་དྲངས། འཕྲལ་གྱི་ཞབས་ཏོག་དང་སྙེ་ཕུ་བའི་ཆོས་སྐོར་རྣམས་ཀྱི་ཚགས་བསྡམས་ཤིང༌། བདེ་མཆོག་སྙན་བརྒྱུད་དང་ལུས་མེད་མཁའ་འགྲོའི་ཆོས་སྐོར་ལ་སོགས་གནང༌། རྒྱ་མཁར་གཤེགས་ནས་སྙེ་ཕུའི་གདན་ས་མཛད་དེ། གྲྭ་བུ་སློབ་རྣམས་གདམས་པས་བསྐྱངས་ཏེ། ཤུག་གསེབ་དབུས་གླིང་གི་གཟིམས་ཁང་དུ་ངོ་མཚར་གྱི་ལྟས་དང་བཅས་ཏེ་སྐུ་གཤེགསསོ། །དེའི་སློབ་མ་བྲག་འབུར་བའི་ལོ་རྒྱུས་ནི། དམག་དཔོན་ཆོས་རྡོར་གྱི་སྲས་ལྔའི་གཉིས་པ་དར་རེ་ལ་སྲས་སངས་རྒྱས་རྡོ་རྗེ། ཙ་རི་བ་ཆོས་ཀྱི་བླ་མ། བྲག་འབུར་བ་དང་གསུམ་ལས། བྲག་འབུར་བ་སྐུ་གཞོན་ནུ་ནས་སངས་རྒྱས་དབོན་གྱི་ཞབས་ལ་གཏུགས། རབ་ཏུ་བྱུང་ནས་མཚན་རིན་ཆེན་དབང་ཕྱུག་ཏུ་བཏགས། (འདིར་ཨ་མདོའི་ཤིང་པར་ལས་“མཚན་རིན་ཆེན་འབུམ་དུ་བཏགས།” ཞེས་འབྱུང༌། སྒྲིག་པ་པོའི་མཆན། )རྡོ་འོན་གྱི་དབེན་གནས་རྣམས་སུ་ཐབས་ལམ་གྱི་གདམས་པ་ལ་འབད་རྩོལ་དྲག་པོ་མཛད་པས་བདེ་དྲོད་ཀྱི་ཉམས་རྟོགས་བཟང་པོ་འཁྲུངས། ཤུག་གསེབ་ཀྱི་གདན་ས་མཛད། འགྲོ་མགོན་འཕགས་པ་གོང་དུ་འབྱོན་དུས་དབུས་ཀྱི་ཆོས་དཔོན་རྣམས་ཀྱིས་ཀྱང་མཇལ་དུ་བྱོན་པས་རིན་པོ་ཆེའི་དྲོད་རྟགས་ལ་མཉེས་ནས་གདམས་པ་གསན། རིན་པོ་ཆེ་འབྲས་དཀར་བ་ལ་དོ་ཧ་སྐོར་གསུམ་ཌཱི་ཀ་དང་བཅས་པ་ཞུས་ཏེ། གཞན་དོན་རྒྱ་ཆེར་བསྐྱངས་པའི་སློབ་མ་དམག་དཔོན་ཆོས་རྡོར་གྱི་བུ་བཞི་མགོན་པོའི་བུ་གཉིས་ཀྱི་ཆེ་བ་དགྱེར་དབོན་རི་བ། སངས་རྒྱས་རྡོ་རྗེའི་སྲས་ཆེ་བ་ངམས་ཤོད་རིན་པོ་ཆེ། བླ་མ་ཞང་སྟོན་ཀུན་དགའ་རྒྱལ་པོ། བླ་མ་རི་བ་ལ་སོགས་པ་མཁས་བཙུན་བསྟན་པ་ལ་ཕན་པ་མང་དུ་བྱོན་ནོ། དེའི་སློབ་མ་ཤུག་གསེབ་རི་བ་ཡིན་ཏེ། དེའི་ལོ་རྒྱུས་ནི། ཡུལ་ངམས་ཤོད་མཁར་ཆུ་སྨད། གདུང་རུས་ཀླུབས། ཡབ་སྐྱིད་པ་དཔལ་དང་ཡུམ་བཀྲ་ཤིས་ལྡན་གཉིས་ཀྱི་སྲས་སུ་འཁྲུངས། མཚན་གཞོན་ནུ་རྡོ་རྗེར་བཏགས། ཤུག་གསེབ་ཏུ་བྲག་འབུར་བའི་ཞབས་ལ་གཏུགས། རབ་ཏུ་བྱུང་ནས་གཞོན་ནུ་རིན་ཆེན་དུ་བཏགས། མཁན་པོ་ཟུལ་ཕུ་བ། ལས་སློབ་དབུས་ཁང་བ། གསང་སྟེ་བ་གབ་ཕུ་རྣམས་ལ་བསྙེན་པར་རྫོགས། བྲག་འབུར་བ་ལ་སྨྲ་བ་སེང་གེའི་དོན་རྒྱུད། ཟབ་དོན་བཞི་ལ་སོགས་པ་ཞི་བྱེད་སྐོར། རྟེན་འབྲེལ་ཡིད་བཞིན་ནོར་བུ་ལ་སོགས་རྟེན་འབྲེལ་སྐོར། བདེ་མཆོག་སྙན་བརྒྱུད། དོ་ཧ་སྐོར་གསུམ་བར་ལུགས་ཌཱི་ཀ་དང་བཅས་པ། བླ་མ་འབྲེལ་འཇུག་ཡེ་ཤེས་འཁོར་ལོ་རྩ་འགྲེལ་བསྡུས་དོན་དང་བཅས་པ་ཞུས། གཞན་ཡང་འགྲོ་མགོན་འཕགས་པ། འགར་ཆུང་བ་གཞོན་ནུ་བྱང་ཆུབ། ཆུ་བཟངས་པ། སློབ་དཔོན་ལང་ག་ལི་བ་ལ་སོགས་པ་མང་པོ་ལ་དབང་མདོ་རྒྱུད་གདམས་ངག་སྒྲུབ་སྐོར་མང་དུ་གསན་ནོ། ཙ་རི་དང་བླང་རའི་དབེན་གནས་ལ་སོགས་པ་དབེན་གནས་རྣམས་སུ་སྒྲུབ་པ་སྙིང་པོར་མཛད། དེ་ནས་ཤུག་གསེབ་ཀྱི་གདན་ས་མཛད་དེ། དེའི་ཚོགས་པ་མཐའ་རྒྱའི་བུ་སློབ་མང་པོ་དང་བཅས་པ་ལ་རང་རང་དང་འཚམ་པའི་ཆོས་ཀྱིས་ཚིམ་པར་མཛད་དོ། དེའི་སློབ་མ་འབའ་ར་བ་རྒྱལ་མཚན་དཔལ་ཡིན་ཏེ། ལྷ་སར་བྱོན་ནས་དེ་ནས་སྙེ་ཕུར་བྱོན་པས་ལམ་དུ་ཁ་བས་འོ་རྒྱལ་བར་བྱུང༌། བླ་མ་རི་བ་དང་མཇལ་བས་ཚོགས་གྲལ་ཅིག་ཏུ་གཙང་བའི་སློབ་དཔོན་གྲལ་མགོ་མ་འདི་གང་ཟག་ཁྱད་པར་ཅན་ཞིག་ཡིན་པར་འདུག་གོ་ཞེས་གསུང་རིང་པོ་ཞིག་བྱོན། ཆོས་སྒོ་འབྱེད་པའི་སྐབས་སུ་ཐམས་ཅད་ཀྱི་གྲལ་མགོར་བཏོན། ཞི་བྱེད་དོན་བརྒྱུད་དང༌། དོ་ཧ་སྐོར་གསུམ། རྟེན་འབྲེལ་ལ་སོགས་ཤུག་གསེབ་པའི་ཆོས་སྐོར་རྣམས་རྫོགས་པར་གནང་ནས། འབྱོན་ཁར་བཞུགས་གདན་མཐོན་པོ་བརྩེགས། བསྙེན་བཀུར་ཆེན་པོ་མཛད་ནས། སློབ་དཔོན་རྒྱལ་མཚན་དཔལ་ཁྱོད་ཀྱིས་རང་རེ་ཤུག་གསེབ་པའི་ཆོས་སྐོར་ཐམས་ཅད་ཐོབ་པ་ཡིན་པས། ཁྲིད་ཞུ་བ་ལ་ཁྲིད། བཤད་པ་ཞུ་བ་ལ་བཤད་པ་གྱིས་གསུང་ནས། ལན་གསུམ་དུ་ནན་ཆེན་པོ་མཛད་དོ། གཞན་ཡང་བླ་མ་རི་བ་འདི་ལ། ཆོས་རྗེ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་པས་ཀྱང་དོ་ཧ་བར་ལུགས་རྣམས་གསན་འདུག་གོ །འབའ་ར་བ་ལ་གཙང་པ་བློ་བཟངས་པས་མལ་ཀ་བ་ཅན་པའི་དོན་བརྒྱུད་སྐོར་རྣམས་ཞུས། དེ་ལ་མཁན་ཆེན་ཤཱཀྱ་གྲགས་པས་གསན་པ་ཡིན་ནོ། མལ་ཀ་བ་ཅན་པ་མེ་ཕོ་རྟ་ལ་འཁྲུངས་ནས་དིང་སང་གི་མེ་ཕོ་སྤྲེའུ་འདིས་ལོ་སུམ་བརྒྱ་དང་ལྔ་བཅུ་རྩ་གཅིག་འདས་པར་ཤེས་པར་བྱའོ། སོ་ལུགས་ཀྱི་སྐསསོ། ། ༡༢.༤ སྐམ་ལུགས་ཀྱི་སྐབས། སྐམ་ལུགས་ནི། སྐམ་ནི་དགེ་བཤེས་གྲྭ་པའི་སློབ་མ་ཡིན། རྟེན་དགེ་སློང་དུ་བཞུགས། ཆོས་ཕར་ཕྱིན་ཤེས་པ་ཅིག་གིས་གྲོགས་གྲྭ་པའི་སློབ་མ་ཁམས་སྒོམ་ཚུལ་ཁྲིམས་རྒྱན་ཞེས་བྱ་བ་ཅིག་དང་འགྲོགས་ནས་དགེ་བཤེས་གྲྭ་པའི་ཕྱགས་ཕྱིར་ཀླགས་པ་ལམ་དུ་བྱོན། དེར་གྲྭ་པས་ཡོན་བདག་ས་གདོན་གནོད་པ་ཞིག་ལ་ཕྱག་ན་རྡོ་རྗེའི་བྷ་བ་མའི་དབང་མཛད་པའི་ཤུལ་དུ་སློབ་མ་གཉིས་པོས་སྦྱིན་སྲེག་བརྒྱ་ཚར་བཏང་བས། གདོན་འཁྲོས་ཏེ་སྐམ་དགོན་སྐྲན་གྱིས་ཟིན། ཁམས་སྒོམ་ནང་དུ་དམུ་ཆུ་ཞུགས་ནས་ཕྱིས་མཛེས་ཁྱེར་རོ། དེའི་ཚེ་དམ་པས་རྒྱལ་དུ་དགེ་འདུན་གྱི་གཡོག་ཡུན་རིང་དུ་མཛད། ཐབ་ཅིག་ཀྱང་བཅས་པ་ད་དུང་ཡང་མེ་རང་འབར་དུ་འགྲོ་བའི་ངོ་མཚར་ཅན་ཡང་ཡོད། ལན་ཅིག་སོག་ཁུར་ཆེན་པོ་ཞིག་ཁུར་ནས། སྒོ་མོའི་ཐམ་པ་ཁར་བཞག་པས། སུས་ཀྱང་བསྒུལ་བར་མ་ནུས། འའི་རྒྱལ་བའི་དགེ་འདུན་རྣམས་ཆོས་བྱེད་དུ་དད་པའི་སྒོ་འགགས་འདུག་གོ །ཞེས་པའི་གསུང་རིང་པོ་བྱོན་ནས་རྒྱ་ནག་ལ་ཐེགས། དེ་ལྟར་རྒྱལ་དུ་ཡུན་རིང་དུ་བཞུགས་པའི་སྐབས་ཤིག་ཏུ་ནམ་ཞིག་དམ་པས་རྒྱལ་གྱི་ན་ཁར་སྐྱོ་བསངས་ལ་བྱོན་པས། ཁམས་སྒོམ་ཀྱང་དེ་ན་འདུག་པས་ཁོ་ལ་ནད་ཀྱི་ཟུག་ལངས་པས། དམ་པས་སྒོམ་པ་རྟོག་པ་ནའམ་བྱས་པས། ང་མིན་ཁྱེད་རང་ནའམ་ཟེར། སང་ཕྲད་པས་ཀྱང་དམ་པས་སྔར་སྐད་གསུངས་པས། ན་བ་ཡིན་ཁྱེད་ལ་ཐབས་ཅང་ཡོད་དམ་ཟེར། ཁྱེད་རང་ཡོན་ཏན་ལ་སྦོས་པ་ཅིག་འདུག་པ། ཐབས་ཁྱེད་རང་ལ་ཡོད་པ་མིན་ནམ་གསུངས་པས་ངེས་ཤེས་སྐྱེས་ནས། ཅིས་ཀྱང་གདམས་པ་ཞུས་ཟེར། དེང་དམ་པས་ཤེར་ཕྱིན་གྱི་གདམས་པ་བཏབ་པས་ནད་ཅིག་ཆར་སོས་ནས་ངོ་མཚར་སྐྱེས་ཏེ། མཆེད་པོ་བླ་མ་སྐམ་ལ་ཕྲིན་བཏང་ནས། འདི་ན་རྒྱ་གར་གྱི་བླ་མ་གྲུབ་ཐོབ་ངོ་མཚར་ཅན་ཅིག་འདུག་ངའི་ནད་ཀྱང་དྲག་པས་ཁྱེད་རང་ཡང་ཞུས་ཟེར་བས། སྐམ་གྱིས་གཅེན་པོ་བཏང་ནས་ཞུ་བ་ཕུལ་བས། བླ་མ་དེ་ཡོན་བདག་རྩི་རྡོར་བསྟན་གྱི་འབུམ་གྱི་རབ་གནས་མཛད་ཅིང་སྣང་སྟེ། ཞལ་གྱིས་མ་བཞེས། ནན་གྱིས་ཞུས་པས་མིང་ཅི་ཡིན་གསུང༌། སྐམ་ཡེ་ཤེས་རྒྱལ་མཚན་ཡིན་བྱས་པས། འོ་ན་ཕན་ཐོགས་པར་འདུག་པས་ང་གནངས་ནང་པར་འོང་གི་གསུང༌། དེ་ནས་སྐམ་ཅན་དུ་ཕྱིན་ནས་བླ་མ་དེ་ངོ་མཚར་ཅན་ཅིག་འདུག །གནངས་འབྱོན་པས་གྲབས་བྱའོ་ཟེར་ཙ་ན། དེ་ནུབ་ཁ་བ་བབ། ནང་བར་ནམ་ནངས་མ་ཐག་ཏུ་ཨ་ཙ་ར་ཅིག་ནང་དུ་བྱོན་པས། བླ་མ་ཡིན་ནམ་བྱས་པས་ཡིན་ཟེར། ནང་པར་འབྱོན་སྙམ་པ་ལ་བྱས་པས་བར་ཆད་བྱུང་དོགས་ནས་ད་ནང་རང་འོངས་གསུང༌། ཁ་བ་ལ་འོ་བརྒྱལ་བྱས་པས་རྐང་པ་ཁ་བ་ལ་མ་རེག་གསུང༌། སྒོ་མ་ཕྱེ་བྱས་པས་ངེད་ལ་རྩིག་པ་ལ་ཐོགས་རྡུགས་མེད་གསུང་ནས་བཞུགསསོ། །དེ་ནས་ཉེ་འབྲེལ་བ་སོགས་ནས་ཕྱག་དང་བསྙེན་བཀུར་བྱས། ཚོགས་པའི་གསེབ་ཏུ་བརྡའི་ངོ་སྤྲོད་ཅིག་མཛད་པས་སྐམ་ངེས་ཤེས་སྐྱེས་ནས། མི་མངས་ཀྱི་གསེབ་ཏུ་རེ་འཕངས་སྙམ་པ་དང༌། དམ་པའི་ཞལ་ནས། བརྡ་མིག་ཅན་གྱིས་མཐོང་བ་ཡིན། མིག་མེད་ཀྱིས་མི་མཐོང་གསུང་སྟེ། གཞན་ལ་གོ་བ་མི་གདའ། དེར་ཞག་བཅུ་བཞི་བཞུགས་པ་ལ་ཞག་ལྔར་གླེང་སླངས་མཛད། ཞག་དགུ་ཆོས་ཐུན་དུ་བཅུག་ནས་གསུངས་ཏེ། སྐབས་དང་པོ་ལ་ནད་ཐོག་ཏུ་སྐོར་བ་དང་སྒོམ་ཐོག་ཏུ་སྐོར་བ་གཉིས་གཉིས་སུ་ངོ་སྤྲད། བར་དུ་བདེན་བཞི་དང་སྐྱབས་འགྲོ་དང་ཐོར་བུ་པ་རྣམས་གསུངས། ཞག་བཅུ་བཞི་ལོན་ནས་ང་འགྲོ་གསུང༌། བཞུགས་པར་ཞུས་པས་མ་གནང༌། ཕྱིས་མཇལ་བར་ཞུས་པས་རྒྱ་ནག་རི་བོ་རྩེ་ལྔ་ལ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དང་ལྷན་ཅིག་ཏུ་གནས་པས་དེར་གསོལ་བ་ཐོབ་གསུང༌། ཤུལ་དུ་མ་བདེ་བ་བྱུང་ན་སུ་ལ་འདྲི་ཞུས་པས། རབ་རིག་པའི་དགེ་བའི་བཤེས་གཉེན་ཡིན་པས་སྒྲོ་འདོགས་གཅོད་པའི་བླ་མ་ཅིག་ནང་ནས་འབྱོན་པར་འདུག་གི་འབྲིང་འཕགས་པའི་དགེ་བའི་བཤེས་གཉེན་ཡིན་པས་མདོ་རྒྱས་འབྲིང་བསྡུས་གསུམ་ལྟོས། ཐ་མ་གང་ཟག་གི་དགེ་བའི་བཤེས་གཉེན་ཡིན་ཏེ། ང་དང་མི་འཕྲད་པས་མཆེད་པོ་ཉམས་ཅན་དང་གླེང་སླངས་གྱིས། ལོ་བརྒྱད་བསྒོམས། དེ་ནས་མངོན་པར་ཤེས་པར་འཆར། དེ་ནས་མདོ་རྒྱས་འབྲིང་གི་བཤད་པ་རྩོམས་གསུང་བ་ལ། སྐམ་གྱིས་ང་ལ་དེ་ཙམ་སྒོམ་ལོང་མེད། ཁོག་པ་ན་སྐྲན་མང་དགུ་ཡོད། གྲྭ་པ་མངོན་ཤེས་ཀྱིས་ཟླ་བ་གསུམ་ན་འཆི་བར་ལུང་བསྟན་བྱས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ལ་མགོ་ན་བ་ཙམ་ཡང་འབྱུང་བར་མི་འགྱུར་རོ་བྱ་བ་ལ་སོགས་པ་གསུངས་ནས་བཞུད་དོ། དེ་ནས་སྐམ་གྱིས་བསྒོམས་པས་སྐྲན་རྣམས་མོད་ལ་ཕན། ལོ་བརྒྱད་ན་མངོན་པར་ཤེས་པ་ཤར། མངོན་རྟོགས་བརྒྱད་ཀ་བཤད། སྡུད་པའི་སྟེང་དུ་མདོ་རྒྱས་འབྲིང་དྲངས་ནས་ཀྱང་བཤད། དེ་ལ་ཡང་སློབ་མ་ཡས་བརྒྱུད་དང་མས་བརྒྱུད་གཉིས་སུ་གྲགས། ཡས་བརྒྱུད་ནི་འཁུན་འཛི་ཡང་དབེན་པ་དབང་ཕྱུག་རྡོ་རྗེ་དང་རྒྱམས་ཤེས་རབ་བླ་མ་གཉིས་ནས་བརྒྱུད་དེ་གཉིས་ཀ་ནད་པ་ཡིན་པས་ནད་ཐོག་ཏུ་ངོ་སྤྲད། གཞུང་སྐབས་དང་པོ། གདམས་ངག་བདེན་པ་བཞི། ལག་ལེན་ཐོར་བུ་བ་དང་བཅས་པ་གསུངས། འཁུན་རྒྱམས་གཉིས་ཀས་དབོན་པོ་ཇོ་དཀོན་ལ། དེས་འགོས། དེས་སྲས་འགོས་དར་མ། དེས་རོག་སྟོན་བཙན་པོ། དེས་རོག་ཤེས་རབ་འོད་ལའོ། ཡང་སྐམ་ལ་ལྷ་རྗེ་སྤྲད་ཀྱིས། དེ་འགོས་དར་མ། དེ་ལ་གཙང་པ་རྔོག་གིས། དེས་རྒྱལ་བ་དཀོན་སྐྱབས། དེས་རོག་ལའོ། ཡང་སྐམ་གྱི་བླ་མ་ཆག་བྲག་དམར་བ། དེས་བླ་མ་གཉོས། དེས་བླ་མ་སྒོག་ལུང་པ། དེས་བླ་མ་ཞང་སྟོན་ཤེས་རབ། དེས་བླ་མ་གཤེན། དེས་སྐྱེ་མེད་ཞང་ངོ༌། སྐྱེ་མེད་ཞང་གིས་སྙན་བརྒྱུད། བཞི་ཚོ་དགུའི་གདམས་པ་ལ་ཡིག་ཆ་མཛད་དོ། ཡང་སྐམ་གྱིས་དགེ་བཤེས་འཁུན། དེས་ཆག་བྲག་དམར་བ། དེས་ལ་སྟོད་གཙང་སོའི་སྤྲུལ་སྐུ་ཐང་ཆུང་བ། དེས་རྒྱ་སྟོན་གཞོན་ནུ་སེང་གེ དེས་སག་སྟོན། ཡང་སྐམ་གྱིས་རྒྱམས་ལ། དེས་ཀེ་ཀེ་ཧོར་གྲགས་ལ། དེས་བླ་མ་གཉོས་ལ། དེས་རྒྱ་སྟོན་གཞོན་ནུ་སེང་གེ་ལ་གནང་སྟེ། འདིས་ཨཱ་ཙརྻ་དེ་བའི་བདེན་བཞི་མཐོང་བས་མོས་ནས་བླ་མ་གསུམ་བསྟེན་པས་ཐུགས་མ་ཚིམ་པར་ལ་སྟོད་གཙང་སོར་བྱོན་ནས་སྤྲུལ་སྐུ་ཐང་ཆུང་བ་ལ་གཏུགས་ནས་གདམས་པ་ཞུས་པས་སྒྲོ་འདོགས་ཆོད་རྟོགས་པ་འཁྲུངས། ཐང་ཆུང་བ་དང་གཉོས་ཡན་དུ་ཡིག་ཆ་མེད་པ་ལ་རྒྱ་སྟོན་གཞོན་ནུ་སེང་གེས་སྐམ་ལུགས་ཀྱི་གདམས་པའི་ཡིག་ཆ་ཆེན་པོ་མཛད་དེ། དེའི་མཚན་ནི་ཤེར་ཕྱིན་ཐུགས་རྒྱུད་ལག་ལེན་སྙན་རྒྱུ་རིན་ཆེན་ཕྲེང་བ་རིགས་པའི་གཏན་ཚིགས་འཕྲུལ་གྱི་ལྡེ་མིག་ཅེས་བྱའོ། ཡང་སྐམ་གྱིས་རྒྱ་གར་ཇོ་སྲས། དེས་རས་པ་ལྷ་རི་པ། དེས་སུམ་སྒོམ་མཆེད་གཉིས་ལ་གནང་ངོ༌། ཡང་ཤངས་པ་ཀེ་ཀེ་ཧོར་གྲགས་ཀྱིས་སྐམ་ལོ་དགུར་བསྟེན་ནས་གདམས་པ་རྣམས་ཞུས། ཕྱིས་འཁུན་ཡང་དབེན་པ་ལ་ཡངཟླ་བ་གསུམ་དུ་བསྟེན། ཀེ་ཀེས་རིན་པོ་ཆེ་རྒྱལ་ཚ་ལ་བཤད་དོ། མས་བརྒྱུད་ནི། སྒྲོ་ནས་བརྒྱུད་པ་སྟེ་ནད་པ་མིན་པས་གང་ཟག་རིམ་དང་ཅིག་ཆར་གྱི་དབྱེ་བས་སྙིང་པོའི་དོན་དང་མངོན་པར་རྟོགས་པ་གཉིས་སུ་ངོ་སྤྲད་ནས་མདོ་མ་ལུས་པ་རྟེན་འབྲེལ་གྱི་འགྲོས་བཞིས་འཆད་དེ། མས་བརྒྱུད་སྒོམ་ཐོག་ཏུ་སྐོར་བའི་གདམས་པའོ། བླ་མ་དེ་ཡང་འཕན་ཡུལ་སྟོད་པ། ཡབ་སྒྲོན་སྟོན་འཕན་རྒྱལ། ཡུམ་རྗེ་མོ་བཀྲ་ཤིས། དེ་ལ་ལྕམ་སྲིང་གསུམ་ཡོད་པའི་ཕུ་བོ་སྒྲོ་ཆོས་བརྩོན། གཞོན་ནུ་ལ་རབ་ཏུ་བྱུང་ནས་དགེ་བཤེས་རྗེ་རྒན་འབུམ་པའི་དྲུང་ན་ཤེར་ཕྱིན་གསན་གྱི་བཞུགས་ཙ་ན། རྗེ་རྒན་བསྙུང་བ་ལ་ཅི་བྱས་ཀྱང་མ་ཕན་པ་ལ། འཁོར་ཀུན་ན་རེ། སྐམ་སྤྱན་དྲངས་ན་ཟེར་བས། རྗེ་རྒན་ན་རེ། གཉིས་ཀ་ཕར་ཕྱིན་མཁན་པོ་ཡིན་པས་བསོད་ནམས་ལ་གནོད་ཟེར། མ་ཚོར་བར་སྤྱན་དྲངས་པས་ཆོག་བྱས་པས། འོ་ན་དེ་ཙུག་གྱིས་གསུང་ནས་བྲང་ཁང་ལོགས་པ་ཅིག་ཏུ་སྤྱན་དྲངས་ནས་གདམས་ངག་ཞུས་པས། སྐམ་ན་རེ། ཁྱེད་རང་གི་ཁང་པར་མི་འབོད་པར་འདིར་འབོད་པ་ཙུག་ཡིན་ཟེར་བས། རྗེ་རྒན་ན་རེ། ང་རང་གི་བསོད་ནམས་ལ་གནོད་ཀྱིས་དོགས་ནས་མ་ཚོར་བར་བྱས་པ་ཡིན་ཟེར་བས་སྐམ་མ་མཉེསསོ། །དེ་ནས་གདམས་པ་མ་ཐེབས་པ་ལ་རྗེ་རྒན་གྱི་གཟིམས་ཁང་དུ་ཕྱིན་ཙ་ན། རྟེན་གཞན་པས་ལྷག་པ་བཀྲམ་ནས་མཆོད་པ་གཞན་པས་ལྷག་པ་བཤམས་འདུག་པས། ཐང་སྐུ་ལ་ཐལ་བ་གཏོར། མཆོད་པ་རྣམས་བསྒྱེལ་ནས་བཞག་པས་ཕྱིས་རྗེ་རྒན་བྱོན་ནས་འདི་འདྲ་སུས་བྱས་ཟེར་ནས་ཚིག་པ་ལ། ཁྱེད་རང་སངས་རྒྱས་ལ་ཉེ་རིང་ཞི་ཚེ་བྱས་ཀྱི། དེ་ནས་ནར་འགྲོ་གསུང་ནས། དེ་ལ་འཕྲིག་ཅིག་ཚུད་ནས་གཟོད་གདམས་པ་ཐེབས། ནད་དྲག །ངེས་ཤེས་སྐྱེསསོ། །དེའི་ཚེ་སྐམ་གདམས་པ་གསུང་བ་ལ་སྒྲོས་ཕག་ཉན་བྱས་པས་ངོ་མཚར་སྐྱེས་ནས། ཕྱིས་རྗེ་རྒན་ལ་སྐམ་གྱི་སར་འགྲོ་བར་ཞུས་པས། འདི་འདྲ་ཅིག་དགོས་པ་ཡིན། བླ་མ་ངོ་མཚར་ཅན་ཅིག་འདུག་པས་སོང་གསུང་ནས་སྒྲོས་སྐམ་ཅན་དུ་བྱོན། སྐམ་གྱིས་སྙིང་པོའི་དོན་དང་མངོན་རྟོགས་གཉིས་སུ་ངོ་སྤྲད། མདོ་རྒྱས་འབྲིང་གདམས་ངག་ཏུ་ངོ་སྤྲོད་པས་ངོ་མཚར་སྐྱེས། དུས་དེ་ཙ་ན་དམ་པ་རིང་རི་ན་བཞུགས་ཟེར་བས་སྒྲོས་ལྟར་འགྲོའམ་བྱས་པས། འོ་ན་སོང་དང༌། ངའི་བླ་མ་དེ་ཕྱག་དང་ཞབས་གཞན་པས་ཆེ་བ་ཅིག་ཡོད། ཤེར་ཕྱིན་བསྒོམས་པས་དྲོད་ཀྱི་ཡེ་ཤེས་སྐྱེས་ཏེ་ཁོང་བའི་སྲིན་དོན་པས་སྐུ་སྟོད་ལ་སྨེན་པ་ཐག་ཐུག་ཡོད། ཞབས་གཡོན་པ་ལ་སྨེ་བ་ཡོད། དབུ་གཙུག་ན་བུག་པ་མཐེ་བོང་ཤོང་བ་ཅིག་ཡོད་གསུང་པས། བླ་མ་སྒྲོས་རྒྱགས་གྲབས་བྱས་ནས་གླང་འཁོར་དུ་བྱོན་པས། དོ་ནུབ་སླེབ་པའི་ཉིན་ཕྱེད་ཙ་ན་དམ་པའི་གསུང་ཅིག་ཀྱང་ཐོས། རྒོངས་དམ་པའི་སྤྱན་སྔར་བྱོན་པས་ཁྲོམ་གསེབ་ན་བཞུགས་འདུག །ཕྱག་དང་ཕྱག་རྟེན་བྱས་པས་མ་བཞེད་པ་ལ། བླ་མ་སྒྲོ་ལ་དར་མཆིན་ཁ་ཡུག་ཅིག་ཡོད་པས་དེའི་ཁ་གང་བཅད་ནས་དབུ་སྐྲ་ལ་བཏགས་པས་དམ་པ་དགྱེས། དེ་ནས་དར་གཏུབས་ཏེ་དབུ་སྐྲ་དང་བལ་ཐུལ་ཡོ་ལ་བཏགས་པས་དམ་པ་དགྱེསསོ། །དེ་ནས་རྟེན་འབྲེལ་གྱི་གལ་ཏེ་ནས་སྨན་སྣ་ཚོགས་བསྲེས་པའི་ཐུམ་བུ་ཅིག་རྐང་མས་རྒྱུག་ལ་རྒྱུས་པས་དཀྲིས་པ་ཅིག །བྲེ་སྲང་རྣམས་མཁར་སྡེར་དུ་བཅུག་ནས་སྒྲོ་ལ་གཏང༌། ཅི་ཡིན་ངོ་མ་ཤེས་ནས་ཀུན་དགའ་ལ་དྲིས་པས། ཆོས་ཐམས་ཅད་དུ་མ་རོ་གཅིག་ཏུ་རྟོགས་པ་དང༌། བརྒྱུད་པའི་རྐང་ཟིན་པ་དང༌། ཆོས་འཇལ་ཁ་ཚུགས་པ་ཡིན་ནོ་གསུང༌། སྨན་པ་གོང་ཆིས་བྱས་པས་ཁྱེད་རང་རང་གི་ཡིན་གསུང་ནས་སྒྲོ་ལ་གནང་ངོ༌། དེ་ནས་ཕུང་མཁར་སྐྱོལ་གསུངནས་བཙུན་པ་ལྔས་ཕུང་མཁར་དུ་བསྐྱལ། གྲོགས་བཞི་ཡོད་པ་རྣམས་གདམས་པ་ནི་མི་འོང་བ་འདུག་ཟེར་ནས་སྙེ་ནམ་དུ་ཚོང་ལ་སོང༌། སྒྲོ་ལ་ཤོག་གསུང་ནས་ཕྱིན་པས་དྲི་རྒྱུ་ཅི་ཡོད་གསུང་པས། སྔར་ནས་བསམས་པའི་གྲུབ་མཐའ་མང་དུ་དྲིས་པས། ལན་མི་གསུང་བར་བདག་པོས་དྲུང་དུ་སྐྱོལ་གསུང༌། ཀུན་དགའ་ན་རེ། རང་གི་ཉམས་སམ་བླ་མའི་གདམས་ངག་དྲིས་དང་ཟེར་བས། སྐམ་ཡེ་ཤེས་རྒྱལ་མཚན་ན་རེ་འདི་སྐད་གསུང་བྱས་ནས་ཤེར་ཕྱིན་ལ་དྲིས་པས་དགྱེས་ནས། ཁྱོད་སྐམ་གྱི་སློབ་མ་ཡིན་ནམ། སྐམ་ཡེ་ཤེས་རྒྱལ་མཚན་བདེའམ་གསུང༌། སྔར་གྱི་བླ་མ་ཡིན་པར་ངོ་ཤེས་ནས་གདམས་པ་ཞུ་ཞིང་སྡོད་པར་ཞུས་པས། དམ་པའི་ཞལ་ནས། ཚོགས་སུ་འཕགས་པ་བརྒྱད་སྟོང་པ་ཅིག་དགོས་པ་ལ་སུ་ལ་ཡོད་གསུང༌། སོ་ཧོར་འབར་སྐུ་མཆེད་མཆོད་གནས་པར་ཡོད་པས་ང་ཅག་གིས་བྲིས་ལ་དབུལ་ལོ་ཟེར་བས། ཡི་གེ་མགོ་ཅན་ན་མགོ་ཅན། མགོ་མེད་ན་མགོ་མེད། ཟླ་བ་གཅིག་གི་ནང་དུ་ཟིན་པར་གྱིས་ལ་ཁྱོག་གསུང༌། ད་བརྒྱད་སྟོང་པ་ག་རེ་གསུང་བས། ད་དུང་མ་ཚར་ཞུས་པས་ཤིན་ཏུ་མ་དགྱེས་ཏེ། ཆེད་ཀ་མེད་པར་ཨ་ཙ་ར་འཁྲུག་པ་ཕམ། ད་སྐྱས་འགྱོགས་དགོས་པར་འདུག་གསུང་ནས་དཀའ་ཐུབ་ཁང་པར་གཤེགས། བརྒྱད་སྟོང་པས་ཅི་བགྱི་ཞུས་པས་ཟངས་དུང་གི་ཁ་ལ་བཀྱོན་ནས་ཤར་ཕྱོགས་སུ་འབུད་པ་ཡིན་ཏེ་གསུང༌། དེ་ནས་ཞག་བདུན་དཀའ་ཐུབ་མཛད་ནས་གྲོངསསོ། །སྒྲོལ་དཀའ་ཐུབ་ཀྱི་ཕྱོགས་ལོ་ཉི་ཤུ་རྩ་བདུན་གཏད། དེར་སྤུར་སྦྱངས་ཏེ་གདུང་བསྡུས་ནས་སྒྲོས་ཡུལ་དུ་བྱོན་ནས་སྐམ་དང་མཇལ་བས། ངའི་བླ་མ་དེར་འདུག་གམ་མི་འདུག་གསུང༌། ཡིན་པར་འདུག་ཞུས་པས། ཨེ་ཤ་ང་རང་ཡང་རྟ་ཅིག་ལ་ཞོན་ནས་འགྲོ་བ་ཡིན་པས་གསུང༌། དེར་སྐམ་གྱི་སྤྱན་སྔར་ལོ་གཉིས་བཞུགས། དེ་ནས་སྐམ་ཡང་གཤེགས། དེ་རྗེས་ལན་པ་སེ་གསེབ་ཏུ་ལོ་ཉི་ཤུ་རྩ་དགུ་སྒྲུབ་པ་མཛད། སྤྱན་རས་གཟིགས་ཀྱི་ཞལ་གཟིགས། དགོངས་པ་མཐར་སྐྱོལ། དགུང་ལོ་བདུན་ཅུ་རྩ་གཉིས་ནས་བཤད་པ་མཛད། བདུན་ཅུ་རྩ་ལྔ་ལ་གཤེགསསོ། །ཁོང་གི་སྤྱན་སྔར་འཆུས་པ་དར་བརྩོན་གྱིས་བྱོན་ཏེ། དེའི་ཡབ་འཆུས་པ་གང་བོ། ཡུམ་ཁུ་མོ་སྒྲོན་ནེ་ལྕམ། དེ་ལ་མིང་སྲིང་གསུམ་ཡོད་པའི་མིང་པོས་རབ་ཏུ་བྱུང་ནས་གཞུང་དང་གདམས་པ་མང་དུ་གསན། ཁྱད་པར་དུ་ཞི་བྱེད་ཀྱི་རྩད་མ་ལུས་པར་བཅད་ནས་མཁས་པར་གྲགས། རྨ་སོ་གཉིས་ཀྱི་གདམས་པ་ཚར་བའི་ཚེ་སྒྲོའི་སྤྱན་སྔར་ཕྱིན་ནས་ཤེར་ཕྱིན་གྱི་གདམས་པ་རྣམས་གསན། དཀའ་ཐུབ་ལོ་བཅུ་གཉིས་ཕོག་ནས་ངའི་བརྒྱུད་པ་ཁྱོད་ཀྱིས་འཛིན་དགོས་པ་ཡིན་ནོ་གསུང༌། དེ་ནས་ཡུལ་དུ་བྱོན་ནས་དཀའ་ཐུབ་ལོ་བདུན་བྱས་ཙ་ན། མཁའ་འགྲོ་མས་སྤྱི་དེ་དགོན་པ་ལུང་བསྟན། དེའི་མཁར་ལས་ལ་འཁྲུག་པ་བྱུང་ནས་དཀའ་ཐུབ་འཕྲོ་བཅད། འོན་ཀྱང་ཐུགས་དགོངས་མཐར་རྫོགས། སྒྲོལ་མ་གཙོ་འཁོར་གྱི་ཞལ་གཟིགས། དམ་པས་རྨང་ལམ་ལན་ལྔ་བསྟན། མཁའ་འགྲོ་མས་གདུགས་བཅུ་གསུམ་ཕུབ། དབུས་གཙང་རུ་བཞིར་བསྟན་པའི་རྩ་བ་བཙུགས། དགུང་ལོ་བདུན་ཅུ་རྩ་དྲུག་ལོན་པའི་ཚེ་ཉིན་ཞིག་བཙས་མའི་ཚེ་ད་ནང་དུ་འགྲོ་གསུང་ནས་བཞུད། དེ་རྟིང་ཇོ་མོས་བཙས་མའི་གྲོ་ལེན་དུ་བྱོན་པས། ང་ད་ལྟ་འཆི་བར་འདུག་གསུང༌། ཇོ་མོས་དེ་འདྲ་མི་བདེན་འོང་གལ་ཏེ་གཤེགས་ན་སྤུར་ཅི་ཙུགས་བྱེད་ཞུས་པས། ཁང་པའི་གྲ་ཁུགས་འདིར་རྡོ་བས་སྐྱོར་ལ་ཞོག་གསུང༌། དེ་འདྲ་བྱས་པས་སེམས་ཅན་འཆོར་བྱས་པས། སེམས་ཅན་ལ་ངའི་རོ་ལ་འཇུག་པའི་བསོད་ནམས་མི་འདུག་པས་ཨའུ་ཙི། ནམ་ཞིག་ན་ངའི་ཕུང་པོ་ལྟག་པ་སྒྱེད་དེ་འགྲོ། དེའི་ཚེ་དུས་མི་བདེ་བ་འོང་གསུང་ནས་གཤེགས། དེ་ནས་ལོ་མང་པོ་སོང་བ་ན། སྤུར་དེ་ལྟག་པ་སྒྱེད་སོང་འདུག་པའི་སྐབས་སུ་ཡར་ཀླུངས་སུ་དཔོན་ཆེན་རྒྱལ་བཟང་གི་དམག་བྱུང་ནས་སྤུར་དེ་གཡེངས། དེ་ནས་མང་པོས་སུ་ཐོབ་བྱས་ཏེ་ཁྱེར་རོ། དེའི་སྲས་འཆུས་པ་བརྩོན་འགྲུས་སེང་གེ དེ་ལ་རོག་ཤེས་རབ་འོད་ཀྱིས་ཆང་ཁྱིམ་དུ་སྐམ་ལུགས་རྣམས་གསན་ནོ། དེ་ལ་དམ་པ་གཤེགས་པའི་ཚེ་སྒྲོས་ལོ་བཞི་བཅུ། སྐམ་གཤེགས་དུས་བཞི་བཅུ་རྩ་གཉིས། སྒྲུབ་པ་ཐོན་པའི་ཚེ་བདུན་ཅུ་རྩ་གཅིག །བཤད་པ་ལོ་བཞི་སྟེ། འཁྲུངས་ལོ་ས་ཕོ་རྟ་སྟེ་སྒམ་པོ་བ་ལས་ལོ་གཅིག་གིས་བགྲེས། འཆུས་པ་དར་བརྩོན་ནི། དམ་པ་གཤེགས་པའི་མེ་མོ་བྱ་དེ་ལ་འཁྲུངས་ནས། དོན་དྲུག་པ་ཆུ་མོ་བྱི་བ་ལ་གཤེགས། འཆུས་པ་འདི་དཔལ་ཕག་མོ་གྲུབ་ལས་ལོ་བདུན་གྱིས་གཞོན། འཆུས་པ་འཁྲུངས་ནས་མེ་ཕོ་སྤྲེའུ་འདི་ཡན་ལ་ལོ་སུམ་བརྒྱ་དང་དྲུག་ཅུ་ཐམ་པའོ་ཞེས་ཤེས་པར་བྱའོ། སྐམ་ལུགས་ཀྱི་སྐབས་སོ། །

༡༢.༥ བརྒྱུད་ཕྲན་གྱི་སྐབས། བར་དུ་བྱུང་བའི་རྒྱུད་ཕྲན་ལ་གྲྭ་པ་དང༌། ལྕེ་དང༌། ལྗང་ལུགས་གསུམ་མོ། དེ་ལ་དགེ་བཤེས་གྲ་པ་ལ་ཞི་བྱེད་སྒྲོན་མ་དགུ་སྐོར་གྱི་གདམས་པ་གནང་སྟེ། དེ་ལ་མན་ངག་སྐུའི་སྒྲོན་མ། ཐེག་པ་གསུང་གི་སྒྲོན་མ། གསང་བ་ཐུགས་ཀྱི་སྒྲོན་མ། ཡང་དག་ལྟ་བའི་སྒྲོན་མ། རིན་པོ་ཆེ་སྒོམ་པའི་སྒྲོན་མ། བྱང་ཆུབ་སྤྱོད་པའི་སྒྲོན་མ། མཉམ་ཉིད་གཞིའི་སྒྲོན་མ། རྣལ་འབྱོར་ལམ་གྱི་སྒྲོན་མ། དངོས་གྲུབ་འབྲས་བུའི་སྒྲོན་མ་རྣམསསོ། །དེ་ཡང་དམ་པས་གྲ་ཐང་དུ་བྱོན་པ་ལ། ཨ་ཙ་ར་ཕལ་པའོ་སྙམ་ནས་བཀུར་སྟི་མ་བྱས་པ་ལ། སང་ངོ་ཨ་ཙ་རའི་སྟན་གྱི་སོག་མ་རྣམས་སྤུབས་མ་ཞར་བར་འདུག་པ་མཐོང་ནས། དགེ་བཤེས་གྲ་པ་ལ་ཞུས་པས། དགེ་བཤེས་པའི་ཐུགས་ལ་དམ་པ་སངས་རྒྱས་ཡིན་ངེས་དགོངས་ནས་བརྒྱུགས་པས་གྲ་ཕྱི་མདར་ཟིན། གསེར་ཕུལ་བས་མ་བཞེད་ཀྱང་ཕྱིས་འབྱོན་པའི་ཞལ་བཞེས་བྱུང་ནས། སླར་གྲ་ཐང་དུ་བྱོན་ཏེ་སྒྲོན་མ་སྐོར་དགུ་པོ་གསུངས། དགེ་བཤེས་གྲ་པས་སྲིན་ཆུའི་བྲག་ལ་སུམ་བཙུན་ཆུང་ལ། དེས་དོ་རིར་མྱང་སྟོན་དོ་པ་ལ། དེས་ཤབ་ཀྱི་བླ་ཆུང་འོད་ཟེར་ལ། དེས་ཤངས་སུ་འཆུས་པ་དར་བརྩོན་ལ་གནང་སྟེ། དེས་གྲུབ་བསམ་ཀྱང་ཞེས་མཛད་དོ། (ཨ་མདོའི་ཤིང་དཔར་ལས། “དེས་དགུ་པོ་ཐམས་ཅད་ལ་ཊིཀ་མཛད་དོ་”ཞེས་འབྱུང༌། སྒྲིག་པ་པོའི་མཆན།)དེས་འཆུས་པ་བརྩོན་སེང་ལ་གསུངས། དེས་རོག་ཤེས་རབ་འོད་ལ་གསུངསསོ། །ལྕེ་ལུགས་ནི། བཟང་ཡུལ་གྱི་དགེ་བཤེས་ལྕེ་བ་ཞེས་བྱ་བ་ཡབ་སྲས་གཉིས་བཞུགས་པའི་ཡབ་ནི། འཚུར་སྟོན་དབང་ངེའི་དང་པོར་ཡོན་ཏན་གྱི་རྐང་འཛུག་པའི་བླ་མ་ཡིན། བར་དུ་ཁ་ཆེ་ཟླ་བ་མགོན་པོ་བོད་དུ་དུས་འཁོར་སྤེལ་དུ་བྱོན། གཉོས་ལོ་ཙཱ་བ་ལ་བབས་པ་ལྕེ་ཡབ་སྲས་ཀྱིས་འགྱུར་གྱི་སྦྱིན་བདག་མཛད་ནས་ལོངས་སྤྱོད་ཕུན་སུམ་ཚོགས་པས་གཞི་གཟུང༌། གསེར་སྲང་སུམ་ཅུ་དང་བྲུལ་སྲང་སུམ་ཅུའི་འགྱུར་ཡོན་ཕུལ། ལོ་གཅིག་ལ་འགྱུར་རྫོགས་པར་མཛད་ཅིང་མཁྱེན་པར་ཡང་བསླབས། མཐར་དམ་པ་སངས་རྒྱས་ལྕེ་དལ་སྒང་དུ་བྱོན་པའི་ཚེ་ལྕེ་པ་མཚམས་ལ་བཞུགས་པས་མཇལ་བ་མ་བྱུང༌། དེ་ལ་སྲས་པོ་ཟླ་བ་གྲགས་པ་ནི། དགེ་བཤེས་གྲ་པའི་ལོ་སུམ་ཅུ་རྩ་ལྔ་པ་མེ་ཕོ་ཁྱིའི་ལོ་ལ་འཁྲུངས། རབ་ཏུ་བྱུང་ཞིང་སྦྱངས་པའི་ཡོན་ཏན་དང་ལྡན། སྔགས་ཀྱི་ཡོན་ཏན་ཡང་ཕུན་སུམ་ཚོགས་པར་ཡོད་པ་ལ། དམ་པས་ཡིད་གདུངས་ཏེ་གདན་བཞུགས་རྩད་བཅད་པས་ཡེར་པ་ན་བཞུགས་པར་ཐོས། ནམ་མཁའ་ལ་མཁའ་འགྲོ་མས་ཀྱང་ལུང་བསྟན་ཏེ། རིགས་ཀྱི་བུ་རྗེ་བཙུན་ཀ་མ་ལ་ཤྲཱི་ནི་སྡོམ་པ་གསུམ་ལྡན་གྱི་རྣལ་འབྱོར་པ་ཡིན་ཏེ། སངས་རྒྱས་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པ་མཁྱེན་པ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ནས་བརྒྱུད་པའི་སྒྲུབ་བརྒྱུད་ཀྱི་གདམས་པ་བར་མ་ཆད་པ་ཡིན་པས་རྗེ་བཙུན་དེ་ལ་ཆོས་ཞུས་ཤིག་ཅེས་བྱ་བའི་ལུ་བསྟན་བྱུང༌། དེའི་ཚེ་ཡེར་པ་ན་སྒོམ་ཆེན་ཉི་ཁྲི་བྱ་བས་དམ་པའི་ཞབས་བཏེག་ནས་ཡོད་པ་ལ། བླ་མ་ལྕེའི་ཁུ་བོ་སྒོམ་ཆེན་ཚུལ་གྲགས་དང་ཁུལ་བུའི་ཀོང་སྒོམ་བྱ་བའི་སློབ་མ་ཅིག་དང་གཉིས་དམ་པ་སྤྱན་འདྲེན་དུ་བཏང་བས། སྒོམ་ཆེན་ཉི་ཁྲི་ན་རེ། བདག་རྒས་ཤིང་འཁོགས་པས་རྗེ་བཙུན་གྱི་ཕྱགས་ཕྱིར་འབྲང་མི་ནུས་པས། རྗེ་བཙུན་བཞུད་ན་ད་ཁ་སྟབས་ཀྱིས་འགྲོ་པས། ཁྱེད་ཀྱི་བླ་མ་ལྕེ་མི་ཆེན་པོ་ལ་དེ་སྐད་ཟེར་བ་ལུགས་མིན་ཏེ། བདག་པོས་བག་ཅིག་སྐུ་ན་གཞོན་པར་འདུག་པས་བདག་གིས་ཞབས་ཏོག་ཕེར་པར་བྱའི། འདིར་རྗེ་བཙུན་གྱི་སྤྱན་སྔར་འབྱོན་པ་ཞུ་ཟེར་ནས་རྗེ་བཙུན་གཤེགས་སུ་མ་སྟེར་བ་ལ། དེ་ནས་ལྕེ་དལ་སྒང་པ་ཡབ་སྲས་ཀུན་གྱི་ཕྱག་ན་ཡོད་པའི་གསེར་ཐམས་ཅད་སྦྲུགས་ཡུམ་གྱི་སྐེ་རགས་ལ་ཡོད་པའི་གསེར་གྱི་བ་ཛིར་ཚུན་ཆད་ལྐོག །ཡབ་བླ་མ་ཆེན་པོའི་ན་བཟའ་ཕྱི་ཟབ་ཆེན་ལ་བྱས། ནང་རེའུ་ལ་བྱས་པའི་ཕྱམ་རྩེ་དང་སྣམ་བུ་མང་པོ་བསྣམས་ནས་ཡེར་པར་བྱོན་ཏེ། རྗེ་བཙུན་གྱི་སྤྱན་སྔར་གསེར་གྱི་མཎྜལ་དང་ཕྱམ་སྣམ་རྣམས་ཕུལ་བས། དེ་རྣམས་ལ་སྤྱན་མི་གཟིགས་པར་གཉིས་ཀ་མ་བུ་ཕྲད་པ་བཞིན་དུ་ཁོང་འཛུམ་དང་གདུང་སེམས་བྱུང༌། དེ་ནས་རྗེ་བཙུན་ཀ་མ་ལ་ཤྲཱིས། ལྕེ་ཙཎྡྲ་ཀཱིརྟི་ལ་བྱང་ཆུབ་ཀྱི་སེམས་སྨོན་འཇུག་གཉིས་དང་ཕར་ཕྱིན་གྱི་དོན་གྱི་དྲི་བ་མཛད། དེ་ནས་གསང་སྔགས་ཀྱི་དབང་བཞིའི་བརྡའ་དང་དྲི་སྨེད་མཛད། དེ་ནས་གསང་སྔགས་ཀྱི་དོན་མཐར་ཐུག་གི་དྲི་སྨེད་མང་དུ་མཛད། དེ་ནས་ལྕེས་བྱང་ཆུབ་ཀྱི་སེམས་སྨོན་འཇུག་གཉིས་ཇི་ལྟར་བསྐྱེད་པ་དང༌། ཕར་ཕྱིན་གྱི་དོན་དང་གསང་སྔགས་ཀྱི་དབང་བཞིའི་བརྡའ་དང་དོན་ཀྱི་ལན་དང་མཐར་ཐུག་གི་ལན་བཏབ་པས་རྣམ་པ་གཉིས་གསུང་ཇེ་ཆེ་ཇེ་ཆེ་ལ་སོང་བས། ཐོ་ཕྱི་ཀུན་ན་ཕར་ལ་ཡོད་པ་ཀུན་ཉན་དུ་བྱུང་ནས། རྗེ་བཙུན་གྱི་ཞལ་ནས། ད་རན་འཕྲོ་ཆོས་གསུང་ནས་ཟླ་བ་ཕུག་ཏུ་བཞུད། སྒོམ་ཆེན་ཉི་ཁྲི་ན་རེ། ཁོང་དགེ་བཤེས་ལྕེ་དེ་ཐུགས་ཀྱི་མཁྱེན་པ་ཇི་ཙམ་འདུག་ཞུས་པས། རྗེ་བཙུན་གྱི་ཞལ་ནས། ཁྱི་བཟང་པོ་བཟང་པོ་འདུག་དབྱུག་པ་ནན་དེ་ནན་དེ་དགོས་པར་འདུག་གསུང༌། དེ་ནས་ཡས་ལ་གདམས་ངག་ལྐོག་ཏུ་བྱ་ཡི། ལྷ་རི་སྙིང་པོའི་ཁར་ཤོག་གསུང་ནས་བྱོན་ཏེ། དང་པོར་སེམས་ལ་གྲོས་འདེབས་ཀྱི་ལོ་རྒྱུས་དྲིས་ནས་དེའི་གདམས་ངག་ཞུས། དེ་ལ་བརྟེན་ནས་ཕ་རོལ་ཏུ་ཕྱིན་པ་ལམ་ཐུན་མོང་པའི་གདམས་པ་གསུངས། དེ་ནས་ཕར་ཕྱིན་ཐུན་མོང་མ་ཡིན་པའི་གདམས་ངག་གསུངས། དེ་ནས་གསང་སྔགས་ཐུན་མོང་བའི་གདམས་ངག་གསུངས། དེ་ནས་གསང་སྔགས་ཐུན་མོང་མ་ཡིན་པའི་གདམས་ངག་གསུངས། ལར་ཟླ་བ་དགུའི་བར་དུ་གདམས་པ་མི་འདྲ་བ་བརྒྱ་རྩ་བརྒྱད་གསུངས། དེ་ནས་ལྕེས་དམ་པ་གར་གཤེགས་ཀྱི་ཕྱགས་ཕྱི་འབྲང་བར་ཞུས་པས། ཆུས་བུམ་པ་གང་བ་ཅིག་ནས་ཅིག་ཏུ་བྱོ་བའི་བརྡའ་མཛད་ནས༌། ཡས་དང་ང་གཉིས་མཉམ་པོར་སོང་བ་ཡིན་གྱི། ཕྱིར་འབྲང་མི་དགོས༌། ངའི་ཕྱིར་བྱོན་ན་ཕ་མ་མི་དགའ་བར་འདུག་པས་ཡུལ་དུ་སོང་ལ་སྒོམ་སྒྲུབ་གྱིས་གསུང༌། དེ་ནས་ལྕེས་ཡུལ་དུ་བྱོན་ནས་དམ་པའི་གསུང་བཞིན་དུ་གཙོ་བོར་སྒོམ་སྒྲུབ་འབའ་ཞིག་མཛད། ཡེར་པ་མདའི་མ་ཎི་པདྨེ་ཡང་དམ་པས་གཟིགས། ལྕེའི་ཡབ་མཆེད་ཉི་མ་བྱང་ཆུབ་པ་རི་བ་ལ་ཆོས་གསན་ཞིང་བཞུགས་པའི་ཚེ། དིང་རིར་དམ་པ་དང་མཇལ་བས་བརྡའ་ཆོས་མ་གཏོགས་ཚིག་ཏུ་མ་གསུངས། མོས་པ་ཐོབ་ཀྱང་ཚིག་ཏུ་མི་གསུང་བས་ཡུལ་དུ་བྱོན་ནས་ལྕེ་ཙཎྡྲ་ཀཱིརྟི་ལ་རྟ་ཅིག་ཕུལ་ནས་ཞུས་པས། གསང་སྔགས་ཐུན་མོང་མ་ཡིན་པའི་གདམས་ངག་སྐུ་གསུང་ཐུགས་དང༌། སེམས་ཉིད་གཅིག་པུ་དང༌། ཕྱག་རྒྱ་གཅིག་བཞི་དང༌། རིམ་ལྔ་དང༌། སེམས་ལ་གྲོས་འདེབས་ལ་སོགས་འགའ་རེ་གསུངས། རང་གི་ཡབ་དང༌། ཤ་ཐེང་དང༌། སྒོམ་ཆེན་བྲག་པོ་ལ་སོགས་པ་དམ་པའི་གདམས་པ་ཞུ་བ་རྣམས་ལ་སྣ་འགའ་ཙམ་ལས་མ་གསུངས། ལྕེ་ཙཎྡྲ་ཀཱིརྟི་ཉིད་ཀྱི་ཉེ་གནས་སློབ་དཔོན་རཱ་ཧུ་ལ་བཛྲ་ལོ་བཅུ་བདུན་ལ་རབ་ཏུ་བྱུང་ནས། བླ་མ་ཙནྡྲ་ཀཱིརྟི་སྐུ་མ་གཤེགས་ཕན་ལ་ཞག་གཅིག་ཀྱང་འབྲལ་མ་མྱོང་བས་རྗེ་བཙུན་གྱི་གདམས་པ་མ་ལུས་པ་གནང་ནས། ཁྱོད་ཀྱིས་ང་བཞིན་དུ་བསྒོམས་ཤིག །གཞན་ལ་མ་བཤད་པར་ཤ་གཟུག་རང་ཟོ། ཁོང་དུ་མར་ཁུ་འཐུང་ལ་ཁ་བོང་བས་ཕྱིས་གསུང་ནས་བཀའ་རྒྱས་བཏབ་བོ། དེ་ལ་དགེ་སློང་བྱང་ཆུབ་ཡེ་ཤེས་ཀྱིས་གསན་ཏེ། དང་པོར་དགེ་བཤེས་ཡང་གང་བ་དང་དགེ་གོང་བ་ལ་སོགས་པ་བཀའ་གདམས་ཀྱི་གདམས་ངག་དང་སྤྱོད་ཕྱོགས་ལ་སོགས་པ་མང་དུ་གསན་ནས་ཤེས། དེ་ནས་མངོན་པ་དང་དབུ་མའི་ཆོས་མང་དུ་ཤེས། དེ་ནས་གསང་སྔགས་གསར་རྙིང་གི་ཆོས་མང་དུ་ཤེས། དེ་ནས་དམ་པའི་གདམས་པ་རྣམས་ཉི་མ་བྱང་ཆུབ་སྤང་དག་མོར་སྐུ་གཤེགས་པ་དེ་ལ་ཁོང་རང་ལ་ཡོད་ཚད་ཞུས། དེ་ནས་དམ་པས་ལྕེ་ལ་གསུངས་པའི་གདམས་ངག་གི་རྣམ་གྲངས་རྣམས་ཐོས་ནས་རཱ་ཧུ་ལ་བཛྲ་ལ་གསན། དམ་པའི་གདམས་པ་ལ་ཆོས་ཀྱི་གནད་ཆེ་བར་དགོངས་ནས་ཙཎྡྲ་ཀཱིརྟིའི་སྒྲུབ་ཁང་དུ་བཞུགས། མོས་གུས་དྲག་པོ་བྱས་པས་རྨི་ལམ་དུ་ཙཎྡྲ་ཀཱིརྟི་སྔོན་ཁོ་ན་ལྟར་བྱོན་ཏེ་ནམ་མཁར་བཞུགས་ནས་གདམས་པ་གསུང་པར་རྨིས་པས། ཡིད་ལ་རང་མོས་པའི་སེམས་རྨིས་སམ། དཔེ་དཀར་གྱི་ཆོ་འཕྲུལ་ཡིན་སྙམ་དུ་སེམས་པ་དང༌། ནངཔར་སྔ་བར་སློབ་དཔོན་གྱིས་བང་ཆེན་བཏང་ནས་ཤོག་གསུང་ནས་ཕྱིན་པས། ཞལ་འཛུམ་མཛད་ཅིང་ཕམ་ཕབས་ཀྱང་གནང་ནས། མདང་ང་ལ་བླ་མ་ཙཎྡྲ་ཀཱིརྟིའི་ལུང་བསྟན་བྱུང༌། ངའི་ཆོས་ཐམས་ཅད་ཁོས་ཤེས་པ་ཡིན་ཁོ་ལ་ཕུལ་གསུང་ནས། ངས་ཆོས་ཐམས་ཅད་ཕྱིར་བཏོན་ནས་ཡས་ཀྱི་སྔུན་དུ་བསྒྲིགས་ནས་ཕུལ་པའི་རྨི་ལམ་བྱུང་གསུང་ནས། ཆབ་ཚ་ཐོན་པ་དང༌། གདམས་ངག་གི་དཔེ་རྙིང་རྣམས་ཚར་ཕྱུངས་སུ་གནང༌། དམ་ཚིག་མེད་པ་དང་སྣོད་ངན་པ་ལ་མ་བྱིན་གསུང་ནས་བཀའ་རྒྱས་བཏབ། དེས་འཆུས་པ་ཡབ་སྲས་ལ་གསུངས། དེས་རོག་ཤེས་རབ་འོད་ལ་གསུངས། དེ་ཡང་ཆོས་འདི་ལ་མདོ་རྒྱུད་ཞལ་སྦྱོར་གྱི་གདམས་པ་ཞེས་བྱ་སྟེ། མདོ་སྡུད་པ་ཚིགས་སུ་བཅད་པ་དང་རྒྱུད་མཚན་ཡང་དག་པར་བརྗོད་པ་སྦྱར་ནས་ཕར་ཕྱིན་གྱི་གདམས་པ་དང༌། སྔགས་ལ་གྲུབ་ཐོབ་ཕོ་མོ་ལྔ་བཅུ་རྩ་བརྒྱད་ཀྱི་གདམས་པ་རྣམས་བཞུགས་པ་ཡིན་ནོ། །ལྗང་ལུགས་ནི། འཆིམས་ཡུལ་གྱི་ལྗང་བཀའ་གདམས་པ་ལ་ཤེར་ཕྱིན་ཡི་གེ་མེད་པའི་གདམས་པ་གནང་སྟེ། ལྗང་གིས་ལྗང་ཆུང་བ་ལ་གསུངས། དེས་འཆུས་པ་ཡབ་སྲས་ལ་གསུངས། དེས་རོག་ཤེས་རབ་འོད་ལ་གསུངས་ཏེ། ངོ་སྤྲོད་ཀྱི་མཚང་གཅིག་ལས་མེད་ཟེར། བརྒྱུད་ཕྲན་གྱི་སྐབསསོ། ། བརྒྱུད་པ་ཐོར་བུ་བ་ནི་འགྲོ་སྒོམ་ལ་མཚན་བརྗོད་གསེར་གྱི་ཐུར་མ་གནང༌། འགུ་སྒོམ་ལ་ལས་རྒྱའི་གདམས་པ། ཆུ་སྒོམ་ལ་སྙིང་གཏམ་ལྷུག་པའི་གདམས་པ། སྒོམ་པ་དམར་སྒོམ་ལ་ཆིག་ཆོས་གསུམ་གྱི་གདམས་པ། གཉགས་ལོ་ཙཱ་བ་ལ་བདེ་མཆོག་དཔའ་བོ་གཅིག་པའི་གདམས་པ། ལྕེ་མོ་དཔལ་སྒྲོན་ལ་གྲུབ་ཐོབ་ཉམས་ཀྱི་ཆོས་སྡེ་བཅུ་དྲུག་པ། གཉལ་སྟོད་ངོར་རྗེ་སྒོམ་པ་ལ་ལྷན་ཅིག་སྐྱེས་སྦྱོར། ཆུ་བར་གྱི་གནས་བརྟན་འབྱུང་གྲགས་ལ་ཤེས་རབ་སྙིང་པོའི་གདམས་པ། སྔགས་བཤད་ཤེས་རབ་རྒྱལ་མཚན་ལ་དུས་འཁོར་གྱི་གདམས་པ། ཤངས་པ་དབུ་སྡེབས་ལ་ཡི་གེ་བཞི་པའི་གདམས་པ། སྙི་མོའི་རྒྱ་སྟོན་སྐྱི་རྩེགས་ལ་དགྱེས་པ་རྡོ་རྗེའི་གདམས་པ། ཞང་སག་ཆུང་བ་ལ་ཕག་མོའི་གསང་སྒྲུབ། བླ་མ་དཀོན་དཀར་བ་ལ་ཕྱག་ན་རྡོ་རྗེའི་གདམས་པ། སྐྱི་ཤོད་ཀྱི་འབན་གུང་རྒྱལ་ལ་བདེ་མཆོག་སྙན་བརྒྱུད། མ་གཅིག་ལབས་སྒྲོན་ལ་གཅོད་ཀྱི་གདམས་པ་གནང་སྟེ། དེ་རྣམས་ནི་བརྒྱུད་པ་བར་མའི་སྐོར་རོ། ། ༡༢.༦ མ་ཇོ་ཉི་ཤུ་རྩ་བཞིའི་ལོ་རྒྱུས་ཀྱི་སྐབས། དམ་པས་རྒྱ་ནག་ཏུ་བྱོན། རྩེ་ལྔའི་རི་ལ་འཛེགས་པའི་ལམ་ཁར་དྲང་སྲོང་རྒན་པོ་ཆུ་ཤིང་གི་ཁར་བ་ཐོགས་པ་ཅིག་དང་མཇལ། དེ་འཇམ་དབྱངས་ཀྱི་སྤྲུལ་པ་ཡིན། དེ་ན་རེ། ཡུལ་འདི་ན་ནད་ཡམས་མང་བས་རྡོ་རྗེ་གདན་ན་རྣམ་པར་རྒྱལ་མའི་གཟུངས་ཡོད། དེ་ཁྱོད་ཀྱིས་དེ་རིང་ལོན་ན་ཡུལ་འདིའི་ནད་ཡམས་འཆད་པས་ལོང་གསུང༌། རྡོ་རྗེ་གདན་ཐག་རིང་བས་དེ་རིང་རང་ག་ན་ལོན་བྱས་པས། བྲག་ཁུང་ཅིག་གི་ནང་ན་བུག་པ་ཅིག་ཡོད་པ་བསྟན་ནས་འདི་ལ་ཕྱིན་ན་ལོན་ཟེར། དམ་པས་བྲག་ཁུང་དེ་ལ་བྱོན་པས། རྡོ་རྗེའི་གདན་ཡུད་ཙམ་གྱིས་འཁོར། གཟུང་ཀྱང་ལོན་ནས་ནད་ཡམས་ཞི་བར་མཛད། དེར་རྗེ་བཙུན་འཇམ་པའི་དབྱངས་དང་ཡང་མཇལ། དེ་རྣམས་ཀྱི་བཀོད་པ་རྒྱ་རྣམས་ཀྱིས་རི་མོ་ལ་བྲིས་ཤིང་པར་དུ་བཏབ་པ་ཡང་བོད་དུ་སླེབ་པ་འདི་ཡིན་ནོ། དེར་དམ་པས་ལོ་བཅུ་གཉིས་བཞུགས་ནས་ཞི་བྱེད་ཀྱི་ཆོས་རྣམས་གསུངས་པས་དར་ཞིང༌། དེའི་གདམས་པ་དང་སྒོམ་རྒྱུད་དིང་སང་ཡང་མ་ཆད་པར་ཡོད་པར་གྲགསསོ། །ཁ་ཅིག་ན་རེ། རྒྱ་ནག་ཏུ་དམ་པས་གཤེགས་པའི་ཚུལ་ཡང་བསྟན་ཟེར། ཇི་ལྟར་ཡང་རུང་སྟེ་བོད་དུ་བྱོན་ནས་དཔལ་དིང་རིར་མེ་མོ་གླང་གི་ལོ་ལ་ཕེབས། གླང་འཁོར་གྱི་ཐང་དཀྱིལ་དེར་ཐོགས་ཤིག་བཞུགས་པ་ན། ཡུལ་དེའི་རྒན་པ་ཁ་ཅིག་གིས་ངེད་རང་གི་ཡུལ་འདིར་མཐའ་མི་སྡོད་དུ་བཅུག་པས་མི་འོང་ཟེར་ནས་འདོན་དུ་ཕྱིན་པས། དམ་པའི་ཞལ་ནས། ཁྱེད་རྣམས་དང་ང་ཡུལ་འདིར་འོང་བ་སུ་སྔ་ལྟ་ཡི། འདིར་ངས་དང་པོར་འོངས་ཙ་ན་འདི་འདྲ་བ་ཞིག་ཡོད། དེའི་རྗེས་ལ་འདི་འདྲ་གསུངས་བས། ཁོང་རྣམས་ཀྱིས་ཅི་ཡང་མ་སྤོབས་ཏེ་ལོག་སོང༌། དེ་ལྟར་དིང་རིར་ཕེབས་པ་འདི་ལན་ལྔ་པ་ཞེས་བྱ་སྟེ། འདི་མན་ཆད་དུ་གསུངས་པའི་ཆོས་རྣམས་ལ་བརྒྱུད་པ་ཕྱི་མ་ཞེས་བྱའོ། དེར་གྲོམ་ལ་གསོལ་ཟས་མཛད་ཅིང་བཞུགས་པ་ན། ། དང་པོར་ཞལ་མཐོང་བ་ལ་སྔ་བ་ལྕོག་རོ་སྨྱོན་པ་ཡིན་ཏེ། ཁོང་ལ་བྱིན་བརླབས་ཞུགས་པས་དམ་པ་དང་མཇལ་བ་ཙམ་གྱིས་གྲོལ་ནས་ཕྱིས་སྐྱི་ཤོད་དུ་བཞུགས་པས། རྒྱ་མ་བ་དབོན་སྟོན་གྱིས་ཀྱང་མ་ཐུབ་པར་གྲགས། ། དེ་རྟིང་ཀློག་སྐྱ་རལ་པ་ཅན་ཡིན་ཏེ། བླ་མའི་ཞལ་མཐོང་བས་ལྟོ་གོས་མི་དགོས་པའི་ཏིང་ངེ་འཛིན་སྐྱེས། ཀ་ཁ་ཡང་མི་ཤེས་པ་ལ་ཆོས་དྲིས་ཚད་ཀྱི་ལན་ཐེབས་པ་ཅིག་བྱུང༌། ། དེ་རྟིང་འབྲོ་ཟླ་འོད་ཡིན་ཏེ། བདེན་འཛིན་ཞིག །ཆོས་བརྒྱད་དང་བྲལ། དེ་རྟིང་སུམ་པ་ཁུ་ཚབ་ཀྱིས་མཇལ་བས་མུན་པས་སྒྲིམ་མི་ནུས་པར་ཉིན་མཚན་ཁྱད་མེད་པའི་སྣང་བ་ཤར། ། ཁང་པ་རྩིག་པ་ལ་སྔ་བ་བླ་མ་ཕྱར་ཆེན་ཏེ། མངའ་བདག་རྩེ་ལྡེའི་སྲས་ཡིན་པས། རྒྱལ་བརྒྱུད་ཀྱིས་ས་བཏུལ་པས་བཀྲ་ཤིས། ། རྟེན་འབྲེལ་གྱི་རྫས་ལག་ཏུ་གཏད་པ་ལ་སྔ་བ་མ་ཇོ་ཅུག་མོ་ཟ་དགེ་འདུན་སྐྱིད། དེའི་རྗེས་ལའང་རྟེན་འབྲེལ་གྱི་རྫས་ལག་ཏུ་གཏད་པས་སྒོམ་སྐྱེས་པ་མང་དུ་བྱུང༌། བསྙེན་བསྐུར་གསོལ་བ་ལ་སྔ་བ་རྗེ་ཁྲི་པ་ཡིན། ཀུན་གྱིས་སོ་ནམ་དང་འཚེ་ལ་སྐྱོག་མ་དགོས་པར་འཚོ་བ་ཕྱིད། ། གདམས་པ་བཏབ་པ་ལ་སྔ་བ་ཕྱར་ཆུང་བ་ཡིན་པས། དེའི་རྗེས་ལ་དབུ་ཆེ་མང་དུ་བྱོན། ། ཤར་ན་དམ་པ་ཕྱར་ཆེན། ལྷོ་ན་བཛྲ་ཀྲོ་དྷ། ནུབ་ན་ཕྱར་ཆུང༌། བྱང་ན་བྱང་ཆུབ་སེམས་དཔའ་ཀུན་དགའ་སྟེ། དེ་དག་ལ་སྒོ་བའི་རྣལ་འབྱོར་བ་བཞི་ཞེས་ཟེར། ཁྱད་པར་འཕགས་པའི་བུ་ཆེན་བརྒྱ་རྩ་བརྒྱད། འཁྲུལ་ཞིག་ཉི་ཤུ་རྩ་དྲུག །གདན་ནོན་གྱི་སློབ་མ་བཅུ་གཉིས་བྱ་བ་བྱུང་སྟེ། དེ་རྣམས་དམ་པས་གང་ཟག་གི་རིགས་དང་བསྟུན་ཏེ་གདམས་པ་སོ་སོར་གསུངས་པ་མ་གཏོགས། གདམས་ངག་གི་རྒྱུན་གཅིག་ཏུ་བགྲང་དུ་མེད། ། བླ་མ་ཕྱར་ཆེན་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་ཡོད་དང་སྒོམ་མེད་གཉིས་སུ་ངོ་སྤྲད་ནས་བཀའ་ཆོ་ལུ་དང༌། མདོ་སྦྱོར་དང༌། དོན་སྡེབས་གསུམ་གྱིས་སྤྲོས་པ་བཅད། ། ཕྱར་ཆུང་སྔགས་དང་ཕ་རོ་ཏུ་ཕྱིན་པ་གཉིས་མེད་ཀྱི་གདམས་པ་ལ་ངོ་སྤྲད་དེ། བསྙེན་སྒྲུབ་བཞིའི་སྲངས་སུ་བཅུག །བཛྲ་ཀྲོ་དྷ་བྱིན་བརླབས་ཀྱི་ལམ་པ་ཡིན་གསུང་ནས་རྟག་ཏུ་གསོལ་བ་འདེབས་སུ་འཇུག ། བྱང་ཆུབ་སེམས་དཔའ་ཀུན་དགའ་ནི་གང་ཟག་རིམ་གྱིས་བ་ཡིན་གསུང་ནས། བློ་སྦྱོང་གནང་ནས་དཀའ་ཐུབ་ཀྱི་སྲངས་རྐྱང་ཁུག་ལམ་ལྔའི་བསྡུས་པ་ལ་བཅུག ། བླ་མ་རྫོང་པ་ནི། གང་ཟག་ཅིག་ཆར་བ་ཡིན་གསུང་ནས་ཕྱག་རྒྱ་ཆེན་མོ་དབང་གཅིག་མོ་ལ་ངོ་སྤྲད་ནས་ལམ་དུ་བཅུག ། བླ་མ་རྒྱ་སྒོམ་ལ་དྲི་མེད་སྲངས་སུ་བཅུག་པ་རིག་པ་ངོས་འཛིན་གྱི་གདམས་ངག་བྱ་བ་གནང༌། ། བླ་མ་བཅུག་ལ་བརྡས་གྲོལ་བ་དབང་བཞི་ལམ་ཁྱེར་གྱི་གདམས་པ་གནང་ནས་དབང་བཞི་གཉེན་པོའི་ལམ་དུ་བཅུག ། དབུས་པ་སྒྲོ་སྟོན་ལ་སྙིང་པོའི་དོན་དང་མངོན་རྟོགས་གཉིས་ལ་བརྟེན་ནས་ལམ་རིམ་གྱིས་པ་དང་ཅིག་ཆར་གཉིས་སུ་ཁྲིད། དེའི་འཕྲ་གཅོད་དུ་དོན་རྒྱུད་སྐོར་གསུམ་གསུངས། ། བླ་མ་ཡེ་གཟི་འབར་རེ་ལ་བློ་བྲལ་སེམས་ཀྱི་མེ་ལོང་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོའི་དོན་ལ་ངོ་སྤྲད། ། ཞ་མ་ལྕམ་སྲིང་ལ་དོ་ཧའི་གཞུང་ལ་བརྟེན་ནས་རིམ་ཅིག་ཆར་གཉིས་སུ་ངོ་སྤྲད། དེ་ལ་སོགས་པ་གདམས་པའི་སྣ་མི་འདྲ་བ་རྣམས་ཕལ་ཆེར་རང་གིས་ཉམས་སུ་མྱོང་ཞིང་གྲོལ་བ་མ་གཏོགས་ཡོངས་ལ་མ་གྲགས། དམ་པ་དིང་རིར་མེ་མོ་གླང་གི་ལོ་ནས་མེ་མོ་བྱའི་བར་དུ་ལོ་ཉི་ཤུ་རྩ་གཅིག་བཞུགས་ནས་མི་རིགས་མི་གཅིག་པ་མང་པོའི་དོན་མཛད་དེ་གཤེགས། སྒོ་བའི་རྣལ་འབྱོར་པ་བཞིའི་བྱང་ཆུབ་སེམས་དཔའ་ཀུན་དགས་དམ་པའི་གསུང་རྣམས་ལ་བཀའ་ཆོ་ལུའི་སྐོར་དུ་མིང་བཏགས་ནས་སྡེབ་གསུམ་ཙམ་ཡི་གེར་བཏབ། ། བླ་མ་ཕྱར་ཆུང་གིས་དུམ་རུམ་ཁྲིགས་ཀྱི་སྐོར་ཞེས་བྱ་བ་སྡེ་བ་ཕྱེད་དང་གཉིས། ། ཕྱར་ཆེན་གྱིས་བཀའ་མདོ་སྦྱོར་གྱི་སྐོར་ཞེས་བྱ་བ་ཡི་གེར་བཏབ། བཛྲ་ཀྲོ་དྷས་རིན་པོ་ཆེ་དོན་སྡེབས་ཀྱི་སྐོར་ཞེས་བྱ་བ་སྡེ་བ་ཕྱེད་པ་ཅིག་ཡི་གེར་བཏབ་སྟེ་བཀའི་བསྡུ་བ་མཛད་དོ། དེ་རྣམས་ལས་ཀྱང་ཆིག་རྒྱུད་གཏད་པ་ནི་ཤྭ་ཆུ་ཀུན་དགའི་ཕྱོགས་སུ་བསྒྱུར་གསུང་ནས། བྱང་ཆུབ་སེམས་དཔའ་ཀུན་དགའ་ཡིན་ནོ། དེ་ལ་བྱང་ཆུབ་སེམས་དཔའ་ཀུན་དགས་བློ་གཏན་ཀྱི་མ་ཇོ་ཉི་ཤུ་རྩ་བཞིའི་ལོ་རྒྱུས་གསུངས་པ་ནི། ། སངས་རྒྱས་ནི། ཡུལ་ཤྲཱི་རིའི་ཆུ་བཟངས། ཕ་མ་ལ་མདོ་སྡེ་ཡོད་པའི་གཅེས་ཕྲུག་མ་ཡིན་ཀྱང་དད་པས་དམ་པའི་སྤྱན་སྔར་བུ་མོ་བརྒྱད་དགུ་དང་འགྲོགས་ནས་འོངས་ཏེ་ཡུལ་དུ་ཕྱིན་པར་ལོ་དགུ་སྒོམས་པས་རྟོགས་པ་ཤར། དམ་པས་མོ་འགྲོངས་པ་མཁྱེན་ནས། དམ་པའི་ཞལ་ནས། ཀུན་དགའ་དེ་རིང་ཁྱོད་ཀྱི་ཐོ་སྐོར་དུ་སངས་རྒྱས་དང་ཕྲད་པའི་མི་ཅིག་འཆི་སྟེ། དེ་ཁྱོད་ཀྱིས་ངོ་ཤེས་སེ་གསུང༌། དམ་པ་རང་ཉིད་མ་ལགས་སོ་ཞུས་པས། ང་མིན་ང་དང་འདྲ་བ་ཅིག་འདུག་གསུང༌། ཨེན་ཙམ་ན་ཇོ་མོ་སངས་རྒྱས་གྲོངས་ནས་སྤུར་སྦྱངས་པས་འཇའ་འོད་ཀྱིས་ཁེངསསོ། ། གསེར་བཙུན་མ་ནི། ཡུལ་ཞ་མ་ཕ་དྲུག །བདག་དམ་པའི་སྤྱན་སྔར་འགྲོ་བྱས་ནས་ཕ་ལ་གྲོས་དྲིས་པས་མ་འགྲོ་རྣལ་འབྱོར་པ་དང་བཙུན་མ་ཆོས་ལུགས་མི་མཐུན་ཟེར་ཡང་ཕྱིན་ནས་གདམས་པ་ཞུས་པས་མིང་ལ་ངོ་སྤྲད་ནས་གདམས་པ་ཤར། ཤིན་ཏུ་སྒྲུབ་པ་ལ་བརྩོན། ངག་ཏུའང་རྐུན་མ་འོད་ཞི་ཚེ་ཟེར། ལོ་བརྒྱ་ཐམ་པ་ཐུབ་སྟེ་གྲོངས་པའི་རྗེས་སུ་ནམ་མཁར་འཇས་ཁེངས། རྡོ་རྗེ་སེམས་དཔའི་སྐུ་དང་རིང་བསྲེལ་མང་དུ་བྱོན་ནོ། ། ཇོ་མོ་ཀླན་ཆུང་ནི། ཡུལ་ལ་སྟོད་སྟག་སྡེ་བ། དམ་པ་ཡབ་སྲས་གཉིས་ཀ་ལ་གདམས་པ་ཞུས་ཉམས་སུ་བླངས་པ་གྲུབ་པ་ཐོབ། དམ་པ་གཤེགས་ནས་ཀྱང་གླང་འཁོར་དུ་བཞུགས། ལོ་བརྒྱད་ཅུ་རྩ་གཅིག་ལ་འདས། རིང་བསྲེལ་མང་དུ་བྱོན་ནོ། ། ཇོ་མོ་འབར་མ་ནི། ཡུལ་མྱང་སྟོད་པ་དམ་པ་ཅུག་གི་ཇོ་མོ་བྱས་ནས་དམ་པ་ལ་གདམས་པ་ཞུས། ལོ་གསུམ་ནས་རི་དྭགས་ལྟར་རི་ལ་ཉམས་སུ་བླངས་པས་རྟོགས་པ་ཤར། མྱང་སྟོད་ཚེས་སྤོང་སར་འདས་པས་རིང་བསྲེལ་མང་དུ་བྱོན། ། ཇོ་མོ་རི་མ་ནི། རྩང་རོང་སྣར་པ་མོ། ཁྱིམ་ཐབ་བྱས་པས་ཁྱོ་མ་རུངས་པ་ཅིག་བྱུང་ནས་སོ་སོར་གྱེས་ཏེ་ཚོང་པའི་ཕྱི་འབྲངས་ནས་དམ་པ་དང་མཇལ། ལོ་བདུན་དུ་གདམས་པ་ཞུས་ཤིང་ཉམས་སུ་བླངས་པས་རྟོགས་པ་ཤར། དེ་གྲོངས་པའི་སྤུར་ཁང་ལ་དམ་པས་སྐོར་བ་མང་དུ་མཛད་པས་ཐམས་ཅད་ངོ་མཚར་སྐྱེས། རིངབསྲེལ་མང་དུ་བྱོན་ནོ། ཇོ་མོ་ཡེ་ཤེས་ལྕམ་ནི་ཡུལ་མང་ཡུལ་གུང་ཐང༌། ཇོ་མོ་རྗེ་མོ་ཞེས་བྱ་བ་གྲུབ་ཐོབ་མ་ལོ་བརྒྱ་དང་གཅིག་ལ་འདས་པ་དེའི་ཉེ་གནས་མ་ཡིན། བླ་མ་མཆོད་པ་ལ་མཁས་ཤིང་ཁྱད་པར་དུ་དམ་པ་ལ་མོས་པས་རྟོགས་པ་ཤར་ཏེ་ཕྱིས་གུང་ཐང་དུ་གྲོངས། སྒྲ་འོད་དང་འཇའ་ཚོན་མང་པོ་བྱུང༌། ཇོ་མོ་ཆོས་སྒྲོན་ནི་ཡུལ་ལ་སྟོད་ལྡོག་པ་མོ། བྱང་ཆུབ་སེམས་དཔའ་ཀུན་དགའི་ཇོ་མོ་བྱས་ཏེ། ཀུན་དགའ་དམ་པའི་སྤྱན་སྔར་ཡུན་རིངས་པ་ལ་འཚིག་ཀྱིན་ལྕོག་སྦུ་ནས་ཐུར་ཞི་ཆེ་ལ་འདྲུད། དེ་ལ་ཀུན་དགའ་བཟོད་པའི་བླ་མར་ཁུར་ནས་མི་བཀྱོན་པར་གུ་ལེ་མཛོད་ཅིག །ད་རེས་ཐུགས་ཚིམ་མམ་ཟེར་ཡང་ཇོ་མོ་ལ་དམ་ཚིག་གི་ཉེས་པས་འཆི་ཁར་སྡུག་བསྔལ་ཉམས་སུ་མྱོང༌། ཉི་ཤུ་རྩ་བཞིའི་ནང་ན་ངན་ཤོས་སུ་སོང༌། ཇོ་མོ་མ་གཅེས་ནི། ཡུལ་ལ་སྟོད་མང་འགར་བ། ཀུན་དགས་ཇོ་མོར་གཟུངནས་ཡབ་སྲས་གཉིས་ཀ་ལ་གདམས་པ་ཞུས། ཉམས་ལེན་རིམ་པར་བྱས་པས་གྲུབ་པ་ཐོབ། ཕྱིས་མྱང་སྟོད་བྱང་འདིར་འདས། རྡོ་རྗེ་སེམས་དཔའི་སྐུ་དང་རིང་བསྲེལ་མང་དུ་བྱོན༌། ཇོ་མོ་ཆོས་སྐྱབས་ནི། ཡུལ་མྱང་སྟོད་ཁུ་ལེ། དད་པ་སྐྱེས་ནས་གླང་འཁོར་དུ་བྱོན། ནོར་སྐལ་ཆེ་བར་ཡོད་པ་སྤངས་ནས་ཆུང་འཐུང་ལོ་བཅུ་གཉིས་བྱས། ཉམས་སུ་བླངས་པས་རྟོགས་པ་ཤར། འདས་དུས་འོད་དང་རིང་བསྲེལ་མང་དུ་བྱོན། ཇོ་མོ་ཆོས་སྐྱིད་ནི༌། ཡུལ་ཡ་འབྲོག་ཁོ་བ་ལེ། ཁྱིམ་ཐབ་བྱས་པས་བུ་ནོར་འཛོམ་པར་ཡོད་ཀྱང༌། ཆོས་ལ་འགྲོ་བྱས་པས་མིང་པོ་དགེ་བཤེས་གཉལ་སྟོན་ན་རེ། ཁྱོད་ཆོས་གཤའ་མ་བྱེད་ན་སྟོད་དིང་རི་ན་དམ་པ་སངས་རྒྱས་བཞུགས༌། དེར་སོང་ཟེར་བས་གླང་འཁོར་དུ་ཕྱིན་ཡུན་རིང་དུ་བཞུགས། དམ་པ་གཤེགས་ནས་ལོ་གཉིས་ན་གཤེགས། རིང་བསྲེལ་མང་དུ་བྱོན་ནོ། ཇོ་མོ་སྒུར་མོ་ནི༌། ཡུལ་ལ་སྟོད་ཤྲཱི་རིའི་ཆུ་བཟངས་པ། གླང་འཁོར་དུ་ལོ་བཅུ་བཞུགས་ནས་འདས་ཏེ་རིང་བསྲེལ་མང་དུ་བྱོན་ནོ། ཇོ་མོ་ལྷ་མོ་ནི་ཡུལ་སྟོད་ལུངས་རིལ་མ། རུས་འབེར་མོ། རང་ཡུལ་སྤངས་ནས་གླང་འཁོར་དུ་ལོ་དྲུག་བཞུགས༌། དམ་པ་འདས་ནས་ཡུལ་དུ་བྱོན་ནས་ལོ་གསུམ་བཞུགས། ཕྱིར་དིང་རིར་བྱོན་ནས་ཡུན་རིང་དུ་བཞུགས་ནས་འདས་ཏེ་འཇའ་འོད་བྱུང་ངོ༌། ཇོ་མོ་མྱང་མོ་ནི། ཡུལ་ཤབ་ཀྱི་ཀྱི་ཚ་རོང་བ། དད་པ་སྐྱེས་ནས་དམ་པ་དང་མཇལ། གླང་འཁོར་དུ་ལོ་བཅུ་བཞུགས་ནས་འདས། ཞལ་གཉིས་མའི་སྐུ་དང་འཇའ་འོད་མང་དུ་བྱོན། ཇོ་མོ་དབང་ཕྱུག་ལྕམ་ནི། ཡུལ་སྟོད་ལུངས་སྟོང་ཁུང་བ། བལ་པོ་བལྟར་ཕྱིན་པས་དམ་པ་དང་མཇལ། གླང་འཁོར་དུ་ལོ་བཅུ་གཅིག་བཞུགས་ནས་འདས་ཏེ་རྟགས་བཟང་པོ་བྱུང༌། ཇོ་མོ་རྡོ་རྗེ་རྒྱན་ནི། ཡུལ་དིང་རི་གདོང་བ་མོ། ཤིན་ཏུ་སྒེག་པ་ཅིག་ཡིན་པ་ལ། དམ་པའི་གསུང་ལ་དད་ནས་གླང་འཁོར་དུ་ལོ་བཅོ་ལྔ་བསྡད། ཕྱིས་འཁྲུལ་ཞིག་ཏུ་སོང༌། འདས་པའི་ཚེ་བསྲེག་པའི་གྲབས་བྱས་པས་འོད་ཀྱི་ཕུང་པོ་ཅིག་གིས་སྣ་དྲངས་ནས་བྱང་རིའི་རྩེ་ལ་སོང་བ་ཐམས་ཅད་ཀྱིས་མཐོང༌། མཁའ་འགྲོ་མའི་ལུང་བསྟན་ཡིན་པར་གླེངས་ནང་པར་ཐོ་རངས་བྱང་རི་ལ་བསྐྱལ་བས་རོ་སྣ་འོད་ཀྱིས་དྲངས། ཞག་བདུན་དུ་འོད་ཕུང་མ་ཡལ་བ་ཡུལ་མི་ཐམས་ཅད་ཀྱིས་མཐོང། ཇོ་མོ་ནམ་མཁའ་གསལ་ནི། ཡུལ་དབུས་ཀྱི་འོལ་ཁ་བ། མདོག་དཀར་ལ་ཤེས་པ་གསལ་བ་ཅིག་ཡོད་དེ། དམ་པའི་དྲུང་དུ་ལོ་དྲུག་བསྡད་ནས་ཆོས་ཞུས་བསྒོམས་པས་གྲུབ་པ་ཐོབ། དམ་པ་འདས་ནས་ལོ་བཞི་བསྡད་པས་དྲི་ཆུ་ཡང་སྦྲང་རྩིར་གྱུར། དེ་ནས་དབུས་སུ་བྱོན་ནས་ལོ་བརྒྱད་ཅུ་རྩ་བཞི་ལ་བྱང་དུ་འདས། གདུང་ཐམས་ཅད་རིང་བསྲེལ་དུ་སོང་ངོ༌། ཇོ་མོ་སྒྲོན་ནེ་ནི་མོ་རང་ཆེ་ཆོས་ལ་དགའ། ཆེར་གཏོར་ལ་རྩི། འཁོར་མང་པོ་ཡོད། ཨག་ཆེ་བས་དམ་པས་མོའི་ཕྱག་ལེན་ཙ་ན་བཞེངས་ནས་ཨུ་ལགས་གསུང་ནས་ལེགས་མོར་ལེན་པས། མོ་དམ་པ་ལ་མོས་གུས་ཆུད་ནས་བྱིན་བརླབས་ཕོག །འཁོར་ཐམས་ཅད་སྤངས་ནས་སྒྲུབ་པ་ལ་ཞུགས་པས་ཕྱིས་བཟང་མོ་ཅིག་བྱུང༌། ཇོ་མོ་འཕན་མོ་ནི། ཡུལ་འཕན་ཡུལ། མོ་རང་དང་ཉེ་གནས་མ་གཉིས་གླང་འཁོར་དུ་བཞུགས་ནས་མཉམ་དུ་གྲོངས་པས་ལུང་པ་སྨན་དྲིར་སོང༌། རྟགས་བཟང་པོ་མང་པོ་བྱུང་ནས་ཐམས་ཅད་ངོ་མཚར་སྐྱེསསོ། །ཇོ་མོ་རྗེའུ་མ་ནི། ཡུལ་ཨོང་པོ། ཐུགས་མཁས་ཤིང་བཀོལ་བདེ་ལ་དམ་པ་ལ་ཉན་པ་ཅིག་ཡོད་པས་དིང་རིར་ལོ་མང་དུ་བཞུགས། གུང་ཐང་དུ་ལོ་དུ་མ་ལོན་ནས་འདས་ཏེ། རོ་རི་ལ་སྐྱལ་བས་ཤུལ་ནས་སྒྲོལ་མའི་སྐུ་ཅིག་བྱོན་ནོ། ཇོ་མོ་རོ་ཟན་མ་ནི། ཡུལ་གུང་ཐང༌། རྒྱ་སྒོམ་མའི་གནའ་མ་ཡི། གོང་ནས་དམ་པས་མོ་འོང་བར་ལུང་བསྟན། རྟོགས་པ་ཤར། གྲུབ་པ་ཐོབ། རྟོག་པ་ཆོམས། ཕྱིས་གུང་ཐང་དུ་འདས་ནས་སྤུར་བཞུ་བས་དུ་བ་ཐམས་ཅད་འོད་ཟེར་དུ་སོང་ངོ༌། ཇོ་མོ་ཤངས་ཆུང་མ་ནི། ཡུལ་ཤངས་ཕུ། ཡུལ་ལྔར་ལ་ཕྱིན་པ་དམ་པ་དང་མཇལ། མོས་གུས་སྐྱེས་ནས་ཆོས་སྒོར་ཞུགས། ལོ་དྲུག་གླང་འཁོར་དུ་བསྡད་ནས་དམ་པ་འདས་ནས་ཤངས་སུ་བཞུགས། སྤུར་སྦྱངས་པས་རིང་བསྲེལ་མང་དུ་བྱོན། ཇོ་མོ་ཞ་ཆུན་མའི་ལོ་རྒྱུས་ནི་བརྗོད་ཟིན་ཏོ། དིང་རི་གདོང་གི་བུ་མོ་གཞོན་ནུ་མ་ནི། ཡུལ་དབུ་རུ་སྟོད་ཀྱི་མར་མ། ཕའི་ཟླ་ལ་ཚོང་ལ་འོངས་བ་དམ་པ་དང་མཇལ། གསུང་ལ་ངེས་ཤེས་སྐྱེས་པས་བྱིན་རླབས་ཞུགས་ཏེ་རྟོགས་པ་ཤར། ངག་བཅད་ནས་ལྐུགས་མར་བརྫུས་ཏེ་ཉམས་སུ་བླངས་རིང་པོ་མ་ལོན་པར་གྲོངས་པས་འགྲོངས་ཁར་དམ་པའི་ཞལ་ནས། ནང་པར་འོ་ཅག་གི་འདིར་གྲུབ་པ་ཐོབ་པ་ཅིག་འདའ་བར་གདའ་གསུང༌། དམ་པ་འགྲོངས་པ་མིན་ནམ་ཞུས་པས། ང་མིན། ཨུ་རྒྱན་དུ་འགྲོ་རིངས་པའི་བུ་མོ་ཅིག་གདའ་གསུང༌། ནང་བར་མོ་ནད་མེད་པར་གྲོངས། ། ཉ་མ་ཁྱིམ་པ་མོ་ནི། ཡུལ་བོང་ཤོད་ཀྱི་ཉ་མ་རྡོར་གསལ་བྱ་བ༌། བུ་ཁྱོ་ནོར་དུ་འཛོམ་པ། དད་བརྩོན་མོས་པར་འཛོམ་པ། སྙིང་རྗེ་གཏོང་ཕོད་དང་ལྡན་པ་ཡིན་པས་མོ་ཤི་བས་ལུང་པ་འཇའ་འོད་དང་རིང་བསྲེལ་དུ་སོང་བས་ཐམས་ཅད་ངོ་མཚར་སྐྱེསསོ། །མ་ཇོ་ཉི་ཤུ་རྩ་བཞིའི་ལོ་རྒྱུས་ཀྱི་སྐབས་སོ། ། ༡༢.༧ ཆིག་བརྒྱུད་སྦས་པའི་བླ་མ་རྣམ་གསུམ་གྱི་སྐབས། བྱང་ཆུབ་སེམས་དཔའ་ཀུན་དགའ་ནི། སྐྱེ་བ་སྔ་མ་རབས་ལྔར་དམ་པས་རྗེས་སུ་གཟུང༌། ཚེ་འདིར་དིང་རི་ཤར་ཕྱོགས་ཀྱི་ཚེ་གུང་དུ་ཡབ་སྟོད་པ་ཁྲི་བཟངས་དང༌། ཡུམ་ཇོ་མོ་དར་མ་གཉིས་ཀྱི་སྲས་སུ་ཆུ་ཕོ་སྟག་ལ་འཁྲུངས། མིང་སྟོད་ཆུང་འབུམ་མེ་བྱ་བར་བཏགས་པས་དུས་དེ། ང་ཀུན་དགའ་ཡིན་ཟེར་བས་དེ་ནས་ཀུན་དགར་ཆགས། དེ་ནས་ཁྱིམ་ཐབ་ཏུ་ཇོ་མོ་སྐྱུར་མོ་གཟའ་བླངས་པས། སྲས་གསེར་འོད་འཁྲུངས། འཇིག་རྟེན་གྱི་བྱ་བ་ཤོལ་བས་ཇོ་མོ་དང་སྲས་གཉིས་སྣང༌། ནོར་རྣམས་ཀྱང་ཟད་པར་གྱུར། དེ་ནས་དགུང་ལོ་སུམ་ཅུ་སོ་དགུ་བཞེས་པའི་དུས་དམ་པས་གླང་འཁོར་དུ་ཕེབས་ནས་ལོ་གསུམ་སོང་བ་ལྕགས་འབྲུག་ལ་ཇོ་མོ་ལ་བརྫུན་བྱས་ཏེ། སྙེ་ནམ་ལ་ཁར་ཇག་ལ་འགྲོ་བ་སྐད་བྱས་ནས་གླང་འཁོར་དུ་དམ་པའི་དྲུང་དུ་བྱོན། དེའི་ནང་ཞོགས་དམ་པས་གསུང་གི་གདངས་བསྟོད་དེ་དགོན་པ་བ་རྣམས་ཉོན་ཅིག །དེ་རིང་དཔའ་བོ་རྡོ་རྗེ་འབྱོན་པར་འདུག་པས་ཐམས་ཅད་ཕྱག་དར་གྱིས། མཆོད་པ་ཤོམས། རོལ་མོ་ཁྱེར་ལ་བསུ་བའི་གྲབས་གྱིས་ཤིག་ཅེས་གསུངས་པས་ཐམས་ཅད་ཀྱི་དེ་ལྟར་མཛད། ཕྱོགས་ཐམས་ཅད་དུ་བྱ་ར་བྱས་པས་སུ་ཡང་མེད། ཉི་མ་ཕྱི་དྲོ་ཙ་ན་མི་རོང་ངན་པ། དུག་པོ་ཧྲུལ་བ། འཁོར་རེ་ཞན་ལ་རྒྱགས་ཕྱེ་ཉུང་བ་ཅིག་ཡིབ་ཅིང་བྱུང་བ་ལ་ཐམས་ཅད་ཀྱིས་ཁྲེལ་རྒོད་བྱེད་ཅིང་བསུ་བ་བྱས། དམ་པས་དགྱེས་ཚོར་མཛད་དེ་གདོང་བསུ་ནས་དཔའ་བོ་རྡོ་རྗེ་འདིར་འོངས་པ་དེ་དགའོ། ཕྱར་ཆུང་གིས་དཔའ་བོ་རྡོ་རྗེ་ལ་ཁྲི་བརྩིགས་གདན་ཐིང་གསུང་བ་ལ། བརྡར་མ་གོ་ནས། དམ་པ་ཉིད་ཀྱིས་ཐལ་བའི་ཕུང་པོ་ཅིག་མཛད། དེའི་སྟེང་དུ་མདའ་བཞི་བསྣོལ་ནས། ཀུན་དགའ་བའི་བུ་ཁྱོད་རང་ད་ནི་འདིའི་སྟེང་དུ་བསྡད་པ་རང་བཟང་གསུང༌། དེར་བླ་མ་བྱང་ཆུབ་སེམས་དཔས་དམ་པའི་ན་བཟའ་ལ་འཇུས་ནས་འཁོར་བའི་མཚན་ཉིད་འདི་ཅི་ལགས་ཞུས་པས། དམ་པའི་ཞལ་ནས་ཀུན་དགའ་ཁྱི་ལུད་ཀྱི་གསེབ་ཀྱི་འབུ་ལགས་མོད་གསུང༌། འདིར་སྐྱེས་པའི་སེམས་ཅན་ལ་བདེ་བའི་གོ་སྐབས་བདོག་གམ་ཞུས་པས། ཕྱག་མཛུབ་པང་དུ་སྦེལ་ནས་སྡུག་བསྔལ་ལུ་གུ་བརྒྱུད་དུ་གདའ་བ་གསུང༌། འདི་ལས་ཐར་བའི་དུས་ཤིག་ནམ་མཆིས་ན་ཞུས་པས། གཟུང་འཛིན་གྱི་འཕྲང་ལ་ཐར་བའི་ལམ་སྣ་མ་ཟུག་པར་གདའོ་གསུང༌། གསུང་དེ་ཚོ་ལ་ངེས་ཤེས་སྐྱེས་ནས་རང་ཡུལ་ལ་མིག་མི་བལྟ་བར་དཀའ་ཐུབ་བྱས། བླ་མ་ལ་གསོལ་བ་འབའ་ཞིག་བཏབ་པས་བྱིན་རླབས་ཞུགས་ནས། དགེ་སྦྱོར་གྱི་རྩ་བ་ཟིན་པ་ལ་མཉེས་ནས། ཚ་གུང་ནས་བྱོན་པའི་དཔའ་བོ་ཁྱོད་གཡུལ་ལས་རྒྱལ་བ་ཅིག་བྱ་དགོས་གསུང༌། བདག་གིས་གོ་ཆ་ཇི་ལྟར་བགོ་ལགས་ཞུས་པས། རང་ཤོང་ཙམ་གྱི་ཕུག་པར་ཉོལ། ལྷགས་སྐྱོབ་ཙམ་གྱི་གོས་ཧྲུལ་གྱོན། སྲོག་ཐུབ་ཙམ་གྱི་འཚོ་བ་བསྟེན། མ་སུན་ཙམ་དུ་ཉམས་ལེན་གྱིས། མ་འདྲིས་ཙམ་དུ་མི་དང་འགྲོགས་ཤིག་གསུང༌། ཁོ་བོས་ཉམས་སུ་རང་ཇི་ལྟར་བླང་ཞུས་པས། ཕ་རོལ་ཏུ་ཕྱིན་པ་རྟེན་འབྲེལ་གྱི་བརྡའ་ལྟ་སྟངས་ཁ་ཡར་སྒྱུར་ཞིང་འདུག་གྱིས་ལ་བསྒོམས་གསུང་ནས་བསྒོམས་པས། རིག་པའི་རྩལ་ཕྱོགས་མེད་དུ་འབྱོངས་ཏེ། རྟེན་འབྲེལ་གྱི་བརྡའ་ལ་གོ་བ་ལྷོངས་པས་དམ་པ་ཤིན་ཏུ་མཉེས་ནས༌། ཀུན་དགའ་འདིར་ཤོག་དང་གསུང་ནས་དམ་པའི་དྲུང་དུ་ཕྱིན་པས། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་ན་གདན་ནོན་ཙམ་གྱི་ལྗིད་ཡོད་དམ། འཕྲུལ་གྱི་སྐས་ལ་འཛག་ཏུ་བཅུག་ན་མི་འདར་ཙམ་གྱི་ཡང་ཟོར་ཡོད་དམ། སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ་འགྲན་དུ་བཅུག་ན་གླིང་བཞི་ལ་དབང་བྱེད་ནུས་སམ་ཟེར་བས། བླ་མ་བྱང་ཆུབ་སེམས་དཔའི་ཞལ་ནས། འཇིག་རྟེན་གྱི་བྱ་བ་ཤེས་ཀྱང་མི་ཤེས། འོང་ཀྱང་མི་ འོང༌། བྱེད་ཀྱང་མི་བྱེད། བྱས་ཀྱང་མ་བྱས་པ་ཅིག་ལགས་ཏེ། དམ་པའི་ལྷ་ཆོས་འདི་ལ་གོ་བ་དང་སྙིང་རུས་དམ་དུམ་བདག་གི་ཞུས་པས། དམ་པ་ཤིན་ཏུ་མཉེས་ནས། ཐོག་མར་རྒྱལ་པོའི་བང་མཛོད་རྐུ་བ་ཡིན་པས། ལྡེ་མིག་མང་དུ་ཐོགས་ཤིག །བར་དུ་མུན་ཁུང་ལ་མར་མེ་འདེགས་འཚལ་བས་མེ་ཆ་རྣོན་པོ་ཁུག་མར་སྦོས་ཤིག །ཐ་མར་ཆུ་བོ་ལས་སྒྲོལ་བའི་མཉན་པ་འབབ་པས། སྐྱ་གདོས་བཟང་པོ་གྲགས་སུ་ཆུག་ཅིག་གསུང་ནས། ལམ་ལྔ་དཀའ་ཐུབ་གསུམ་གྱིས་སྲངས་ནས་བཏོན་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་གྱི་བརྒྱུད་པ་གཏད་ནས། དབང་གི་ཆུ་བོ་དང་བཀའ་བཞིའི་ཕྱག་དཔེ་སྙན་བརྒྱུད་དང་བཅས་པ་གནང་སྟེ། ང་དང་མཉམ་པ་ཀུན་དགའ་ཙམ། ཐུར་ལ་འབབ་པ་ཆུ་བོ་ཙམ། མཁའ་ལ་འཆར་བ་ཉི་ཟླ་ཙམ་གསུང༌། ཕྱིས་དམ་པ་མྱ་ངན་ལས་འདའ་ཁར་ཡང༌། ཉི་མ་ནམ་མཁའི་དཀྱིལ་དུ་ནུབ། རྒྱུད་ངན་པོ་ཚོ་ལས་བྱེད་འཕྲོ་ལ་ལུས་པ་ཅིག་རྨིས། མཐའི་ཨ་ཙ་ར་ཅིག་ལ་ངན་གསུང༌། འོ་ན་རྟེན་འབྲེལ་ཅིག་མཛད་པར་ཞུས་པས། ཡ་སྟགས་སུ་ཀུན་དགའ་ཁྱོད་དགོས་པས་འདིར་ཤོག་གསུང་ནས་ཕྱིན་པས། རིགས་ལྔ་སྤྱི་ཆིངས་ཀྱི་ཕྱག་རྒྱ་ཀུན་དགའི་གནས་ལྔར་བཞག་ནས། ཉི་མ་ནུབ་ཀྱང་ཟླ་བ་བགས་ཀྱིས་འཆར་བར་གདའི་གསུང༌། དེར་དམ་པ་དང་ལོ་བཅོ་བརྒྱད་འགྲོགས། དེ་རྟིང་ལོ་བཞིའི་བར་དུ་པ་ཚབ་དགོན་པ་ལ་གདམས་པ་རྣམས་གནང༌། དེ་རྗེས་སུ་ལོ་གསུམ་བཞུགས་ཏེ་ཤིང་ཕོ་འབྲུག་གི་ལོ་ལ་མཁའ་སྤྱོད་དུ་གཤེགས། དེ་ཡང་མྱ་ངན་ལས་འདའ་ཁར་གཙུག་ཏོར་སྒང་གི་རྩེ་ལ་དབུ་ཆེ་ཐམས་ཅད་ཚོགས་པའི་སར། མི་ཤེས་དྲི་མ་རྣམ་བྱང་བཤད་རྒྱུད་ཀུན་ལ་མཁས། བློ་ལྡན་སྒྲུབ་བརྒྱུད་དཀའ་ཐུབ་རྣམ་གསུམ་མཐའ་རུ་ཕྱིན། ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་ཚར་གཅིག་བཀླགས་ནས། དེ་ནུབ་རང་ལ་མཁའ་སྤྱོད་དུ་གཤེགསསོ། །དེའི་སློབ་མ་པ་ཚབ་སྒོམ་པ་ན། འཕན་ཡུལ་སྨད་ཀྱི་གཡུང་པོ་རྟར་ཡབ་པ་ཚབ་སྟོན་འབུམ་གྲགས་དང༌། ཡུམ་གཡས་མོ་དཔལ་འདྲེན་གཉིས་ཀྱི་སྲས་སུ་མེ་མོ་སྦྲུལ་ལ་འཁྲུངས། ལོ་བཅུ་གཉིས་ལོན་པའི་ཚེ་རེབ་གོང་གནས་ཆུང་དུ་པོ་ཏོ་བའི་སློབ་མ་སྒྲོ་ཆུང་བ་ལས་རབ་ཏུ་བྱུང༌། གཡས་འདུལ་བ་འཛིན་པ་ལ་འདུལ་བ་བསླབས། བཅུ་དགུ་ལ་ཁོང་གི་སར་བསྙེན་པར་རྫོགས། དེ་ནས་པོ་ཏོ་བའི་དྲུང་དུ་བྱོན་འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། བཀའ་གདམས་ཀྱི་ལམ་རིམ་གསན། སྟོད་ལུངས་རྒྱ་དམར་ལ་དབུ་ཚད་འགྲེལ་ཆུང་གསན། པ་ཚབ་ལོ་ཙཱ་ལ་བྱམས་ཆོས་བསླབ་ཕྱོགས་གསན། འབྲོམ་བྱང་ཆུབ་སེམས་དཔའ་ལ་མངོན་པ་གོང་མ། ཡོང་གེ་དབང་ཕྱུག་གྲགས་ལ་ཟངས་དཀར་ལུགས་ཀྱི་བདེ་མཆོག་གསན། དེ་རང་ཐོས་བསམ་ཡང་དེ་ཙམ་ཡིན། ད་སྒྲུབ་པ་ཅིག་བྱ་དགོས་པས་གདམས་ངག་སུ་ཆེ་དྲིས་པས་སྐམ་སྒོམ་ཆེ་ཟེར། ཇར་པོ་ཏོ་བའི་གསུང་ལས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་ཡང་དག་པ་ཅིག་བླ་མ་སྐམ་མ་གི་ལ་ཡོད་པར་སྣང་གསུང་བ་དེ་ཡང་དྲན་ནས། ཕ་རོལ་ཏུ་ཕྱིན་པའི་གཞུང་འདི་ཙམ་ཞིག་མངོན་པར་རྟོགས་པའི་རྒྱན་གྱིས་མིག་ཕྱེ་བ་བཞིན་དུ་སོང་འདུག་སྟེ། འདི་རང་ལ་ཡང་སྔགས་དང་འདྲ་བའི་གདམས་པ་རྣོན་པོ་ཅིག་འོང་ཐང་བ་བསམ་པ་བྱུང་ནས་སྐམ་གྱི་སར་བྱོན། ཁོང་གིས་སྐབས་བརྒྱད་སྟན་ཐོག་གཅིག་ཏུ་ངོ་སྤྲད་པའི་གདམས་པ་དེ་གནང་བས་མུན་ཁུང་དུ་སྒྲོན་མེ་བཏེག་པ་འདྲ་བ་ཅིག་བྱུང༌། དེར་ངེས་ཤེས་སྐྱེས་ནས་ཆོས་འདིའི་བདག་པོ་སུ་ཡིན་བྱས་པས། འདི་ངས་དམ་པ་སངས་རྒྱས་ཟེར་བའི་གྲུབ་ཐོབ་ཅིག་ལ་ཞུས་པ་ཡིན། ཁོ་རྒྱ་ནག་ཏུ་བཞུད། ད་ལྟ་དིང་རི་ན་ཕེབས་འདུག་གམ་ཟེར་ཏེ་ང་རྒས་པས་མི་ཐོན། ཁྱེད་རང་གཞོན་པར་འདུག་པས་དེར་བྱོན་ན་མཇལ་འོང་ངམ་གསུང་བས༌། ཕ་ཞིང་གསེར་གཡུ་དང་དར་ཟབ་ཏུ་བསྒྱུར་ནས་བྱོན་པ་ལ་ལམ་དུ་གྲོགས་མེད་པས་རིང་རབ་འགོར། དིང་རིར་ཕེབས་པའི་ནུབ་མོ་ཚ་ཁུང་དུ་བཞུགས༌། ནང་པར་སྔ་བར་བྱོན་ནས་བཙུག་ཏོར་སྒང་གི་རྩེ་ནས་གཟིགས་པས་ཁྲོན་ཆེན་པོ་ཚོགས་འདུག་པས་དམ་པ་བཞུགས་པ་ཡིན་ཏེ་འོང་སྙམ་ནས་ཧལ་ཐབས་སུ་བྱོན་པ་ན། ཁྲོམ་གྱི་སར་མ་སླེབ་ཙམ་ན་དུ་བ་སྔོ་རིང་གིས་བྱུང་བས་དེར་སྤྲང་མོ་ཅིག་འདུག་པ་ལ་ཅི་ཡིན་དྲིས་པས་དམ་པའི་གདུང་བཞུ་བའི་དུ་བ་ཡིན་ཟེར་བས༌། དེར་གམ་གྲགས་པས་རིང་ཞིག་ཏུ་བརྒྱལ། དེ་སངས་ཙ་ན་སྤྲང་མོས་དབུ་པང་དུ་བླངས་འདུག །མང་དུ་བཤུམས་པས་སྤྲང་མོ་དེ་ན་རེ༌། སློབ་དཔོན་སྟོན་པ་དུ་མི་འཚར། དང་པ་གྲོངས་ཀྱང་དམ་པ་ཉིད་དང་མཉམ་པའི་དབུ་ཆེ་མང་དུ་བཞུགས༌། ཁྱེད་རང་གི་དགོས་དོན་གྲུབ་སྟེ་མཆི་ཟེར༌། ཤར་ཕྱོགས་ཕ་གི་ན་དམ་པ་ཕྱར་ཆེན་པོ་བྱ་བ་ཁྱེད་རང་དང་རྟེན་མཐུན་པ་ཅིག་བཞུགས་དེར་བྱོན་དང་ཟེར་བས། ག་ལེ་བྱོན་པས་ཡང་སྤྲང་མོ་དེ་བརྒྱུགས་བྱུང་ནས༌། དབུས་པ་སྟོན་པ༌། ཁྱོད་ཕྱར་ཆེན་གྱི་བུར་མི་འདུག །དམ་པ་ཀུན་དགའི་བུར་འདུག་པས་རྡོ་སྤྱིལ་ཕ་གིར་སོང་ཞིག་ཟེར་མས་དེར་ཕྱིན༌། སྒོ་རྩ་ནས་སྐྱབས་སུ་མཆིའོ་བྱས་ཏེ་ཕྱག་མང་དུ་བཙལ་བས༌། ཀུན་དགའང་ཅི་ནས་སྤྱན་བཙུམ་འདུག་པ་ཕྱེ་སྟེ། ཆེར་གྱིས་གཟིགས་ནས་གཡས་མོ་དཔལ་འདྲེན་གྱི་བུ་བཤུལ་ལམ་ལ་འོ་མ་བརྒྱལ་ལམ་གསུང༌། དེར་མངོན་པར་ཤེས་པ་མངའ་བར་ཤེས་ནས་དད་པ་རྒྱ་ཆེན་པོ་སྐྱེས་ཏེ་བྱིན་རླབས་ཀྱང་དེར་ཞུགས༌། དེ་ནས་བྱང་ཆུབ་དེམས་དཔའ་ལ་གསེར་གྱི་མནྜལ་ཕུལ་ནས༌། བདག་བསགས་པ་ཆུང་བས་དམ་པ་དང་ནི་མ་མཇལ༌། བླ་མ་ཁྱེད་ཀྱིས་ཐུགས་རྗེས་འཛིན་པར་ཞུ་ཞུས་པས༌། རྟེན་མ་སྨིན་པ་སྨིན་པར་བྱེད་པ་ལ་དབང་དགོས་གསུང༌། ཁྱེད་ལ་ཆ་རྐྱེན་འདྲ་བདོག་གེ་གསུང་བས༌། གསེར་སྲང་གཅིག་དང་དར་ཡུག་གཅིག་ཕྱག་ཏུ་ཕུལ་བས་རྟེན་འབྲེལ་བཟང༌། དོ་ནུབ་ས་ཕུག་དཀར་པོར་ཉོལ་ལ་སང་འདིར་བྱོན་གསུང་བས༌། སང་དེ་བྱོན་པ་ན་གླེགས་བམ་བཤམས་ནས་ཐུགས་དམ་ལ་བཞུགས་འདུག །དེར་གླེབས་བམ་གྱི་དབང་བསྐུར༌། དེ་རྫོགས་པ་དང་བླ་མ་བྱང་ཆུབ་སེམས་དཔའི་ཞལ་ནས༌། གསང་སྔགས་དང་ཕ་རོལ་དུ་ཕྱིན་པ་གཉིས་ལས་གསང་སྔགས་པ་སྨིན་ལམ་དབང་བསྐུར་ནས་གྲོལ་ལམ་རྗེས་ལ་སྟོན་པ་ཡིན༌། འདི་སྨིན་གྲོལ་དུས་གཅིག་ལ་སྟོན་པ་སྔོན་ཆད་གཞན་ལ་མ་གྲགས་པ་ཨ་ཙ་ར་ནག་པོའི་ཁྱེད་ཆོས་དབང་གི་ཆུ་བོ་བཞི་བསྒྲིལ་ཡིན་པས༌། དེ་རང་གིས་ཆོག་པར་མི་གདའ་འམ་གསུང༌། ཆོག་པར་གདའ་ལགས་ཞུས༌། དེར་ལོ་གཅིག་ལ་བློ་སྦྱོང་ཚར་ཏེ། དེ་ནས་དབུས་སུ་འགྲོ་བར་ཞུས་པས་ད་དུང་རྒྱགས་གྲབས་གྱིས་ལ་ལོ་གཅིག་ཏུ་མཚམས་ཆོད་གསུང་ནས་ལམ་ལྔའི་བསྲངས་ནས་བཏོན༌། དེ་ཚར་བའི་དུས་སུ་ཀུན་དགའི་ཞལ་ནས༌། བུ་ཁྱེད་སྔར་ཡང་མཁྱེན་པ་ཅན་དུ་གདུག་ད་རེས་ཀྱང་ལམ་དཀའ་བ་སྤྱད་ནས་འདིར་འོངས། ཐམས་ཅད་ཀྱི་གདམས་པ་ཡང་བཏབ། ཁྱེད་རང་གིས་ཉམས་སུ་བླངས་པ་ལ་གོ་ཚོད་དང་འདིར་འོངས་བས་བོགས་ཐོན་ལུགས་ཉམས་རྟོགས་ཤར་ལུགས་འདྲ་བ་མེད་དམ་ཤོད་དང་གསུང་བས། མ་གིར་ནི་ཆོས་ཐམས་ཅད་སྤྲོས་པའི་མཐའ་དང་བྲལ་བར་གོ་སྟེ། རྗེས་སུ་དཔག་པའི་ལམ་མུན་ཁུང་གི་ལག་པར་འདུག །འདིར་ཆོས་ཉིད་དབང་པོའི་མངོན་སུམ་དུ་ཤར་བས་རྟོགས་པའི་མཐའ་ཆོད་པ་ཅིག་བྱུང་ཞུས་པས་ལེགས་སོ་གནང༌། དབུ་ཐོག་ན་ཤོག་བུ་ཅིག་བཏགས་འདུག་པས། འདི་ན་ཚ་བཟང་པོ་ཡོད་དེ། ལ་སྟོད་ན་མྱོང་ཤེས་པ་མེད་གསུང་ནས་དེ་ཡང་པ་ཚབ་ལ་གནང༌། སྣ་མར་གྱི་ཐེལ་ལ་ཁ་ཕྱེ་གསུང་ནས་དེར་བྱོན་ནས་གཟིགས་པས། ཐོག་མར་ཟུག་པའི་རྩ་བའི་ཆོས་སྡེ་ཞུས་ལན་དགུ དེ་ནས་འགྲེལ་བ་སྡོང་པོའི་ཆོས་དོན་རྒྱུད་སྐོར་གསུམ། དེ་འོག་ནས་གྱེས་པ་ཡལ་གའི་ཆོས་མཚོན་དཔེ་དང་བྲུལ་ཚོ། དེའི་འོག་ནས་ལོ་འདབ་ཀྱི་ཆོས་སྡེ་བཅུ་དྲུག །དེའི་འོག་ནས་མཛེས་པ་མེ་ཏོག་གི་ཆོས་སྡེ་ལྔ། དེའི་འོག་ནས་འབྲས་བུའི་ཆོས་སྡེ་ཨཱ་ལི་ཀཱ་ལི་ཕྱི་ནང་གསང་གསུམ་རྣམས་བྱུང༌། དེ་ནས་བླ་མ་ལ་གཏད་པས་ཚ་ཁྱོད་རང་འཚོ་གསུང་ནས་དཔེ་ཤུ་གུ་དང་བཅས་པ་གནང༌། དེ་ནས་ལོ་གཅིག་གི་བར་དུ་ནག་ཁྲིད་རྣམས་ཞུས། དྲི་བས་འཕྲ་བཅད་དེ་ཡི་གེ་ལ་བཏབ་པ་རྣམས་ལ་འཕྲ་ཏིག་ཏུ་བཏགས། བུ་ཆེན་གཞན་རྣམས་ལ་ཡང་གདམས་པའི་འཕྲ་བཅད་དེ་ཟིན་བྲིས་སུ་བཏབ་ནས་འཕྲ་གཅོད་དུ་བཏགས། དེ་ནས་དིང་རི་རང་དུ་བཞུགས་པར་ཞུས་པས། དབུས་སུ་བཞུད་པ་རང་འཐད། ཁྱེད་ཀྱི་མ་ཡང་ངའི་བུ་དེ་ཤི་བ་ཡིན་ལ་ཆེ་ཟེར་ནས་ངུ་ཞིང་འདུག །བྱོན་པ་རང་འཐད་གསུང༌། དེར་སྒྲུབ་པ་ལོ་བཅུ་གཉིས་ཀྱི་དམ་བཅའ་ཕུལ་བས་རྟེན་འབྲེལ་གྱི་ཁང་པར་བཅུག །དཔེ་ཐམས་ཅད་ཀྱང་གནང༌། དཔེ་འདི་རྣམས་བསྣོམས་ལ་ཆུ་བོ་ཆེན་པོའི་གཡས་འགྲམ་ནས་དཔེ་བདག་ཅིག་འོང་བས་དེ་ལ་གཏད་པར་མཆི་གསུང༌། རྒྱགས་ལྷག་གི་གསེར་སྲང་གསུམ་ཕུལ་བས། ཨཱ་ཙ་རའི་བརྒྱུད་པ་ལ་གསེར་གྱིས་དགོས་པ་མེད་ཀྱང་ཁྱེད་ཚོགས་རྫོགས་པའི་ཕྱིར་བླང་ངོ་གསུང་ནས་ནམ་མཁའ་ལ་གཏོར། འབྱོན་ཁར་བདག་ལ་ལམ་དང་སྒྲུབ་པའི་དུས་སུ་བར་ཆད་མེད་པ་ཞུ་ཞུས་པས་ཟིལ་གནོན་གྱི་རྡོ་ཐིང་རིལ་དང་རྡོ་ནག་པོ་འདྲེ་འདེད་གཉིས་གནང༌། བྱང་ཆུབ་ཀྱི་སེམས་དང་མ་བྲལ་བར་བླ་མ་ལ་གསོལ་བ་ཐོབ་གསུང་ནས་སྐྱེལ་ཐུང་མང་མཛད། དེ་ནས་མར་བྱོན་ཏེ་ལོ་གསུམ་གྱི་བར་དུ་བརྒྱུད་པ་དང་པོ་དང་བར་པའི་ཆོས་བཙལ་ཞིང་སྒྲུབ་པའི་མཐུན་རྐྱེན་བསགས། དེ་རྟིང་དེ་གོང་དུ་གནས་ཆུང་ངུ་སྒྲུབ་པ་ལོ་བཅུགསུམ་མཛད། སྒྲུབ་པ་ཚར་ནས་གཞན་དོན་མཛད་པ་ནི་གདམས་ངག་གི་སྙན་པ་ཆེ་བས་འཁོར་ཡང་མང་དུ་འདུས་པ་ལ། བྱང་པ་བོན་སྒོམ་བྱ་བ་མཚན་ཉིད་དུས་ཀྱི་ཞར་ཆོས་ཀྱི་སློབ་དཔོན་ཡིན་པ་ཞིག་ལ་གདམས་པ་བྱིན་པས་གནམ་མཚོ་ལ་བཞུད་ནས་མཁའ་སྤྱོད་དུ་གཤེགས། པ་ཚབ་སྒོམ་ནག་ལ་གདམས་པ་བྱིན་པས་རྒྱ་ནག་ཏུ་བཞུད་པས་རྒྱ་བོད་མཚམས་སུ་གཤེགས་ནས་སྐུ་འབུམ་སོགས་ཀྱང་ཡོད། བུ་ཤོང་སྒོམ་པ་བྱ་བ་ཀ་བ་ལི་གདང་གཤིབས་ཡིན་པས་དེ་ལ་གདམས་པ་བྱིན་པས་ཁོང་ཡང་མི་ཉག་རྒྱལ་པོའི་མཆོད་གནས་ལ་བཞུད། དེ་ལ་བརྟེན་ནས་ནག་ཁྲིད་ཞུས་ལན་གྱི་སྐོར་གྱིས་བྱང་ཁམས་ཁྱབ། ཞང་ང་རྣལ་འབྱོར་བ་བྱ་བ་ཁོང་རང་གདམས་པའི་བདག་པོ་ཡིན་ཀྱང་པ་ཚབ་སྒོམ་ནག་དང་མཇལ་བས་ཆོས་ལ་དུང་དུང་ལངས་ནས་དེ་ལ་གདམས་པ་བྱིན་པས་གྲུབ་ཐོབ་ཏུགྱུར་ཏེ། ལོ་བརྒྱ་དང་བཅོ་བརྒྱད་ཐུབ། སྟོན་པའི་འཁོར་ཡང་ཆོས་མཁས་པའི་མཐར་ཐུག་ཆུ་མིག་རིང་མོ་པ་རྒྱ་གྲགས་པ་སོང༌། བཙུན་པའི་མཐར་ཐུག་ཐང་སག་སྟོན་ཚུལ། མི་ཆེ་བའི་མཐར་ཐུག་ཞང་གཡུ་སྒྲོ་ལྷ་ཁང་པ། མཁྱཻན་པ་ཆེ་བའི་མཐར་ཐུག་རྔོག་གེ་སེར་ཏེ། དེ་རྣམས་ལ་གདམས་པ་བྱིན་པས་འཁྲུལ་ཞིག་ཏུ་གྱུར། སྐུ་བགྲེས་ཁར་བྱོན་པའི་སློབ་མ་ནི། གཤེན་སྒོམ་རེ་ཐུལ་ཅན་ཞེས་བྱ་བ་གདམས་པ་བཏབ་པས་འཁྲུལ་བ་ཞིག་སྟེ། ཁམས་སུ་བྱོན་ནས་ཕུང་པོ་ལྷག་མེད་དུ་སོང༌། ། འབྲོ་སྒོམ་བསོད་ནམས་བྱང་ཆུབ་ལ་མཁའ་འགྲོ་མ་བདུད་རྩི་བུམ་པའི་སྒྲུབ་པ་བྱིན་པས་གཏད་མེད་དུ་གྲོལ་ནས་མཁའ་འགྲོ་རྣམས་ཀྱིས་མཁའ་སྤྱོད་དུ་སྤྱན་དྲངས། ། ཨུ་རྒྱན་རས་པ་ཞེས་བྱ་བ་སྔགས་ཀྱི་གདམས་པ་མཁས་པ་ཅིག་བྱུང་བ་ལ་ལམ་གསུམ་གྱི་ཁྲིད་མཛད་པས་ཤེས་རྒྱུད་གྲོལ་ནས་རྟེན་འབྲེལ་ཤར་ཏེ་མངོན་ཤེས་བཤད་པ་ཅིག་བྱུང༌། ཆིག་བརྒྱུད་ཀྱི་གདམས་པ་མ་ལུས་པ་རྫོགས་པ་ཏེན་ནེ་རྣམསསོ། ། དེ་ལ་པ་ཚབ་ཀྱིས་སུམ་ཅུ་རྩ་བདུན་པ་ཆུ་མོ་སྦྲུལ་ཡན་ཆད་དུ་ཐོས་བསམ་མཛད། དེ་རྟིང་ཤིང་ཕོ་རྟ་ནས་སྒོམ་པ་ལ་ཞུགས། ལོ་ཞེ་གཅིག་པ་མེ་མོ་བྱ་ལ་དིང་རིར་བྱོན། ལོ་བཞིར་བྱང་ཆུབ་སེམས་དཔའ་ཀུན་དགའ་ལ་སོགས་པའི་བུ་ཆེན་རྣམས་ལ་གདམས་པ་ཞུས། ལྕགས་མོ་གླང་ལ་དབུས་སུ་བྱོན་ནས་སྒྲུབ་པ་ལོ་བཅུ་གསུམ་མམ། ཞིབ་མོ་དར་ཚགས་ལྟར་ན་ལོ་བཅོ་ལྔ་མཛད། བདུན་ཅུ་རྩ་བཞི་པ་ལྕགས་ཕོ་རྟ་ལ་ཏེན་ནེས་སླེབ། ཏེན་ནེས་སོ་གཉིས་བཞེས་ཤིང་པ་ཚབ་རང་གིས་བརྒྱད་བཅུ་རྩ་གཉིས་བཞེས་པ་ས་ཕོ་སྟག་གི་ལོ་ལ་གཤེགས། དེའི་སློབ་མ་རྒྱལ་བ་ཏེན་ནེ་ནི། གཙང་གི་ཤབ་སྒོ་ལྔ་ནས་ཡུལ་འཕོས་ཏེ་ཡར་མངའ་ནུབ་ཀྱི་ཆུ་འཁོར་དུ་གནས་བཅད་པའི་ཇོ་སྲས་སྐྱབ་བེ་བྱ་བ་དང༌། ཡུམ་འཚུར་མོ་གཟའ་མང་སྐྱིད་གཉིས་ཀྱི་སྲས་སུ་མེ་མོ་ལུག་གི་ལོ་ལ་འཁྲུངས། ལོ་ངོ་གསུམ་ཙམ་ལོན་ནས་སྔོན་གྱི་སྐྱེ་བ་དྲན་ཏེ་ང་མལ་བརྩོན་འགྲུས་བླ་མ་ཡིན་ཞེས་གསུངས། སོ་སྐུ་རིངས་ཡར་མདར་བྱོན་པ་ལ་བྱིན་རླབས་ཞུས་པ་དང༌། ཁོང་གི་ཞལ་ནས། ཇོ་མོའི་སྲས་པོ་འདི་ལ་གྲུབ་ཐོབ་ཆེན་པོ་ཅིག་འོང་བས་ངའི་བརྒྱུད་པ་འཛིན་དུ་གཞུག་དགོས་གསུང་ནས། ཐུགས་རྗེ་ཆེན་པོའི་རྫོགས་རིམ་དང་མ་ཎིའི་བཟླས་ལུང་གནང༌། ལོ་ལྔ་པ་ལ་ར་མོ་སྨན་ཆུ་ཁར་རས་ཆུང་པ་དང་མཇལ་བས་ཀྱང་འདི་ལ་གྲུབ་ཐོབ་ཅིག་འོང་བས་ངའི་བརྒྱུད་པ་འཛིན་དུ་གཞུག་དགོས་གསུང་ནས། ཏི་ཕུ་ལུགས་ཀྱི་དོ་ཧ་གནང༌། ལོ་བདུན་ལོན་པའི་ཚེ་ཡར་མདར་སྒམ་པོ་བ་དང་མཇལ་བས་སྲས་འདི་ལ་གྲུབ་ཐོབ་ཅིག་འོང་བས་ཚར་ཙ་ན་ངའི་རྗེས་ལ་ཐོང་ཅིག་གསུང་ནས་ཕྱག་རྒྱ་ཆེན་པོ་གནང༌། ལོ་དགུ་ལ་ནག་ཚོའི་དབོན་པོ་སློབ་དཔོན་སྒོམ་པ་ལ་སྒྲོལ་མའི་འདོན་ལུང་ཞུས་པས་ལས་འབྲེལ་ཡོད་པར་འདུག་གསུང་ནས། ལས་ཁ་ཚར་བ་དང་བཅས་པ་རྒྱས་པ་དང་ཇོ་བོའི་ལུགས་ཀྱི་མན་ངག་ཀྱང་གནང༌། ལོ་བཅོ་ལྔ་ཚུན་དུ་ཡབ་ཀྱི་ཆོས་མ་གཤེན་ཕུར་གསུམ་དང༌། དཔེ་སྲོག་གཙང་གསུམ་བསླབས། ལོ་བཅོ་བརྒྱད་ཀྱི་བར་དུ་བྱ་སའི་ཇོ་བོ་ལྷ་ཆེན་པོ་དང་ལྷ་བཙུན་སྔོན་མོ་གཉིས་ཀྱི་བློན་པོ་ལོ་གསུམ་མཛད། སྐྱེ་བོ་གསོ་ཐིགས་སོགས་ལུགས་ཀྱི་བསྟན་བཅོས་འགའ་གཟུང༌། ཉི་ཤུ་རྩ་ལྔ་པ་ལ་སྐྱེ་བ་སྔ་མའི་རང་ཡུལ་བལྟ་འདོད་པར་བྱུང་ནས་ཡར་འབྲོག་ལ་བྱོན་པས། བྱ་བྲལ་བ་གཞན་གཉིས་དང་མཉམ་དུ་བྱུང་གར་འགྲོ་ཟེར་བས་སྐྱེ་བ་སྔ་མའི་ཡུལ་ལྷོ་བྲག་རོང་ཡིན་པས་ལྟར་འགྲོ་བས་པས། ཁོང་གཉིས་ན་རེ། ཡ་གི་ཡར་འབྲོག་གླང་བུའི་དགོན་པ་ན། སྤྲུལ་སྐུ་སེ་ཇོ་སྲས་ལ་མཆོད་གནས་ཞིག་པོ་བཞི་སྡེ་བྱ་བ་ཡོད། དེའི་ནང་ནས་སྨྱོན་མ་རྒྱལ་ལེ་ལྕམ་བྱ་བ། གཏམ་མངོན་ཤེས་སུ་སྨྲ་བ་ཅིག་ཡོད་ཟེར་བས། དེ་བལྟར་འདེད་ཟེར་བས་དགོན་པ་རི་དིའུ་ཅིག་གི་ཁ་ན་འདུག་ཁོང་གསུམ་གྱིས་རི་རྩར་སླེབ་པ་ན་རྒན་མོ་ཐུལ་གོག་གྱོན་པ་ཅིག་ཐུར་ལ་བརྒྱུགས་བྱུང་ནས་ཏེ་ནེའི་ཕྱག་ལ་འཇུས། ཨ་བ་ཇོ་ཇོ་རུ་འདུག་པ། ཏེ་ནེ་རུ་འདུག་པ། ངའི་ནུ་མ་འདི་ལས་ཀྱང་ནུས་དང༌། ལྷོ་བྲག་རོང་དུ་མ་འགྲོ། སྣང་ཁང་འཁྲུག་པས་བཤིག་ནས་གཤའ་མ་མེད། དབུ་རུ་བྱང་ཕྱོགས་ན་གཡས་མོ་དཔལ་འདྲེན་གྱི་བུ་དང་ཐུད་ཡོད་པས་དེར་སོང་ཟེར། ཁོང་གི་མིང་འཇིག་རྟེན་གྲགས་ཡིན་པ་ལ། དེ་ནས་ཏེ་ནེ་རུ་ཐོགས། དེར་གཞན་གཉིས་ཀྱིས་དྲིས་པས་གཏམ་ལན་ཀྱང་མི་འཇལ། དེར་ཡུལ་དུ་བྱོན་ནས་འབྱོན་ཚིས་བྱས་པས་ཡབ་ཀྱིས་མ་བཏང༌། དེས་སྙིང་མ་དགའ་སྟེ་གླུ་མཁན་གལ་ཏེ་དགོས་ཀྱི་ཕྱགས་ཕྱི་ལ་གླུ་ཡང་བླངས། དེ་ནས་འབྲིང་ཆ་རུ་བ་ལ་དགེ་བསྙེན་གྱི་སྡོམ་པ་བླངས། བསྟན་རིམ་སློབ་དཔོན་གྲ་ཐང་པའི་ལུགས་དང༌། བདེན་གཉིས་དམ་པ་ཆོས་སྒྲོ་བའི་ལུགས་ཞུས། དེ་ནས་ཡབ་ལ་གསངས་ནས་ཀོམ་ཐིལ་ཅིག །དར་ཤམ་ཅིག །ཐོད་ཕོར་ཅིག་རྣམས་ཁྱེར་ནས་གྲ་ཐང་དུ་གཟིམས་པས་ཤེས་པ་དགའ་བའི་ཚད་ཅིག་བྱུང༌། དེ་ནས་བྱེ་མའི་ལ་སྒབ་ཏུ་བཞུགས་པའི་ནམ་ཕྱེད་ན་སྒོམ་མ་རྒན་མོ་དེའི་ཁ་ལ་གཏད་པ་ཨེ་ཡོད་ཀྱང་མི་ཤེས། ཡོད་དེ་ཤི་ཡང་ལོ་གཉིས་འགྱངས། དབུ་རུའི་ཆོས་པ་མང་མི་མང་འདི་ལ་གཡས་མེ་དཔལ་འདྲེན་གྱི་བུ་རྩད་ག་ན་ཆོད། ཡུལ་དུ་བཟློག་སྙམ་ནས་སྒྲོལ་མཚར་བདུན་བཏོན་ནས་ཉལ་བའི་མནལ་ཟི་བ་ཅིག་ལ་ནམ་མཁའ་ནས་ཀྱཻ་རིགས་ཀྱི་བུ། བློ་མ་ལོག་པར་སོང་དང་འདོད་པའི་དོན་གྲུབ་འོང་ཅིག་ཟེར་ནས་མནལ་སད་དེ་ནམ་མཁའ་ལ་བལྟས་པས་ཡི་གེ་ཏཱཾ་ལྗང་སྔོན་ཅིག་སྐར་མ་ལྟར་རྒྱང་ངེ་འདུག་ནས་དེ་སྒྲོལ་མའི་ལུངབསྟན་དུ་ཤེས། དེ་ཕྱིས་པ་ཚབ་ཀྱིས་ཀྱང་མཁྱེན་བྱུང༌། དེར་བསམ་པ་ལ། སློབ་དཔོན་གལ་ཏེ་དགོས་ཀྱི་ཡང་བླ་མ་སྤྱན་ཤྭ་རེ་བོ་བྱ་བ་ཞི་བྱེད་མང་དུ་ཤེས་པ་ཅིག་སྟོད་ལུངས་ན་བཞུགས་པས་དེར་སྣ་གཏད་ནས་འབྱོན་སྙམ་པ་ལས། ཡང་ཐོག་མར་འཕན་ཡུལ་མདའ་ཡབ་ཀྱི་སློབ་མ་བྲན་ཀ་ལྷ་བཟོ་ཀླུ་བཙན་གྲགས་བྱ་བ་ལ་གཙང་བཙན་གྱི་ཆོ་འཕྲུལ་གཏོང་བའི་དཔེ་ཅིག་ཡོད་པ་དེ་བླངས་ནས། དེ་རྗེས་བླ་མ་བཙལ་སྙམ་ནས་འཕན་ཡུལ་མདར་བྱོན་པས། བྲན་ཀ་དེ་ཇོ་མོ་མ་གཅིག་གི་སྒྲོལ་མའི་ཐང་སྐུ་བྲི་ཞིང་འདུག་པ་ལ། ཇོ་མོ་མ་དེ་ན་རེ། ཇོ་སྲས་གཡུ་རུ་བ། དབུས་ཀྱི་གཙོ་མོ་འདི་མ་ཡིན་པའི་མཐའི་ལྷ་ངང་པ་ཞོན་པ་ལ་སོགས་པ་འདི་རྣམས་ཁྱེད་ཀྱིས་ཨེ་ཤེས་ཟེར་བས། འདི་རྣམས་ཆེས་ཤེས་བྱས་ནས་རྣམ་དག་གཙུག་ནོར་བཏོན་པས། མོ་ན་རེ། ཇོ་སྲས་ཀྱི་དེ་ལེགས་པ་ཅིག་གནང། ང་ལ་དེ་ཅིས་ཀྱང་སློབས་དང་ཟེར། དེའི་ལུང་མེད་སྟོད་ལུངས་སུ་ཞི་བྱེད་སྟོན་པའི་བླ་མ་ཅིག་གི་སར་འགྲོ་དགོས་ཡོང་བྱས་པས། ང་ལ་ཞང་བོ་ཞི་བྱེད་མཁན་པོ་ཅིག་ཡོད་པས་དེར་བསྐྱལ་གྱིས། ང་ལ་དེ་ཅིས་ཀྱང་སློབས་ཟེར། སུའི་ལུགས་ཡིན་བྱས་པས་བྱང་ཆུབ་སེམས་དཔའ་ཀུན་དགའི་ལུགས་ཡིན་ཟེར། འོ་ན་ཁོང་གི་མའི་མིང་ཤེས་སམ་བྱས་པས། ཤེས་ཆེས་ཤེས་གཡས་མོ་དཔལ་འདྲེན་བྱ་བ་ལགས་ཟེར། དེར་ཤེས་པ་དགའ་ཡལ་ཏེ་སོང་ནས། བྱིན་རླབས་ཀྱང་དུས་དེ་ཉིད་དུ་ཞུགས་དེ་ནུབ་འོད་ཀྱི་གོང་བུ་སྲན་མ་ཙམ་ཅིག་ལྕེ་ཐོག་ཏུ་བྱུང་བ་མྱངས་པས་རོ་མཆོག་ཁྱད་པར་དུ་འཕགས་ཤིང་མིད་པས་ལུས་ཐམས་ཅད་འོད་དུ་སོང་ནས་འོད་ཟེར་ཕྱོགས་བཅུར་འཕྲོ་བ་ཅིག་རྨིས། ནང་པར་ཇོ་མོ་མས་དགོན་པ་སྟོན་ཏུ་ཕྱིན། དེར་བླ་མས་མཁྱེན་ཏེ་མ་ཟད་དུ་བྱོན་ནས་མདུན་བསུས། ཇོ་སྲས་ཡར་མདའ་བ་དེ་རིང་རྟོལ་ལམ་འོངས་པ་དེ་དགའ་འོ། ཁྱེད་བཞི་ནང་ནས་འབྱོན་ཐད་པ་ལ་གསུང༌། དེར་བདག་ལ་དམ་པ་ཀུན་དགའི་ལུགས་ཀྱི་གདམས་པ་ཞུ་འཚལ་བྱས་པས། ཁྱེད་རང་བྱོན་པ་དེ་ལེགས་ཆོས་ཀྱང་བྱ་ཡི་གསུང༌། དེ་ནས་བྱང་ཆུབ་སེམས་དཔའི་ལུགས་ཀྱི་རྒྱུད་མ་སྨིན་པ་ལ་ཡོན་ཏན་གྱི་རྩེ་མོ་འབྱར་བས་ཨཱ་ལིའི་ཀཱ་ལིའི་བྱིན་རླབས་བྱ་དགོས། དེ་ལ་ཁྱེར་ལ་ཆ་རྐྱེན་ཨེ་བདོག་གསུང༌། ད་ལན་བླ་མ་ཚོལ་དུ་འོངས་བ་ཡིན། ཡུལ་ནས་ཆ་རྐྱེན་བླངས་ལ་འོང་ཞུས་པས། བདུད་ཀྱི་ལས་ཆེ་ཤོས་ཕྱི་ཤོལ་ཡིན་པས་ད་ལྟ་རང་བྱ་དགོས། ཆ་རྐྱེན་ཡེ་རང་མེད་དམ་གསུང་བས། དེར་ཀོམ་ཐིལ་ཅིག་གི་ཁར་ཐོད་པ་བཞག །དར་ཁ་གང་ཁབ་མིག་ལ་རྒྱུས་ཏེ་ཐོད་པར་བཅུག་ནས་ཕུལ་བས། ཇོ་སྲས་གཡུ་རུ་བའི་ཕྱག་རྟེན་གྱི་ལ་ཉེ་དང་སྦྱར་ན་ཆོས་ཟབ་མོ་སྦྱིན་པའི་སྣོད་དུ་ནི་རུང༌། དད་ཅན་གྱི་ལམ་སྣ་ཡང་འགྲོངས་ཏེ་ཟང་ཟིང་གི་སྐུ་བསོད་ཆེན་པོ་ནི་མི་འོང་གསུང་ནས་གླེགས་བམ་བཤམས། བྱིན་རླབས་མཛད་པས་མཉམ་རྗེས་འདྲེས་པའི་རྟོགས་པ་ཁྱད་པར་ཅན་ཅིག་དུས་དེ་རང་དུ་ཤར། བླ་མའི་ཞལ་ནས། ངོ་བོའི་མཐོང་ཚུལ་དེ་རང་ལགས་ཀྱང༌། ལམ་རྟགས་དང་ཡོན་ཏན་ཀྱང་དགོས་པས་ཞག་བདུན་གྱི་བར་དུ་ལུང་ལོང་ལ། རྟགས་མ་བྱུང་གི་བར་དུ་འབུངས་གསུམ་ཐོན་གསུང་བས། སྔར་གྱི་ཇོ་མོ་མ་དེས་བར་ཆད་བྱས་པས་བློ་སྦྱོང་ཟླ་བ་བརྒྱད་དུ་འགོར། དེ་ནས་བླ་མ་ལ་ཆོས་འདི་ལ་དཔེ་འདྲ་བ་བདོག་གམ་ཞུས་པས། ཨ་ཙ་ར་རིག་པ་དྲི་མེད་དུ་ངོ་སྤྲད་ནས་བརྗེན་པ་རངསྐྱོང་བ་ཡིན་པས་དཔེ་མི་འཚལ། བླ་མའི་ཕྱག་བཞེས་ལྟ་འཚལ་བས་ཆ་རྐྱེན་བག་ཙམ་ཚོལ་དང་གསུང་བས། བྱང་དུ་བྱོན་ནས་རྙེད་པ་ཤོག་སྔོན་པོ་ཏི་གཉིས་དང་མཛོ་མོ་དྲུག་རྙེད་ནས་ཤོག་སྔོན་དང་མཛོ་མོ་དྲུག་བླ་མ་ལ་ཕུལ། མཛོ་གཉིས་ལ་ཆ་རྐྱེན་བྱས་ཏེ་ལོ་གཅིག་ཏུ་ལམ་ལྔའི་ཁྲིད་བསྐྱངས། དབང་རྣམས་ཞུས། དེའི་བར་དུ་བླ་མའི་གསུང་ཐམས་ཅད་ཟིན་བྲིས་སུ་བྱས་ཏེ་ཞིབ་མོ་དར་ཚགས་སུ་བཏགས། དེ་ནས་ཆོས་ཚན་རྣམས་བཀའ་བབས་དང་དྲི་མེད་དང༌། སྙན་བརྒྱུད་དང་དོ་ཧའི་སྐོར་དང་བཞིར་ཕྱེ་ནས་དཔེ་རྣམས་ཀྱང་རིམ་གྱིས་གནང༌། རྟེན་འབྲེལ་གྱི་ཆོས་སྐོར་ནས་བེའུ་བུམ་ཅིག་ཕྱེ་སྟེ། འདི་སྣ་ཚོགས་རྫུ་འཕྲུལ་གྱི་སྐོར་བྱ་བ་ཡིན། ཁྱེད་རྣལ་འབྱོར་པས་མི་སྲོལ། དཔེ་ཟུར་བྱི་བས་ཟོས་འདུག་པས་ལག་ལེན་ཡང་མི་བཏུབ་པར་འདུག་གསུང་ནས་མ་གནང༌། དེར་ནག་ཁྲིད་ཀྱི་དཔེའི་ཞུས་དག་དང་དྲི་བའི་འཕྲ་གཅོད་པ་ལ་ལོ་གཅིག་འགོར། དེར་ཡུལ་དུ་འབྱོན་པར་ཞུས་པས་མ་གནང་བར། ད་དུང་གདམས་པའི་ཟུར་གསོ་དགོས། ཚགས་ཀྱང་བསྡམ་དགོས། སློབ་རིམ་གོང་མ་རྣམས་དང་ཡང་འདྲིས་པར་བྱ་དགོས་གསུང་ན་ལོ་གཅིག་བཞུགས། དེར་གལ་ཏེ་དགོས་བྱོན་ནས་གདམས་པ་ཞུས་པ་ལ་མ་གནང་བར་ཁོང་གི་སེམས་བསྲུང་བའི་ཕྱིར་སྟོད་ལུངས་སུ་བྱོན་ནས་སྨོན་ལམ་འབར་དང་སྤྱན་ཤྭ་རེ་བོ་ལ་ཡང་ཆོས་ཞུས། འཕན་ཡུལ་གཉགས་ཆུང་བ་དང་ཞང་ང་སྒོམ་ཆེན་གཉིས་ལ་ཡང་ཆོས་ཞུས་པས་ལོ་བཞི་སོང་བ་ན་བླ་མའི་ཞལ་ནས། ཇོ་སྲས་གཡུ་རུ་བའི་ལམ་དཀའ་ཐུབ་ཀྱི་བསྲངས་དང་པོ་དེ་བཟང་པོར་ཐལ། ད་ནི་ཡར་མདའ་གཙང་ཁར་བཞུད་རན་གསུང་ནས་དབུ་ཆེ་རྣམས་ཀྱང་འཚོགས། ལོ་བརྒྱ་ཉེར་གཅིག་ཐུབ། བུ་ཚེའུ་ནེའུ་ན་མར་ལ་གྲུབ་ཐོབ་མང་པོ་འོང་བར་ལུང་བསྟན། སྒྲུབ་པ་དཀའ་ཐུབ་ཀྱི་དམ་བཅའ་ལོ་བདུན་ཕུལ། ཆོས་ཀྱང་ཞུ་ཚར་ལ་སྟེར་བའི་ཞུ་བ་ལན་བདུན་ཕུལ། སྒྲུབ་པའི་དམ་བཅའ་དེ་བས་རིང་ཀྱང་མི་ལྟོ་སྟེ། ཁྱེད་རང་ཁས་མ་ཚུགས་ན་ཐུན་མོང་གི་ཆོས་རྣམས་ལེགས་སུ་ཤོད། ཆོས་བདག་མི་ཕེར་བ་ལ་བཀའ་བཞིའི་གདམས་པ་མ་བྱིན། འགྲོ་དོན་ཚེ་འདིར་མི་འོང་བའི་ལག་ཏུ་རྟེན་འབྲེལ་མ་གཏོང༌། སྒྲུབ་པའི་དམ་བཅའ་མི་འབུལ་ན་རྟེན་འབྲེལ་གྱི་ཁང་པར་མ་གཞུག་སློབ་མ་ངོ་ཆེ་དཔྲལ་དྲག་བྱུང་ན། ཕྱག་རྒྱ་ཆེན་པོ་རིན་པོ་ཆེའི་སྐོར་གྱིས་སེམས་གཟུང༌། རྒས་ཁར་ལེགས་པར་འོང་ཅིག །དེའི་བར་ལ་ལྟོ་གོས་ཀྱིས་མ་ཕྱིད་པ་བྱུང་ན་རྟེན་འབྲེལ་གྱི་སྣ་ཁ་འདྲ་བ་བསྒྱུར་གསོལ། ལར་འཁོར་བཞིར་ལོངས་ཡན་ཆད་གྱི་ཚོགས་དཔོན་མ་མཛད་པར་སྦས་པའི་རྣལ་འབྱོར་དུ་གྱིས་ལ་སྒྲུབ་པ་ལ་རེམ་ཅིག་གསུང་ནས། ཏེ་ནེས་ཡར་མདར་བྱོན་ཏོ། རྩེས་ཐང་གི་བམ་རྒན་སྒོམ་གྲགས་པ་བློ་སྦྱོང་གི་བཟླས་ལུང་བྱིན་པས་སྡིག་པ་དག་པའི་རྟགས་བྱུང་ནས་ཁོང་དགའ་སྟེ་ཞབས་ཏོག་བྱེད་པར་ཁས་བླངས། རྩེས་ཐང་གི་སྤེའུ་ཅིག་ལ་སྒྲུབ་པ་ལོ་བདུན་མཛད་པ་ལ་ལོ་གཉིས་སོང་བ་ན་པ་ཚབ་གྲོངས་པར་ཐོས་ཏེ་གདན་སར་ཡུག་ཅིག་བྱོན། དེ་ནས་འདག་འབྱར་ལོ་གཉིས་སོང་བ་དང་ཡབ་གྲོངས་པའི་འདེད་ཀྱི་ལྟད་མོ་ལ་ཡུག་ཅིག་བྱོན། དེ་ནས་ལོ་བཅུ་གསུམ་དུ་སྒྲུབ་པ་མཛད་པས་ལམ་གྱི་ཡོན་ཏན་ཐམས་ཅད་རྫོགས་ཀྱང༌། ཕྱི་ནང་གྲུབ་ཐོབ་ཀྱི་སྙན་པ་ཆེ་ཡང་དངོས་སུ་གདུལ་བྱ་ལ་ཕན་ཐོགས་ཆུང་ཆུང་ལས་མ་བྱུང་བ་དེ་སྒྲུབ་པ་དཀའ་ཐུབ་དེ་དུམ་བུ་གསུམ་དུ་ཆད་པས་ལན་པ་འདྲ་གསུང༌། ལམ་རྟགས་ཀྱི་ཡོན་ཏན་རྫོགས་ཀྱང་ཕལ་ཆེར་མི་གསུང༌། འགའ་ཞིག་ཞིག་པོ་ལ་གསུངས། གྲོང་དུ་འཇུག་པ་ཡང་ཞུས་ཏེ་རྔོག་ཇོ་སྲས་ཀྱི་ཆོས་རར་གྲོང་འཇུག་གི་ལྟད་མོ་བསྟན། དེ་ནས་སྤྱོད་པ་བསྐྱང་བའི་ཕྱིར་གླུ་མཁན་པའི་ཆ་ལུགས་སུ་བྱས་ནས་ལོ་དྲུག་དུ་གླུ་བླངས། དེ་ནས་བྱ་སའི་ཇོ་བོ་ལྷ་ཆེན་པོ་དང་ལྷ་བཙུན་སྔོན་མོ་དང་ཇོ་བོ་བྱེའུ་ཆུང་བ་གསུམ་གྱིས་གྲོས་མཛད་ནས་རབ་བྱུང་གི་ན་བཟའ་གསོལ་ཏེ་ཆོས་གྲྭའི་སླབ་དཔོན་དུ་མངའ་གསོལ། ཕལ་ཆེར་སྐུ་མཚམས་མཛད་དེ་དམ་པའི་གསུང་ལ་བཤད་འབུམ་མང་དུ་བརྩམས། དེར་ཇོ་སྲས་ནམ་མཁའ་ལ་བརྒྱུད་པ་གཏད་པར་དགོངས་པ་ལ་གཞོན་པ་ལ་གྲོངས། གཞོན་པ་ཡ་ཚེ་བྱ་བ་རླུང་གིས་ཁྱེར་ནས་ཀོང་པོར་སོང་ནས་ཤི། གདམས་པ་ཆེ་བའི་སྙན་པས་དབུ་གཡོར་གྱི་མི་ཆེན་མང་པོས་ཞུ་བ་ཕུལ་ཡང༌། བླ་མའི་བཀའ་རྒྱ་བསྲུང་བས་གདམས་པ་མ་གནང༌། གཞན་གདམས་པ་གནང་བའི་སློབ་མ་ངམ་ཤོད་ཀྱི་གཙང་པོ་དྲུག །བཙུན་མོ་དང་ཡུམ་བུ་དྲུག །དགེ་བཤེས་དྲུག །སྔགས་པ་དྲུག །ཁྱིམ་པ་དད་པ་ཅན་དྲུག །བླ་མའི་བཀའ་རྒྱ་མི་བསྲུང་བའི་ཆོས་འཚོང་བའི་ཚོང་དཔོན་དྲུག་སྟེ་སུམ་ཅུ་རྩ་དྲུག་ཡོད། གོང་མ་སུམ་ཅུ་ལ་ཚིག་རྒྱུད་མེད་ལ། འོག་མ་དྲུག་ལ་དབང་བཀའ་མེད་པས་ཐམས་ཅད་ལ་ཆོས་བདག་མ་བཏུབ། དེ་ནས་བླ་མས་ལུང་བསྟན་པའི་ཆོས་བདག་རོག་ཤེས་རབ་འོད་ཀྱིས་ཡར་ཀླུངས་སུ་བྱོན་ནས་ཞུས་པ་དང༌། ཕྱིས་འཇད་དུ་སྤྱན་དྲངས་ནས་ཞུས་པའི་དུས་སུ་ཞིག་པོ་ཉི་མ་སེང་གེ་དང་སྐུ་མཆེད་གཉིས་ཀ་ལ་གནང་ནས་ཆོས་ཀྱི་བདག་པོར་གསོལ། ཡར་ཀླུངས་སུ་ཆོས་གྲྭའི་སློབ་དཔོན་ཡང་གཡེང་བར་དགོངས་ནས་བོར། ཆ་ལུགས་ཀྱང་ཅི་དགར་མཛད་ནས་བཞུགས། ཡར་སྟོད་དུ་བྱོན་ནས་བོས་མོའི་རི་ལ་དཔེ་ཁ་ཅིག་གཏེར་དུས་སྦས། ཡང་གནས་ཆུང་དགེ་བཤེས་བྱ་བས་གདན་དྲངས་ནས་གནས་ཆུང་དང་གསེར་ཧར་བཞུགས། དེར་ཡང་དཔེ་རྣམས་ཤན་ཐོག་གི་བྲག་ལ་གཏེར་དུ་སྦས། གོང་པོ་རི་དང་ཤམ་བུ་ལ་ཡང་དཔེ་གཏེར་འགའ་ཞིག་སྦས། དེ་ནས་ཞིག་པོས་རྒྱལ་ཁམས་འཁོར་ཏེ་ཏེ་ནེ་གསེར་ལྷ་ན་བཞུགས་པ་ལ་ཕྱག་སྐྱེལ་དུ་བྱོན་པས། བླ་མའི་ཞལ་ནས། ཞིག་པོ་བྱོན་པ་དེ་དགའ། ང་གནས་ཆུང་དགེ་བཤེས་ཀྱིས་འདིར་བོས་ནས་ལྟོ་མ་བྱིན་པར་སྡུག་བསོད་བཏང༌། ད་ཁྱོད་ཀྱིས་ང་གྲར་ཁྲིད་གསུང་ནས་སྤྱན་ཆབ་མང་དུ་བསིལ། དེར་ཞིག་པོས་བདག་རྒྱལ་ཁམས་སྐོར་ཡུན་རིངས་པས་གཞི་ན་ཏིག་པོ་མེད། ཡུལ་དུ་ཕྱིན་གྲབས་བྱས་ནས་གཟོད་བླ་མ་སྤྱན་འདྲེན་དུ་འོང་ཞུས་པས། བུ་ཁྱོད་དམ་ཚིག་ཅན་ཡིན་པས་ཚིག་ཐོག་ཏུ་འཇོག་སྟེ་འོང༌། བྱུང་ན་ད་ལན་རང་ཁྲིད་ན་དགའ་བ་འདུག་གསུང༌། དེ་ནས་ཞིག་པོས་ཡུལ་དུ་བྱོན་ནས་ཞིང་བཟང་པོ་ཅིག་ཡོད་པ་བཙོངས། རིན་མར་དང་ནས་སུ་བླངས་ནས་བླ་མ་སྤྱན་འདྲེན་དུ་བྱོན། གྲར་ཕེབས་ནས་གནས་ཅི་རིགས་སུ་བཞུགས། དེར་ཡང་ཞབས་ཏོག་ལ་རེས་གསོལ་བ་ལ་བཀྱོན། རེས་ན་བཟའ་ལ་བཀྱོན་པས་ཤིན་ཏུ་དགའ་བར་བྱུང་སྟེ། དད་ཅིང་བཟོད་པར་བྱས། སྐུ་ཚེའི་མཐར་སྤྱན་ཡང་འགྲིབས། དེ་ནས་དགུ་བཅུ་རྩ་གཅིག་བཞེས་པ་མེ་མོ་གླང་གི་ལོ་བྲག་སྒོམ་ཆེན་མོར་གཤེགས་ནས་གདུང་རྣམས་མ་འཐོར་བར་མཆོད་རྟེན་ཞིག་བཞེངས་ནས་དེའི་ནང་དུ་བཞུས་སུ་བཅུག་སྟེ་ད་ལྟ་ཡང་མ་ཉམས་པར་བཞུགསསོ། །དེ་ཡང་རྟག་ཏུ་ངུས་ཆོས་འཕགས་བཙལ་བའི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་རྒྱ་རིམ་པ་བདུན་དུ་བཏབ་པའི་རྟེན་འབྲེལ་གྱིས། ཐོགས་མེད། དབྱིག་གཉེན། བྲམ་ཟེ་ཨཱརྻ་དེ་བ། དམ་པ། ཀུན་དགའ། པ་ཚབ། ཏེ་ནེ་སྟེ། བདུན་གྱི་བར་དུ་ཆིག་བརྒྱུད་ཡིན། དེའི་སློབ་མ་ཞིག་པོ་སྐུ་མཆེད་ནས་གདམས་པ་ཚང་བ་ཕྱོགས་བཅུར་བཀྱེའོ། འདི་ལ་ཞིག་པོས་བསྔགས་པ་བརྗོད་པ་ནི། འཕྲལ་འདོད་པ་ཆེ་ཆེ་འདྲ་ཡང་གཏིང་འཛིན་བཟང་པོའི་བླ་མ། འཕྲལ་གང་བླུན་བླུན་འདྲ་ཡང་གཏིང་ཞེ་བཅད་ཆེ་བའི་བླ་མ། འཕྲལ་འགྲོགས་མི་བདེ་བ་ལྟར་སྣང་ཡང་བྲལ་ན་སྙིང་ལ་འདོད་པའི་བླ་མ། འཕྲལ་ལུས་ངག་ཐ་མལ་དུ་སྡོད་པ་ལྟར་སྣང་ཡང་གཏིང་དགེ་སྦྱོར་ཡེངས་པ་མེད་པའི་བླ་མ། འཕྲལ་མི་སྒོམ་པར་ཅར་ཉལ་བྱེད་པ་ལྟར་སྣང་ཡང་ནང་ནས་ཏིང་ངེ་འཛིན་གྱི་སྒོ་དཔག་ཏུ་མེད་པ་འབྱེད་པའི་བླ་མ། སྤྱིར་ཐོས་བསམ་རྒྱ་ཆེན་པོ་མ་མཛད་ཀྱང་ནང་ནས་སྒོམ་བྱུང་གི་ཤེས་རབ་མེ་ལྟར་འབར་པའི་བླ་མ། འཕྲལ་ཆོས་ལ་དམ་པ་ལྟར་སྣང་ཡང་སྒྲུབ་བརྒྱུད་ཕྱི་ཕྱིར་འཕེལ་པའི་བླ་མ། རྗེ་སྦས་པའི་རྒྱལ་པོ་མི་གཟུགས་ཅན་དེ་ལ་གསོལ་བ་འདེབས་སོ་ཞེས་གསུང་ངོ༌། ཆིག་བརྒྱུད་སྦས་པའི་བླ་མ་རྣམ་པ་གསུམ་གྱི་སྐབསསོ། ། ༡༢.༨ ཞི་བྱེད་བརྒྱུད་པ་ཕྱི་མའི་སྐབས། གྲུབ་ཆེན་རྒྱལ་བ་ཏེ་ནེས་ཆོས་ཀྱི་བརྒྱུད་པ་ཡང་དག་པར་གཏད་པ་ནི་རོག་སྐུ་མཆེད་གཉིས་ཡིན་ཏེ། དེ་ཡང་བསྟན་པ་སྔ་དར་གྱི་དུས་སུ། རོག་བན་ནམ་མཁའ་ཡེ་ཤེས་ཞེས་བྱ་བ་མཁྱེན་པ་དང་ནུས་པར་ལྡན་པ་ཞིག་བྱུང་བའི་གསུང་རབ་ཐམས་ཅད་དུ་སྔགས་འཆད་ཁྱད་པར་ཅན་ཤ་སྟག་བྱུང་བའི་ཉི་ཤུ་རྩ་བཞི་པ་ལ་རོག་ཤེས་རབ་བླ་མ་ཞེས་བྱ་བ་གོ་རུབ་ཡང་དག་དང་དཔལ་ལྷ་རི་བའི་སློབ་མ་རྡོ་རྗེ་ཕུར་བུའི་ཐུགས་དམ་ཅན་དེས་བམ་སྒྲུབ་ཅིག་མཛད་པ་ཡང་ལེགས་ནས་བརྒྱུད་པ་བརྒྱད་དུ་སྐྱེས་བུ་ཁྱད་པར་ཅན་འབྱུང་བར་ལུང་བསྟན་ཐོབ་པ་ཞིག་བྱུང་བ་དེ་ལྕགས་ཕོ་རྟ་ལ་འཁྲུངས་ནས་བརྒྱད་ཅུ་རྩ་བཞི་པ་ཆུ་མོ་སྦྲུལ་ལ་གཤེགས། ། དེའི་སྲས་བཀྲ་ཤིས་གྲགས་པ་ཞེས་བྱ་བ་ཡབ་ཀྱི་མཁྱེན་པ་རྣམས་ལོབས་པའི་སྔགས་འཆང་དེ་ནི་ས་ཕོ་རྟ་ལ་འཁྲུངས། ས་རྟ་འདི་རྒྱ་མ་དབོན་སྟོན་འཁྲུངས་པའི་ལོ་དེ་ཡིན། ལོ་བཞི་ཅུ་རྩ་དགུ་ལ་གཤེགས། དེ་དང་ཡུམ་ཆོས་ཀྱི་དགེ་གཉིས་ལ་སྲས་གྲུབ་ཐོབ་ཀྱིས་གཞན་དོན་དུ་སྐྱེ་བ་བླངས་པའི་སྐུ་མཆེད་གསུམ་ཡོད་པ་ལས། ཆེ་བ་ཤེས་རབ་འོད་ནི་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་ཤེས་རབ་གྲུབ་ཅེས་བྱ་བའི་སྐྱེ་བ་ཡིན་ཏེ། འདི་མེ་ཕོ་ཁྱི་ལ་འཁྲུངས། ལོ་ལྔ་ལ་མེས་པོ་ཤེས་རབ་བླ་མས་ཡིག་རྩིས་བསླབས། ལོ་བདུན་པ་ལ་ཀློག་མཁས་པར་གྱུར་ནས་ཉིན་གཅིག་ལ་ཉི་ཁྲི་ཚར་གཅིག་ཐོན། ཡབ་ཡིད་མ་ཆེས་པ་བསྣན་ནས་བཏོན་པས་ཐོན་ནས། ཡབ་ཀྱིས་ཐལ་མོ་སྦྱར། དེ་ནས་བཅུའི་བར་དུ་ཡབ་མེས་གཉིས་ལ་གསང་སྔགས་ཀྱི་ཆོས་རྣམས་བསླབས། དེར་ཡབ་ཀྱིས་བུ་ལ་མཐུ་ཡོད་པ་ཞིག་བྱ་དགོས་སྙམ་ནས་བཅུ་ནས་བཅུ་གསུམ་གྱི་བར་དུ་ཕུར་པའི་བསྙེན་པ་མཚམས་བྱས་ནས་སྐྱེལ་དུ་བཅུག །གྲུབ་རྟགས་ཀྱང་མང་དུ་བྱུང༌། ཁྱད་པར་རྡོ་རྗེ་ཕུར་བུའི་སྐུ་ཡོངས་རྫོགས་ཤིན་ཏུ་གསལ་བ་ཅིག་མངོན་སུམ་དུ་གཟིགས། ཞལ་ནས། ངས་ཀཱི་ལ་ཡའི་བསྙེན་པ་འཐེམས་ཏེ་ངའི་ལུས་ལྕགས་ཀྱི་གོང་བུ་བཞིན་དུ་གྱུར་ནས་ཡོད་པས། ད་ལྟ་འདྲེ་ཅན་སྟོང་གིས་བསྐོར་ཡང་ང་རང་ལྟ་ཅི་སྨོས་ཏེ་འཁོར་རྣམས་ལའང་འཁྲ་མི་ནུས་པ་ཡིན་གསུང༌། བཅུ་གསུམ་པ་ལ་རོག་སྟོན་བཙན་པོས་ཡབ་ལ་བསྐུལ་བས་ཡབ་ཀྱིས་ཁོང་གི་སར་སློབ་གཉེར་ལ་བརྫངས་ནས་ལོ་གཉིས་ལ་སོ་ལུགས་ཀྱི་མདོ་སྒྱུ་སེམས་གསུམ། སྒྲུབ་ཐབས་རྣམ་གསུམ། ཨ་རོ་གསང་སྐོར། བི་མ་ལ། ཞི་བྱེད་ཡས་བརྒྱུད་ཀྱི་གདམས་པ་རྣམས་གསན་ཞིང་མཁས་པར་གྱུར། རོག་སྟོན་ཀླུ་སྦྱིན་ལ་ཀྱྀ་ཡའི་སྒྲུབ་ཐབས་མང་པོ་དང༌། ཕྱིས་འཕགས་སྐོར་འགྱུར་གསར་དང༌། བདེ་མཆོག་མར་དོ་ལུགས་རྣམས་གསན། དགུང་ལོ་བཅོ་ལྔ་ལ་ལྷབ་དྲེས་མ་གོང་བ་ལ་མདོ་སྒྱུ་སྐྱོ་ལུགས་དང་ལུང་གི་རྒྱུད་བུ་ཆུང་དྲུག །སྔ་འགྱུར་གྱི་རྒྱུད་ལྔ། བདུད་རྩི་ཁམས་ལུགས། རྟ་མགྲིན་ལྷ་བཞི། སྒྲོན་སྤྲུལ་ལ་སོགས་ཞུས། བཅུ་དྲུག་པ་ལ་ཚེམས་ཆག་ནས་ལྕགས་ཀྱི་ཚེམས་ཚབ་བཅུག་པས་མཁས་པ་ལྕགས་སོ་ཅན་དུ་གྲགས། སློབ་དཔོན་ཡམ་ཤུད་དངོས་གྲུབ་ལ་མདོ་སྒྱུ་ཟུར་ལུགས་ལོ་བཅུ་དྲུག་ནས་ཉི་ཤུའི་བར་དུ་གསན་ནས་ནན་ཆགས་ཆེ་བར་མཛད། དེར་ཚོགས་པ་རྣམས་ཀྱིས་སུས་ཀྱང་རྩོད་པ་མ་ཐུབ་པས་སྔར་མཚན་རྒྱ་མོན་ཟེར་བ་ལ། ཡམ་ཤུད་ཀྱིས་ཤེས་རབ་འོད་དུ་བཏགས། བཅུ་བདུན་པ་ལ་སྐྱང་པོ་དར་མ་གྲགས་ལ་འཇམ་དཔལ་སྒེག་པའི་ཆོས་བཞི་དང༌། སྨྲྀ་ཏིའི་ཆོས་དྲུག་གསན། བཅོ་བརྒྱད་པ་ལ་སྒྱུ་འཕྲུལ་ལམ་རིམ་གྱི་ཊཱི་ཀ་དང་གཞི་ལམ་གྱི་སྟོང་ཐུན་བརྩམས། བཅུ་དགུ་པ་ལ་རྩང་དུ་བྱོན་ནས་ཐོག་མར་ལྷན་མདར་སོ་དར་སེང་དང་མཇལ་དུ་བྱོན་པས། མཇལ་བ་ཙམ་གྱིས་ཤིན་ཏུ་དད་པར་གྱུར་ནས་ཡང་དག་གི་ཆོས་དང་བདུད་རྩི་དང༌། རྫོགས་ཆེན་སྒང་དྲིལ་དང༌། མདོ་སྒྱུ་མཚན་མ་དང༌། མངོན་པའི་ཕྲན་བསླབ་ཕྱོགས་དང་བཅས་པ་གསན། དེའི་ཟུར་ཆོས་པ་ལང་སྟོན་ཇོ་པད་ལ་མངོན་པ་ཀུན་ལས་བཏུས། ཕུར་བ་སྐྱི་ལུགས། མྱང་སྟོད་དུ་རྒྱ་བསོད་ནམས་འབར་ལ་བདུད་རྩི་རྒྱ་ལུགས། ལྷོ་བྲག་ནུབ་ཀྱི་འཕྲང་དུ་བླ་མ་རྒྱ་སེང་དཀར་ལ་བདུད་རྩི། མྱང་ནག་མདོ་པོ་ལ་མདོ་སྒྱུ། སློབ་དཔོན་དཔོན་ཟློས་ལ་ཕྱག་རྒྱ་ཆེན་པོ་མཛོད། སློབ་དཔོན་ཇོ་དར་ལ་རྫོགས་ཆེན་ཀློང་ཆེན། གཙང་ནག་བརྩོན་འགྲུས་སེང་གེ་ལ་ཚད་མ་བསྡུས་པ་དང༌། འབུམ་པའི་ལུགས་ཀྱི་སྡུད་པ། གྲུབ་ཐོབ་དངོས་གྲུབ་ལ་ཐུགས་རྗེ་ཆེན་པོ་སྐོར་གསུམ། ཕྱིས་ལྷ་རྗེ་སོའི་སར་བཞུགས་པ་ན་ཡབ་ཀྱིས་རྒྱགས་སྐྱེལ་དུ་བྱོན་པས་ཕྱོགས་ངན་དང་ཐུག་སྟེ། ཡབ་གྲོངས། དེའི་མྱ་ངན་གྱིས་བསྙུང༌། ཆ་རྐྱེན་ལྷག་གང་ཡོད་ཡབ་ཀྱི་ཕྱོགས་སུ་བཏང༌། དེ་ནས་དབུས་སུ་བྱོན་ནས་གྲྭ་ཐང་དུ་ཕེབས། ཡབ་གཤེགས། ཡུམ་དང་གཅུང་པོ་ཡང་ཆ་ཕྲ་བས་སྐྱོ་བ་སྐྱེས་ནས་ཁམས་སུ་བཞུད་པར་དགོངས་པ་ལ། ཡབ་ཚན་ལ་སོགས་པ་ཀུན་གྱིས་གྲོས་བཏབ་ནས་ཁམས་སུ་འབྱོན་པ་ཤོལ་ནས་ཆེ་འདོན་བྱས། ཉི་ཤུ་རྩ་གཅིག་ནས་ཉན་བཤད་ཐུན་མོང་དུ་མཛད། དེ་ཕྱིན་ཆད་ནས་བླ་མ་མང་པོ་ལ་གསན་པ་མཛད་དེ། དགེ་བཤེས་མཐའ་བཞི་ལ་ཕར་ཕྱིན་དང་དབུ་ཚད་གསན། ནཱ་རོའི་ཐབས་ལམ་ཞུས་པས་མྱོང་བ་ཁྱད་པར་ཅན་སྐྱེས་ནས་གདམས་ངག་འཕྲིག་ཚུད། ལོ་ཉི་ཤུ་རྩ་བཞི་པ་ལས་བདག་གི་རྟོག་གཞི་བྱུང་བས། གྲུ་གོ་ཆའི་ཚ་འོ་གྲུ་རྣམ་གྲགས་བསམ་ཡས་བལྟར་བྱོན་པ་ལ། གྲུའི་ཤོག་དྲིལ་ཟབ་མོ་རྣམས་ཞུས། མཁར་རུ་སྒང་དུ་སྐུ་མཚམས་མཛད་པས་རྟོག་གཞི་རྣམས་མགོ་ནོན། དེ་ནས་སྟོད་ལུངས་སུ་བ་རི་ལ་དོན་རྒྱུད་ཞུར་བྱོན་པས་ཁོང་མཚམས་བསྡམས་པ་དང་ཐུག །ཞོང་པ་སྟེངས་སུ་རྒྱལ་བ་དཀོན་སྐྱབས་ཀྱི་སར་བྱོན་ནས་སྨྲ་བ་སེང་གེའི་དོན་རྒྱུད་ཞུས་པས། དང་པོ་གདམས་པ་ལ་རྩེག་གེ་བྱུང༌། ཉིན་ཅིག་ཆོས་ཀྱི་སྐད་ཀྱི་གླེང་མོ་དཔོན་སློབ་རྩོད་པ་ཤོར་བས་ཇོ་སྲས་འབྲོག་པོ་ན་རེ། དགེ་བཤེས་འདི་གཙང་སིལ་མ་ལ་མན་ཆད་ན་ཆོས་མཁས་པར་གྲགས། སློབ་དཔོན་གྱིས་ག་ན་ཐུབ་བྱས་པས། དེ་ལྟར་ཡིན་པར་མ་ཤེས། བཟོད་པར་གསོལ་ལོ་གསུང་ནས་གདམས་ངག་རྣམས་ལྷུག་པར་གནང༌། སྐམ་གྱི་གདམ་པ་དང༌། རྨའི་ཐུན་བཅུད། འབྲོམ་ཡེ་ཤེས་འབར་གྱི་མཚན་བརྗོད་གསེར་ཐུར་སོགས་ཞི་བྱེད་ཀྱི་གདམས་པ་མང་དུ་ཞུས། ནད་གཞི་ལ་ཡང་ཕན་པ་བྱུང༌། དེར་ཟླ་བ་གསུམ་བཞུགས། དེའི་སང་ཕོད་དགུང་ལོ་ཉི་ཤུ་རྩ་ལྔ་པའི་རྒྱལ་གྱིས་ཉ་བའི་མཚན་མོ་ཐུན་བཅུད་ཀྱི་ཚུལ་དུ་ཉམས་སུ་བླངས་པའི་ཚེ་རྟོགས་པའི་ཡེ་ཤེས་ཕྱིན་ཅི་མ་ལོག་པ་ཐུགས་ལ་འཁྲུངས། འཁོར་འདས་ཀྱི་ཆོས་ཐམས་ཅད་མིང་ཙམ་དུ་གྲོལ་བར་གྱུར། དེ་ནས་ངམ་ཤོད་རྒྱ་རས་ལ་ཕྱག་རྒྱ་ཆེན་པོའི་ཁྲིད། ཀ་བ་ཅན་པའི་དོན་རྒྱུད། ཐབས་ལམ་ཚིགས་བཅད་མ། མགུལ་སྒོམ་གྱི་ཐབས་ལམ་རྣམས་ཞུས། དེའི་ཚེ་རྐྱེན་དྲག་པོ་ལ་རྩ་བའི་དོན་དྲན་པ་ཙམ་གྱིས་གསལ་ཐེབས་པར་བྱུང་ཡང་ལུང་མ་བསྟན་གྱི་ཤེས་པ་ལམ་དུ་མ་ཆུད། རིག་པ་བཞི་ཐོག་ནས་མ་ཐེགས་པས་དགུང་ལོ་ཉི་ཤུ་རྩ་བརྒྱད་ལོན་པའི་ཚེ་འཆུས་པ་དར་བརྩོན་གཤེགས་ཀྱང༌། གོང་གི་སྲས་འཆུས་པ་བརྩོན་འགྲུས་སེང་གེ་ལ་གདམས་ངག་དང་རྟོགས་པ་ཡབ་དང་མཉམ་པར་ཡོད་ཟེར་ནས་ལྡོམ་བུ་བའི་ཆ་བྱད་ཀྱི་ཆང་ཁྱིམ་དུ་བྱོན། དང་པོའི་ལོ་ལ་རྨ་སོ་སྐམ་གསུམ་གྱི་ལུང་ནོད་ཞུས་ནས་ནན་ཏན་ཆེར་མཛད། རྒྱལ་བ་དཀོན་སྐྱབས་དང་རྩ་བའི་ངོ་སྤྲོད་ལ་ཁྱད་མི་འདུག་ནའང༌། ཉམས་ལེན་བསྲངས་སུ་འཛུད་ལུགས་དང་བཤད་པའི་བྱན་འཆུས་པ་མཁས་པར་འདུག་གྲར་དགེ་བཤེས་བག་ཆགས་རྗེས་མེད་ཀྱི་འདད་ཀྱི་གྲལ་དཔོན་ལ་འཆུས་པ་བྱོན་པ་ལ། སློབ་རིས་ཡོན་བདག་ཐམས་ཅད་ལ་གྲལ་སྐལ་ནས་བསྙེན་བཀུར་བྱས་པས། ཁོང་དགྱེས་ནས་ན་ནིང་ཆོས་ལྷག་མ་རྣམས་ཀྱི་ཞབས་ཏོག་བྱེད་པས་སྐྱེལ་ཐུང་ལ་གཤེགས་པར་ཞུ་ཟེར་ནས་ཕྱགས་ཕྱིར་བྱོན། དེ་རེས་གདམས་པའི་ལྷག་མ་རྣམས་ཞུས། ཁྱད་པར་སོ་ལུགས་ལ་ནན་ཏན་མཛད། ཤེར་ཕྱིན་གྱི་བརྒྱུད་པ་གཏད་ནས་དཀའ་ཐུབ་ཀྱི་ཕྱོགས་ལོ་གསུམ་བསྐུར། སོ་ལུགས་ལ་སྔར་མ་གནང་བའི་གདམས་པ་ཟབ་མོ་ཡོད་པར་དགོངས་ནས་ཞུས་པས་དེ་རེས་མ་གནང༌། ཕྱིས་རྣལ་འབྱོར་སྐྱི་ཤོད་ནས་བྱོན་པའི་ལམ་གྱི་མགོ་འདོན་གྱིས་གསུང་བའི་ཕྲིན་བྱུང་བས་སློབ་དཔོན་རྣལ་འབྱོར་ལ་སྣ་ལེན་བཟང་པོ་མཛད་དེ་ལྷན་ཅིག་ཏུ་བྱོན་པས་གདམས་པ་གནང༌། གཞན་ཡང་ཞི་བྱེད་སྒྲོལ་མའི་སྐོར་དང༌། སྒྲོན་མའི་སྐོར་དགུ་དང༌། ལྕེ་ལུགས་ལྗང་ལུགས་ལ་སོགས་པ་ཐམས་ཅད་གནང་སྟེ། ད་ང་དང་ཁྱེད་ལ་ཞི་བྱེད་ལ་མཁས་མི་མཁས་ཁྱད་པར་ཅུང་ཟད་ཀྱང་མེད་དོ་གསུང༌། དེ་ནས་སྐམ་ལུགས་ཀྱི་སྒྲུབ་པ་ལོ་གསུམ་པོ་མཛད་པར་དགོངས་ཏེ། དངོས་པོ་ཐམས་ཅད་བཏང་སྟེ་གསོལ་ཞལ་ཙམ་ཡང་མ་ལུས་པར་མཛད་པས། སློབ་དཔོན་ཡམ་ཤུད་ཅུང་མ་དགྱེས་པ་ལ་མགུར་མཛད་པས་སྤྱན་ཆབ་སིལ་དེ་བྱུང༌། དེ་ནས་རྩེ་བ་སྒང་གི་དབུས་ཁང་དུ་ལོ་གསུམ་འདག་འབྱར་བ་དང་འཚོ་བ་བཅུད་ལེན། ན་བཟའ་བེམས་པོ། སྨྲ་བཅད་མཛད་ནས་ཉམས་སུ་བླངས་པས་ལམ་རྟགས་དང་རྡོ་རུས་ཕྲད་དེ་ཟག་པའི་རྒྱུན་ཆད། ཟླ་བ་གཅིག་གི་བར་དུ་ཉིན་མཚན་མེད་པའི་སྣང་བར་ཤར། སྤྱིར་ན་དང་པོར་ཡི་དམ་ལྷའི་ཞལ་གཟིགས། བར་དུ་མཁའ་འགྲོའི་ལུང་བསྟན་ཐོབ། ཐ་མར་གནོད་སྦྱིན་ལས་ལ་འཁོལ། དེ་ནས་སུམ་ཅུ་པ་ལ་སྐྱི་ཚང་ཞིག་པོ་དང་མཇལ་ཏེ། ཁོང་སྐུ་ནས་ཤིན་ཏུ་བྱོན་པ་སྒོམ་མ་གཉིས་ཀྱིས་གཡས་གཡོན་ནས་བསྟེན་པ། བདུད་རྩི་སྐྱུག་བཙགས་མཛད་གསོལ་བ། སྐུ་ཤིན་ཏུ་མཛེས་ཤིང་ཞལ་འཛུམ་པ་ཞིག་འདུག་པས་མཐོང་བ་ཙམ་གྱིས་ཐ་མལ་གྱི་སྣང་བ་འགྱུར། ཕྱག་དང་ཞེ་ས་སོགས་ཀྱང་ཇི་ལྟར་བྱ་གཏོལ་མེད་པར་གྱུར། བདུད་རྩི་གསོལ་འཕྲོ་དེ་ནས་གནང་བྱུང་བ་གསོལ་བས་སྐུ་ལུས་ཐམས་ཅད་བདེ་བས་གང༌། མི་སྤོབས་བཞིན་དུ་ཆོས་ཀྱི་དྲི་མལ་བྱས་པས། ངས་ཆོས་སྔར་བསླབས་ཀྱང་བསླབས། ཤེས་ཀྱང་ཤེས། ཉམས་སུ་ཡང་བླངས་པ་ལ། ད་ང་ལ་ཆོས་དང་ཆོས་མ་ཡིན་པ་ཁྱད་པར་མེད། ཁྱེད་ལ་ཆོས་ཉན་པའི་རྣ་བ་མེད་པར་ངས་བཤད་མི་ཤེས་པས་འདི་ཙམ་ཞིག་ཁྱེར་གསུང་ནས་ཕྱག་གཡོན་པའི་སེན་མོ་ལ་རྣལ་འབྱོར་མའི་སྐུ་བྱོན་པ་ཞིག་ཀྱང་གནང༌། དེར་དགེ་སྡིག་དང༌། སྤང་གཉེན་དང༌། མཉམ་རྗེས་སུ་འཛིན་པའི་རྟོགས་པ་ཐམས་ཅད་དག །སྔར་འཆུས་པའི་སར་བཞུགས་ཙ་ན་ཏེ་ནེ་གདམས་པ་ཅན་ཡིན་པར་ཐོས་ནས་བྱ་སའི་ཇོ་བོ་རྣལ་འབྱོར་གྱིས་འབྲི་ཁུང་ཆོས་རྗེ་དང་རྒྱ་མོ་རིན་ཆེན་སྒང་པ་སྤྱ་དྲངས་པའི་ཚེ་དེ་རྣམས་ཀྱི་ཞལ་བལྟར་བྱོན་པས་དེའི་ཚེ་ཏེ་ནེ་དང་མཇལ། ཐུན་མོང་གི་བརྒྱུད་པ་དྲི་མེད་གསུམ་གནང༌། ཁོང་གི་ཞལ་ནས། ཆོས་འདི་ལ་དབང་ལ་སོགས་པ་ཤིན་ཏུ་མང་བར་ཡོད། ད་ཡུལ་དུ་སྤྱན་དྲོངས་དེར་ཆོས་ཚར་བ་བྱ། ང་དང་ཁྱེད་ལ་ལས་འབྲེལ་ཅིག་ཀྱང་ཡོད་པར་འདུག་གསུང་། བདག་རྣལ་འབྱོར་པ་སོང་ནས་གཞི་མེད་པས་བདེན་མེད་འདྲོངསཞུས་པས། ད་གཅིག་པོ་ལས་ནི་མི་ཡོང་ཅིས་ཀྱང་གདན་དྲོངས། བཀའ་སྲུངས་ཀྱི་མཁའ་འགྲོ་མ་རྣམས་ཀྱང་གསུང་འབྱོན་པར་འདུག་པས་ཆོས་རྣམས་ཚར་བར་བྱ་གསུང༌། ཉ་དྲུག་ཟླ་བ་ལ་གདན་འདྲེན་པའི་དུས་བྱས། དེ་ནས་ཡང་སྐྱི་ཚང་དུ་བྱོན་ནས་མཚན་བརྗོད་དམ་པའི་ལུགས་ལ་སོགས་པ་དང༌། གཅོད་བྲུལ་ཚོ་དྲུག་པ་ལ་སོགས་པ་ཞུས། དེ་ཡང་སྔར་བྲུལ་ཚོ་གསུམ་ལས་གཞན་ལ་མི་གནང་བ་ལ། རོག་ལ་དྲུག་ཀ་ཚང་བར་གནང༌། བླ་མ་བགྲེས་ཆེས་པས་ཞིབ་ཚེགས་མང་པོ་སྲས་མོ་སྐལ་ལྡན་ལ་ཞུས། དེ་ནས་རྩེ་སྒང་དུ་ཕེབས་པ་ན་སྔར་དམ་བཅའ་དཀའ་ཐུབ་མཐར་མ་སྐྱོལ་བའི་སྐྱོན་གྱིས་ཤངས་ཁྲག་བདུན་དུ་ཤོར། སྨན་དང་རིམ་གྲོ་ཅི་བྱས་ཀྱང་མ་ཕན་པ་ལ། སྤྱིར་བླ་མ་རྣམས་ལ་མོས་གུས་བྱས། ཁྱད་པར་སོ་དར་མ་སེང་གེ་དྲན་པ་ཅིག་བྱུང་བས། དར་མ་སེང་གེ་བེར་སྔོན་གྱི་ན་བཟའ་གསོལ་བ་ཅིག་མདུན་གྱི་བར་སྣང་ལ་བྱོན་ནས་ཕྱག་གིས་སྨིན་མཚམས་སུ་རེག་པར་སྣང་བ་ཅིག་བྱུང་བས་ཁྲག་འོལ་ཁ་བསྒྱུ་བ་བཞིན་དུ་ཆད། དེ་ནས་ཡང་རོག་སྟོན་བཙན་པོ་གཤེགས་པའི་རྗེས་འདུར་གྱིས་ཏེ་ནེ་སྤྱན་འདྲེན་པའི་དུས་དེ་ཡོལ། དེ་ནས་བང་རིམ་ན་བཞུགས་ཙ་ན་རྨི་ལམ་དུ་བུད་མེད་འགྲོན་བུའི་རྒྱན་ཅན་ཅིག་ན་རེ། རྒྱལ་བ་ཏེ་ནེ་ཁྱེད་ཀྱི་གདན་འདྲེན་སྒུག་གི་འདུག་ཟེར། དེར་མི་བཞི་གདན་འདྲེན་དུ་བཏང་བས་རྗེ་བཙུན་འོན་མདར་ཡོན་བདག་ལྕགས་འབར་གྱི་སར་བཞུགས་པ་དང་མཇལ་ཏེ་དགྱེས་པར་གྱུར། དེ་ནུབ་དཔེ་དགོས་པ་རྣམས་ཁོང་རྣམས་ལ་བསྐུར་ནས་ནང་པར་དེ་ཁ་ཡར་བྱོན། རྒྱབས་སུ་ཡར་ཆེན་རེའུ་དགེས་གཞི་བྱས་ནས་དབང་གནང་བའི་ཚེ་ཞིག་པོ་ཡང་བྱོན་ནས། ཨཱ་ལི་ཀཱ་ལིའི་དབང་ཡོན་མཆོད་བཞི་བཅུ་ཙམ་གྱིས་ཞུས། དེ་ནས་བང་རིམས་སུ་བཏེག་ནས་བཀའ་བབས་དྲི་མེད་ལ་སོགས་པ་ཐུན་མོང་གི་ཆོས་རྣམས་ཟླ་བ་གསུམ་གྱི་བར་དུ་གནང༌། ཡང་ཕྱིས་ཕེབས་ཏེ་དེ་རེས་ཚོགས་ཅིག་ཀྱང་ཤོམས་དང༌། ཆོས་འདྲ་བ་བྱ་རྒྱུ་ཡོད་གསུང་ནས་ཐུན་མོང་མ་ཡིན་པའི་གདམས་པ་རྒྱུད་སྟོང་ཐུན་དང་བཅས། དབང་ལམ་ཁྲིད་དང་བཅས་པ་གནང༌། སྔོན་ཆད་མ་གྲགས་པའི་གདམས་པ་ཟབ་མོ་འདི་ཁོ་བོ་ལ་བཀའ་བབས་ཀྱང༌། བླ་མའི་བཀའ་རྒྱས་ཆིག་བརྒྱུད་ལས་ནི་སྦྱིན་དབང་མེད། ཆིག་བརྒྱུད་བན་རྒན་སྒོམ་ལ་གཏད་ས་ཡིན་པ་ལ་གྲོངས། རྟགས་དང་ཡོན་ཏན་བཟང་པོ་བྱུང༌། བུ་ནི་ལས་སུ་མ་རུང༌། ཁྱེད་ལ་བརྒྱུད་པ་གཏད་པ་ཡིན་པས་ང་མ་ཤིའི་བར་དུ་ཁྱེད་ཀྱིས་གདམས་པ་འདི་འདྲ་བ་འདུག་བྱ་བ་མཆུ་རྩེ་ལ་མ་འདོན། ང་ཤི་ནས་ཁྱེད་རང་ཐུགས་ཚོས་དང་སྦྱོར་གསོལ་གསུང་ནས། ཕྱག་དཔེ་པོད་ཆུང་བཅུ་དྲུག་དང་བཅས་པ་ཙར་ཚངས་སུ་གཏད། ཕྱི་རེས་བྱོན་པའི་ཚེ་ཞིག་པོ་དང་སྒོམ་པ་སྨན་གཅིག་པ་སྟོན་པ་ནམ་མཁའ་ལ་སོགས་པས་ཀྱང་གདམས་པ་བག་རེ་ཞུས། གཞན་ཡང་ཞ་མ་ལུགས་ཀྱི་དོ་ཧ་དང༌། ཕྱར་ཆེན་གྱི་བཀའ་ཆོ་ལུའི་སྐོར། ཕྱར་ཆུང་གི་བཀའ་རྒྱས་པའི་སྐོར། བཛྲ་ཀྲོ་དྷའི་བསྡུས་པའི་སྐོར། སོག་པོ་མདོ་སྡེའི་རྨ་ལུགས་དང་བཅས་པ་གནང༌། སྐུ་མདའ་ཁའི་དུས་སུའང་གཞན་གྱི་བུ་སློབ་རྣམས་ལས་ཐུགས་ལ་བཏགས་ཤིང་བླ་མའི་ཆོས་ཚར་བ་གང་ཡིན་དྲིས་པས། དེ་སློབ་དཔོན་ཤེས་རབ་ལས་འོས་ཅི་ཡོད། ཁོང་གིས་རྟ་སྟོང་བཞིན་དུ་ཕྱི་རྩད་བཅད། བ་སྟོར་བཞིན་དུ་ནང་རྩད་བཅད། གདུང་སྣ་བཅུར་བཀུག་སྟེ་འོག་ཏུ་ཞུགས་ནས་བསྟེན་པ་ཡིན་གསུང༌། དེ་ལྟར་ཞུས་པ་དེས་ཀྱང་སྔར་བས་ཉམས་ཐོད་རྒལ་དུ་སྐྱེས་པའང་མ་བྱུང་སྟེ། རྗེ་དམ་པ་རྒྱ་གར་གྱི་ཐུགས་དགོངས་ཀྱི་ཕུགས་ལེགས་པར་འཁྲུངས་ཏེ་སེམས་ཀྱི་ཞུས་ཏིག་ཚར་བ་ཅིག་བྱུང༌། ལོ་སུམ་ཅུ་རྩ་གཉིས་པ་ལ་གྲ་ཕྱིའི་སློབ་དཔོན་རོ་བྷེ་གདན་དྲངས་ཏེ། བདེ་མཆོག་ལྷ་བཅུ་གསུམ་མ་དང་ཏིང་བུའི་དོ་ཧ། ལོ་རོ་བའི་བཞི་ཆོས། འཕོ་བསྲེ། ཐུན་འཇོག །སྙན་བརྒྱུད་ཡུམ་སྐོར། རྣམ་འཇོམས་སྣུར་ལུགས། འཚུར་གྱི་ཤོག་དྲིལ་བཞི་ལ་སོགས་པ་ཞུས། སོ་གསུམ་པ་ལ་སྨན་གཅིག་ཏུ་ལམ་བསྲང་མཛད། སོ་ལྔ་པ་ལ་སྙེ་ཐང་གི་དར་སྒོམ་ཞིག་པོ་ལ་རྒྱ་གར་ཤཱནྟི་བའི་ཐིག་ལེ་སྦྲང་འཇིབ་ཀྱི་སྐོར་གྱི་དབང་གདམས་རྣམས་ཞུས། སོ་དྲུག་ལ་མཁར་ཆུར་བྱོན་ནས་ཁྲག་འཐུང་གི་དཀྱིལ་འཁོར་ཞལ་གཟིགས། སོ་དགུ་པ་ལ་དམ་པས་སྐུའི་སྣང་བ་བསྟན་ནས་ཉམས་སྣང་མ་གསུངས། བཞི་བཅུ་པ་རྒྱལ་ཚ་མདོ་དབང་གིས་སྙེ་མདོ་ཕུལ་བ་བཞེས་ནས། གདན་ས་སྨྲ་བའི་སེང་གེ་ལ་གཏད། བཞི་བཅུ་རྩ་གཉིས་པ་ལ་རྩེ་སྒང་དུ་བདུད་རྩི་བསྒྲུབས་པའི་བདུད་རྩིས་དཔོན་སློབ་ཚོའི་ན་བཟའ་བངས་པ་ཙམ་བབ། བཞི་བཅུ་རྩ་བརྒྱད་པ་ལ་མུ་ཏིག་ཏུ་ལྷའི་སྤྱན་གྱི་མངོན་ཤེས་ལྟར། དེ་ནས་ཚེས་བོ་ལུང་དུ་བཞུགས་དུས་སུ་གྲོང་གསེབ་ཅིག་ཏུ་བྱོན་པས་མངའ་རིས་ཡེ་ཤེས་གྲགས་ཀྱི་སྲས་རྡོ་རྗེ་གྲགས་དང་མཇལ་ནས་ཁོང་སྙན་བརྒྱུད་ཡབ་སྐོར་མཁན་དུ་འདུག་པས་ཡབ་སྐོར་དང་ཡུམ་སྐོར་བརྗེས། བཞི་བཅུ་རྩ་དགུ་པ་ནས་གཞན་དོན་བསྐྱངས། ཏེ་ ནེ་བཤགས་པ་དང་བཀའ་རྒྱ་གྲོལ་ཏེ་དགེ་བཤེས་ཁམས་པ་ཤེས་རབ་བརྩོན་འགྲུས་ཀྱིས་ཡོ་བྱད་མང་པོའི་ཞུ་རྟེན་དང་ཚོགས་བཤམས་ནས་ཁྱད་པར་བ་རྣམས་གསུངས། དེ་ནས་གཉན་ཆ་ཆེ་བར་བྱུང་བས་ཕྱིས་དྲུག་ཅུ་རྩ་ལྔ་པ་ནས་ཚུབ་ཀྱང་་བགས་ཀྱིས་ཆུང་བར་གྱུ་ཏེ་སྣང༌། རེ་བརྒྱད་པ་ལ་ཆོས་གྲྭ་ཆེན་པོ་སུམ་ཅུར་ཟླ་བ་ཕྱེད་ཀྱི་བར་དུ་ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར། དགུང་ལོ་བདུན་ཅུ་རྩ་དགུ་པ་ཤིང་ཕོ་འབྲུག་ལ་གཤེགས། གདུང་སྦྱངས་པས་བདེ་མཆོག་ལྷན་སྐྱེས། རྡོ་རྗེ་རྣལ་འབྱོར་མ་ལ་སོགས་སྐུ་དང་རིང་བསྲེལ་མང་དུ་བྱོན་ནོ། དེའི་གཅུང་པོ་ཆོས་རྗེ་ཞིག་པོ་ནི། སྐུ་སྐྱེ་བ་སྔ་མ་ལ་ཨུ་རྒྱན་གྱི་རྒྱལ་པོ་ཆོས་ཀྱི་ལྷ་ཞེས་པ་གསང་སྔགས་ཟབ་མོའི་ཀུན་ཏུ་སྤྱོད་པས་དངོས་གྲུབ་བརྙེས་པ་ཞིག་ཡིན། དེ་ནས་འདིར་ལྕགས་མོ་ཡོས་གྱི་ལོ་ལ་འཁྲུངས། ལོ་གསུམ་ལོན་ནས་འཁོར་བའི་སྡུག་བསྔལ་དྲན། ཀློག་ལེགས་པར་མཁྱེན། ལོ་ལྔ་དྲུག་ལ་ཡུམ་གྱིས་ཀློག་ཡོན་གསོལ། ལོ་བདུན་པ་ནས་གསང་སྤྱོད་མཛད་དེ་ལྐུགས་རྫུ་བཏབ། བཅུ་གཉིས་ལོན་པའི་ཚེ་ཁ་རག་གྲྭ་པ་འདུལ་བ་འོད་ཀྱིས་ཆོས་གསུངས་པས་ཆོས་གྲྭར་སྒོམ་སྐྱེས་པ་མང་པོ་བྱུང་ཟེར་བ། ཁོང་མས་གཞན་ཞིག་ཏུ་བཏང་ནས་ཆོས་གྲྭར་མ་སླེབ་པས་གཏམ་དེ་ཐོས་ནས་ཆོས་གྲྭའི་ས་དེར་མཚན་མོ་བྱོན། བདག་དེ་རིང་མི་སླེབ་པ་བྱས་ནས་མང་དུ་བཤུམས། ལངས་ཀྱི་ཕྱོགས་བཅུའི་ཆོས་མཛད་རྣམས་ལ་ཕྱག་བཙལ་བས་གནས་པ་གཤའ་མ་ཅིག་དེར་འཁྲུངས། བཅུ་དྲུག་པ་ལ་ཡབ་གཤེགས་པས་གསང་སྤྱོད་གྲོལ་ཏེ་གྲོང་ཆོག་མང་དུ་བྱས་ཤིང་ཡུམ་གྱི་ཞབས་ཏོག་བྱས། བཅོ་བརྒྱད་ལོན་པའི་ཚེ་བྱ་མོ་སྤྲེ་ལྟག་བྱ་བའི་ཕུག་པ་གཅིག་ཏུ་གཅིག་པུར་བཞུགས་པ་ན། སྲིན་བྱའི་སྐད་ཐོས་པས་དང་པོར་ཡིད་མ་བདེ། དེ་ནས་ཡིད་མ་བདེ་བའི་ངོ་བོ་བརྟགས་པས་རང་བཞིན་གྱིས་སྟོང་པའི་སེམས་ཀྱི་ངོ་བོ་མངོན་སུམ་དུ་རྟོགས། དེ་ནས་གཅེན་པོ་ལ་ཆོས་དང་གདམས་ངག་མང་དུ་ཞུས། གཞན་ཡང་རྒྱལ་ཁམས་མང་དུ་བསྐོར་ནས་བླ་མ་བཟང་དགུ་ལ་གདམས་པ་བཙལ། ཉི་ཤུ་རྩ་ལྔའི་ཚེ་ཆོས་འཁོར་ཞིག་ལ་སྡུད་པ་གསུངས་པས། འཁོར་རྣམས་ཧ་ཅང་དང་བར་མ་མཐོང་ནས་སྨན་གཅིག་ཏུ་བྲོས་ཏེ། ལམ་དུ་བདུད་ཀྱི་བར་ཆད་བྱུང་བས་ཀྱང་མ་ཚུགས། གཞི་བདག་མོས་བསུ་བ་བྱས་ཤིང་ཞབས་ཏོག་བསྒྲུབས་ཏེ་ནམ་མཁའ་རྫོང་དུ་བཞུགས། རྩ་དྲུག་པ་ལ་རྒྱབས་སུ་བླ་མ་ཆེན་པོ་ཏི་ནེ་ཕེབས་ནས་དབང་གནང་བར་ཡོད་པས་ཤོག་གསུང་བའི་གཅེན་གྱིས་བཀའ་འཕྲིན་བྱུང་བས་རབ་ཏུ་དགའ་སྟེ་བྱོན་ནས་དབང་རྣམས་ཞུས། དེ་ནས་བླ་མའི་གསུང་གིས་ཁྲིད་བསྐྱང་དགོས་གསུང་ནས་བློ་སྦྱོང་གི་བསྙེན་པ་ལྟོ་ཟ་ལོང་མེད་པ་ཞག་ཉི་ཤུ་རྩ་གསུམ་དུ་བསྐྱལ་བས། རྟགས་དང་ཡོན་ཏན་ཐམས་ཅད་རྫོགས། དེ་ནས་བླ་མའི་སྤྱན་སྔར་བྱོན་ནས་རྟགས་ཤར་ཚུལ་ཞུས་པས། ཕའི་རྐང་མི་བྲོ། མའི་ཚིལ་མི་བྲོ་བྱ་བ་ལ་སོགས་པ་བཀའ་བཀྱོན་མང་པོ་བྱུང་བ། བློ་སྦྱོང་གི་ཚོད་བལྟར་མ་ཤེས་པར། གདམས་ངག་མི་གནང་བའི་བསྙད་ཡིན་པ་འདྲ་སྙམ་ནས། རྗེ་བཙུན་གྱི་བླ་མ་རིན་པོ་ཆེ། །གུས་ལྡན་གྱི་སློབ་མ་ཐུགས་རྗེས་གཟུང༌། །ལར་ཚད་ལྡན་གྱི་བླ་མ་ཉུང་ལགས་ཏེ། །སྣོད་ལྡན་གྱི་སློབ་མ་དེ་བས་དཀོན། །ང་སྐྱོ་ཤས་ཅན་གྱི་སྤྲང་པོ་ལ། །ཆོས་མིན་དང་ཡིད་ལ་མི་འགྱུ་སྟེ། །དུས་ད་རེས་རི་ཁྲོད་ཀྱི་དམ་བཅའ་སྲལ། །རྗེ་སྙན་པ་ཅན་གྱི་ཞབས་ལ་འཇུས། །རྒྱུ་བསོད་ནམས་ཀྱི་ཚོགས་ལ་ནན་ཏན་བྱས། །ལམ་བློ་སྦྱོང་གི་དུས་སུ་འབུངས་གསུམ་བཏོན། །སྦྱང་བར་དཀའ་བའི་སྒྲིབ་པ་དེ། །ད་རེས་དག་པའི་རྟགས་གསུམ་བྱུང༌། །རྒྱུད་ནས་བཤད་པའི་ལམ་རྟགས་ཀུན། །བསྒོམས་པ་མེད་ཀྱང་ད་རེས་ཤར། །རྨི་ལམ་བག་ཆགས་ཡིན་མོད་ཀྱང༌། །བཟླས་སུ་འཕངས་པའི་ལྟས་དྲུག་བྱུང༌། །ད་ཆོས་ཟད་བློ་ཟད་ཀྱི་སྤྲང་པོ་ལ། །ཡི་གེ་ལ་དགོས་པ་མི་བདོག་ཀྱང༌། །ཕ་སྙན་བརྒྱུད་ཀྱི་བཀུར་མ་སྟོན་པར་ཞུ། ཞེས་གསན་མི་གསན་ཙམ་དུ་མགུར་བླངས་པས། བླ་མ་མནལ་སད་པ་ལྟར་མཛད་དེ། སྤྱིར་དམ་པའི་ཆོས་བྱེད་པ་མང་ཡང་སྒྲུབ་བརྒྱུད་ཀྱི་གདམས་པ་མ་ནོར་བ་དང་ཕྲད་པ་ཉུང༌། གལ་ཏེ་ཕྲད་ཀྱང་ཐོག་མར་ཁྲིད་ཚར་བར་མི་སྐྱོང་བར་ལ་འུར་ཡི་གེ་བལྟ་རིངས། དེར་རྟེན་འབྲེལ་འཆུགས་ནས་བརྒྱུད་པ་གཏད་པའི་ཡུལ་མ་རྙེད། རྟགས་དང་ཡོན་ཏན་ཁྱོད་ལ་ཤར་བ་དེ་རྣམས་ཁོ་བོས་སྔོན་ལ་ཤེས་ཏེ། ད་དུང་ཚར་བའི་རྒྱུ་ཡང་མེད། གལ་ཏེ་ཚར་ཡང་སྙན་བརྒྱུད་ཀྱི་བཀུར་མ་སྦྱིན་དུ་བཏུབ་མི་བཏུབ་ཆ་མེད། འདི་ལ་བདག་པོ་དེ་མིན་ཅིག་ཀྱང་ཡོད་པས་གྲོས་བྱེད་གསུང་ནས། ཡུམ་ལྷ་མོ་བདག་མེད་མན་ཆད་ནས། །ཕ་དྲིན་ཆེན་པ་ཚབ་ཡན་ཆད་དུ། །ཆིག་བརྒྱུད་དུ་བྱོན་པའི་གདམས་པ་ཡིན། །རྟོགས་ལྡན་གྱི་བརྒྱུད་པ་ཟམ་མ་ཆད། །ཉམས་ཀྱི་ཆུ་བོ་སྦྲིང་མ་ཡོལ། །རྟགས་ཡོན་ཏན་ཤར་བ་འབའ་ཞིག་ཡིན། །བཀའ་བབས་བདག་ལ་བདོག་ལགས་ཏེ། །སྦྱིན་དབང་སྐྱེས་བུ་གཅིག་ལས་མེད། །སྔོན་ཆད་འདོད་པ་མང་ལགས་ཀྱང༌། ཁས་བླངས་བྱས་ཀྱི་ཞེ་ལ་བྱིང༌། །དཔོན་སློབ་མཐུན་པ་ཅིག་ཀྱང་མེད། །ང་རྣལ་འབྱོར་གྱི་རང་ས་འཛིན་འཛིན་ནས། །དངོས་གྲུབ་འདྲེ་ལ་ཞུ་མ་མྱོང༌། །གསོལ་བ་ལྷ་ལ་འདེབས་མ་མྱོང༌། །གསང་ཚིག་མཆུ་སྒོར་འདོན་མ་མྱོང༌། །སྤས་པ་མི་ལ་འཆད་མ་མྱོང༌། །གདམས་ངག་རྒྱལ་པོའི་དཀོར་མཛོད་འདི། །བུ་སྐལ་ལྡན་ཅིག་དང་ཕྲད་པ་ཤོག །ལར་ང་ལ་ཆོས་ལ་དམ་པར་གྲགས། །ཞེས་པའི་མགུར་གསུངས། དེར་ཁོ་བོས་ཀྱང་གསུང་ལ་ཚད་མར་གཟུང་ནས་འགྲན་གྱི་དོ་མེད་དུ་ཡང་བལྟས། སྒྲུབ་པའི་དམ་བཅའ་ཡང་ཕུལ། ཚུལ་དང་མཐུན་པའི་བསྙེན་བཀུར་ཡང་བྱས་པས། བླ་མས་ཀྱང་ཐུགས་ལ་བཏགས་ནས་ཆོས་ཐམས་ཅད་ཚང་བར་གནང་གསུང༌། བླ་མ་མང་དུ་ཡོད་ཀྱང་རྩ་བའི་བླ་མ་ཏེ་ནེ་ཁོ་ན་ལ་མཛད་དེ། ཆོས་རྗེ་འབྲི་ཁུང་པས་ངའི་བརྒྱུད་པ་གཟུང་གསུང་ཡང༌། བདག་བླ་མ་རྣལ་འབྱོར་པ་ཅིག་གི་བརྒྱུད་པ་འཛིན་དགོས་པར་ཡོད་ཞུས། སོ་གཅིག་ལ་འབྲི་ཁུང་དུ་བྱོན། གནས་པོ་བབ་ལྷས་ཀྱང་བསུ་བ་བྱས། ཆོས་རྗེ་ཚོགས་སུ་བྱོན་པ་དང་མཇལ། མཁན་པོ་དཔལ་ཆེན་གུར་བ་དང༌། སློབ་དཔོན་གཙང་པ་འདུལ་འཛིན་དང༌། གསང་སྟེ་པ་ལྕགས་རི་བ་རྣམས་ལས་བསྙེན་པར་རྫོགས། མཚན་རིན་ཆེན་ཤེས་རབ་ཏུ་བཏགས། རིན་པོ་ཆེའི་ན་བཟའ་ལྷ་རྫས་ཀྱི་དངོས་པོ་རྗེ་ཉིད་ཀྱི་སྐུ་ལ་གསོལ་ཏེ། གཡས་གཡོན་རྒྱབ་མདུན་བཞི་ནས་གཟིགས། ཤིན་ཏུ་ཡང་ལེགས་སོ་གསུང་ནས་ཕྱག་གིས་དབུ་ལ་བྱུགས། གཞན་ཡང་སྒོམ་པ་སྨན་གཅིག་པ་ལ་སྐབས་དང་པོ་དང་འཚལ་བའི་སྐོར། འཆུས་པ་བརྩོན་སེང་ལ་བརྒྱུད་པ་བར་གསོ་དར་སེང་ལ་ཡང་དག་མེ་གཅིག །འཆར་བུ་རྒྱ་རས་ལ་སོ་ལུགས་དབང་རབ་ཀྱི་ཆོས། རི་ཁྲོད་སྦུག་སྟོན་ལ་རྗེ་བཙུན་མ་བུ་ཧྲངས་ལུགས། གཅོད་བྲུལ་ཚོ་དྲུག་པ། རྒྱལ་བ་དཀོན་སྐྱབས་ལ་སོ་ལུགས། རོག་སྟོན་བཙན་པོ་ལ་ག་ག་ཎི། རྣམ་འཇོམས། བདུད་རྩི་ཆེན་མོ། རོག་སྟོན་ཀླུ་སྦྱིན་ལ་གསང་འདུས་རྒྱུད་རྐྱང༌། ཞིག་པོ་བདུད་རྩི་ལ་རྫོགས་ཆེན་སྙན་བརྒྱུད། ཁ་རག་སྐྱི་སྟོན་ལ་གཟེར་ལྔ་སོགས་འཚལ་བའི་སྐོར། ཤངས་པ་རོམ་བྷེ་ལ་འཕོ་བ་སྤྱི་བརྟོལ། ལོ་སྒོམ་དང་གླན་སྙིང་པོ་ལ་བདེ་མཆོག་བཅུ་གསུམ་མའི་དབང༌། རོག་ཤེས་རབ་ཟླ་བ་ལ་གསང་བ་ཕུར་གཅིག །བདུད་རྩི་བུམ་གཅིག །ཡབ་ལ་ཕྱག་རྒྱ་ཆེན་པོ་སྙན་བརྒྱུད་ལ་སོགས། ལྷབ་དྲེས་མ་གོང་བ་ལ་འཇམ་དཔལ་བཤེས་གཉེན་མ་རྣམས་གསན། འབྲི་ཁུང་ནས་སླར་བྱོན་ནས་སྒྲུབ་པ་ལ་ཐུགས་གཞོལ་ཏེ། ཙ་རི། མཁར་ཆུ། ཤམྦུ། མུ་ཏིག །ཕོ་མ། གངས་བཟང་རྣམས་སུ་སྒྲུབ་པ་རྩེ་གཅིག་ཏུ་མཛད། དེ་ནས་དཔལ་ཆེན་གཞན་གྱི་དོན་ལ་ཞུགས་ཏེ། ཡུལ་ལྷ་རྣམས་ཀྱིས་བསུ་བ་བྱས་ནས་དགུང་ལོ་སོ་བདུན་པ་ལ་རི་ཁྲོད་དུ་ཕྱགས་ཕབ། འཁོར་ཡང་བཟང་ངན་འབྲིང་གསུམ་བསྲུངས། དེ་ནས་བཀའ་བརྒྱུད་ཀྱི་གསུང་རབ་རྣམས་གསེར་དུ་བཞེངས་པས་ཕལ་ཆེན་ཙམ་ཞིག་བྱུང་བ་བསྣམས་ནས་བཞི་བཅུ་པ་ལ་དིང་རིར་བྱོན། དེ་ཡང་མཁའ་འགྲོ་མ་ཉི་ཟླ་རླུང་གཤོག་ཅན་གྱིས་འདི་རིང་ནས་བསུས། བོང་ཆུའི་འགྲམ་དུ་ཕེབས་པའི་ཚེ་དམ་པ་རིན་པོ་ཆེ་དང་བྱང་ཆུབ་སེམས་དཔའ་གཉིས་ཀ་གདོང་བསུར་བྱོན་ཏེ། འོངས་པ་དེ་ལེགས་སོ་ཞེས་གསུང༌། གླང་འཁོར་དུ་ཕེབས་པའི་ནུབ་མོ་གཞན་དོན་འོང་བའི་ལྟས་རིན་པོ་ཆེའི་གླིང་དུ་ཕྱིན་པའི་མནལ་ལམ་བྱུང༌། བྱང་ཆུབ་ཆེན་པོ་ལ་སོགས་པའི་རྟེན་རྣམས་ལ་མཆོད་པ་རྒྱ་ཆེར་ཕུལ། རྣལ་འབྱོར་ཕོ་མོ་རྣམས་ཀྱང་བསྙེན་བཀུར་གྱིས་མཉེས་པར་བྱས་ནས། གླང་འཁོར་གྱི་ལོ་རྒྱུས་མང་པོ་གསུངས་པས། གླང་འཁོར་བ་རྣམས་དམ་པའི་སྦྲུལ་པ་ཡིན་ངེས་སྙམ་ནས་གདན་སར་ཞུ་བ་ཕུལ་ཡང་ཕྱིར་བྱོན། འབྱོན་ཁར་སྐུ་གདུང་ཀ་རུ་ལ་ཕྱི་ཕྱག་མཛད་པས་སྐུ་གདུང་ལན་གསུམ་དུ་འཕར། རིང་བསྲེལ་ཡང་མང་དུ་འཕེལ། སློབ་མ་རྣམས་ལ་ཆོས་ཀྱི་ཆར་ཕབ། ལམ་རིམ་ཆེ་ཆུང་དང་བཤད་འབུམ་ལ་སོགས་པའི་རྩོམ་པ་ཡང་མང་དུ་མཛད། མཐར་དགུང་ལོ་བདུན་ཅུ་རྩ་ལྔ་པ་ཤིང་མོ་སྦྲུལ་གྱི་ལོ་དགུན་ཟླ་ར་བའི་ཚེ་ཉི་ཤུ་གཉིས་ལ་མྱ་ངན་ལས་འདས་ཏེ། རྒྱལ་གྱི་ཟླ་བའི་ཚེས་བཅོ་བརྒྱད་ཀྱི་ཚེ་གདན་སེང་གེའི་ཁྲི་ལ་བཞུགས། བསྙུན་གྱི་གནོད་པ་མེད་པ་ལྟར་སྐུ་བསྲང་སྟེ། འཁོར་རྣམས་བསྡུས་ནས་ཁོ་བོ་དང་པོ་ནས་ཚེ་འདི་ཤས་ཆུང་བའི་སྟོབས་ཀྱིས་སྙིགས་མའི་སེམས་ཅན་གྱི་སློབ་དཔོན་བྱེད་མི་ཕེར་ཙམ་ཅིག་ལ་བྱེད་དགོས་པར་ཐལ། འོན་ཀྱང་བསམ་པ་རྣམ་པར་དག་པའི་མེ་ཏོག་ཕྱིར་ཤར་ནས་འགྲོ་བ་ལ་ཕན་པར་བྱུང༌། རང་རེ་དཔོན་སློབ་རྣམས་ཀྱང་ལས་དང་སྨོན་ལམ་གྱི་འབྲེལ་བ་ཟབ་མོ་ཅིག་ཡོད་པ་འདྲ་བས། ཁྱེད་རྣམས་ཀྱིས་ཀྱང་ཁོ་བོ་ལ་ཐུགས་ལ་འདོགས་ཤིང་མོས་པར་མཛད། ངས་ཀྱང་ཁྱེད་རྣམས་ལ་བྱམས་པར་བྱས་ཏེ་ཕ་བད་ཆོས་དང་མཐུན་ལ་སྐྱིད་པར་བྱུང༌། འགྲོགས་ཡུན་ཀྱང་རིང༌། གཏམ་སྙན་གྱི་འོག་ཏུ་ཚེ་ཕྱེད་དཀའ་བ་ཡིན་ཏེ། ཆོས་དང་འབྲེལ་བའི་སྙན་གྲགས་ཀྱིས་ཀྱང་ཕྱོགས་བཅུར་ཁྱབ། ད་ནི་ཁོ་བོ་མྱ་ངན་ལས་འདས་པར་གྱུར་ནས་ཁྱེད་རྣམས་ཐུགས་ངན་ཅིག་ཀྱང་བྱ་མི་འཚལ་ཏེ། ང་དང་ཐུགས་དགོངས་གཅིག་ཏུ་ཡོད་པས་འདུ་འབྲལ་མེད་པ་ཡིན། ཤུལ་དུ་ཡང་རྟོགས་པ་ཟང་སར་འཁྱོལ་བའི་སྒོམ་ཆེན་པ་ལ་རྟགས་ལ་སོགས་པ་ལ་དགོས་པ་མེད་ལ། འོན་ཀྱང་མཁའ་འགྲོ་མ་ཕྱག་དར་བྱེད་གདན་བཤོམ་ཞིང་འདུག་པས་མཆོད་པའི་རྟེན་འདི་ཙམ་ཞིག་འབྱུང་དུ་རུང་བར་འདུག་གི ཁྱེད་རྣམས་ཀྱིས་ཀྱང་གསོལ་བ་དྲག་པོ་ཐོབ་ཅིག་ཅེས་དང༌། གཞན་ཡང་གདུང་སྐྱོང་བའི་ཞལ་བརྡ་ཚུན་ཆད་མཛད་དེ། གདན་ས་འདིར་ཡང་ཐམས་ཅད་ཀྱིས་སྒྲུབ་པ་ཚུལ་བཞིན་དུ་མཛོད་ལ་བཞུགས་ཤིག །ལོ་གསུམ་ནས་ལེགས་པར་འོང་གི་གསུང་ནས་ཞི་བར་གཤེགས། གསུང་བཞིན་དུ་ངོ་མཚར་གྱི་རྟེན་མང་དུ་བྱོན་པ་ཡང་དིང་སང་གི་བར་རི་ཁྲོད་ན་བཞུགསསོ། ། དེ་རྗེས་དབོན་པོ་ཤེར་དབང་པས་གསན་ས་མཛད་པས་ལོ་གཅིག་ན་གཤེགས། དེ་རྗེས་གཅུང་འདག་འབྱར་བ་བསྐོས་པས་ཀྱང་ལོ་གཅིག་ན་གཤེགས་པས། གདན་ས་གཉན་ཞིང་སུས་ཀྱང་མི་ནོན་པར་གྲགས་པ་ལ། ། འཁྲུལ་ཞིག་པས་གདན་ས་ཡུན་རིང་དུ་མཛད་པ་ཡིན་ནོ། ། མཁས་པ་སྨྲ་བའི་སེང་གེ་ནི། སྐྱེ་བ་སྔ་མ་ཡུལ་ཁ་ཆེར་གྲངས་ཅན་གྱི་གྲུབ་མཐའ་འཛིན་པའི་མུ་སྟེགས་ཤིག་ཏུ་གྱུར་པ་རྩོད་པ་ལ་དགའ་བས་རྒྱ་གར་ཤར་ཕྱོགས་སུ་བྱོན་ཏེ། གཞན་མང་པོ་ཕམ་པར་བྱས། ཕྱིས་པཎྜི་ཏ་ཤེས་རབ་གྲུབ་པས་རྩོད་པ་བཟློག་ཅིང་ཟིལ་གྱིས་མནན་ནས། དེ་ནས་ཤེས་རབ་གྲུབ་པ་བླ་མར་གཟུང་སྟེ་གཤིན་རྗེ་གཤེད་ཀྱི་དབང་ཞུས། གསང་མཚན་འཇིགས་མེད་རྩལ་དུ་བཏགས། དཔོན་སློབ་འགྲོགས་ཨུ་རྒྱན་དུ་ཆོས་སྐྱོང་བའི་རྒྱལ་པོ་ཆོས་ཀྱི་ལྷའི་སར་བྱོན། རྒྱལ་པོས་ཞུས་ནས་ཤེས་རབ་གྲུབ་ཀྱིས་ཚོགས་ཀྱི་གཙོ་བོ་མཛད། འཇིགས་མེད་རྩལ་གིས་ལས་ཀྱི་སློབ་དཔོན་མཛད་ནས་ཚོགས་ཀྱི་འཁོར་ལོ་བསྐོར། སྐྱེ་བ་ཐམས་ཅད་དུ་འདུ་བའི་སྨོན་ལམ་བཏབ་པ་བཞིན། འཇིགས་མེད་རྩལ་དེ་ཉིད་འདིར་མེ་ཕོ་རྟའི་ལོ་ལ་འཁྲུངས། ལོ་བརྒྱད་ལ་ཡིག་རྩིས་བསླབས་པས་མཚོན་པ་ཙམ་གྱིས་མཁྱེན། ལོ་བཅུ་གསུམ་ལ་ཡོན་ཏན་དང་སྐུ་ལུས་རྫོགས་ཏེ་གྲ་དོལ་གཞུང་གསུམ་ཚོགས་པའི་ལྟད་མོ་ལ་ཁྲོམ་ཐོག་ཆོད། བཅུ་བཞི་ལ་འདག་འབྱར་མཛད་པའི་ངང་ནས་གཞི་ལམ་གྱི་སྟོང་ཐུན་གསུངས་པས་གྲྭ་སྒོམ་ཐམས་ཅད་དད་པས་མཆི་མ་ཤོར། བཅོ་ལྔ་པ་ལ་འཆོས་ཚང་ཁྱིམ་དུ་རྣལ་འབྱོར་སེང་གེ་ལ་དབུ་མ་རིགས་ཚོགས་བསླབས་པས་རིན་པོ་ཆེའི་རྩོད་པའི་ཡ་ཕེར། བཅུ་བདུན་ལ་གྲྭ་ཕྱི་རྟ་ལམ་པོའི་སློབ་དཔོན་ཞང་སྟོན་དཀོན་མཆོག་ལ་སྒྲའི་བསྟན་བཅོས་མང་དུ་བསླབས། ལོ་ཉི་ཤུ་ལ་ཁ་རག་ཏུ་མཁས་པ་ཇོ་པད་ཀྱི་སར་བྱོན་ནས། མདོ་སྒྱུ་འཕྲུལ་སེམས་ཕྱོགས་གསུམ་ལོ་གཉིས་ལ་མཁྱེན། གཙང་ཕྱོགས་རྣམས་སུ་རྩོད་པའི་གྲྭ་སྐོར་མཛད། བཟང་ཉེའུ་ཁར་ཡང་མཁས་པ་མང་པོ་ཕམ་པར་བྱས་པས་རུ་མཚམས་པ་བསོད་རིན་བྱ་བ་མངོན་པ་དང་གསང་སྔགས་ལ་མཁས་པ་དེ་སྔོན་སོ་བའི་སར་མཆེད་གྲོགས་སུ་གྱུར་པ་དེ་ན་རེ། ལྟག་ཆོས་ཆེ་ལ་རིག་པ་མྱུར། ངའི་མཆེད་པོ་དགེ་བཤེས་ཤེས་རབ་ཀྱི་ངག་བརྗོད་དང་འདྲ་ཟེར། དེ་ནས་དགེ་བཤེས་བྲ་པོ་ཆེན་པོ་གཤེགས་པའི་ཆོས་འཁོར་ལ་ཡར་སྟོན་ཧྲུལ་མོ་བྱ་བ་དགེ་བཤེས་ཤཱཀ་བསམ་སོགས་སུས་ཀྱང་མ་ཐུབ་པ་ཅིག་དང༌། རང་བཞིན་གྱིས་དབང་རྣོན་སྲིད་མི་སྲིད་ལ་རྩོད་པ་བྱས་པས་ལན་དུ་མའི་བར་དུ་ཁོང་ཕམ་པར་བྱས་པས་མཁས་པའི་གཡེར་ཐོན་ཏེ་སྨྲ་བའི་སེང་གེར་མཚན་ཐོགས། མཚན་དངོས་བརྩོན་འགྲུས་སེང་གེ་དགུང་ལོ་ཉི་ཤུ་རྩ་གཉིས་ལ་སྙེ་མདོར་ཆེ་འདོན་མཛད། ཕྱག་དཔེ་ཆོས་དུང་དང་བཅས་པ་གཏད། ད་དུང་སློབ་གཉེར་མ་རྫོགས་པས་ལོ་ཤེས་གཅེན་རྣམ་གཉིས་ཀྱིས་གནས་གཟུང༌། དེ་རྗེས་གནས་འཛིན་པར་ཞུས་ཀྱང་མ་གནང༌། རིན་པོ་ཆེ་ཆེན་པོས་སྙེ་མདོར་ལྷ་ཁང་བཞེངས་པ་དང་ཞིག་པོས་དེ་ཆོས་ཀྱིས་འགེངས་པའི་ཞལ་བཞེས་མཛད། གནས་གཞི་གཟུང༌། བླ་མ་རྣམ་གཉིས་ལ་འཇིག་རྟེན་འདི་དང་དམ་པའི་ཆོས་གཉིས་ཀའི་བཀའ་དྲིན་དང་ཆོས་གཞན་ནས་བཙལ་མ་དགོས་པ་དང༌། སེམས་སངས་རྒྱས་སུ་ངོ་སྤྲད་པའི་བཀའ་དྲིན་དྲན་པར་བྱས་ཏེ། ཆོས་ཀྱི་བཤད་ཉན་དང༌། འཇིག་རྟེན་གྱི་གཉའ་འདུམས་ལ་སོགས་པའི་བྱ་བ་མང་པོ་མཛད་པས། ལ་ལས་འཇིག་རྟེན་པ་ཁོ་ནར་མཐོང༌། ལོ་ཉི་ཤུ་རྩ་གསུམ་པ་ལ་ཁ་རག་ཇོ་པད་གཤེགས་པའི་དགོངས་པ་རྫོགས་ཐབས་ལ་འབུལ་བ་མང་དུ་བསྐྱལ། སོ་གཅིག་པ་ལ་ལམ་ལྔའི་བསྲངས་ལ་ཞུགས་པས་རྒྱུ་སྒྲིབ་པ་དག་པའི་རྟགས། ལམ་རླུང་ལྔ་ཟིན་པའི་རྟགས། འབྲས་བུ་དག་སྣང་ཤར་བའི་རྟགས་བླ་མ་གོང་མ་ལ་ཇི་ལྟར་ཤར་བ་བཞིན་བྱུང༌། ཉིན་མཚན་མེད་པའི་སྣང་བ་ཤར། རྩིག་པ་ལ་ཐོགས་རྡུགས་མེད་པ་སོགས་བྱུང༌། དོན་ལ་སྤྲོས་པ་ཆོད་པའི་སྟེང་དུ་བདེ་གསལ་གྱི་ཉམས་མེ་དཔུང་འབར་བ་བཞིན་དུ་བྱུང་བས་དྲན་མེད་དུ་བཀྲབས་མཆི་མ་མི་ཐུབ་པའི་དགའ་སྤྲོ་བྱུང༌། ལོ་སུམ་ཅུ་རྩ་གསུམ་ལ་མཚན་བརྗོད་ཀྱི་སྒྲུབ་པ་མཛད་པས་པད་མོའི་སྡོང་བུ་ཁ་ཕྱེ་བའི་ནང་དུ་འཇམ་དབྱངས་ལྷ་བདུན་གཟིགས། སུམ་ཅུ་རྩ་ལྔ་ལ་ལྷ་སར་མཆོད་པ་སྐྱེལ་དུ་བྱོན་པས་སྤྱན་རས་གཟིགས་ཀྱི་ཐུགས་ཀ་ནས་ཀུ་མུ་ཏ་ལྟ་བུའི་འོད་བྱུང་བ་སྤྱི་བོར་ཐིམ། སོ་བརྒྱད་པ་ལ་རིན་པོ་ཆེའི་སྐུ་འདབ་དུས་གསུམ་ཁེགས་པ་དེའི་ཞོར་བཏེག །ཞིག་པོ་བསམ་ཡས་སུ་མཆོད་པའི་ཕྱག་ཕྱིར་བྱོན་པས། རྟ་མགྲིན་གྱི་ཐུགས་ཀ་ནས་འོད་བྱེ་རུ་བཅག་པ་ལྟ་བུ་བྱུང་བ་ཐུགས་ཀར་ཐིམ། བཞི་བཅུ་པ་ལ་སྙེ་མདོར་འདག་འབྱར་མཛད་པས་འོད་དམར་པོ་བྱི་རུ་འདྲ་བ་བྱུང་བ་དེ་རྟ་མགྲིན་དུ་གྱུར་ནས་འོད་དམར་པོས་ངམས་ཤོད་ཁེངས། རྟ་སྐད་ཐེངས་གསུམ་བསྒྲགས་པའི་དང་པོ་དབུས་གཙང་རུ་བཞིར་ཐོས། ཕྱི་མ་གཉིས་དེ་ཡང་མི་ཚད་པར་ཐོས་ཏེ། དེ་ཐམས་ཅད་མཁྱེན་པ་ལ་སྙན་གྲགས་འོང་བའི་བརྡ་ཡིན་གསུང༌། ཞེ་གཅིག་པ་ལ་མཁར་ཆུར་བྱོན་པའི་ཚེ་མཁའ་འགྲོ་མས་ལམ་སྟོན་པ། སྨྱོང་ཁ་དགའ་སྟེ་མཚོ་ཧཱུཾ་སྒྲ་སྒྲོགས་པ། ཡང་དག་གི་སྒྲུབ་པ་མཛད་པས་སྒྲུབ་རྫས་ཀྱིས་སྣོད་ཁེངས་ཤིང་བདུད་རྩིའི་ཆར་བབ། བཞི་བཅུ་རྩ་བཞི་པ་ལ་ཐམས་ཅད་མཁྱེན་པའི་ཚེ་འདོན་གྱི་ཆོས་འཁོར་བཙུགས། ཆོས་ཉན་ས་གཞི་ཁེངས་པ་ཚོགས་པ་ལ་དགེ་བཤེས་ཆེན་པོའི་གསུང་ཐ་མ་རྣམས་ཀྱིས་མ་ཐོས། འདིའི་གསུང་ཐ་མས་ཀྱང་ཐོས། ལྔ་བཅུ་རྩ་བརྒྱད་པ་ལ་འབྲི་ཁུང་དུ་རྗེ་སྤྱན་སྔའི་དྲུང་དུ་འབུལ་བ་སྐྱེལ་དུ་བྱོན་པས་སྤྱན་སྔ་ནས་བྱང་ཆུབ་ཆེན་པོར་གཟིགས། སྤྱན་སྔ་ནས་ཀྱི་གསུང་ལ་དེ་སྔ་ནས་ནམ་མཁའ་ལྟ་བུ་སོང་འདུག་ཀྱང་ནམ་མཁའ་ཆེན་པོར་གཏོང་བ་ཡིན་གསུང་ནས་ཕྱག་ཆེན་ཅིག་ནང་བས། དབྱེར་མེད་ཀྱི་དགོངས་པ་ལ་དུས་གསུམ་དུ་བོགས་འདོན་དུ་མེད་དམ་སྙམ་པ་ཅིག་འཁྲུངས། ལྔ་བཅུ་རྩ་དགུ་ལ་སྐུ་འདབ་ཚོགས་སོག་མཛད། ཡེ་ཤེས་མགོན་པོ་བཞད་པའི་ཞལ་ཅན་ཅིག་གཟིགས། དེ་ནས་དྲུག་ཅུ་རྩ་གཉིས་པ་མེ་མོ་ལུག་གི་སྨལ་བོ་ཟླ་བའི་ཚེ་བརྒྱད་ལ་རྟགས་ཁྱད་པར་ཅན་མང་པོ་དང་བཅས་ཏེ་གཤེགས། སྐུ་གདུང་སྦྱངས་པས་རིང་བསྲེལ་གྱིས་གང༌། ཕྱིས་ནང་རྟེན་རྡོ་རྗེ་སེམས་དཔའི་སྐུ་བཞེངས་པའི་སྐུ་ལ་སྟར་ཆུ་གསོལ་བ་ན་ཡང་ཁྲུས་ཆབ་རིང་བསྲེལ་གྱིས་ཁེངས། སྐུ་གསེར་གསོལ་བ་ན་རིང་བསྲེལ་གྱི་ཆར་ཁ་བ་བབ་པ་བཞིན་བྱུང་ངོ༌། ། དེ་ལྟར་རིགས་གསུམ་གྱི་མགོན་པོ་ལྟ་བུའི་སྐུ་མཆེད་གསུམ་པོ་དེ་ལ་བཀའི་ཆུ་བོ་བབས་པའི་སློབ་མ་དཔག་ཏུ་མེད་ཀྱང༌། གདུང་གི་རྒྱུད་འཛིན་པའི་གཙོ་བོ་ནི་འཁྲུལ་ཞིག་རིན་པོ་ཆེ་དང༌། ཐམས་ཅད་མཁྱེན་པ་གཉིས་ཡིན་ཏེ། ། དེ་ལ་འཁྲུལ་ཞིག་རིན་པོ་ཆེ་ནི། ཡབ་བདེ་གཤེགས་ཆེན་པོ་ཤེས་རབ་འོད་དང༌། ཡུམ་མཁར་ཆུའི་རྣལ་འབྱོར་མ་བྱང་ཆུབ་སྒྲོན་ཞེས་བྱ་བ་ལ་མཁའ་འགྲོའི་ལུང་བསྟན་བྱུང་ནས། མཁར་ཆུ་ནས་བདེ་གཤེགས་ཆེན་པོའི་སྤྱན་སྔར་བྱོན་ནས་ལུང་བསྟན་བྱུང་ཚུལ་ཞུས་པས་ཐུགས་ལ་ཡང་བབ་སྟེ། ཚོགས་ཀྱི་འཁོར་ལོ་སྔོན་དུ་འགྲོ་བའི་སྦྱོར་བ་མཛད་པ་ལས་མངལ་གཟུང་བའི་ཚེ་ཡུམ་ལ་དག་པའི་སྣང་བ་ནང་དུ་ཤར་ནས་ཆུ་མོ་ལུག་གི་ལོ་ལ་སྐུ་བལྟམས། མཚན་དར་མ་སེང་གེར་བཏགས། ལོ་ལྔ་ལོན་པའི་ཚེ་ཡུམ་གྱི་ཉམས་ལེན་རྒྱུན་པའི་རྣལ་འབྱོར་མའི་མངོན་རྟོགས་དང་རྣལ་འབྱོར་གསུམ་ནས་འདོན་པ་ཅིག་བྱུང༌། ལོ་བདུན་པ་ལ་བྱ་བའི་རིམ་པའི་ཚོགས་མང་དུ་མཁྱེན། ལོ་དེ་ཉིད་ལ་སྙེ་མདོར་བདེ་གཤེགས་ཆེན་པོའི་དྲུང་དུ་བསྐྱལ། འདི་ལ་ཕྲིན་ལས་སྐོར་རྣམས་སློབ་པར་ཞུ་ཞུས་པས། ད་ལྟ་ཅི་འོང་གསུང་བ་ལ། ཡོད་པ་རྣམས་བཏོན་པས་ཐོག་མར་ཀློག་དང་ཁ་བཏོན་གཉིས་ཀ་ལ་དགྱེས་ནས་ཕུར་བུའི་ལས་བྱང་འཛིན་དུ་བཅུག །ལན་ཅིག་འབོལ་ཟུར་དུ་བཞུགས་ནས་གསོལ་རས་གསོལ་བས་ཡུམ་ཡར་དེ་ཁྲོད་ཏེ་བརྡུང་དུ་བྱུང་བས་བྲོས་པས་སྙེ་འོག་གི་ཁར་ཟིན་ནས་གཡང་ལ་སྐྱུར་དུ་བྱུང་བས། སློབ་དཔོན་ལྷག་མཐོང་གིས་ཟིན་ནས་འོག་མར་བསྐྱལ། སྨྲ་བ་སེང་གེའི་གསུང་ནས་འདི་ལ་དེ་ལྟར་བྱ་མི་རིགས་སློབ་གཉེར་བྱ་དགོས་གསུང༌། ཡུམ་ཡར་དེས་སློབ་གཉེར་བྱེད་དུ་མ་སྟེར་བར་རྟ་ཕྱུགས་འཚོར་བཅུག་ཅིང་ལྕི་བ་འཐུ་བའི་ཚེ་སློབ་དཔོན་རྟའུ་སྒང་བའི་ལྕི་བ་འཐུ་བའི་སེལ་པོ་བཅག །སྲས་པོ་མ་ཡར་གྱི་སར་ཁྲིད་ནས་འདི་བླ་མ་གྲུབ་ཐོབ་ཀྱི་སྲས་སློབ་མ་དཔག་ཏུ་མེད་པ་རྣམས་ཀྱི་གསོལ་བ་འདེབས་པའི་རྟེན་ཡིན་པས་ངན་ལས་འཆོལ་བར་རིགས་སམ་བྱས་ནས་ཡུམ་ཡར་དེ་ལ་བཀྱོན། བྱིས་པའི་དུས་ནས་ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་གོ །གང་ལ་ཡང་ཞེན་ཆགས་མེད་པས་རང་གི་ཟས་གོས་སུ་དགའ་བ་ལ་སྟེ། ཡིད་ཀྱི་དམིགས་འཛིན་མེད་ཀྱང་དགའ་ཡལ་ཡལ་བ་དང་བུན་ལོང་བ་རྟག་ཏུ་བྱུང༌། གང་ལ་ཡང་ཞེན་འཛིན་མེད་པས་འཁྲུལ་ཞིག་ཏུ་མཚན་ཐོགས། བཅུ་གཉིས་ལ་སོ་བ་གདན་དྲངས་མདོ་དབང་ཞུས། ཡབ་ཀྱི་ཞལ་ནས། ཆོས་སྙིང་ནས་བྱེད་པ་ལ་ཡི་དམ་ཅིག་གི་བསྙེན་པ་ཐེམས་དགོས་གསུང་ནས་ཕུར་བུའི་སྟོད་ལས་ཀྱི་དབང་བསྐུར། སྒྲུབ་རྫས་བསགས་ནས་སྒྲུབ་པ་ལ་བཅུག །དབང་བསྐུར་གྱི་ཚེ་ཚེ་པྲ་བརྟག་པའི་རིལ་བུ་གསུམ་བུམ་པར་བཅུག །དབང་མཛད་ཙ་ན་རིལ་བུ་དགུར་འཕེལ་བྱུང་བས་ཚེ་རིང་བར་ལུང་བསྟན། གཞན་དོན་འབྱུང་བ་ལ་རང་དོན་ཚགས་སུ་ཚུད་དགོས་གསུང་ནས་བསྙེན་པ་ལ་འབད་པས་རྟགས་ཁྱད་པར་ཅན་བྱུང༌། དུག་ཕུར་ནག་པོའི་ལག་ལེན་སོགས་དང་ཕུར་བུའི་ལུགས་རྒྱས་པར་གསན། བཅོ་ལྔ་ལ་འཆོས་ཀྱི་ཆང་ཁྱིམ་དུ་དགེ་བཤེས་ཀུན་དགའ་དང་གྲུབ་ཐོབ་སྤྱི་དེ་བ་ལ་མངོན་རྟོགས་རྒྱན་དང་རྨ་ལུགས་སོགས་གསན། བཅུ་བདུན་ལ་དགོངས་འདུས་ལ་ནན་ཆགས་མཛད། གཞན་བདེ་གཤེགས་ཆེན་པོ་ཉིད་ལ་མངའ་བའི་ཆོས་མ་ལུས་པའི་བཀའ་ལུང་གནང༌། ཇོ་འབུམ་བླངས་བྱུང་བས་ང་ལ་ཆུང་མ་མི་དགོས་གསུང་ནས་སློག །ཡབ་ཀྱི་ཞལ་ནས་ཐེག་པ་ཆེན་པོ་གསང་སྔགས་སྒྲུབ་པ་ལ་རིག་མ་མཚན་ལྡན་དགོས། འདི་མཚན་དང་ལྡན་པ་ཡིན་གསུང་ནས་ཡང་བོས་བྱུང༌། དེ་ནས་ཞི་བྱེད་ཀྱི་སྐོར་མ་ལུས་པར་ཞུས། ཉམས་ཐོད་རྒལ་བ་སྐྱེས། ཉི་ཤུ་རྩ་གཅིག་པ་ལ་བདེ་གཤེགས་ཆེན་པོ་ཉིད་ལ་མངའ་བའི་ཞི་བྱེད་བརྒྱུད་པ་སྔ་ཕྱི་བར་གསུམ་ཐམས་ཅད་གནང༌། བསྙེན་པ་བསྐྱལ་བས་རྒྱུ་ལམ་འབྲས་བུའི་རྟགས་ཐམས་ཅད་ཚང༌། རི་ཁྲོད་དུ་སོང་ལ་ཞིག་པོའི་ཆོས་ཐམས་ཅད་ཚང་བར་ཞུས་ཤིག་གསུང་བས་ཞིག་པོའི་དྲུག་དུ་ཕྱིན་པ་ན། འདི་ལ་ངའི་ཆོས་ཀྱི་གཏད་ས་འོང༌། ཆོས་བདག་ཕེར་བ་ཞིག་འོང༌། མི་རེས་པུས་མོ་ལ་འབབ་པས་དོ་ནུབ་རང་བྱ་དགོས་གསུང་ནས། བརྒྱུད་པ་ཕྱི་མ་ལ་གཙོ་བོར་མཛད་པའི་སྔ་ཕྱི་བར་གསུམ་ཚང་བར་གནང༌། བདེ་མཆོག་ནམ་མཁའ་དང་མཉམ་པའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཚེ། བླ་མ་དང་གཙོ་བོ་ཐ་མི་དད་པའི་མོས་གུས་སྐྱེས། ཇི་ཞིག་ལྟར་ལ་འོད་ཀྱི་ཕུང་པོར་སོང༌། སྣང་ལ་རང་བཞིན་མེད་པའི་ངང་ནས་བདེ་གསལ་མི་རྟོག་པར་གྱུར། རྟེན་འབྲེལ་གྱི་ཁང་པར་བཅུག་ནས་བརྒྱུད་པ་གཏོད་པའི་ཆོ་ག་ཡང་མཛད། ཉི་ཤུ་རྩ་གཉིས་པ་ལ་བདེ་གཤེགས་ཆེན་པོ་གཤེགས་ཁར་མྱ་ངན་ཆེན་པོ་བྱུང་བས་བདེ་གཤེགས་ཆེན་པོའི་ཞལ་ནས་རྣལ་འབྱོར་པ་འཆི་བ་ལ་མྱ་ངན་བྱ་མི་དགོས། ཕྱི་རྟོག་གེའི་རིགས་པ་ལ་བློ་མ་སྦྱངས་ཀྱང་ནང་ཉམས་རྟོགས་ཀྱི་འཆར་ཚུལ་ཁྱོད་བཟང་བར་འདུག །ཐུགས་དམ་ལ་བརྩོན་པར་མཛོད་དང་འགྲོ་དོན་རྒྱ་ཆེན་པོ་འོང་བར་འདུག་གི་གསུང༌། གཤེགས་རྗེས་ཉིན་པར་མྱ་ངན་གྱིས་ནོན་ཀྱང་མཚན་མོ་རྨི་ལམ་ཁྱད་པར་ཅན་བྱུང་བ་དང་མཐུན་པར་སྤུར་སྦྱངས་པའི་ཚེ་སྤྱན་རས་གཟིགས་ཀྱི་སྐུ་དང་ཐུགས་མ་ཚིག་པར་ཕྱག་ཏུ་བྱོན་པས་ཡུམ་ཡར་གྱིས་ཕྲོགས་ཏེ་ཁྱེར་ཀྱང་མི་དགྱེས་པ་མ་བྱུང༌། མོས་རྗེ་ཞིག་པོ་ཡང་མྱུར་དུ་འདའ་བའི་གསུང་མང་དུ་བྱོན་ནས་གཡུ་སྟོང་དུང་འཐུལ་དང་རྟ་བདུན་གྱིས་ཐོག་དྲངས་པའི་འབུལ་བ་མང་པོ་སྐྱེལ་དུ་འབྲི་ཁུང་དུ་བྱོན། ཚུར་ཕེབས་ནས་དགོངས་པ་རྫོགས་ཐབས་ཀྱི་རྟེན་བཞེངས། དེ་མ་ཚར་བ་ལ་སྙེ་མདོ་བ་ཡང་གཤེགས། ཉི་ཤུ་རྩ་དྲུག་པ་ལ་རྟེན་རྣམས་ལེགས་པར་གྲུབ། རས་པ་རྡོ་རྗེ་དཔལ་ལྷོ་བལ་དུ་གསེར་གདུགས་དང་གྷ་ཊི་ར་སྒྲུབ་ཏུ་བཏང་བས་གྲུབ་སྟེ་བྱུང༌། རྡོ་རྗེ་དཔལ་རང་ཨུ་རྒྱན་དུ་བཞུད་པས་ཨུ་རྒྱན་རས་པར་གྲགས། ཉི་ཤུ་རྩ་དགུ་ལ་རྩེ་བ་སྒང་དུ་བཞུགས་ནས་ཐང་དབུས་པ་ལ་སོགས་པའི་བུ་སློབ་མང་དུ་བསྐྱངས། དགོན་སྐོར་གསུམ་གྱི་བླ་མ་གྲྭ་པ་དང་བཅས་པ་རྣམས་ཀྱིས་གྲོས་ལན་མང་དུ་བྱས་པའི་མཐར་འཁྲུལ་ཞིག་པ་ཉིད་གདན་སར་འོས་པར་ཐག་ཆོད་ནས་སྙེ་མདོ་ཐམས་ཅད་མཁྱེན་པས་ཁྱེད་ཀྱི་རི་ཁྲོད་དུ་བཞུགས་ནས་སྒྲུབ་བརྒྱུད་སྤེལ་བ་དང༌། ངས་སྙེ་མདོར་བསྡད་ནས་བཤད་རྒྱུད་སྤེལ་གསུང་བའི་ཞུ་བ་ཕུལ། རྩེ་སྒང་བའི་གྲྭ་པ་དང་ཡོན་བདག་རྣམས་དེ་ལ་མི་དགའ་བས་ཡོན་བདག་རྣམས་ཀྱིས་བསྙེན་བཀུར་ཁྱེར་འོངས་ཏེ། གཏམ་གཏོང་བའི་དུས་སུ་མི་ཐེགས་པ་ཞུ་ཟེར་བསམ་པ་ལ། ཁ་ནོར་ནས་ཐེགས་པར་ཞུ་ཟེར་བས་ཀུན་བཞད་གད་དུ་གྱུར་ཏེ། རྟེན་འབྲེལ་བཟང་གསུང་ནས་སུམ་ཅུ་པ་ལ་རི་ཁྲོད་དུ་བཞུགས་ནས་གདན་ས་བསྐྱངས། སོ་གཅིག་པ་ལ་ཡར་ཀླུངས་སུ་པཎྜི་ཏ་དཱ་ན་ཤྲཱི་ལའི་དྲུང་དུ་མཁས་གྲུབ་རྣམ་པ་གཉིས་ཀས་བྱོན། སྦྱིན་བསྲེག་གི་མེ་པྲ་ཅུང་ཟད་རྩུབ་པར་བྱུང་བས། པཎྜི་ཏའི་གསུང་གིས་འདི་ཁྱེད་ལ་མི་གནོད་གསུང༌། དེ་རེས་ཐད་དུ་དམ་པ་འགར་ལ་ཐུགས་བསྐྱེད་ཆེན་མོ་དང་བསྲུང་སྡོམ་ཆུང་ངུ་ཞིག་ཞུས། སོ་གཉིས་པ་ལ་འབྲི་ཁུང་དུ་བྱོན་ནས་རྗེ་སྤྱན་སྔ་ནས་དང་ལྷ་དཀོན་མཆོག་འཕེལ་བས་རབ་ཏུ་བྱུང༌། འབུལ་བ་ཡང་མང་དུ་བྱས། ཆོས་ཁྲིད་རྣམས་ཀྱང་ཚང་བར་གནང༌། དེ་ལོ་རྟེན་འབྲེལ་ཁང་པར་ལམ་ལྔའི་དབང་ཁྲིད་ཚང་བར་མཛད། ཞེ་གཅིག་པ་ལ་སྟོད་ལུངས་དང་མཁར་ཆུར་བྱོན་ནས་གཞན་གྱི་དོན་མཛད། སྣང་བ་དག་པས་དམ་པ་ཉིད་དུ་མཐོང་བ་ཡང་བྱུང༌། ཞེ་གཉིས་པ་ལ་ཕག་མོ་གྲུ་འབུལ་བ་སྐྱེལ་དུ་བྱོན་པས་རྒྱལ་བ་རིན་པོ་ཆེ་ཐུགས་མཉེས་པས་ཕྱག་ལེན་ཀྱང་མཛད། ཆོས་ཁྲིད་མང་དུ་ཞུས། གནང་སྦྱིན་ཀྱང་མང་དུ་གནང༌། ཞེ་གསུམ་པ་ལ་གྲུབ་ཐོབ་མེ་ལོང་རྡོ་རྗེ་ལ་སོགས་པ་ཡང་གདམས་པས་ཚིམ་པར་མཛད། ཞེ་བཞི་པ་ལ་རང་གི་སྲས་སྒྲུབ་པ་པོ་ཕག་མོ་གྲུ་ནས་བོས་ནས་རི་ཁྲོད་དུ་གདན་སར་བསྐོས། ཞེ་ལྔ་པ་ལ་གཉལ་དུ་རྫ་དམར་བའི་རྟེན་གྱི་རབ་གནས་ལ་བྱོན། ལམ་དང་གཉལ་ཕྱོགས་ཐམས་ཅད་ཀྱི་ནད་དང་འཁྲུག་པ་ཞི་བར་མཛད། ལོ་དེ་ལ་སྤྱན་སྔ་དཔལ་ཆེན་ཐམས་ཅད་མཁྱེན་པས་རྩ་སྒང་གི་གདན་སར་བསྐོས། ཞེ་བརྒྱད་པ་ལ་དུས་གསུམ་མཁྱེན་པ་ལྷོ་བྲག་ཏུ་བརྫངས། ཞེ་དགུ་པ་ལ་སྤྱན་སྔ་འཚལ་བ་རི་ཁྲོད་དུ་བསྐོས། ལྔ་བཅུ་རྩ་གཅིག་ནས་ལོ་སུམ་ཅུ་རྩ་གཅིག་(ཤིང་པར་གཉིས་ཀར་“སུམ་ཅུ་རྩ་གཅིག་”ཞེས་འཁོར་འདུག་ཀྱང་དོགས་གཞིར་སྣང༌། སྒྲིག་པ་པོའི་མཆན།) གི་བར་ཟུར་སྟོད་དུ་ཐུགས་དམ་འབའ་ཞིག་མཛད། བརྒྱད་ཅུ་རྩ་གཅིག་པ་ཆུ་མོ་ཡོས་ལ་གཤེགས། བདེ་བ་ཅན་དུ་པདྨ་ལས་བརྫུས་ཏེ་སྐྱེས་པའི་བྱང་ཆུབ་སེམས་དཔའ་རྡོ་རྗེ་མི་ཟད་པ་ཞེས་བྱ་བར་གྱུར་ཏོ། གདུངས་སྦྱངས་པ་ན་རིང་བསྲེལ་བྱུང་བ་རྣམས་མ་འཁྱར་བར་ནང་རྟེན་གྱི་ནང་དུ་བཞུགས། འདི་ལ་སྲས་ལྔ་བྱུང་བའི་ཆེ་བ་སྒྲུབ་པ་པོ་སངས་རྒྱས་རིན་ཆེན་ཤིང་སྤྲུལ་ནས་ཆུ་སྟག་ང་བརྒྱད། གཉིས་པ་སྤྱན་སྔ་དཔལ་ཆེན་མེ་ལུག་ནས་ཤིང་གླང་དོན་དགུའི་བར་དུ་བཞུགས། གསུམ་པ་དུས་གསུམ་མཁྱེན་པ་ཆུ་བྱི་ནས་ཆུ་ཁྱི་དོན་གཅིག །བཞི་པ་སྤྱན་སྔ་འཚལ་བར་ཤཱཀྱ་རྒྱལ་མཚན་ས་རྟ་ནས་ལྕགས་རྟ་དོན་གསུམ། ལྔ་པ་མཁན་ཆེན་ཚུལ་ཁྲིམས་རྒྱལ་མཚན་ས་སྦྲུལ་ནས་ཆུ་ལུག་དོན་ལྔ། ། དེ་ལ་དུས་གསུམ་མཁྱེན་པ་ནི་འཁྲུལ་ཞིག་པ་དང་ཇོ་མོ་འབུམ་རྒྱན་གྱི་སྲས་སུ་འཁྲུངས་ནས། ཟུལ་ཕུལ་མཁན་པོ་ཆེས་བྱང་ན་བཟའ་འཕྲེད་གསོལ་ལ་རབ་ཏུ་བྱུང༌། འབྲི་ཁུང་གཅུང་ལ་གཏུགས་ནས་རྟོགས་པ་འཁྲུངས། ཆོས་མང་དུ་ཞུས། མཁན་པོ་མི་ཉག་དང་སློབ་དཔོན་ཡོན་ཏན་འོད་ལས་བསྙེན་པར་རྫོགས། གཅུང་གིས་ཉིད་ཀྱི་ན་བཟའ་གནང་ནས་བརྫངས། ཡབ་ལ་གཙང་བྲག་ནག་པས་ཆོས་གསན་པ་དང་ལྷན་དུ་བརྒྱུད་པ་ཕྱི་མའི་སྐོར་མ་ལུས་པ་དང༌། རྙིང་མའི་སྐོར་མང་དུ་གསན། གཅེན་སྒྲུབ་པ་པོ་ལས་ཀྱང་ཆོས་མང་དུ་གསན། སྙེ་མདོ་ཐམས་ཅད་མཁྱེན་པ་ལ་བཞུགས་པའི་ཡོན་ཏན་ཕལ་ཆེར་ལོན། ལོ་སུམ་ཅུ་སོ་བཞི་པ་ནས་ལྷོ་བྲག་སྟེངས་ཆེན་པོའི་དགོན་པར་བཞི་བཅུ་རྩ་གསུམ་གྱི་བར་དུ་རྩེ་གཅིག་པའི་སྒྲུབ་པ་མཛད། ལྔ་བཅུ་བཞེས་པ་ལ་རིན་པོ་ཆེ་འཁྲུལ་ཞིག་པ་དང་སྒྲུབ་པ་པོའི་གཤེགས་འདབ་རྟེན་བཞེངས་རྣམས་མཛད་ནས་གདན་སར་བཞུགས་ཏེ་གདུལ་བྱ་རྒྱ་ཆེར་བསྐྱངས། ། སྤྱན་སྔ་དཔལ་ཆེན་གྱི་སྲས་གསུམ་ལས་དང་པོ་སྤྱན་སྔ་ཀུན་རྒྱལ་ས་སྤྲུལ་ནས་ཆུ་ཡོས་སོ་ལྔ། ། གཉིས་པ་ཡོན་ཏན་རྒྱལ་མཚན་ལྕགས་རྟ་ནས་ཆུ་ཕག་ང་བཞི། ། ཆུང་བ་བླ་མ་དྲིན་ཅན་པ་ཆུ་བྱ་ནས་ཤིང་ཕག་རེ་གསུམ། ། འཚལ་པའི་སྲས་བྱ་བྲལ་ཆེན་པོ་ཀུན་དགའ་རྒྱལ་མཚན་ས་ཕག་ནས་ཤིང་སྟག་དོན་དྲུག ། དྲིན་ཅན་པའི་སྲས་ཆེ་བ་རི་ཁྲོད་པ་ཡེ་ཤེས་བཟང་པོ་ལྕགས་བྱི་ནས་ལྕགས་སྦྲུལ་ཞེ་གཉིས། ཆུང་བ་གཙུག་རྒྱན་ཡིད་བཞིན་ནོར་བུ་ཀུན་དགའ་ལྷུན་གྲུབ་ཆུ་གླང་ནས་ཤིང་བྱིའི་བར་བདུན་ཅུ་རྩ་གཉིས། དེའི་སྲས་ཆེ་བ་མཁས་བཙུན་དོན་གྲུབ་རྒྱལ་མཚན་གླང་ལ་འཁྲུངས་ནས་ཞེ་གཉིས། ། ཆུང་བ་རིན་པོ་ཆེ་ཆོས་རྒྱལ་བ་ནི། ལྕགས་ཕོ་འབྲུག་གི་ལོ་ལ་རྩེ་པ་སྒང་དུ་འཁྲུངས། སྐུ་གཞོན་ནུ་ནས་སྐྱེ་མཆེད་གཞན་ལས་དྭངས་པ། སྦྱངས་པའི་ལས་འཕྲོ་སད་པས་ཐུགས་རབ་ཀྱི་རྩལ་ཆེ་བ། དཀའ་ལས་ལ་མ་ལྟོས་པར་ཡོན་ཏན་ཐམས་ཅད་ཞར་ལ་མཁྱེན་པ་ཞིག་བྱོན་ཏེ། དགུང་ལོ་བརྒྱད་ཕན་ལ་གར་འཆམས་ཕྲིན་སྒྲུབ་དཀར་རྩིས་ལ་སོགས་ཚེགས་མེད་པར་མཁྱེན། དགུ་ནས་གསང་སྙིང་གི་རྒྱུད་དང་ཕུར་པའི་སྐོར་ལ་ཐུགས་སྦྱོང་མཛད་པས་རྒྱུད་ས་གཞུང་ཊཱི་ཀ་ཁོང་དབུབ། མཆན། གསུང་སྒྲོས་དང་བཅས་པ་ཐུགས་སུ་ཆུད་ནས་བཅུ་གཉིས་པ་ལ་གདན་སར་ཆེ་འདོན་མཛད། དབྱར་ཆོས་དགུན་ཆོས་མ་ཆག་པ་གསུངས་ཤིང༌། ཡབ་ཀྱི་དྲུང་དུ་ཞི་བྱེད་བརྒྱུད་པ་སྔ་ཕྱི་བར་གསུམ་གྱི་དབང་ཁྲིད་མན་ངག་ལུང་དང་བཅས་པ་རྣམས་ལེགས་པར་གསན་ཞིང༌། གཞན་ཡང་གསང་སྔགས་གསར་རྙིང་གི་བཀའ་ལུང་མན་ངག་མང་དུ་གསན། མཚོན་དཔེ་ཆེན་མོ་ཐུགས་ནས་གསུངས། དེ་ནས་ཇོ་མོ་ཅིག་ཀུན་གྱིས་བགྲོས་ནས་བསུས་པས་ཅུང་ཟད་ཐུགས་སྐྱོ་ནས་དཔོན་སློབ་བཞི་ཙམ་མཛད་ནས། སྐྱེས་མཆོག་རིན་པོ་ཆེའི་སྙན་པ་ལ་གཏད་ནས་བྲོས་ནས་བྱོན་པས། སྐྱེས་མཆོག་པ་རྒྱ་བྲག་ན་བཞུགས་པ་དང་མཇལ་ཞལ་མཐོང་བ་ཙམ་གྱིས་དད་པ་དཔག་ཏུ་མེད་པ་སྐྱེས། གང་ནས་བྱོན་གསུང༌། གྲྭ་རི་ཁྲོད་ནས་འོངས་ཞུས་པས། ཞིག་པོ་རིན་པོ་ཆེའི་དབོན་པོར་འདུག་གསུང་ནས་ཕྱག་ཐུགས་ཀར་ཐལ་མོ་སྦྱོར་བར་མཛད། ཆས་ཁ་གང་དགོས་ནང་ནས་ལོང་གསུང་ཤིན་ཏུ་མཉེས་པར་གྱུར། དོན་རྒྱུད་ཀྱི་དམིགས་སྐོར་འགའ་ཟུང་དང་ཚོགས་ཆོས་རྣམས་གསན། ཟླ་བ་གཉིས་གསུམ་ན་གདན་འདྲེན་དྲག་པོ་བྱུང་བས་ཕྱིར་ཕེབས། དེ་ནས་ཡབ་ཀྱི་དྲུང་དུ་གདམས་པ་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་ཞུས། བྱ་བྲལ་ཆེན་པོ་ལ་འཁྲུལ་ཞིག་པའི་ལུགས་ཀྱི་ཕྱག་བཞེས་རྣམས་དང༌། དྭགས་པོ་བཀའ་བརྒྱུད་ཀྱི་ཆོས་སྐོར། རྡོ་རྗེ་ཕྲེང་བའི་དབང་ལ་སོགས་རྩེ་སྒང་ན་མི་བཞུགས་པ་རྣམས་གསན། བླ་མ་ཨ་མོ་གྷ་པ་ལ་གསར་མའི་དབང་མང་པོ་དང༌། གཙང་པ་ལུང་མང་པོ་ལ་བཀའ་འགྱུར་གྱིས་ཐོག་དྲངས་ལུང་མང་དུ་གསན། དེ་ནས་དགུང་ལོ་བཅོ་བརྒྱད་པ་ལ་སྨན་གཅིག་ཏུ་བྱོན་ནས་ཕྱག་རྡོར་བདེ་ཁྲོས་ཀྱི་སྒྲུབ་པ་མཛད། དེ་རྗེས་གསར་རྙིང་གི་ཡི་དམ་མང་པོའི་བསྙེན་པ་མཛད། དེ་རྗེས་བརྒྱུད་པ་བར་མ་རྨ་ལུགས་ལ་ཉམས་ཁྲིད་དུ་བསྐྱངས་པས་ཕྱག་རྒྱ་ཆེན་པོའི་རྟོགས་པ་འཁྲུངས། དེ་རྟིང་ལམ་ལྔའི་བསྙེན་པ་ལོ་གཉིས་སུ་མཛད་པས་རྟགས་ཁྱད་པར་ཅན་མང་དུ་འཁྲུངས། དེ་རྗེས་ལམ་གསུམ་གྱི་སྒྲུབ་པ་ལོ་གཅིག་མཛད། དེའི་ཚེ་ཐོ་རངས་ཀྱི་ཐུན་གཅིག་ལ་རྟེན་རྒྱས་བསྐྱེད་ཀྱི་བླ་མ་རྣམས་ཞལ་གཟིགས། དེ་ལ་དད་པའི་སྟོབས་རྒྱས་གདུང་བའི་ཤུགས་ཀྱིས་གསོལ་བ་བཏབ་པའི་མོད་ལ་ཏིང་ངེ་འཛིན་གྱི་སྒོ་དུ་མ་ཕྱེ། དབང་གཅིག་མའི་སྒྲུབ་པ་ཟླ་བ་དྲུག་མཛད་པས་མནལ་ལམ་དུ་སྐུ་ལུས་འོད་ཀྱི་ཕུང་པོ་སོང་ནས་བླ་མའི་ཐུགས་ཀར་ཐིམ་པ་ཞིག་རྨིས། བརྒྱུད་པ་དང་པོ་དང་སོ་ལུགས་ལ་ཡང་ཉམས་ལེན་ཐོགས་རེ་མཛད་དེ་སྒྲུབ་པའི་རྒྱལ་མཚན་བཙུགས། ནང་དུ་རྟོགས་པའི་ཉི་མ་ཤར། མ་རིག་པའི་མུན་པ་སངས། གཟུང་འཛིན་གྱི་སྒྲོག་ཁྲོལ། བྱམས་པ་དང་སྙིང་རྗེའི་མཐུ་རྒྱས་ཏེ་དད་པ་ཅན་ཐམས་ཅད་ཀྱི་དད་པའི་དབང་པོ་བརྟས་པར་མཛད། ཡབ་མེས་གོང་མ་ཐམས་ཅད་ཀྱི་གདུང་སོབས་པར་མཛད་དོ། སྐྱེས་བུ་ཆེན་པོ་འདི་ཉིན་ཞག་ཕྲུགས་གཅིག་གི་མཛད་པའི་རིམ་པ་ཡང་བསམ་གྱིས་མི་ཁྱབ་ལ། ཐོར་ཐུན་ལ་སྐྱབས་འགྲོ་སེམས་བསྐྱེད་ཀྱིས་གཞི་གཟུང་ནས་ནམ་སེང་ཚུན་ལ་ལམ་ལྔའི་ཐུགས་དམ། དེ་ནས་ཚེ་སྒྲུབ། རྣམ་འཇོམས། སྨེ་བརྩེགས་རྣམས་ཀྱི་བསྙེན་པ། དེ་རྗེས་མཆོད་བཤོམས། མཆོད་བསྟོད། གསོལ་འདེབས་རྒྱུན་བཤགས། དཀར་གཏོར་ལ་སོགས་མཛད། བཞེས་པ་ཚར་བ་དང་མདོ་སྒྲུབ་དང༌། གཏོར་མའི་རིམ་པ་ཤིན་ཏུ་མང་བ་དང༌། བཀའ་བརྒྱུད་ཀྱི་གསོལ་འདེབས་དུས་གསུམ་མ་རྣམས་མཛད་ནས་སྔ་དྲོའི་ཐུན་ལ་བཞུགས། དྲོ་བཞེས་གྲོལ་ནས་ན་ར་ཀ་དོང་སྤྲུགས་དང་གཟའ་ཡུམ་གྱི་གཟུངས་ལ་སོགས་པ་གསུངས་ནས་ཕྱི་ཐུན་ལ་བཞུགས། དགོང་མོ་སྒྲོལ་མ་ཚར་ཉི་ཤུ་རྩ་གཅིག་སྲོད་ལ་བརྒྱ་ཕྱག །ཡན་ལག་བདུན་པ། སྤྱི་བཤགས། ཆོས་སྐྱོང་གི་གཏོར་མ། དེ་ནས་སྲོད་ལ་ནམ་མཁའ་སྒོ་འབྱེད་དང་བསྐྱེད་དབུངས་ཀྱི་ཐུགས་དམ། སྐམ་ལུགས་དང་སྤྱོད་ཡུལ་གཉིས་ལ་ཡང་ཞག་རེ་བཞིན་ཐུགས་དམ་མ་ཆག་པར་མཛད། དེ་རྣམས་ནི་ཞག་རེ་བཞིན་འཆག་མེད་རྣམས་ཡིན་ནོ། དེ་ལྟར་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས་པས་ངོ་མཚར་བའི་ལྟས་ཀྱང༌། སྐོངས་བརྒྱ་རྩ་མཛད་པའི་ནུབ་ཅིག་མནལ་ལམ་དུ་སྐུ་ལུས་ལས་རྣག་ཁྲག་མང་དུ་འཐོན། དེ་ནས་ཤ་རྣམས་ཀྱང་ཤ་ཞོར་སོང༌། ཤ་རུས་ཀྱང་ཕྱི་ནས་རུས་པ་སྐྱ་ཀྲོང་བ་ཅིག་ཏུ་སོང་བ་དང༌། བདེ་ཁྲོས་ཀྱི་སྒྲུབ་པའི་དུས་སུ་ཉམས་སྣང་ལ་རི་བོ་མཆོག་རབ་ཀྱི་སྟེང་དུ་བཞུགས་ནས་སྟོང་གསུམ་གཟིགས་ཤིང་སྐུ་ལུས་ཀྱང་ཤིན་ཏུ་ཆེ་བར་གྱུར་པ་དང༌། རྗེ་བཙུན་མའི་དབང་ཞུས་པའི་དུས་སུ་བླ་མ་རྗེ་བཙུན་མར་གཟིགས་པ་དང༌། ཕུར་བའི་བསྙེན་པའི་དུས་སུ་ཕུར་པ་ལས་འོད་དམར་པོ་མར་མེ་ཙམ་ཞིག་ཞག་མང་དུ་བྱུང་བ་དང༌། མནལ་ལམ་དུ་རི་ཕན་ཚུན་ཕྱག་གིས་གཟུང་ནས་ཆ་ལང་བཞིན་དུ་བརྡེབ་པ་དང༌། ཚེ་བདག་གི་བསྙེན་པའི་དུས་སུ་གཙང་པོ་ཞལ་དུ་གསོལ་བའི་མནལ་ལམ་དང༌། བསམ་གཏན་གླིང་དུ་བཅུ་བཞིའི་གཏོར་མའི་དུས་སུ་ལེགས་ལྡན་ནག་པོ་ཁང་པའི་སྟེང་ནས་བབས་ནས་སྐུ་མདུན་དུ་བྱུང་ནས་ཤོད་དུ་སོང་བ་ཀུན་གྱིས་མཐོང་བ་དང༌། ཟླ་བ་གཟས་གཟུང་བའི་དུས་སུ་བདེ་ཁྲོས་ཀྱི་སྦྱིན་སྲེག་མཛད་པའི་ཚེ་འཇིག་རྟེན་པའི་སྦྱིན་སྲེག་ཚར་ནས་འཇིག་རྟེན་ལས་འདས་པ་ལ་ཟུག་པའི་ཚེ་སྐུ་ལུས་གཟི་མདངས་ཀྱང་སྔར་བས་ཆེ། མེ་ཡང་སྔར་བས་རྒྱུན་རིང་ཞིང་གསལ་བ་ཅིག་བྱུང༌། ཆོ་ག་ཚར་བ་དང་ཁོ་ཐག་ཆོད་པ་ཅིག་བྱུང་གསུང༌། དེའི་རྒྱུ་མཚན་ཞུས་པས་མདུན་བསྐྱེད་ཀྱི་སྐབས་སུ་ཡི་དམ་མེའི་ནང་དུ་དངོས་སུ་བྱོན། བསྲེག་རྫས་དང་མཆོད་པ་རྣམས་མིས་མི་ལ་འདྲེན་པ་བཞིན་བྱས་ཆོག་པར་བྱུང༌། རྟིང་ལ་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱང་བྱོན་ནས་སྐལ་བ་རེ་བླངས་སོང་གསུང༌། བདེ་ཁྲོས་དང་ཕུར་བུ་བ་གཉིས་པོ་བླ་མ་གོང་མ་རྣམས་ཀྱི་ཡང་ཐུགས་དམ་ཡིན། དབང་གི་དུས་སུ་འདི་གཉིས་ཀྱི་དབང་དུས་ཁོ་ན་བྱིན་བརླབས་ཆེ་ཞིང༌། དབང་ཞུས་པས་ནད་གདོན་ཐོན་པ་དང༌། ལྐུགས་པ་ཁ་ཕྱེ་བའང་མང༌། སྨན་སྒྲུབ་ཆེན་མོ་མཛད་པས་སྨན་སྔར་ལས་འཕེལ་ཆེ་ཞིང་བྱིན་རླབས་ཀྱི་མཚན་མ་མང་དུ་བྱུང༌། འཕྲལ་གྱི་རྣམ་ཐར་མཛད་སྤྱོད་ཐམས་ཅད་བླ་མ་གོང་མ་རྣམས་ཀྱི་ཕྱག་བཞེས་ཇི་ལྟ་བ་བཞིན་དུ་མཛད། དངོས་པོ་གང་བྱུང་རྣམས་ཀྱང་བླ་མ་གོང་མའི་འདས་མཆོད་རྟེན་བཞེངས། སྙོམས་ཆུང་གི་རྒྱགས། མཆོད་ཁང་ཡར་མར་གྱི་མར་མེ་རྣམས་ལ་འཕྲལ་དག་ཏུ་གཏོང༌། རིན་པོ་ཆེ་གཙུག་རྒྱན་པ་གཤེགས་ནས་ལོ་ལྔ་སོང་བའི་ཚེ་ཉིད་ཀྱི་སྲས་བླ་མ་འོད་ཟེར་བ་སོགས་ཉུང་བསྡུས་ཤིག་ལ་ལམ་ལྔའི་དབང་ཁྲིད་རྣམས་མཛད། དེ་ནས་དབྱར་དགུན་མ་ཆག་པར་ཞི་བྱེད་བརྒྱུད་པ་སྔ་ཕྱི་བར་གསུམ་གྱི་དབང་ཁྲིད་རྣམས་གསུངས་པས་འགྲོ་དོན་འཕེལ་ཞིང་སྙན་པས་ཀྱང་སའི་སྟེང་ཀུན་ཏུ་ཁྱབ། དགེ་བའི་བཤེས་གཉེན་མང་པོས་ཀྱང་ཞབས་ལ་གཏུགས་པ་ལས་མཆོག་ཏུ་གྱུར་པ་ནི་སྐྱེས་མཆོག་རིན་ཆེན་བཟང་པོ་སྟེ། འདི་ནི་ཨིཎྡྲ་བྷཱུ་ཏི་ཡིན་པར་ཁོང་རང་གིས་ཞལ་གྱིས་བཞེས། བླ་མ་གྲགས་དོན་པ། གཙང་པ་བློ་བཟངས་པ། རྟོགས་ལྡན་གྲགས་ལྷུན་པ་ལ་སོགས་པ་མང་དུ་བྱོན་ནོ། དེ་ནས་དགུང་ལོ་བདུན་ཅུ་བཞེས་པ་ས་མོ་གླང་གི་སྟོན་ནས་སྐུ་ཉམ་ཆུང་བས་སྐུ་རིམ་ལ་སོགས་པ་ལ་འབད་པ་ཆེར་བྱས། ཉིན་ཅིག་སྲས་རྣམས་ལ་སོ་སོར་དགོན་པ་འདི་གཟུང་དང་འདི་གྱིས་ཞལ་ཏ་མང་དུ་མཛད། གྲྭ་བའི་ནང་གི་དཔེ་འདི་རྣམས་ཁྱོད་ཤེས་རབ་བཟང་པོས་ཉ་ར་གྱིས་ལ་སྨན་གཅིག་གི་སྒྲུབ་གནས་འདི་མ་སྟོངས་ཙམ་དང་འགྲོ་དོན་གང་བྱུང་སྐྱོངས་ཤིག་གསུང་བ་ལ་སོགས་པའི་ཞལ་ཏ་མང་དུ་མཛད་དེ་དག་པའི་དབྱིངས་སུ་གཤེགསསོ། །དེ་ལ་སྲས་བྱང་ཆུབ་བཟང་པོ། དར་མ་རིན་ཆེན། འོད་ཟེར་རྒྱལ་མཚན། སྒྲུབ་པ་འཇམ་དབྱངས། བྱང་ཆུབ་དཔལ་ལྡན། ཀུན་དགའ་བཤེས་གཉེན། ཆོས་རྗེ་རིན་པོ་ཆེ་ཤེས་རབ་བཟང་པོ་སྟེ་བདུན་ལས། ། ཆོས་རྗེས་ཤེས་རབ་བཟང་པོ་མེ་ཕོ་སྟག་ལ་འཁྲུངས། སྐུ་ན་གཞོན་པ་ནས་ཡབ་ཀྱི་དྲུང་ཉིད་དུ་གདམས་པ་རྣམས་རྫོགས་པར་མཛད། སྒྲུབ་པའི་ཕྱག་ལེན་རྣམས་ཀྱང་མངའ། ཉི་ཤུ་རྩ་བཞི་ནས་སྒོ་མོ་རིན་པོ་ཆེ་ཡེ་ཤེས་དཔལ་བ་ལ་སོགས་པའི་ཁྲིད་འཕྲོ་རྣམས་གནང་ནས་བླ་མར་གྱུར། དེ་ནས་གཟུང་སྟེ་ལྷོ་བྲག་དང་གྲ་གཉིས་ཀར་བར་མ་ཆད་དུ་གཞན་དོན་འབའ་ཞིག་མཛད། ཕྱག་རྒྱ་ཆེན་པོའི་རྟོགས་པ་དང་ཡང་ལྡན། དགེ་སློང་གི་ཁྲིམས་རྣམ་པར་དག་པ་ཡང་མ་ཡལ། བཀའ་བརྒྱུད་ཀྱི་བདག་པོར་གྱུར་པ་དེ་ལ་བདག་ཅག་རྣམས་ཀྱིས་ཞི་བྱེད་བརྒྱུད་པ་སྔ་ཕྱི་བར་གསུམ་ཞུས་པ་ཡིན་ནོ། ། རིན་པོ་ཆེ་བྱང་བཟངས་པའི་སྲས་བླ་མ་ཀུན་དགའ་རྡོ་རྗེ་ནི། ཤིང་ཕོ་རྟ་ལ་འཁྲུངས། སྐུ་གཞོན་པའི་དུས་ནས་ཡབ་ལས་སྒྱུ་འཕྲུལ་ཞི་ཁྲོ་དང་ཕུར་པ་ལ་སོགས་པའི་ཕྱག་ལེན་རྣམས་ལེགས་པར་བསླབས་ཤིང། ཡབ་དང་རིན་པོ་ཆེ་ཤེས་རབ་བཟང་པོ་པ་གཉིས་ཀ་ལ་ཞི་བྱེད་ཀྱི་ཆོས་སྐོར་མ་ལུས་པ་སྔ་ཕྱིར་མང་དུ་གསན། ད་ལྟ་ཡང་གདུལ་བྱ་མང་པོ་ལ་ཕན་པར་བཞུགས་པ་འདིའོ། ། སྨྲ་བའི་སེང་གེ་ལ་སྲས་གསུམ་འཁྲུངས་པའི་དང་པོ་ཐམས་ཅད་མཁྱེན་པར་གྲགས་པ་ནི། རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱུད་དུ་ལོ་ཀྱ་ཏྲི་ནཱ་ཐ་ཞེས་བྱ་བའི་པཎྜི་ཏ་ཅིག་ཏུ་གྱུར། སྔགས་དང་མཚན་ཉིད་གཉིས་ཀ་ལ་མཁས་པའི་སྟོབས་ཀྱི་གཞན་གྱི་རྒོལ་བ་ཡང་ཚར་བཅད། སློབ་མ་མཆོག་ཏུ་གྱུར་པ་ཡང་དྲུག་ཙམ་བྱུང༌། དེ་ནས་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོར་འཁྲུངས། དེ་ནས་ཛཱ་ལནྡྷ་རར་པྲཛྙཱ་མ་ཏི་ཤྲཱི་ཞེས་བྱ་བའི་པཎྜི་ཏ་རྫུ་འཕྲུལ་ཡང་ཅུང་ཟད་ཐོབ་པ་ཅིག་ཏུ་གྱུར་ནས། རྫུ་འཕྲུལ་གྱི་སྟོབས་ཀྱིས་ཨུ་རྒྱན་གྱི་ཡུལ་དུ་ཡང་བགྲོད། དེར་རང་བྱུང་གི་མཆོད་རྟེན་དང་མཇལ། མཆོད་རྟེན་དེའི་ཕྱོགས་བཞིར་པཎྜི་ཏ་ཆེན་པོ་བཞིས་བུམ་པ་ལ་སོགས་པའི་དབང་རྣམས་རིམ་པར་བསྐུར། ནམ་མཁའ་གང་བའི་དེ་བཞིན་གཤེགས་པས་བྱིན་གྱིས་རློབ་པ་དང༌། སྤྱན་མ་ལ་སོགས་པ་རྣམས་ཀྱི་འཁྲུ་བ་དང༌། གཟུགས་རྡོ་རྗེ་མ་ལ་སོགས་པས་མཆོད་པ་ཡང་བྱུང༌། དེ་ནས་པདྨ་བརྩེགས་པ་ལ་སོགས་པའི་དུར་ཁྲོད་རྣམས་སུ་སྤྱོད་པ་ལ་ཕྱིན་པས་སྒོམ་ཡུན་ཐུངས་པའི་སྟོབས་ཀྱིས་བར་ཆད་དུ་གྱུར་ཏེ། ཞེ་དགུ་པ་ལ་འདས་ནས། དེ་ནས་འདིར་འོངས་པ་ཡིན་ཞེས་བྱ་བ་ནི་ཁོང་རང་ཉིད་ཀྱི་གསུང་ངོ༌། དེ་ཡང་མེ་ཕོ་བྱི་བའི་ལོ་ལ་འཁྲུངས། ཟླ་བ་དགུ་ལོན་པའི་ཚེ་རི་ཁྲོད་དུ་ཏེ་ནེའི་སྤུར་སྦྱངས་པའི་སར་ཡུམ་གྱིས་ཁྱེར་བས་སྤུར་སྦྱོང་གི་བཀོད་པ་རྣམས་ཇི་ལྟ་བ་བཞིན་དྲན། ལོ་བདུན་ལ་ཀློག་བརྡ་བསྟན་པ་ཙམ་གྱིས་ཤེས་གཉགས་སྟོན་རྣལ་འབྱོར་འབུམ་ལ་རིག་པ་ཀློག་ལ་སོགས་པའི་སྒྲའི་བསྟན་བཅོས་རྣམས་ཀྱང་བསླབས། ཡི་གེ་བཤར་མ་ཞག་བདུན་གྱི་འབླམ་གྲོངས་ཐུབ། ཕྱིས་ནི་རྒྱ་གར་ནག་ཨུ་རྒྱན་ལ་སོགས་པའི་ཡི་གེ་བྲིས་ལྡེར་ལ་སོགས་པའི་བཟོ་ཐམས་ཅད་ཤེས། ལོ་བརྒྱད་པ་ལ་བཀའ་བརྒྱུད་ཀྱི་ལག་ལེན་གཞུང་འདྲོངས། དེའི་ཚོགས་ལྷག་ཡབ་ཡུམ་ལ་ཕུལ་བས་དགྱེས། ལོ་བཅུ་ལ་ཡབ་དང་ལྷན་ཅིག་ཏུ་ཡི་དམ་གྱི་བསྙེན་པ་བསྐྱལ་བས་ཉིན་མཚན་འདས་པ་མི་ཚོར་བའི་ཏིང་ངེ་འཛིན་འཁྲུངས། དེ་ལྟར་ཡོན་ཏན་དུ་མ་སྐྱེ་བས་ཐོབ་པ་བཞིན་དུ་གྱུར་པའི་རིགས་ལྡན་དེས་སྤྱིར་བླ་མ་བཅུ་དྲུག་ལྷག་ཙམ་བསྟེན་པ་ལས་མཐའ་ཡས་ལུང་གི་སྣང་བ་རྒྱ་ཐམས་ཅད་མཁྱེན་པ་ལས་རྙེད། རྣམ་དཔྱོད་རིགས་པའི་ཤེས་པ་ལྷག་རུ་བ་ལས་རྙེད། ཡིད་ཆེས་དོན་གྱི་གནས་རྒྱ་གར་པཎ་ཆེན་ལས་རྙེད། ཕྱི་ནང་དཀྱིལ་འཁོར་གྱི་བྱ་བ་འཛི་རི་བ་ལས་རྙེད། དཔེ་རྒྱུད་དག་པའི་ནན་ཆགས་ལྡུམ་ར་བ་ལས་རྙེད། གཞན་དོན་ཕྲིན་ལས་ཀྱི་ཚུལ་འབྲི་ཁུང་པ་ལས་རྙེད། ཟིལ་གནོན་བྱིན་རླབས་ཀྱི་དྲོད་རི་ཁྲོད་པ་ལས་རྙེད། གདམས་པ་གནས་ཀྱི་མཚང་བང་རིམ་པ་ལས་རྙེད། ལྟ་དགོངས་དོན་གྱི་ཚུལ་རིགས་བདག་ཉིད་ལས་རྙེད་ཅེས་བྱ་སྟེ། ལན་རེ་གཟིགས་པ་དང་གསན་པ་ཙམ་གྱིས་ཐུགས་སུ་ཆུད་པས་ཐམས་ཅད་མཁྱེན་པར་གྲགས། མཚན་དངོས་ནི་བསོད་ནམས་དཔལ་ཞེས་བྱ། འདིས་གསར་རྙིང་གི་རྒྱུད་སྡེ་དང་རིག་པའི་གནས་དུ་མ་ལ་བསྟན་བཅོས་ཀྱང་མང་དུ་མཛད། ཁྱད་པར་དུ་མཁས་པ་ཏྲེ་བོ་མགོན་པོའི་གསུང་རྣམས་ལྡུམ་ར་བ་ལས་རྙེད་པས་ཏྲེ་བོའི་ལུགས་ལ་ཤིན་ཏུ་མཁས། སྒྲུབ་པས་གསང་སྔགས་ཀྱི་དངོས་གྲུབ་ཀྱང་མང་དུ་ལོན་ས་དྲུག་ཅུ་རྩ་གཉིས་པ་མེ་མོ་གླང་ལ་གཤེགས། ཐམས་ཅད་མཁྱེན་པའི་སྲས་གསུམ་གྱི་ཆེ་བ་ཀུན་དགའ་བཟང་པོ་ནི། ཆོས་ཀྱི་རྗེ་རྒོད་ཚང་བ་ཆེན་པོ་དེ་ས་ཕོ་རྟའི་ལོ་གཤེགས་ནས་རྟའི་ལོ་ཉིད་ལ། ཡབ་སྙེ་མདོ་ཐམས་ཅད་མཁྱེན་པ་ཞེ་གསུམ་བཞེས་པའི་སྲས་སུ་སྙེ་མདོར་སྐུ་འཁྲུངས། དགུང་ལོ་དྲུག་ཚུན་ཆད་དུ་ང་རྒོད་ཚང་བ་ཡིན་ཞེས་པའི་གསུང་མང་དུ་བྱོན། མི་ལ་ཡིན་པའི་གསུང་ཡང་མང་དུ་བྱོན། ལོ་གསུམ་གྱི་བར་ངག་མ་བྱེ་བ་ལྟར་མཛད། བཞི་པ་ནས་ཀློག་ཡིག་ཀྱང་ཕུལ་དུ་ཕྱིིན། ལོ་བདུན་པ་ནས་འཁོར་ལ་ཆོས་གསུངས། བཅུ་གཅིག་པའི་བར་དུ་ཡབ་ལས་རྙིང་མའི་རྒྱུད་སྒྲུབ་ཐབས་མང་དུ་གསན་ཞིང་མཁྱེན་པས་གཞན་ལ་གསུངས་ཤིང་ཕྱག་ལེན་སློབ་པའི་སློབ་དཔོན་མཛད། བཅུ་གཉིས་པ་ལ་ཕྱོགས་རིས་ཀྱི་བུ་སློབ་ཀྱང་བསྡུས། ཆོས་ཀྱི་ཁྲི་བརྩིགས། ཡབ་ཀྱིས་ཕྱག་དཔེ་ཐམས་ཅད་གཏད། མདོ་སྔགས་ལུང་རིགས་མང་དུ་གསུངས། བཅུ་གསུམ་པ་ལ་དཔལ་གསང་བ་འདུས་པའི་རྒྱུད་གསུངས། འཆད་ཚུལ་ལ་ཡབ་ཀྱང་དད། བཅུ་བཞི་པ་དང་བཅོ་ལྔ་པ་ལ་སྐུ་མཚམས་བསྡམས་ནས་རྡོ་རྗེ་ཕུར་བུའི་ཞལ་ལེགས་པར་གཟིགས། གྲུབ་རྟགས་ཕྲ་མོ་བསྟན། ཤངས་པ་ཚུལ་ཤེ་དང་ལྷན་དུ་གསང་སྙིང་གི་ཆོས་བཀའ་ཤིན་ཏུ་མང་བ་དང་ཞི་བྱེད་སྔ་ཕྱི་བར་གསུམ་གསན། ཤངས་ཚུལ་ཉིད་ལའང་ཏིང་ངེ་འཛིན་གྱི་རྒྱལ་པོ་སོགས་མདོ་སྡེ་འགའ་ཡང་གསན། མང་ཡུལ་ནས་སློབ་དཔོན་ནམ་མཁའ་ཡེ་ཤེས་སྒྱུ་འཕྲུལ་དབང་མོ་ཆེ་སོགས་གསན་དུ་བྱུང་བ་ལ་ལས་ཆོག་པའི་དཔོན་མཛད། བཅུ་དྲུག་པ་ལ་བ་རི་བ་སྐུ་སྐྱེ་ཡིན་པར་ཡིད་ཆེས་པས་དབོན་པོ་ཆོས་ཀྱི་གཟི་བརྗིད་བཏང་ནས་འབུལ་བ་མང་དུ་མཛད། དེ་རྟིང་སྤྱིལ་དཀར་བ་ཉིད་བྱོན་ཆོས་མང་པོ་ཕར་གསན་ཚུར་གསན་མཛད། ཡབ་ལ་དུས་འཁོར་གྱི་དབང་གསན། བཅུ་བདུན་པ་ལ་འབྲི་ཁུང་དུ་བྱོན་པའི་ལམ་དུ། འཚལ་དུ་གསེར་ཁང་པ་དང་མཇལ་ཞིང་ཆོས་མང་པོ་ཞུས། ལྷ་སར་ཇོ་བོ་དང་མཇལ། འབྲི་ཁུང་དུ་བྱོན། དེར་རབ་བྱུང་མཛད། བཅོ་བརྒྱད་པ་ལ་སྙེ་མདོར་ཡབ་ལ་ཁྲིད་མང་དུ་གསན། ཉམས་རྟོག་རྒྱས་པས་ཡབ་ཉིད་རྩ་བའི་བླ་མ་འགྲན་མེད་དུ་མཛད། བཅུ་དགུ་བའང་དེ་བཞིན་ནོ། མེ་བྱི་ལ་རྒྱལ་བུ་ཨ་རོག་ཆེའི་དམག་ལྷགས། མེ་གླང་ལ་ཡབ་མཁར་ཆུར་ཐེགས། ཆོས་རྗེ་བ་རི་བས་གདན་དྲངས་ནས་ལ་སྟོད་དུ་ཐེགས། ལོ་དེ་ལ་ཡབ་མཁར་ཆུར་གཤེགས། གཙང་ནས་ཕྱིར་བྱོན་ནས་གཤེགས་རྫོངས་སྟོབས་ཆེ་བ་བསྒྲུབས། ལྕགས་སྦྲུལ་ལ་སྙེ་མདོར་གྲུབ་ཐོབ་སེང་གེ་གྲགས་དང་མཇལ། གདམས་པ་ཡང་གནང༌། ཉེར་ལྔ་པ་ཆུ་རྟ་ལ་ཨུ་རྒྱན་པ་དང་མཇལ། ཆུ་ལུག་ལ་གཡམ་བཟངས་དད་འདོད་མཁར་དུ་གྲུབ་ཆེན་པ་ལ་དུས་འཁོར་རྒྱུད་འགྲེལ་ཚར་རེ་གསན། སོ་དྲུག་པ་ཆུ་སྦྲུལ་ལ་བཅོམ་རལ་ལ་ཤ་བ་རའི་གཞུང་སོགས་ཞུས། ས་ཁྱི་ལ་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་སྤྱན་དྲངས། དགྱེས་རྡོར། ནཱ་རོ་འགྲེལ་ཆེན། དབང་མདོར་བསྟན་གྱི་འགྲེལ་པ། མན་ངག་སྙེ་མ། ཀ་ལཱ་པ་སོགས་རྒྱ་བོད་ཀྱི་སྒྲ་རིག་པ་མང་དུ་གསན། ཕྱིས་མི་གཡོ་བའི་རྒྱུད་དང་བྱ་བ་བཏུས་པ་གསན། ཞེ་གསུམ་པ་ལྕགས་ཕོ་བྱི་བ་ལ་བ་རི་བ་གཤེགས། ང་དགུ་པ་མེ་འབྲུག་ལ་ཆོས་སྐུ་ཞི་བ་ཆེན་པོའི་དབྱིངས་སུ་གཤེགསསོ། །བར་པ་ཀུན་དགའ་མགོན་པོ་ཤིང་གླང་ནས་ལྕགས་སྤྲེ་ང་དྲུག །ཆུང་བ་ཀུན་མཁྱེན་ཀུན་དགའ་དོན་གྲུབ་ས་འབྲུག་ནས་ས་འབྲུག་རེ་གཅིག །ཡང༌། ཆོས་རྗེ་ཞིག་པོའི་སློབ་མ་སངས་རྒྱས་རས་པ་ཞེས་གྲགས་པ་དེ་ནི། ཕུ་ཐང་འཁུན་པ་སའི་ཞིང་ཚིགས་སུ་སྐུ་འཁྲུངས། གདུང་རུས་འབྲིང༌། ཡབ་མཁའ་འགྲོ་དང་ཡུམ་སྲུན་སྐྱིད་གཉིས་ལ་སྲས་གསུམ་ཡོད་པའི་ཐ་ཆུངས། ས་མོ་ཕག་གི་ལོ་ལ་འཁྲུངས་ཏེ། ལོ་འདི་འབྲི་ཁུང་ཆོས་རྗེས་དྲུག་ཅུ་རྩ་གཅིག་བཞེས་པ། ཁ་ཆེ་པཎ་ཆེན་བོད་དུ་བྱོན་པའི་སྔ་ལོ་དེར་སྣང༌། ཆུང་ངུའི་དུས་ནས་འཆི་བ་གཤའ་མར་དྲན། གཞོན་དུས་རྒྱལ་བ་ཏེ་ནེ་དང་ཡུད་ཙམ་མཇལ། ཕག་མོ་གྲུའི་རྗེ་སྤྱན་སྔ་ལ་ལྔ་ལྡན་ཞུས། ཞིག་པོ་ཙ་རི་ནས་འཁོར་བའི་ལམ་དུ་གཟིགས་པས་དད་པ་སྐྱེས། རང་ལོ་ཉི་ཤུ་རྩ་གསུམ་ལོན་དུས་དྲུང་དུ་ཕྱིིན། དངོས་པོ་ཡང་ཅི་ཡོད་ཕུལ། དགེ་བསྙེན་ཞུས། མཚན་རིན་ཆེན་སྨོན་ལམ་དུ་བཏགས། མ་འོངས་པ་ན་སློབ་མ་སློབ་དཔོན་བརྒྱ་ཙམ་འབྱུང་བའི་ལུང་བསྟན་མཛད། ཟུལ་ཕུ་བའི་སློབ་མ་སློབ་དཔོན་སྟོན་པ་ལ་བསྙེན་རྫོགས་མཛད། དེ་ནས་ཞི་བྱེད་ཀྱི་དབང་ཁྲིད་རྣམས་གནང༌། བློ་སྦྱོང་གི་བསྙེན་པ་ཟླ་བ་དྲུག་སྐྱལ་བས་རྟགས་རྣམས་ཚང་བར་བྱུང་ཞིང་ལམ་སོ་སོའི་ཡོན་ཏན་རྣམས་ཐད་ཀར་སྐྱེས་པས་བླ་མ་མཉེས། བླ་མ་ལོ་ཉི་ཤུ་རྩ་གཅིག་གི་བར་དུ་བསྟེན། དེ་ནས་ཁོང་རང་གི་གཅེན་པོ་སློབ་དཔོན་སྟོན་པ། མོན་འགར་བའི་སློབ་དཔོན་སྟོན་པ། བསམ་ཡས་ཀྱི་སློབ་དཔོན་ཡོན་བཙུན། འབྲི་ཁུང་དུ་དབོན་རིན་པོ་ཆེ། རུ་མཚམས་ཆུ་བཟངས་སུ་ཁམས་སྒོམ་ཞིག་པོ། ཀོ་བྲག་པ། ཁྲོ་ཕུ་པ། ཏི་སེའི་གྲུབ་ཐོབ་སེང་ཡེས། ལྷོ་བྲག་ཏུ་སློབ་དཔོན་གུར་སྟོན། མཁར་ཆུང་སློབ་དཔོན་རི་ཁྲོད་པ། སྤྱན་སྔ་གངས་དཀར་བ། ཤཱཀྱ་དགེ་སྦྱོང༌། སློབ་དཔོན་དཔོན་སྒོམ། གྲྭ་པ་སྟོན་གཞོན། གྲུ་ཤུལ་ལྷ་རིའི་སློབ་དཔོན་སྡེ་སྣོད་པ། དམྱལ་གྱི་སློབ་དཔོན་སྒོམ་པ། སློབ་དཔོན་གླུ་སྒོམ། བླ་མ་བཟང་མོ་བ་རྣམས་ལ་སོ་སོའི་གདམས་པ་རྣམས་ཞུས་ཏེ་སྒྲུབ་པ་མཛད་ཚུལ་ནི། བླ་མའི་སྤྱན་སྔར་སྒྲུབ་པ་ལོ་བཅུ་གཉིས་དམ་བཅས་པ་ལས་ལྷག་པོར་ལོ་གསུམ་དང་བཅས་པ་གྲུབ། སྒྲུབ་པའི་གནས་གངས་དཀར་ཏི་སེ། སྤུ་རངས་སུ་བྲག་ཕུག་གཉན་པོ་གཅིག །སྤ་གྲོ་སྟག་ཚང་ཕུག །ཧ་འོ་གང་བཟངས། ཇོ་མོ་ཁ་རག །ལ་ཡག །གངས་ཕྲུག །མཁར་ཆུ། ཆ་ལུང་གི་གངས། གཞིའི་རྫ་མདའི་གངས། མཚོ་སྣའི་གཡག་མཚོ། ཤ་འུག་སྟག་སྒོའི་ལུང་སྟོང༌། མོན་གྱི་ལ་ཆེན་ལ་འཐོན་ནས་རེ་བ་ཏིའི་ལུང་པ་ཡིན་ཟེར་བ་ཅིག་ཏུ་བྱོན། མཚོ་མུ་ལེ་གོང་བྱ་བ་རེ་བ་ཏི་དངོས་སུ་བཞུགས་བྱ་བ་དང༌། ཉེ་འཁོར་ན་གཅན་གཟན་གྱི་འཇིགས་པ་ཤིན་ཏུ་ཆེ་བ་གཅིག་ཏུ་བྱོན། དེ་ནས་ཆུ་བོ་གངྒཱ་གཟིགས། དེར་རྒྱ་གར་ཡུལ་གྱི་རྩའི་སྤྱིལ་པོ་ཅན་གྱི་གྲོང་དུ་བྱོན། སྐྱེ་བ་སྔ་མའི་ཡུལ་ཡིན་སྙམ་པ་བྱུང༌། དྭགས་ལྷ་སྒམ་པོ། རང་གི་གྲོང་དང་ཉེ་བའི་སྐྱོ་ཟུར་དང་དགོན་དཀར་སོགས་སུ་བཞུགས། ཡོན་ཏན་གྱི་ཆ་ཅིས་ཀྱང་དགོས་པ་མེད་པའི་བློ་དང༌། ཞག་རེ་ལ་རླུང་འཛིན་ཐེངས་རེས་ཆོག་པ། སྐྱིལ་དཀྲུང་ནམ་མཁའ་ལ་ཐེགས་པ། རྐང་མགྱོགས་ཀྱི་ཆ་གྲུབ་པ། གཞན་གསངས་ཏེ་མ་གསུངས་པ་མ་གཏོགས་པ་སྣང་བ་བཤད་ཀྱིས་མི་རྫོགས་པ་ཡོད། དུས་ཕྱིས་ཆར་མ་དགོན་པར་འགྲོ་དོན་བག་རེ་བསྐྱངས། བདུན་ཅུ་རྩ་བརྒྱད་པ་ལྕགས་ཕོ་འབྲུག་གི་ལོ་ལ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཏོ། འདི་རྣམས་མྱང་འབན་པོ་དྷརྨ་སིངྷ་ཞེས་བྱ་བ་དངོས་སློབ་དེས་མཛད་པའི་རྣམ་ཐར་ལས་བཏུས་པ་ཡིན། བརྒྱུད་པ་ཕྱི་མའི་ཆོས་རྣམས་ལ་ཕྱག་རྒྱ་ཆེན་པོ་དྲི་མེད། ཐིགས་པ་ཕྱག་བཞེས་ཀྱི་སྐོར་ཞེས་པའི་མཚན་བཏགས། ཕྱག་རྒྱ་ཆེན་པོ་ནི་དམ་པ་སངས་རྒྱས་མཻ་ཏྲེ་བའི་དངོས་སློབ་ཡིན་པས་མཻ་ཏྲི་བའི་ཕྱག་རྒྱ་ཆེན་པོ་དེ་ཉིད་ཡིན། དྲི་མེད་ནི་དམ་པའི་གསུང་རྣམས་ལ་བྱ། ཕྱག་བཞེས་ནི་བསྟན་པ་གཞན་རྣམས་དང་ཅུང་ཟད་མི་འདྲ་བའི་སྒྲུབ་པའི་སྲངས་ཡོད་པ་ལ་ཟེར། དེ་ཡང་ངོ་བོ་ཕ་རོལ་ཏུ་ཕྱིན་པ་གསང་སྔགས་དང་རྗེས་སུ་མཐུན་པ་ཞེས་བྱ་སྟེ། མཻ་ཏྲི་བའི་དེ་ཁོ་ན་ཉིད་བཅུ་པའི་འགྲེལ་པར་ཡང་ལུགས་དེ་ཕ་རོལ་ཏུ་ཕྱིན་པ་ཡིན་པ་ལ། གསང་སྔགས་དང་རྗེས་སུ་མཐུན་པའི་སྤྱོད་པ་བྱ་ཚུལ་ཀྱེའི་རྡོ་རྗེ་ལས་བཤད་པ་དང་འདྲ་བ་ཞིག་བྱུང༌། ལྷའི་རྣལ་འབྱོར་ལ་བརྟེན་པ་མ་ཡིན་ཞིང་ཕྱག་རྒྱ་བཞིའི་རྗེས་སུ་འགྲོ་བ་མེད་པས་གསང་སྔགས་ནི་མ་ཡིན་ནོ་ཞེས་གསུངས་པ་དེ་དང་མཐུན་པར་སྣང༌། དེ་ཡང་ཐུན་མོང་དུ་གྲགས་པ་རྣམས་ཀྱི་དབང་དུ་བྱས་ནས་བཤད་ཀྱི། དམ་པས་ཕྱར་ཆེན་དང༌། འབན་གུང་རྒྱལ་ལ་དུས་ཀྱི་འཁོར་ལོའི་དབང་གནང་བར་གྲགས་ཤིང༌། ལས་རྒྱའི་གདམས་པའང་མང་པོ་ལ་གནང་བས་དམ་པའི་ཆོས་སྡུག་བསྔལ་ཞི་བྱེད་ལ་གསང་སྔགས་གཏན་མེད་པ་ནི་མ་ཡིན་ནོ། གསང་སྔགས་རྗེས་མཐུན་པར་བཤད་པ་ཉིད་ཀྱིས་ན་ཨཱ་ལི་ཀཱ་ལིའི་བྱིན་རླབས་ལ་སོགས་པ་ཡང་གསང་སྔགས་དང་རྗེས་སུ་མཐུན་པ་སྟེ། དངོས་ནི་མ་ཡིན་པས་ནི་འདི་ལ་ལོག་པར་རྟོག་པར་མི་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ཉིད་ནས་ཡེ་གེ་བཞི་བཅུ་རྩ་གཉིས་ཀྱི་གཟུངས་ཀྱི་སྒོ་བཤད་པ་དང་འདྲ་བའི་ཕྱིར་རོ། ཆོས་སྐོར་འདི་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཆོས་སྡེ་གཉིས་ལས་ཐུན་མོང་ལ་མདོ་རྒྱུད་ཕྱག་ལེན་དང་བཅས་པ། བཀའ་བབས་སྙན་བརྒྱུད་དང་བཅས་པ། དྲི་མེད་ཕྲ་ཏིག་དང་བཅས་པ། དར་ཚགས་བཤད་འབུམ་དང་བཅས་པ། དང་པོ་ནི་སྤྱི་མདོ་ཆུ་ཀླུང་མངོན་པར་རོལ་པའི་མདོ། དགོས་མདོ་ཤེས་རབ་སྙིང་པོ། སྤྱིར་རྒྱུད་སྡེ་སྣོད་གསལ་བྱེད། སྒོས་རྒྱུད་ཆུ་ཀླུང་ཆེན་པོ། ཕྱག་ལེན་ནི། དབང་འཁོར་ཆེ་འབྲིང་དང་ལམ་རིམ་ཆེ་ཆུང་གསུམ། བཀའ་བབས་སྙན་བརྒྱུད་ནི་བཀའ་བབས་བཞི། དེའི་ལམ་སློངས་སྙན་བརྒྱུད་བཞི། དྲི་མེད་ཕྲ་ཏིག་ནི་དྲི་མེད་ལ་ཆོས་ཟུག་པ་རྩ་བའི་སྐོར་ལ་སོགས་པ་དྲུག །ཕྲ་ཏིག་ནི་པ་ཚབ་ཀྱིས་ཀུན་དགའ་ལ་མ་བདེ་བའི་གེགས་རྣམས་དྲིས་པའི་གདམས་པའོ། དར་ཚགས་བཤད་འབུམ་ནི་དར་ཚགས་ཞལ་གདམས་བདུད་རྩིའི་སྐོར་ལ་སོགས་པ་བརྒྱད་ཡོད་དེ། པ་ཚབ་ཀྱི་འཕྲལ་གཏམ་ཏེ་ནེས་ཡི་གེར་བཏབ་པའོ། བཤད་འབུམ་ནི་ཏེ་ནེ་དང་ཞིག་པོ་དང་སྙེ་མདོ་བ་ལ་སོགས་པས་མཛད་པའི་བཤད་པ་རྣམསསོ། །ཐུན་མོང་མ་ཡིན་པའི་ཆོས་སྡེ་ལ་རྒྱུད་སྟོང་ཐུན་དང་བཅས་པ། དབང་ལམ་ཁྲིད་དང་བཅས་པ། གསང་མཛོད་གསུམ། བེའུ་བུམ་བརྒྱད་དོ། གསང་མཛོད་གསུམ་ནི། བླ་མ་གསང་མཛོད། ཡི་དམ་གསང་མཛོད། མཁའ་འགྲོ་གསང་མཛོད་དོ། ལམ་སྐོར་ལྔ་ནི་བི་རུ་པའི་ཐབས་ལམ་སྒོ་བཞིའི་ལམ་སྐོར། ས་ར་ཧའི་ཐབས་ལམ་ཡུལ་བཞིའི་ལམ་སྐོར། གསེར་གླིང་པའི་ལམ་སྐོར་བརྒྱད་པ། ཨཱརྻ་དེ་བའི་ལམ་སྐོར་བརྒྱད་པ། ནཱ་རོ་པའི་ཟུང་འཇུག་བཞིའི་ལམ་སྐོར་རོ། བེའུ་བུམ་བརྒྱད་ནི། ཟབ་མོ་དབང་གི་བེའུ་བུམ། ངོ་སྤྲོད་རྩ་བའི་བེའུ་བུམ། སྙན་བརྒྱུད་ཁྲིད་ཀྱི་བེའུ་བུམ། ཟབ་མོ་སྔགས་ཀྱི་བེའུ་བུམ། བཀའ་སྲུངས་མཁའ་འགྲོའི་བེའུ་བུམ། མན་ངག་རྒྱལ་ཆ་གསུམ་གྱི་བེའུ་བུམ་རྣམསསོ། །དེ་རྣམས་ནི་བཀའ་རྒྱ་ཅན་ཐུན་མོང་མ་ཡིན་པའི་ཆོས་སྡེའོ། ཞི་བྱེད་བརྒྱུད་པ་ཕྱི་མའི་སྐབསསོ། ། ༡༣.༡ མོ་གཅོད་ཀྱི་སྐབས། ད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུད་ཀྱི་གཅོད་ཡུལ་གྱི་བརྒྱུད་པ་བཤད་པར་བྱ་སྟེ། རྗེ་མཻ་ཏྲེི་བས་ཕ་རོལ་ཏུ་ཕྱིན་པ་ལ་ཡང་སྔགས་དང་རྗེས་སུ་མཐུན་པའི་སྤྱོད་པ་ཡོད་པར་བཤད་པས། མིང་དུ་སྤྱོད་ཡུལ་ཞེས་བྱ་སྟེ། ཇི་ལྟར་རྗེས་སུ་མཐུན་ན། བརྟག་པ་གཉིས་པ་ལས། ཤིང་གཅིག་དང་ནི་དུར་ཁྲོད་དང༌། །མ་མོའི་ཁྱིམ་དང་མཚན་མོ་དང༌། །ཡང་ན་དབེན་པའི་བས་མཐའ་རུ། །སྒོམ་པ་བཟང་བར་བརྗོད་པར་བྱ། ཞེས་བྱ་བ་དང༌། ལུས་ཀྱི་སྦྱིན་པ་སྦྱིན་བྱས་ནས། །ཕྱི་ནས་སྤྱོད་པ་ཡང་དག་སྤྱད། ཅེས་བྱ་བ་དང༌། ངེས་པར་སྔོན་དུ་ལྷ་མིན་གང༌། །བརྒྱ་བྱིན་ལྟ་བུ་འོངས་ན་ཡང༌། །དེ་ལ་འཇིགས་པར་མི་བྱ་སྟེ། །སེང་གེའི་གཟུགས་ཀྱི་རྣམ་པར་རྒྱུ། ཞེས་གསུངས་པ་རྣམས་དང་མཐུན་པའི་ཕྱིར་རོ། ཕ་རོལ་ཏུ་ཕྱིན་པ་བདུད་ཀྱི་གཅོད་ཡུལ་ཞེས་ཀྱང་བྱ་སྟེ། དེ་ཡང་སྡུད་པ་ཚིགས་སུ་བཅད་པ་ལས། རྒྱུ་རྣམ་བཞི་ཡིས་བྱང་ཆུབ་སེམས་དཔའ་མཁས་སྟོབས་ལྡན། །བདུད་བཞིས་ཐུབ་པར་དཀའ་ཞིག་བསྐྱོད་པར་མི་ནུས་ཏེ། །སྟོང་པར་གནས་དང་སེམས་ཅན་ཡོངས་སུ་མི་གཏོང་དང༌། །ཇི་སྐད་སྨྲས་བཞིན་བྱེད་དང་བདེ་གཤེགས་བྱིན་རླབས་ཅན། ཞེས་གསུངས་པའི་ཆོས་རྣམ་པ་བཞི་པོ་ཉམས་སུ་ལེན་པ་ཡིན་ཏེ། སྟོང་པར་གནས་པའི་ལྟ་བ། སེམས་ཅན་ཡོངས་སུ་མི་གཏོང་བའི་སྙིང་རྗེ། ཇི་སྐད་སྨྲས་པ་བཞིན་དུ་བྱེད་པའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས། བདེ་བར་གཤེགས་པས་བྱིན་གྱིས་བརླབས་པ་སྟེ་བཞི་པོ་དེ་ནི་ཉམས་ལེན་གྱི་རྩ་བ་ཡིན་ནོ། བདེ་བར་གཤེགས་པས་བྱིན་གྱིས་བརླབས་པའི་ལག་ལེན་ནི་སྐྱབས་སུ་འགྲོ་བ་དང༌། བརྒྱུད་པ་དང་བཅས་པའི་བླ་མ་ལ་གསོལ་བ་གདབ་པ་ཡིན་ལ། ཇི་སྐད་སྨྲས་པ་བཞིན་དུ་བྱེད་པ་ནི་ཐོ་ཅོ་མ་ཡིན་གྱི། བྱང་ཆུབ་ཏུ་སེམས་བསྐྱེད་ནས་དེའི་ཚེ་ཁས་བླངས་པ་དང་འགལ་བར་མི་བྱེད་པའོ། སེམས་ཅན་ཡོངས་སུ་མི་གཏོང་བ་ནི་མི་མ་ཡིན་པ་ལ་སོགས་པ་ལ་ཡང་གནོད་ཅིང་འཚེ་བར་མི་བྱེད་པར་སྙིང་རྗེ་ཆེན་པོའི་སྒོ་ནས་དེའི་སྤྱོད་པ་སེམས་ཅན་ལ་འཚེ་བ་ལ་སོགས་པ་དང་ཕྲལ་ནས་བྱང་ཆུབ་ཀྱི་ལམ་ལ་འཛུད་པར་བྱེད་པའོ། སྟོང་པར་གནས་པའི་ལྟ་བ་ནི་ཐོག་མར་རང་རྒྱུད་ཀྱིས་བསྡུས་པའི་ཕུང་པོ་ལ་བདག་ཏུ་ལྟ་བ་སྤངས་ནས་སེམས་ཅན་གཞན་གྱི་ཡུལ་ལ་ཡང་དངོས་པོ་དང་མཚན་མའི་འདུ་ཤེས་སུ་མི་བྱེད་པའོ། དེ་ལྟར་བྱེད་པ་དེ་ལ་ཅིའི་ཕྱིར་གཅོད་ཡུལ་ཞེས་བྱ་ཞེ་ན། མཛོད་ལས། ཕྲ་རྒྱས་སྤངས་པ་མ་ཡིན་དང༌། །ཡུལ་ནི་ཉེ་བར་གནས་པ་དང༌། །ཚུལ་བཞིན་མ་ཡིན་ཡིད་བྱེད་ལས། ཉོན་མོངས་སྐྱེ་སྟེ། ཞེས་བཤད་པ་ལྟར། གཅད་པར་བྱ་བ་ནི་ཉོན་མོངས་ཡིན་ལ། ཉོན་མོངས་དེ་དག་ཕྲ་རྒྱས་དང་ཡུལ་དང་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ལས་སྐྱེ་བས་ན། རྣལ་འབྱོར་པས་ཡུལ་དེ་ཉེར་བཅུག་ནས་བག་ཆགས་བླང་སྟེ། ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་སྔོན་དུ་འགྲོ་བའི་ཉོན་མོངས་རྣམས་ཡུལ་གྱི་ཐོག་དེ་ཉིད་དུ་གཅོད་པར་བྱེད་པས་གཅོད་ཡུལ་ཞེས་བྱའོ། དེའི་གདམས་ངག་ཀྱང་དམ་པ་ལས་བརྒྱུད་པ་སྟེ། སྐྱོ་བསོད་ནམས་བླ་མ་དང༌། ཡར་ཀླུངས་ཀྱི་རྨང་ར་སེར་པོ་ལས་བརྒྱུད་པ་ལ་ཕོ་གཅོད་ཅེས་བྱ་ལ། མ་གཅིག་ལས་བརྒྱུད་པ་རྣམས་ལ་ནི་མོ་གཅོད་ཅེས་བྱའོ། དམ་པ་སངས་རྒྱས་ཀྱི་གསུང་གིས་ཡར་ཀླུངས་རོག་པ་སར་མ་ཇོ་མཆོད་གནས་མ་ལ་སྙིང་གཏམ་ཚིག་གསུམ་བྱས་པས་མོ་དེས་གྲོལ། ཞེས་གསུངས་པ་ལྟར་རང་ཉིད་དེས་གྲོལ་བ་ཡིན་མོད་ཀྱི། འདི་རང་བཞིན་གྱི་རྣལ་འབྱོར་མ་ཡིན་པས་འཕྲལ་གྱི་གདམས་པའང་མང་དུ་བྱུང་བ་ཡིན་ནོ། འོ་ན་ཅིའི་ཕྱིར་གཞི་གཅིག་ལ་སྤྱོད་ཅེས་བྱ་བ་དང༌། གཅོད་ཅེས་བྱའི་སྒྲ་མི་མཐུན་པ་གཉིས་འཇུག་ཏུ་རུང་ཞེ་ན། འདི་འདྲ་བ་གཞན་དུ་ཡང་མཐོང་སྟེ། ནོར་གྱི་བདག་པོ་གཅིག་ཉིད་ལ་བཻ་ཤྲ་བ་ཎ་ཞེས་བྱས་ནས་རྣམ་ཐོས་ཀྱི་བུ་དང༌། བཻ་ཤྲ་མ་ཎ་བྱས་ནས་ངལ་སོས་ཀྱི་བུ་ཞེས་ཟེར་བ་དང༌། རེས་འགའ་ནི་གང་ཟག་གཅིག་ཉིད་ལ་ནཱ་ག་བོ་དྷི་ཞེས་བྱས་ནས་ཀླུའི་བྱང་ཆུབ་དང༌། ནཱ་ག་བུདྡྷི་ཞེས་བྱས་ནས་ཀླུའི་བློར་བརྗོད་པ་བཞིན་ནོ། བྱེ་བྲག་ཏུ་མན་ངག་སྙེ་མར་བིལ་བ་ལ་འཐུང་སྤྱོད་དང་འཐུང་གཅོད་ཅེས་བྱ་བའི་སྒྲ་གཉིས་ཀས་བཤད་པ་བཞིན་དུ་གཟུང་བར་བྱའོ། ལབས་སྒྲོན་ནི། ཡུལ་གཡེ་ལབས། གྲོང་འདབས་གྲོང་མཚོ་མེར་མོ། རུས་ཁེའུ་གང༌། ཡབ་ཆོས་བླ། ཡུམ་ཀླུངས་མོ་འབུམ་ལྕམ་གྱི་སྲས་སུ་འཁྲུངས། ལོ་ཙཱ་བ་ཁེའུ་གང་འཁོར་ལོ་གྲགས་དང་ལྕམ་སྲིང་ཡིན་ཞེས་ཟེར། གཞོན་ནུ་ནས་གྲྭ་པ་མངོན་ཤེས་ལ་རབ་ཏུ་བྱུང༌། ཀློག་མཁས་པས་གྲྭ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཀློག་པའི་ཀློག་མཁན་ཡུན་རིང་དུ་མཛད། ཤེར་ཕྱིན་ཀློག་པས་སྟོང་པ་ཉིད་ཀྱི་ལྟ་བ་གཤའ་མར་སྐྱེས། དེའི་སྐབས་ཤེད་དུ་དམ་པ་དང་མཇལ། དེ་ནས་ལན་ཅིག་གི་ཚེ་ཀློག་མཁས་པས་འདམ་བུར་ཀློག་ལ་བྱོན་པས། གཅེར་གྲོང་པ་ཐོད་པ་འབའ་རེ་བྱ་བ་མི་རབས་ཉི་ཤུ་རྩ་གསུམ་དུ་དགེ་བཤེས་རྒྱུན་མ་ཆད་པ་ཅིག་ཀྱང་དེར་རིམ་གྲོ་ལ་བྱོན། དེ་དང་འདུས་པ་ལས་གཟའ་མིར་སོང་ནས། གཉིས་པོས་ཀོང་པོར་བྱོན། སྲས་མོ་ཅིག་འཁྲུངས་པ་ལ་ཀོང་ལྕམ་ཟེར། ཡར་ལ་བྱོན་པའི་ལམ་དུ་ལ་བར་དུ་སྲས་མོ་ཅིག་འཁྲུངས་པ་ལ་ལྕམ་ཟེར། དེ་ནས་གཡེར་ཕེབས་ནས་གངས་པར་སྤེལ་ཅིག་མར་སྲས་སྙིང་པོ་གྲུབ་པ། གྲུབ་ཆུང༌། ཡང་གྲུབ་སྟེ་གསུམ་འཁྲུངས། དེ་རྗེས་ཡང་བཙུན་ཆས་གྱོན་སྐྲ་བྲེགས་ནས་བཞུགས། སྐྱོ་བསོད་ནམས་བླ་མ་ཁམས་སུ་བྱོན་ནས་ཕྱིར་འཁོར་བའི་ལམ་དུ་སྒྱུ་འཕྲུལ་གྱི་དབང་གསན། དབང་གི་གྲལ་དུ་རྟོགས་པ་ཤར་བས་དབང་གསན་འཕྲོ་ལ་ཕྱིར་འཐོན་ནས་བཞུད་པས་གཞན་རྣམས་ཀྱིས་མོའི་དབང་འཕྲོ་ལ་ལུས་བྱས་པས། དོན་གྱི་དབང་དེ་མོས་ཐོབ་ནས་སོང༌། ཁྱེད་རྣམས་ཀྱིས་ཚིག་གི་དབང་ཐོབ་པ་ཡིན་གསུང༌། ཕྱིས་རབ་ཏུ་བྱུང་ནས་གནས་གར་བདེ་རྣམས་སུ། གདུལ་བྱར་གྱུར་པ་རྣམས་ལ་གདམས་པ་གསུང་ཞིང་བཞུགས། ཁྱད་པར་དུ་ཟངས་དེ་ཁང་དམར་གྱི་ཕུར་པར་ཇོ་མོ་གཡོག་མོས་གཡོག་བྱས་ནས་ཡུན་རི་དུ་བཞུགས། དེ་ལྟར་གཅོད་ཀྱི་གདམས་པས་བོད་ཁམས་གང་བར་མཛད་དེ་དགུང་ལོ་དགུ་བཅུ་རྩ་ལྔ་ལ་གཤེགས། ཡང་དམ་པ་བོད་དུ་བྱོན་པའི་དུས་སུ་བྱ་ནག་མོ་བཞི་དམ་པའི་ཕྱི་བཞིན་དུ་འཕུར་ཞིང་འོང་བ་མཐོང་བ་ལས་མཁའ་འགྲོ་མ་བཞིར་གྱུར་པ་ནི། གཡེའི་ལབས་སྒྲོན། གཉལ་སྟོད་ཀྱི་མ་ཇོ་བྱང་ཆུབ། གཙང་གི་ཞིང་མོ་རྒྱལ་མཐིང༌། ལྷ་སའི་སྨྱོན་མ་རྣམས་ཏེ། གཉལ་སྟོད་ཀྱི་ཇོ་མོ་བྱང་ཆུབ་ནི། རང་གནས་ལུགས་ཀྱི་དགོངས་པ་གསལ། ཕན་སེམས་ཀྱིས་སངས་རྒྱས་ཀྱི་བསྟན་པ་རྒྱས་པར་མཛད། ཞང་མོ་རྒྱལ་མཐིང་ནི། ཁྱོ་ཤི་བའི་མྱ་ངན་གྱིས་ནོན་པ་ལ་དམ་པས་བློ་དངོས་འབྲེལ་མེད་ཀྱི་གདམས་པ་བཏབ་པས་གྲོལ། ལྷ་སའི་སྨྱོན་མ་ནི། ཆོས་མཛད་རྣམས་ཀྱི་མི་མཐུན་ཕྱོགས་སེལ་ཞིང༌། ཇོ་བོ་རྗེ་ལ་རྒྱལ་པོའི་བཀའ་ཆེམས་སྟོན་མཁན་དེ་ཡིན་ཟེར་རོ། ལབས་སྒྲོན་གྱིས་གདམས་པ་བཏབ་པའི་བུ་ཆེན་ནི། ཡར་སྟོད་ནས་སྙགས་པ་རྒྱལ་མཚན། ཡར་སྨད་ནས་ཨན་སྟོན་རིན་ཆེན་འབར། བར་ན་དྲེད་ཇོ་སྲས། ཤུད་བུ་ལོ་ཙཱ་བ་དང་བཞི། རྒྱལ་བ་གྲུབ་བེ། རྟོགས་ལྡན་རྡོལ་བོ། སངས་རྒྱས་གཉན་ཆུང༌། མནོ་སྒོམ་ཆེན་པོ་དང་བཞི། བྱ་སྟོན་ཀླུ་སྒྲུབ། ཁུ་སྒོམ་ཆོས་སེང༌། སྣུབས་མོ་ནམ་མཁའ་གསལ། གྲ་པ་ཧག་སྟོན། ཤ་སྟོན་རྡོར་འཛིན། སྤོ་བ་སྒོམ་ཆེན། དྭགས་པོ་ཚོང་སྡེ་ངག་གི་དབང་ཕྱུག །འཕན་ཡུལ་གྱི་རྩི་རྒྱལ་བ་ལ་སོགས་པ་མང་དུ་བྱོན་ནོ། སྲས་གྲུབ་ཆེ་ནི། དང་པོར་སྤྲང་ང་ཉི་ཚེ་བྱེད་པས་རྭ་སྒྲ་གྲུབ་བེར་གྲགས་པ་ཅིག་བྱུང་བས་ནམ་ཞིག་སྔགས་པ་སྟེངས་ཀ་བའི་རྭ་བརྐུས་པས་སྔགས་པ་རྣམས་ཀྱིས་མཐུ་བྱེད་པ་ཐོས། ཟླ་བོ་མང་པོ་ཤི་བས་དེར་ཡུམ་ལ་བཟློག་པའི་ཐབས་མངའ་སྙམ་ནས་ཡུམ་གྱི་སར་བྱོན་པ་ལ། ཡུམ་གྱིས་ཁྱོད་འཆིར་འཇུག་དགོས་གསུང་ནས་བྲོས་ཏེ། ཚ་ཐང་རི་བོ་ལ་འཁོར་ཅིག་བསྐོར་ནས་སྲོད་ལ་རེང་གི་ཕུག་པར་འཁོར་བའི་ཚེ། གྲུབ་བེས་ཀྱང་ཡུམ་བཙལ་ཏེ་ཕྱི་བཞིན་བསྙེགས་པས་ཕུག་པར་ཡུམ་སྲས་འཛོམ་བྱུང་བས། ཡུམ་གྱི་ཞལ་ནས། ཁྱོད་ཀྱང་སྐལ་མེད་རང་དུ་མི་འདུག་གསུང་ནས་གདམས་པ་བྱིན། ད་སྔགས་པའི་གཏོར་སྟེགས་འོག་ཏུ་ཉོལ། གཏོར་ཟན་བྱུང་ནའང་ཟོ་གསུང༌། དེ་ལྟར་བྱས་པས་སྔགས་པ་རྣམས་ལ་མཐུ་ལོག །དེའི་ཚེ་ལོ་བཞི་བཅུ་རྩ་གཉིས་པ་ལ་ཆོས་སྒོར་ཚུད། དེ་ནས་བསྒོམས་པས་ཆོས་ཉིད་ཀྱི་དོན་རྟོགས། དང་པོར་ལུས་སེམས་བསྐྱེད་པའི་མ། །བར་དུ་ཟང་ཟིང་འབོགས་པའི་མ། །ཐ་མར་སེམས་ངོ་སྤྲོད་པའི་མ། །མ་དྲིན་མོ་ཆེ་ལ་ཕྱག་འཚལ་བསྟོད། ཅེས་པ་ཡང་མཛད། ཕྱིས་གཡེ་ཆུང་གླང་ལུང་དགོན་པར་བཅོས་མ་ཐམས་ཅད་དང་བྲལ་བའི་ཞིག་པོར་གྱུར་ཏེ་བཞུགས། བྱིན་རླབས་ཀྱིས་འབྱུང་པོ་ཟིལ་གྱིས་ནོན། སློབ་མ་ཐམས་ཅད་ལ་ཡེ་ཤེས་བསྐྱེད་ནུས་པར་གྱུར་ཏེ་བརྒྱད་ཅུ་རྩ་དགུ་ལ་གཤེགས། འདི་ལ་སྲས་ཚེ་དབང༌། ཁུ་བྱུག །རྣལ་འབྱོར་གྲགས་གསུམ་སྡད་བུ། ཁམ་བུ་ཡལ་ལེ་ནི་ཕྱིད་བུའོ། ཚེ་དབང་ལ་སྲས་གསུམ་ལས་རྒྱལ་བ་སྟོན་གཟུངས་ནི། མེས་པོས་ལུང་བསྟན་ནས་དྭགས་པོ་རི་མོ་མདོར་བཞུགས། ཐོད་སྨྱོན་བསམ་གྲུབ་ནི། ཤམ་པོ་གངས་ལ་བཞུགས་པའི་གངས་པར་གྲགས། སྐྱེ་མེད་འོད་གསལ་ནི་གཉལ་སྟོད་ཨའོ་མདོར་བཞུགསསོ། །དེ་ལ་ཐོད་སྨྱོན་བསམ་གྲུབ་གཞོན་དུས་གཡེ་དང་ཡར་ཀླུངས་ཕྱོགས་སུ་འཁྲུག་པ་བྱས་པས་སུས་ཀྱང་མ་ཐུབ། དེ་ནས་མཛེ་བྱུང་བས་བ་ཡུལ་གྱི་གངས་ལ་སྒྲུབ་པ་མཛད། སྦྲུལ་ཤུན་པ་བརྗེས་པ་བཞིན་དུ་མཛེ་ཕུད། ཤམ་པོའི་གངས་ལ་གཅེར་ཉལ་བྱས་པས་གངས་ཞུ་ནས་གཏིང་རིང་པོར་སོང་བ་ལ། གཞན་གྱིས་ཕྱུགས་ཀྱི་རྔ་མ་མང་དུ་འཕངས་པ་ལ་གོས་སྟན་མཛད་ཅིང་ཞྭ་རུ་ཡང་གྱོན་པས། གངས་པའི་ཞྭ་ནག་གི་སྲོལ་དེ་ནས་བྱུང༌། གསོལ་བ་ཆུ་འཐུང་མཛད། ཕྱིས་ཆུ་རྒྱུད་མཁར་དུ་རོ་གསོལ། ཁྱད་པར་མཛེ་རོ་ཅིག་གི་སྣ་ལ་ཤུ་བ་འདུག་པས་འཇིགས་པས་སྤྱན་ཆབ་ཆིལ་གྱིས་བྱུང༌། བསོད་ནམས་ཀྱི་འུར་ཡང་དེ་ནས་སྐྱེས། ཧའོ་གངས་དང་ཇོ་མོ་ཁ་རག་ལ་མཁའ་འགྲོའི་ཚོགས་དཔོན་མཛད། སྲིལ་མ་ལ་ཁ་ནས་ཀོང་དང་ལ་ཡན་ཆད་དུ་རི་རྒྱ་ཀླུངས་རྒྱ་ལམ་རྒྱ་མཛད། འགྲོན་ཁང་བརྩིགས་ནས་འགྲོན་ཟན་བྱིན་ཏེ་བསྟན་པ་བསྲུངས་པས་འགྲན་ཟླ་མེད་པའི་གྲུབ་ཐོབ་ཏུ་གྱུར་ཏོ། དེ་ལ་སློབ་མ་ཕོ་མོ་ཉི་ཤུ་རྩ་གཅིག །སྲས་མོ་གྲུབ་ཐོབ་བཅོ་བརྒྱད་བྱོན་པ་ལས་གངས་པ་དམུ་ཡན་ནི། འགྲན་གྱི་དོ་མེད་དུ་གྱུར་ཏོ། དེ་ནི་བཅུ་བཞི་ལོན་པ་ལ་ཙ་རིར་འགྲོ་འདོད་པ་ལ་མ་མོ་བདེ་ལྡན་གྱིས་ཁྱོད་ཤམྦུ་གངས་ལ་སྡོད་ལ། ཕའི་ལད་མོ་གྱིས་གསུང་བས་བསྡད། ཁྲ་ཡེ་གངས་ལ་ཕྱིན་པའི་ཚེ་ཆར་དུག་གིས་གོས་བངས། ཆུ་བརྒལ་བས་ཕོ་ལང་བྱུང་བ་ལ་ཕ་བོང་གྲང་མོ་ལ་ཕོ་བ་བརླན་ནས་གཟིམས་པས་དེ་མ་ཐག་ཏུ་ནད་དྲག །བོད་གསེར་གཡུའི་གདུམས་མཛད། འབྲོག་པ་ལ་ལུག་ཚེར་མོ་ཁོ་ན་བླངས་པས་ལུག་རྫི་རང་ཡང་དོང་ཐོགས་སྟོང་ཡོད་པར་གྲགས། ཕྱུག་པོའི་ཡང་ཕུལ་དུ་གྱུར། བཀའ་འགྱུར་ལ་གསུང་མི་འཆད་པ་བཙུགས། གཤེགས་པའི་དུས་སུ་གདུང་རིང་བསྲེལ་དཔག་ཏུ་མེད་པ་བྱོན་ནོ། དེའི་སྲས་གངས་པ་ལྷུན་གྲུབ་ནི། ཤམ་བུ་ལ་སྒྲུབ་པ་མིས་མ་མཐོང་བ་ལོ་དགུ་མཛད། གཉན་ས་བརྒྱ་རྩ་བརྒྱད་འགྲིམས་པས་སྙེམས་ཐག་ཆོད། ཕུ་དུང་དཀར་པོར་ལག་པ་འཇུག་པ་ངོ་མཚར་ཆེ། འདས་པའི་དུས་སུ་གདུང་རིང་བསྲེལ་མང་དུ་བྱོན་ནོ། དེའི་སྲས་སངས་རྒྱས་བསྟན་བསྲུངས་ནི། ལོ་གསུམ་ལོན་པའི་ཚེ་ཡབ་ཀྱི་ཕྱགས་ཕྱི་ལ་བྱོན། ལོ་བཅུ་གཉིས་ལོན་ནས་ལྷ་འདྲེ་མི་གསུམ་གྱིས་དབང་བསྐུར། སྤྱོད་ཡུལ་དང་ཡང་དག་དང་གབ་པ་ལ་སོགས་རྫོགས་ཆེན་དང༌། ཐུགས་ཀྱི་ཉིང་ཁུ་ལ་སོགས་ཐུགས་རྗེ་ཆེན་པོའི་སྐོར། གསང་ལྡན་ལ་སོགས་པ་ཡོ་གའི་སྐོར་རྣམས་མཁྱེན། ཚེ་བདག་སོགས་ལ་མཁས་པས་མཐུ་སེར་གྱི་གྲགས་པ་ཐོབ། ཕུར་སྒོམ་གྲ། བར་དུ་བཤད་གྲ མདར་གསུང་མི་འཆད་པ་བཙུགས་ནས་ཡབ་མེས་ཀྱི་བསྟན་པ་བསྲུང་ཞིང་བདག་པོར་གྱུར་ཏེ། སྐུ་འདས་དུས་རིང་བསྲེལ་ལ་སོགས་མང་དུ་བྱོན་ནོ། སངས་རྒྱས་བསྟན་བསྲུངས་ལ་མཆོག་ཏུ་གྱུར་པའི་བུ་བཞི་སྟེ། རྟོགས་ལྡན་རིན་ཆེན་སེང་གེ གྲུབ་ཐོབ་ཆོས་སྒྲོ་རས་པ། འཁྲུལ་ཞིག་དགེ་བཤེས་བྱར་པོ། སྲས་རྒྱུད་འཛིན་རྡོ་རྗེ། དེ་ནི་ལོ་གསུམ་ལོན་ནས་མངོན་ཤེས་ཤར། ལོ་ལྔ་ལོན་ནས་སྒོམ་ཤེས། ཆོས་བཤད་ཤེས། ལོ་བཅོ་ལྔ་ལོན་ནས་གཤེགས་སུན་མཛད་དེ་ཡབ་མེས་ཀྱི་གདན་ས་གཟུང༌། བཅུ་དྲུག་པ་ལ་ལྷོ་རྒྱུད་དུ་ཆོས་སྐོར་མཛད་པས་མཁས་པར་གྲགས། ཆོས་བཀའ་མང་པོའི་བཀའ་བབས། བཅུ་བདུན་ལ་ཤམ་བུའི་གངས་ལ་སྒྲུབ་པ་མཛད་དོ། དེ་ལ་རྒྱུད་འཛིན་མང་ན་ཡང་རང་གི་སྲས་གངས་ཁྲོད་རས་པ་ནི། མཚན་སྐལ་ལྡན་རྡོ་རྗེ། ལོ་གསུམ་ནས་ཆོས་ཀྱི་སྤྱོད་ལམ་ཤེས། བདུན་ལ་ཡབ་གཤེགས་པས་སྤྲུལ་སྐུ་སྐྱིད་འབུམ་གྱི་ཕྱིར་གསལ་རྗེ་གངས་ལ་བྱོན། བཅུ་གཅིག་ལ་ཨ་རོ་ཁྲིད་མོ་ཆེས་དབུ་བྱས་པའི་སེམས་ཁྲིད་མང་དུ་ཞུས་ནས་དཀའ་ཐུབ་འདག་འབྱར་མཛད། བཅུ་གསུམ་ལ་ཕ་ཇོའི་གདན་སར་བཏོན། བཅོ་ལྔ་ནས་རྩ་དྲུག་གི་བར་ཤམ་བུ་གངས་ལ་བཞུགས། རྩ་དྲུག་ནས་ལོ་བཅུ་གཉིས་ཀྱི་བར་ལ་བཀའ་གཏེར་གྱི་ཆོས་མང་དུ་ཞུས་ཤིང་བྱིན་ཆུད་པར་མཛད། གཞན་དོན་དཔག་ཏུ་མེད་པ་མཛད་ནས་དོན་གཅིག་པ་ཆུ་མོ་གླང་ལ་གཤེགས། ཐོད་སྨྱོན་གྱི་སྲས་སྲས་མོ་ལ་ཟློས་ནམ་མཁའ་རྒྱན། གངས་པ་དམུ་ཡན། སྟོན་འཚེར་ཏེ་ལྕམ་སྲིང་གསུམ་གྱི་ཞབས་ལ་སྐལ་ལྡན་པས་གཏུགས། དེ་ལ་འབན་པོ་མྱང་ཆོས་ཀྱི་སེང་གེས་གཏུགས། ཡང་ན་ཤ་སྟོན་རྡོར་འཛིན། སངས་རྒྱས་མྱང་སྟོན། སྐལ་ལྡན་པ། ཡང་དུར་ཁྲོད་འོག་པ་རྟོགས་ལྡན་རྡོལ་པོ། གཙང་བ་ལང་གྲོ་བ། དེས་ལྷོ་བྲག་སྲིབས་མོ་ཤེར་ཕུག་གི་གླེ་སྟོན་སངས་རྒྱས། དེས་སྒོམ་པ་གཞུང་ཆུང་བ་ལ་གསུངས་པའོ། ཡང་མ་གཅིག་གི་སློབ་མ་ཁུ་སྒོམ་ཆོས་སེང་ནི། ཡུལ་སྟེ་མོ་ཁུ་བ། རྫོགས་པ་ཆེན་པོ་ལ་སོགས་པ་གསན་ནས་ཐུགས་དམ་རྩེ་གཅིག་ཏུ་མཛད། ཕྱིས་མ་གཅིག་ལ་མཁའ་འགྲོ་ཉམས་ཀྱི་སྐོར་གསན། མ་གཅིག་བགྲེས་ཁར་ཚབས་ལ་བསྐུ་མཉེ་བྱས་པས་ཡུན་རིང་མི་བཞུགས་པར་མཐོང་ནས་ཆོས་མ་ལུས་པ་ཐུགས་ལ་འདོགས་པར་ཞུས་པས་བཀའ་བརྒྱུད་དོན་གྱི་གདམས་པ་གནང༌། གཞན་ལ་ཕན་པའི་ལུང་བསྟན་བཟང་པོ་མཛད། མ་གཅིག་གི་ཞལ་ནས། འདི་དོན་གྲུབ་ལ་ཡང་སྦྱིན་ཅིག་གསུང་པ་ལས། ཁོང་ལ་བཤད་དམ་སྙམ་པ་ལ། གསན་དུ་མ་བཞེད་པས་བཀའ་རྒྱུད་དོན་གྱི་གདམས་པ་དོན་གྲུབ་ལ་མེད་ཟེར། མཛེ་བྱུང་ནས་ཆུ་མིག་ནག་པོ་མཐོང་བ་དུག་ཟིན་དུ་གཅོད་ལ་བྱོན་པས་ཞགས་གསུམ་ན་སྙིང་བཏོན་ནས་ཁྱེར་བའི་སྣང་བ་བྱུང་བ་ལ་ཞག་དྲུག་ན་གཏད་པའི་སྣང་བ་བྱུང་ནས། ཞག་བདུན་པ་ལ་མཛེ་སངས་ཀྱིས་དྭངས། དགུང་ལོ་ལྔ་བཅུ་པ་ལ་གཤེགས། དེའི་སློབ་མ་དོལ་པ་ཟང་ཐལ་ནི། འཁྲུངས་ཡུལ་འཚུར་ཕུ་བ། གདུང་དོལ། སྐུ་མཆེད་བཞི་ཡོད་པའི་ཆུང་ཤོས། གཞོན་པ་ལ་དགེ་བཤེས་ཁྱུང་ལ་དབུ་མའི་རིགས་ཚོགས་ལོ་བརྒྱད་བསླབས། བཤད་གསར་འོང་རེ་བ་ལ་མ་བྱུང་བས་སྐྱོ་ཤས་སྐྱེས་ཏེ་དཔེ་ཆ་ལྷ་རྟེན་བླ་མ་ལ་ཕུལ། གོས་དཀར་པོ་གྱོན་ནས་རི་ཁྲོད་ལ་ཆིག་ཚུགས་བྱེད་པའི་བློ་སྐྱེས། ཁུ་སྒོམ་དང་མཇལ་གཅོད་ཀྱི་གདམས་པ་རྣམས་ཞུས། གཉན་ཁྲོད་འགྲིམས་པས་རྟོགས་པ་ནམ་མཁའ་དང་མཉམ་པར་གྱུར། མི་མངས་དབུས་སུ་སུ་དང་ཆོས་གཏམ་བྱས་ཀྱང་ཁོང་རྒྱལ་བས་མི་རྣམས་ན་རེ། ན་བཟའ་སྐྱ་ལ་རིགས་བཟང་ཐལ་དུ་འགྲོ་བ་ཅིག་འདུག་ཟེར་བས་དོལ་པ་ཟང་ཐལ་དུ་གྲགས། སྐུ་ཚེའི་སྨད་ལ་ལུགས་སྨད་དུ་བཞུགས། ཆོས་མང་དུ་གསུངས། ལྔ་བཅུ་རྩ་དྲུག་ལ་གཤེགས། དེའི་སློབ་མ་རྒྱ་ནག་གཅེར་བུ་ནི། ཡུལ་ཁྲ་སྣ་བ། སྤྱིར་ཆོས་མང་དུ་གསན། ཡར་ཀླུངས་སྐྱའོ་དགོན་པ་ལ་གཅོད་ཆོས་འཆད་ཅིང་ཡོད་པའི་སྐབས་སུ་དོལ་པ་ཟང་ཐལ་བྱོན་ནས་གསན་པས་ཉོག་གེ་ལས་མ་བྱུང༌། ཕྱིས་དོལ་པ་ཟང་ཐལ་མཁས་པར་མཐོང་སྟེ། ད་ཅི་ནས་ཞོ་ཡུལ་དུ་དར་བ་བཙོངས། ད་ཁྱེད་ཀྱི་ཉམས་ང་ལ་གནང་བ་ཞུ་བྱས་ནས་མ་གཅིག་གི་གཅོད་སྐོར་རྣམས་ཚང་བར་ཞུས། གཉན་ཁྲོད་འགྲིམས་ཡར་ཀླུངས་གྱི་ཆུ་མིག་སྦལ་འདྲར་གཅོད་མཛད་པས་ཐོག་གསུམ་བབ་ཀྱང་མ་གནོད་པར་བསྙུན་ལས་གྲོལ་ལོ། གཅོད་ཀྱི་འབའ་ར་ནག་པོ་ཡང་བཏུལ། སྐུ་ཚེའི་སྨད་ལ་ཆུ་བོ་རིར་གཞན་དོན་མཛད་དེ། བདུན་ཅུ་བཞེས་པའི་ཚེ་དབྱིངས་རིག་བསྲེ་ན་འདི་ལྟར་བསྲེ་བ་ཡིན་གསུང་ནས་སྤྱི་གཙུག་ནས་ཡར་འོད་རྒྱངས་ཀྱིས་འཐོན་ནས་གཤེགས། དེའི་སློབ་མ་སངས་རྒྱས་རབ་སྟོན་ནི། བཟད་ཕུ་བྲག་དམར་བ། གསར་རྙིང་ཐམས་ཅད་ལ་མཁྱེན་པ་རྒྱས་ཤིང་ཕྱིས་རྒྱ་ནག་གཅེར་བུ་ལ་མ་གཅིག་གི་གདམས་པ་རྣམས་ཞུས་ཏེ་ཚེ་བློས་བཏང་ནས་རི་ཁྲོད་འབའ་ཞིག་འགྲིམས་ནས་བརྒྱད་ཅུ་ལ་གཤེགས། དེའི་སློབ་མ་སངས་རྒྱས་དགེ་སློང་ནི། ཡུལ་རྡོག་ཅན། གདུང་བ་ཤི། གཞོན་ནུ་ལ་རབ་ཏུ་བྱུང་ནས་ཐོས་བསམ་གྱིས་སྒྲོ་འདོགས་ཆོད། སངས་རྒྱས་རབ་སྟོན་ལ་གཅོད་སྐོར་རྣམས་ཞུས། རི་ཁྲོད་ཕྱོགས་མེད་དུ་འགྲིམས་པས་ཆོས་ཉིད་མངོན་སུམ་དུ་མཛད། གདུལ་བྱ་མང་པོ་སྨིན་པར་མཛད་ནས་ལྔ་བཅུ་རྩ་ལྔ་ལ་གཤེགས། དེའི་སློབ་མ་སུམ་སྟོན་རས་པ་ནི། ཡུལ་གྲ་ཕྱི། གྲོང་བྱ་རོག་ཚང༌། ཡབ་མཆོད་གནས་དཀོན་མཆོག །ཡུམ་མོ་ན་རེ། མིང་སྲིང་གཉིས་ཀྱི་དང་པོ། མཚན་བྱམས་པ། ལོ་དྲུག་པ་ལ་གྲ་ཐང་དུ་བླ་མ་ཞང་ལ་ཏིང་ངེ་འཛིན་གྱི་དབང་ཞུས་པས་འདིས་འགྲོ་དོན་འོང་བར་འདུག་གསུང༌། ལོ་བཅོ་ལྔ་པ་ལ་ཡབ་ཡུམ་འདས་ནས་སྐྱོ་ཤས་དྲག་པོ་སྐྱེས་ནས་ལྕགས་རིིར་རབ་ཏུ་བྱུང༌། མཚན་བསོད་ནམས་ཤེས་རབ་ཏུ་བཏགས། དྷརྨ་བཛྲ་ཞེས་ཀྱང་བྱ། སློབ་དཔོན་བཀའ་གདམས་པ། མཉན་འཆད་པ། ཞང་ལོ་ཙཱ་བ། ཟངས་རི་རྒྱ་རས་པ། པཎ་ཆེན་ཤཱཀ་ཤྲཱི། ཁམ་བུ་ཡལ་ལེ། བྲའོ་ལོ་ཙ་དང༌། རོག་ཤེས་རབ་འོད་ཡབ་སྲས་སོགས་བླ་མ་བཞི་བཅུ་ལྷག་པ་ཅིག་བསྟེན་ནས་སྔགས་མཚན་ཉིད་ཀྱི་ཆོས་མང་དུ་གསན། རིགས་པ་ཕྲན་ཚེགས་བསླབས་པ་ཡན་ལ་སློབ་དཔོན་བརྒྱ་དང་ལྔ་བཅུ་རྩ་གཅིག་བསྟེན་ནས་གསེར་བཟོ་ཡན་ཆད་བསླབས། བླ་མ་དོལ་བ་ལ་བརྟེན། གྱེ་རེར་སྤང་གཉེན་གྱི་འཛིན་པ་ཞིག་པའི་རྟོགས་པ་བཟང་པོ་འཁྲུངས་ཤིང༌། གཅོད་ཡུལ་གྱི་གདམས་པ་མཐའ་དག་གསན་ནོ། དེའི་སློབ་མ་སངས་རྒྱས་སྟོན་པ། དེའི་སློབ་མ་མཁས་བཙུན་གཞོན་ནུ་གྲུབ། དེའི་སློབ་མ་གསེར་གླིང་པ་བཀྲ་ཤིས་དཔལ། དེའི་སློབ་མ་བྲག་པོ་ཆེ་བ་རྡོ་རྗེ་དཔལ། དེའི་སློབ་མ་ཆོས་སྒོ་བ་ཆོས་ཀྱི་རྒྱ་མཚོ། དེའི་སློབ་མ་རྒོད་ཕྲུག་རས་པ་སྟེ། ནི་གུའི་སྐབས་སུ་བརྗོད་ཟིན་ཏོ། ཆོས་རྗེ་རྒོད་ཕྲུག་རས་པས་ནི་བདག་ལ་རྗེས་སུ་གནང་ངོ༌། གཞན་འཕན་ཡུལ་གྱི་རྩི་དར་མས་གནམ་འཚོ་བ་མི་བསྐྱོད་རྡོ་རྗེ་ལ་བཤད། དེས་ཆོས་རྗེ་རང་བྱུང་རྡོ་རྗེ་ལ་བཤད་ཅིང་བསྟན་བཅོས་ཀྱང་མཛད་ལ། དེ་ལས་བརྒྱུད་ནས་དཔལ་མཁའ་སྤྱོད་པས་ཀྱང་གདམས་ངག་གི་ཡི་གེ་མཛད་ཅིང་གཞན་ལ་རྒྱ་ཆེར་བསྟན་ཏོ། ཆོས་རྗེ་རང་བྱུང་བས་ཨ་མེས་བྱང་ཆུབ་རྡོ་རྗེ་ལ་གནང༌། དེས་རང་གི་སྲས་ཆོས་རྗེ་རི་མི་འབབས་པ་བསོད་ནམས་རིན་ཆེན་ལ་གནང༌། དེས་བདག་ལ་གནང་ངོ་ཞེས་བྱ་བ་ནི་ཕྱོགས་གཅིག་གོ །ཡང་དམ་པ་དབུས་པ་ཞེས་བྱ་བ་གསང་སྔགས་གསར་རྙིང་གཉིས་ཀའི་གཞུང་གདམས་པ་ལ་མཁས་ཤིང༌། ཞི་བྱེད་རྫོགས་ཆེན་སོགས་ཀྱི་གདམས་པ་ཡང་མངའ་བ་དེས་དང་པོར་མ་གཅིག་ལ་གཅོད་ཀྱི་གདམས་པ་ཞུས། ཡུམ་གཤེགས་ནས་སྲས་རྒྱལ་བ་དོན་གྲུབ་ལ་ལོ་བཅོ་བརྒྱད་བརྟེན། གདམས་པའི་ཡི་གེ་ཡང་མཛད་ཅིང་ཆོས་ཀྱི་བདག་པོར་གྱུར་ཏོ། དེས་བླ་མ་རྡོ་རྗེ་བདེ་བ་ལ་གནང་སྟེ། དེ་ནི་སྔགས་པ་ནད་རྒྱས་ཀྱི་གཏད་འོག་ཏུ་ཆུད་པ་ལུས་ངན་པར་གྱུར་པ་དམ་པ་དབུས་པའི་སྙན་པ་ཐོས་ཏེ་གཅོད་ཀྱི་གདམས་པ་ཞུས་ནས་ཉམས་སུ་བླངས་པས། བྲག་ཕུག་འདྲེ་ཅན་ཞིག་ཏུ་བཞུགས་པས་དང་པོར་མི་ནག་པོ་ཅིག་དང་འཛིངས། སྟོང་ཉིད་ཡིད་ལ་བྱས་པས་དེ་ལས་རྒྱལ། སྣ་ནས་སྦྲུལ་མཐོན་སོང་བས་རྗེས་ལ་སྣ་ཁྲག་མང་དུ་ཟགས་པ་རྨིས་པའི་དེ་མ་ཐག་གནས་ལུགས་ཀྱི་རྟོགས་པ་འཁྲུངས། ལུས་ཀྱང་རྟ་བས་མགྱོགས་པར་གྱུར་ཏོ། དེས་སྒོམ་པ་གཞོན་ནུ་ཡེ་ཤེས་ལ་གནང་སྟེ། དེ་ཡང་གདམས་ངག་མང་དུ་ཡོད་ཀྱང་ནད་ཀྱིས་མནར་བ་ཞིག་རྡོ་རྗེ་བདེ་བ་ལ་གཅོད་ཀྱི་གདམས་ངག་ཞུས། གཉན་ས་མང་པོ་འགྲིམས། ནད་ལས་རྒྱལ། རྟོགས་པ་འཁྲུངས། གཅོང་ཅན་མང་དུ་གསོསསོ། །དེས་བླ་མ་མི་བསྐྱོད་རྡོ་རྗེ་ལ་གནང༌། དེ་ནི་སྙེ་མོ་མཁའ་རུ་ཐོག་ཏུ་འཁྲུངས། དེ་ནི་སྔགས་པ་ཡིན་པ་ཅིག་བམ་སྒྲུབ་ཉེས་ནས། ལུས་གཅོང་གིས་ཟིན་པས་བླ་མ་གཞོན་ནུ་ཡེ་ཤེས་ལ་གཏུགས་ནས་གཅོད་ཀྱི་གདམས་པ་ཞུས་ཤིང་ཉམས་སུ་བླངས་པས་ཁམས་དྭངས། གཅོང་ཅན་མང་དུ་སོསསོ། །དེས་བླ་མ་སངས་རྒྱས་སྟོན་པ་ལ་གནང་སྟེ། དེ་ནི་འཁྲུངས་ཡུལ་སྒོང་མའི་ཀོ་རུ་བ། གྲོ་སར་རབ་ཏུ་བྱུང༌། ཕར་ཕྱིན། བདེན་གཉིས། རྨ་སོ་སྐམ་གསུམ་གྱི་ཆོས་སྐོར་ལ་སོགས་མཁས་པར་མཁྱེན། མི་བསྐྱོད་རྡོ་རྗེ་ལ་གཅོད་ཀྱི་གདམས་པ་རྣམས་ཞུས། དེ་རྣམས་ཀྱི་དོན་བརྒྱུད་མ་ལུས་པར་གསན་ཞིང་རྟོགས་པ་མང་དུ་འཁྲུངས། དེས་བླ་མ་ལུང་ཕྲན་པ་ཆེན་པོ་ལ་གནང༌། དེ་ཡང་དུས་འཁོར་དང་ཕར་ཕྱིན་མཁས་པར་མཁྱེན། མི་བསྐྱོད་རྡོ་རྗེ་ལ་གདམས་པ་གསན་ཞིང་རྩལ་ཐོན་པར་མཛད་དོ། བཙུན་གྱི་ལུང་བླངས་ནས་བཟླས་བསྙེན་མཛད་པ་ལས་རིང་པོར་མི་ཐོགས་པར་ཞལ་མངོན་སུམ་དུ་གཟིགས་ཏེ། སློབ་དཔོན་དང་སློབ་མ་དག་བཞིན་དུ་དྲི་ཞིང་ལན་གདབ་པ་མཛད་པས་ཆོག་པ་དང༌། ཕལ་ཆེར་མངོན་དུ་ཕྱོགས་པས་གནང་བར་མཛད་པ་ཞིག་གོ །རྗེ་བཙུན་དེས་བྱ་བྲལ་ལ་ཞུགས་ན་ད་ལྟར་གྱི་གནས་སྐབས་ལས་བསྟན་པ་ལ་ཆེས་ཕན་པ་ཆེན་པོར་འགྱུར་བར་ལུང་བསྟན་པས་གསུང་བཞིན་དུ་བསྒྲུབ་ཏེ། འཁོར་འགའ་ཞིག་དང་ལྷན་དུ་འོལ་ཁར་ཕེབས་ཏེ། དེ་ནས་མོན་བུམ་ཐང་གི་མཐར་ཐུག་པའི་དབེན་པ་རྣམས་སུ་ཐུགས་དམ་ལ་བཞུགས། དེའི་ཚེ་བཀའ་གདམས་ཀྱི་གདམས་པ་སྐུ་ཉམས་སུ་བཞེས་པས་ཐུགས་རྒྱུད་ཤིན་ཏུ་མཐོ་བར་གྱུར་པའི་མཁན་ཆེན་ཆོས་སྐྱབས་བཟང་པོ་དང༌། གསང་བའི་བདག་པོའི་སྐུ་དང་གསུང་དང་ཐུགས་ཀྱི་སྣང་བས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལས་སྐད་ཅིག་ཀྱང་མི་གཡོ་བར་གྱུར་པའི་མཁན་ཆེན་ལས་ཀྱི་རྡོ་རྗེ་གཉིས་ལས་དཔལ་མར་མེ་མཛད་ཡེ་ཤེས་ལས་འོངས་པའི་ལམ་གྱི་རིམ་པ་དག་གསན་ནས་སྐུ་ཉམས་སུ་བསྟར། རེ་ཤིག་གཉལ་གྱི་མི་ལའི་རྩར་ཞགས་མཛད་པས། ཁྱོད་སངས་རྒྱས་འཇིག་རྟེན་བྱོན་པ་དང་འདྲ་བ་ཅིག་འོང་བར་ཤེས་བར་གྱིས་ཤིག་ཅེས་པའི་ལུང་བསྟན་པ་བརྙེས། ཡི་དམ་གྱིས་ཀྱང་འདུལ་བའི་བསླབ་པ་ལ་བརྟེན་ནས་གཞན་ལ་ཕན་པ་ཆེན་པོར་འགྱུར་བར་ལུང་བསྟན་པས་ཐོག་མར་དཔོན་སློབ་རྣམས་ཀྱི་བླ་གོས་དྲས་ཤིང་དྲུབས་པ་དང་ལྷུང་བཟེད་དང་གདིང་བ་ལ་སོགས་པའི་ཡོ་བྱད་རྣམས་བསྣམས་ནས་གཞན་དག་གིས་མཐོང་བ་ན། རབ་ཏུ་བྱུང་བའི་ཚུལ་ནི་འདི་ལྟ་བུ་ཞིག་ཁོ་ནའོ་ཞེས་ཡིད་ཆེས་པར་འགྱུར་བར་མཛད་ནས། ཕྱིས་ནི་ལོ་རེའི་ཟླ་རེ་ཙམ་ཆོས་ཉན་པར་རྩོལ་པའི་སློབ་མ་དག་ཀྱང་འདུལ་བའི་ཀུན་ཏུ་སྤྱོད་པ་ལ་བཀོད་པས་མངོན་སུམ་དུ་གྱུར་པ་ལྟ་ཞོག །རྒྱང་རིང་པོ་ནས་ཐོས་པ་དག་ཀྱང་སྤུ་ལང་གཡོ་བས་ཕྱོགས་ཐམས་ཅད་དུ་སྙན་པས་ཁྱབ་སྟེ་འགྲན་ཟླ་མེད་པར་གྱུར། སོ་སོ་ཐར་པ་ཙམ་གྱི་ཆོག་མི་ཤེས་པར་སློབ་མ་རྣམས་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་ལ་བཀོད་དེ། དེའི་བསླབ་པའི་གནས་ངག་ལ་ཇི་ལྟར་སློབ་པའི་ཚུལ་གྱི་བསྟན་བཅོས་ཀྱང་མཛད། བྱང་ཆུབ་སེམས་དཔའི་བསླབ་པའི་གནས་ལ་བསྐལ་པ་བྱེ་བར་བརྩོན་པར་བྱས་ཀྱང་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་དང་མི་ལྡན་ན་འཁོར་བའི་རྒྱ་མཚོ་ལས་བརྒ་བར་མི་ནུས་སོ་ཞེས་དགོངས་ནས། དེ་དག་གི་ཚུལ་ལེགས་པར་སྟོན་པའི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་གདམས་ངག་ཀྱང་ཡི་གེར་མཛད། དེ་ལྟ་བུ་དེ་ལ་ལམ་གྱི་ཆ་རགས་པ་ཚང་ཡང་ཚེ་གཅིག་ཉིད་ལ་སངས་རྒྱ་བའི་སྔགས་ཀྱི་ཚུལ་ལ་འཇུག་དགོས་པར་དགོངས་ནས། དང་པོར་བླ་མ་བསྟེན་པའི་ཚུལ་དང༌། དེ་ནས་བླ་མས་གནང་བའི་དམ་ཚིག་དང་སྡོམ་པ་ཇི་ལྟར་བསྐྱང་བ་དང༌། དབང་བསྐུར་བ་སྔོན་དུ་འགྲོ་བས་རིམ་པ་གཉིས་ལ་ཇི་ལྟར་སློབ་པའི་ཚུལ་གྱིི་ལམ་གྱི་རིམ་པ་དང༌། བྱེ་བྲག་ཏུ་དཔལ་གསང་བ་འདུས་པའི་རྒྱུད་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་གཙོ་བོར་མཛད་པའི་གདམས་པ་དང་རྗེས་སུ་བསྟན་པའི་བསྟན་བཅོས་མང་དུ་མཛད། དེ་ཡང་དང་པོར་ཡུལ་ཕྱོགས་ཇི་ལྟར་རིགས་པ་རྣམས་སུ་ཞུ་ཞིང་གཞན་གྱི་དོན་མཛད་པ་ལས། ས་མོ་གླང་གི་ལོ་ཤ་བ་ལ་སྨོན་ལམ་ཆེན་མོ་མཛད་ཅིང༌། འདུས་པའི་སྐྱེ་བོ་རྣམས་ལ་ཆོས་ཀྱི་སྣང་བ་ཡང་བསྩལ་ནས། ལོ་དེ་ཉིད་ལ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་བཏབ། དེ་ནས་ཤིང་མོ་ལུག་གི་ལོ་ལ་འོན་གྱི་བཀྲ་ཤིས་དོ་ཁར་ཕེབས་ནས་སྔགས་མཚན་ཉིད་ཀྱི་ཆོས་ཀྱི་འཁོར་ལོ་མང་དུ་བསྐོར། སྡེ་སྣོད་འཛིན་པ་ཉུང་རག་ཤིག་བསྡུས་ནས་དཀའ་བའི་གནས་རྣམས་ཀྱང་གཏན་ལ་ཕབ། ཟླ་བ་གཉིས་ལྷག་ཙམ་ཞིག་བཞུགས་ནས། སླར་དགེ་ལྡན་དུ་ཕེབས་ཏེ་ཕྱིའི་མཆོད་ཁང་དང་ནང་དུ་རིན་པོ་ཆེ་ལས་གྲུབ་པའི་སྔགས་ཀྱི་དཀྱིལ་འཁོར་ལེགས་པར་བཞེངས། ས་མོ་ཕག་གི་ལོ་ལ་སྟོད་ལུངས་ཀྱི་ཆབ་ཚན་ལ་ཐེགས། དེ་ནས་དཔལ་འབྲས་སྤུངས་ཀྱི་གཙུག །(སྒྲིག་པ་པོའི་མཆན། དབུས་ཀུན་བདེ་གླིང་གི་ཤིང་བརྐོས་པར་མ་ལས། “བཙུན་གྱི་ལུང་བླངས་ནས་བཟླས་བསྙེན་མཛད་པ་ལས་རིང་པོར་མི་ཐོགས་པར་ཞལ་མངོན་སུམ་དུ་གཟིགས་ཏེ་་་་་་་་ཞེས་པ་ནས། དེ་ནས་དཔལ་འབྲས་སྤུངས་ཀྱི་གཙུག” ཞེས་པའི་བར་གྱི་དུམ་བུ་འདིར་ཨ་མདོ་མདོ་སྨད་ཆོས་གྲྭའི་ཤིང་པར་ལས་མི་འདྲ་བའི་དུམ་བུ་ཞིག་བྱུང་བ་འདི་ལྟར། “དེས་བླ་མ་སྟན་གཅིག་པ་གཞོན་ནུ་ཚུལ་ཁྲིམས་ལ་གནང༌། འདི་ལ་ཇོ་སྟན་ཐང་བ་ཞེས་ཀྱང་བྱ། དང་པོར་ཐང་སག་ཏུ་བྱོན་ནས་རབ་ཏུ་བྱུང༌། དབུ་མ་ཚིག་གསལ་བསླབས། དབུ་མ་འཇུག་པ། གསང་སྔགས་འཕགས་སྐོར་རྣམས་གྲིའི་ལུམ་པར་བསླབས། བླ་མ་ཐར་པ་བ། དཔྱལ་ལོ་ཙཱ་བ་ལ་མངོན་པ་གོང་འོག་དང༌། ཕར་ཚད་བསྡུས་གསུམ་དང༌། དུས་ཀྱི་འཁོར་ལོའི་སྒྲུབ་འགྲེལ་གདམས་པ་དང་བཅས་པ། ཕག་མོ་དཔྱལ་གྱི་ཆོས་དྲུག །གཤེད་དམར་ལ་སོགས་པ་སྔགས་ཀྱི་རྒྱུད་སྒྲུབ་ཐབས་མང་དུ་གསན། དེ་ནས་ཇོ་སྟན་ཚོགས་པའི་གསེབ་ན་བཞུགས་ཀྱི་ཡོད་པ་ལ་གཅོང་གིས་ཐེབས་ནས་བླ་མ་ལུང་ཕྲན་པ་ལ་གཅོད་ཀྱི་གདམས་པ་རྣམས་ཞུས། དུར་ཁྲོད་གཅིག་ཏུ་བསྒོམས་པས་སྔར་གྲང་ཡང་ན་དྲོ་ཡང་ན་བ་ལ། དེར་ཕོ་བ་ལ་རྡོ་གྲང་བསླན། ཆུ་འཁྱགས་བཏུངས། གཅེར་ཉལ་བྱས། ན་རྒ་ཤི་སྐྱིད་ལ་བཏང༌། ཉམས་ལེན་བྱས་པས་ཞག་བཅུ་གཅིག་ལ་ཁ་ནས་དྲི་མི་ཞིམ་པ་ཞིག་བྱུང༌། ཞག་བཅུ་གཉིས་ཀྱི་ནམ་ཕྱེད་ནས་ནད་ཐམས་ཅད་སྐྱུགས། ཞོག་ཕྱེད་ཙ་ན་སངས་ཐོན། ཟླ་བ་ཕྱེད་ན་ཁྲིད་ཚར་བ། ནད་སོལ་བ། ཐུགས་དམ་འཁྲུངས་པ་དུས་གཅིག་ལ་བྱུང༌། གཞན་ཡང་ཚད་ནད་དང་མཉལ་ལྷོག་དང་ཐོགས་བཅས་ཐོགས་མེད་ཀྱི་བདུད་ཅི་བྱུང་ཡང་ན་རྒ་ཤི་སྐྱིད་ལ་བཏང་ནས་ཐོག་འགེལ་དྲག་པོ་བྱེད་ཅིང་ཉམས་སུ་བླངས་པས་ནད་གདོན་ཐམས་ཅད་རང་ཞི་ལ་སོང༌། སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་མཛད་དེ་སྐྱམ་གྱི་གསེར་ལུང་དུ་བཞུགསསོ། །དེས་བླ་མ་བསམ་གཏན་དར་ལ་གནང༌། ཁོང་ཡུལ་གཡེའི་ཟིམ་ཤི་ཕུ། ཡབ་སྦོར་དབོན་སེང་དང་ཡུམ་ཇོ་མོ་བསམ་མེ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་ན་གཞོན་ནུ་ནས་དད་པ་དང་སྙིང་རྗེ་དང་ཤེས་རབ་བསམ་གྱིས་མི་ཁྱབ་པ་མངའ། བླ་མ་ཇོ་སྟན་པའི་སར་རབ་ཏུ་བྱུང་ནས་གསང་འདུས་འཕགས་སྐོར། ནཱ་རོ་འགྲེལ་ཆེན། དབུ་མ་ཚིག་འཇུག་སྟོང་གསུམ། དོ་ཧ་སྐོར་གསུམ། སྤྱོད་འཇུག་རྣམས་མཁས་པར་བསླབས། སྦྱོར་དྲུག་ཐར་ལོ་ལུགས། རིམ་ལྔ་དམར་ཁྲིད་སྐོར། ཐུགས་རྗེ་ཆེན་པོའི་དམར་ཁྲིད། ཕྱག་ཆེན་གང་གཱ་མ། བློ་སྦྱོང༌། གཅོད་ཡུལ་ལེའུ་ལག །གནང་ཐེམས་བཀའ་རྒྱ་མ་ལ་སོགས་པ་གཅོད་སྐོར་རྣམས་ཚང་བར་ཞུས། ཉམས་མྱོང་ཡང་ཐད་ཀར་བསྐྱངས། གསེར་ལུང་དུ་ཆོས་གསན་འཕྲོ་ལ་བསྙུང་ནད་དྲག་པོས་བློ་བུར་དུ་བཏབ་ནས། རི་ཁྲོད་ཅིག་ཏུ་སྐྱོལ། གཅོད་བྱེད་གསུངས་པས། གྲོགས་མཆེད་ཀུན་གྱིས་གཉན་ཁྲོད་དུ་ཁུར་ནས་བསྐྱལ། དེར་གཅོད་བསྐྱངས་པས། ཉམས་མྱོང་སྐྱེས། ཡང་གཡམ་བཟངས་ཁྲི་དཔོན་བྱང་ནས་ཕེབས་ཤིང་མར་གདན་དྲངས་པའི་སར་མཇལ་འགྲོ་དགོངས་ནས་བྱོན་པས་ཤུགས་ཀྱི་ལམ་ཁ་ཅིག་ཏུ་གནམ་གདོན་ཅར་ཕོག་རྒྱབ། འབྱོན་མ་ཤེས་པས་ཞབས་ཏོག་པས་ཁུར་ནས་ལམ་ཞོགས་ཀྱི་རིའུ་རིལ་ཁྲོད་གཅིག་ཏུ་བསྐྱལ། ལྷ་རྗེ་ལ་རྩ་བསྟན་པས་སྨན་བཅོས་ལ་འབུངས་ན་འཚོ་ཨེ་སྲིད་ཟེར་བས། སྨན་མི་བྱེད་དགེ་སྦྱོར་ཅིག་བྱེད་གསུངས་ནས། དེ་ནས་གྲི་མདོའི་ཞོགས་ཀྱི་བྲག་ཕུག་གཅིག་ཏུ་ཁུར་ནས། གདན་དྲངས། དེར་ཡང་ལྷ་རྗེ་བོས་པས་ད་གསོལ་བ་མི་ཐེབས་པར་འདུག་ཟེར། ཁྱེད་ཚོ་ངའི་ཐོ་ཕྱིར་མ་འདུག་གསུང་ནས་བསྐྲད་དེ་ན་དགའ་ཤི་སྐྱིད་ལ་བཏང་བས་སང་དེ་ནས་ཅུང་དྭངས། དེ་ནས་ཞག་གསུམ་བཞི་ན་གཡམ་བཟངས་བའི་ཁྲི་ཆུང་འོད་ཀྱིས་ལྷ་རྗེ་ཁྲིད། ཤ་ཁོག་གསུམ་བཞི་ཁྱེར་ནས་བྱོན་པས་ལྷ་རྗེས་རྩ་བལྟས་པས་ནད་སོལ་འདུག་ངོ་མཚར་ཆེ་ཟེར། སྐུ་ཁམས་སྔར་བས་བཟང་བ་ཞིག་བྱུང༌། ཐར་པ་གླིང་བ་ལ་སྒྲོལ་མ་དཀར་མོའི་ཚེ་སྒྲུབ་སྐོར་དང་ཁྲིད་ཆེན་བརྒྱད་སོགས་མང་དུ་ཞུས། བླ་མ་བློ་གྲོས་དཔལ་བ་ལ་གསང་འདུས། གཤེད་དམར། རྡོ་རྗེ་ཕྲེང་བ་ལ་སོགས་ཀྱི་དབང༌། སྦྱོང་རྒྱུད་ལ་སོགས་པའི་རྒྱུད་ཀུན་གསན། བླ་མ་རིན་ཆེན་སེང་གེ་བ་ལ་དུས་འཁོར་ཡོངས་རྫོགས་ཀྱི་དབང༌། ཀྱེའི་རྡོ་རྗེའི་ཡབ་བཀའ་ཡུམ་བཀའ་ལམ་འབྲས་ཆ་ལག་དང་བཅས་པ་གསན། དགུང་ལོ་སོ་གཅིག་ལ་བླ་མ་ཇོ་སྟན་པའི་གདན་སར་བྱོན་ནས”། ) ལོ་ཉི་ཤུའི་བར་ལ་ཉན་བཤད་དུས་བཞིའི་ཆོས་མ་ཆག་པར་གསུངས། དམར་རོ་མཚོ་ནག །ཡར་ལྷ་ཤམྦུ་ལ་སོགས་པའི་གཉན་ཁྲོད་སྐོར་ཞིང་གཅོད་མཛད། དེ་ནས་གཡའ་ཕག་གི་དུས་མ་བདེ་བས་ཐུགས་ཅུང་མ་བདེ་བས་ལྡན་མཁར་དགའ་ལྡན་བཏབ། བླ་མ་ཆོས་དཔལ་དགོན་པོ་ལ་དུས་འཁོར་གྱི་དབང་ཡོངས་རྫོགས། སྦྱོར་དྲུག་ཇོ་ནང་ལུགས། ཨུ་རྒྱན་བསྙེན་སྒྲུབ་ལ་སོགས་མང་དུ་ཞུས། དྲུང་ཆོས་རྗེ་བ་ལ་མཁན་ཆེན་བུའི་སྦྱོར་དྲུག །སྲོན་ལུགས། གསང་འདུས་ཀྱི་དབང༌། བཤད་བཀའ། རིམ་ལྔའི་དམར་ཁྲིད་ནག་ཁྲིད་དང་བཅས་པ་ལ་སོགས་པ་མང་དུ་ཞུས། བླ་མ་རྟོགས་ལྡན་པ་ལ་རི་ཆོས་སྐོར་བསྙེན་སྒྲུབ་དང་ཐབས་ལམ་གྱི་སྐོར་མང་དུ་ཞུས། བསྙུང་བ་སོགས་ཅི་བྱུང་ཡང་སྨན་བཅོས་རིམ་གྲོ་མི་མཛད་པར་གཅོད་འབའ་ཞིག་མཛད། དགོན་པར་རི་མི་འབབས་ལ་ཞུགས་ཏེ་སྙན་པས་ཕྱོགས་བཅུར་ཁྱབ་བོ། དེ་ལ་ཆོས་རྗེ་མི་ཉག་པ་རིན་ཆེན་རྒྱལ་མཚན་གྱིས་གསན། དེ་ལ་ཐེལ་ཆོས་སྒོང་སྨེན་འདོར་བས་གསན་ནོ། མོ་གཅོད་ཀྱི་སྐབསསོ། ། ༡༣.༢ ཕོ་གཅོད་ཀྱི་སྐབས། ཕོ་གཅོད་དུ་གྲགས་པ་ནི། ཡར་ཀླུངས་ཀྱི་སྨ་ར་སེར་པོས་རྒྱ་གར་ཤར་ནུབ་ཏུ་བྱོན་ཡང་འདོད་པ་བཞིན་གྱི་ཆོས་མ་བྱུང་བར། དེ་ནས་ཚོང་པ་དང་འགྲོགས་ཏེ་བོད་དུ་འོངས་པའི་ལམ་དུ་ཨ་ཙ་ར་ཅིག་དང་ལྷན་དུ་བྱུང་སྟེ་ཕྱི་ནང་གང་ཡིན་ངོ་མ་ཤེས། ཁོང་གི་ཟླ་ལ་དགེ་བཤེས་དངོས་གྲུབ་བྱ་བ་ཡོད་པས་དེ་ལ་ཆུ་ཤིང་གི་མཁར་བའི་ལོགས་བཞི་ལ་རི་མོ་མང་པོ་ཡོད་པ་ཅིག་ཡོད་པས། ཨ་ཙ་རས་འདིར་ཐོང་དང་གསུང་བས་བཏངབས། འདི་མུ་སྟེགས་རྫུ་འཕྲུལ་སྟོན་པའི་ལག་ཆ་ཡིན། ངས་ཀྱང་ཤེས་ཏེ་དགོས་པ་མེད་གསུང་ནས་བཅག །ཨ་ཙ་ར་ཟླ་བོ་ལ་སུ་ཡིན་དྲིས་པས་དམ་པ་ཡིན་ཟེར། དེར་ཡིད་ཆེས་ནས་ཁོང་གཉིས་ཀྱིས་ཆོས་ཞུས་པས། དངོས་གྲུབ་ལ་ཕྱིའི་སྣང་བ་ནང་དུ་མ་ལེན་བྱ་བ་ལ་སོགས་པའི་ གདམས་པ་གསུངས་པས་ཁོ་དེ་ལ་ངེས་ཤེས་རྙེད་ནས་རྩ་བའི་བླ་མར་འཛིན། སྨ་རེ་སེར་པོས་ཆོས་ཞུས་པས་ཁྱོད་འདོད་པའི་ཆོས་ཤིག་གཟོད་འོང་གསུང་བས། དམ་པའི་ཕྱི་བཞིན་འབྲངས་ནས་ལྡོག་སྟག་རིས་སུ་སླེབ། དམ་པས་འགྲོན་ཁང་ཅིག་ཏུ་བཞུགས་པ་ལ། བྱིན་རླབས་ཞུ་བ་མང་དུ་བྱུང༌། ཁྱད་པར་མིག་ལོང་བ་དང་རྣ་བ་འོན་པ་སོགས་མང་པོ་འཕྲལ་ལ་སོས་པས། དེར་སྐྱོ་ཤཱཀྱ་ཡེ་ཤེས་ཆོས་འཁོར་ལ་བྱོན་པའི་ཕྱིར་མྱང་སྟོད་པའི་ཕྱུག་པོ་ཅིག་གི་བུ་མཛེ་མགོ་མ་བྱུང་བ་གཉིས་སྐྱོ་ལ་གཏད་ནས་ཡོད་པ། སྐྱོ་སྐུ་བསོད་ཀྱིས་གཡེངས་ནས་བྱིས་པའི་ཁམས་ལ་བསྐྱེད་མ་བྱུང༌། དེར་དམ་པས་ནད་འཕྲལ་དུ་སོས་པའི་ངོ་མཚར་འདུག་པ་ཐོས་ནས། སྐྱོས་དམ་པ་ལང་ལ་བྱིས་པ་ལྷ་འདྲེའི་ཟ་འཕྲོ་གཉིས་ཡོད་པས་ཁྱེད་ཀྱིས་བྱིན་གྱིས་རློབ་པར་ཞུ་བྱས་པས། དམ་པའི་ཞལ་ནས། སྨ་ར་སེར་པོ་ལ་ཁྱོད་རང་འདོད་པའི་ཆོས་ད་འོང་གསུང་ནས་སྐྱོ་དཔོན་སློབ་གསུམ། སྨ་ར་སེར་པོ་དང་བཞི་ལ་གཅོད་ཀྱི་གདམས་པ་གནང༌། གདམས་པ་དེ་ལ་མིང་བྲུལ་ཚོ་དྲུག་པ་ཞེས་བྱ་བ་དེ་ཡི་གེར་བཏབ། ཞལ་གདམས་ཡི་གེར་མ་བཏབ། བྱིས་པ་གཉིས་ཀྱིས་ཀྱང་ཉམས་སུ་བླངས་པས་ནད་སོས་ནས་སྒྲུབ་པ་པོ་རེ་རེ་བྱུང༌། སྐྱོས་ནི་གཞན་ལ་མ་སྤྲེལ་བར་རང་གིས་ཉམས་སུ་བླངས། བརྒྱུད་པ་ཆད་ཀྱིས་དོགས་པས་དབོན་པོ་བསོད་ནམས་བླ་མ་གཅིག་པུ་ལ་གནང༌། དེས་ཁམས་ལ་བྱོན་ནས་ཡར་འཁོར་བའི་ལམ་དུ་ལབས་སྒྲོན་ལ་བྲུལ་ཚོ་བཞི་གནང༌། སྨ་ར་སེར་པོས་ཀྱང་གཞན་ལ་མ་སྤྲེལ་བར་ཧང་བུའི་ཕག་མོ་དང་གཅོད་གཉིས་ལ་རྒྱུན་གྱི་ཉམས་ལེན་བྱས། བགྲེས་ཁར་རང་གི་ཉེ་གནས་སྨྱོན་པ་བེ་རེ་ལ་ཚང་བར་གནང༌། ཁྱོད་རང་ཉམས་སུ་ལོངས་ལ་སུ་ལ་ཡང་མ་བྱིན་གསུང༌། དེའི་ཚེ་ལྕེ་སྟོན་དང་ཕུག་སྟོན་གཉིས་ཕུ་ཐང་ན་ཤ་སྟོན་རྡོར་འཛིན་གྱི་གྲྭ་ས་ན་ཡོད་པ་ལ། ལྕེ་སྟོན་ན་བ་ལ། བེ་རེ་ཆོས་དེ་ལ་ཉམས་ལེན་བྱེད་པའི་རྒྱུས་ཡོད་པས་བསྙད་པས། ཤ་སྟོན་ན་རེ། ཁོང་ལ་གདམས་པ་ཞུར་འགྲོ་ཟེར་བ་ལ། རི་ཁྲོད་ཕུག་སྟོན་གྱི་ཞལ་ནས། སློབ་དཔོན་ཆོས་འཕྲོ་བཅད་ནས་འབྱོན་པ་ག་ལ་འོང༌། ང་ཉམས་ལེན་པ་ཡིན་པས་གནང་འོང་བས་ཞུར་འགྲོ་ཡི་ཟེར། རྡོར་འཛིན་གྱི་ཞལ་ནས། འོ་ན་ངའི་གྲོགས་པོ་ལྕེ་སྟོན་ལ་ཞུ་གྲོགས་ཚོལ་ལ། ཁྱེད་ལ་དམ་པ་ནས་བརྒྱུད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གདམས་པ་ཕྱིན་ཅི་མ་ལོག་པ་ཅིག་ཡོད་པར་འདུག །བདག་ལ་དེ་གནང་བར་ཞུ་གྱིས་ལ་ཞུས་ཤིག་ཟེར། བུག་སྟོན་གྱིས་དེ་ཁོ་ན་བཞིན་དུ་བྱས་ནས་ཞུས་པས། བླ་མ་བེ་རེ་སྨྱོན་པའི་ཞལ་ནས་ངའི་ཆོས་འདི་སུ་ལ་ཡང་རྒྱུས་མེད་པ་ལ་ཁྱོད་ལ་འདྲེས་བཤད་དམ་གསུང༌། ཡང་ཁྱེད་ཆོས་ཉམས་སུ་ལེན་ངེས་ཤིག་ཡིན་ནམ་གསུངས། ཉམས་སུ་ལེན་པ་ལགས་ཞུས་པས་གཞུང་བྲུལ་ཚོ་དྲུག་ངོ་སྤྲོད་ཞལ་གདམས་དང་བཅས་པ་གནང༌། དེ་ནས་སྐྱི་ཚང་དུ་ཉམས་ལེན་མཛད་ཅིང་བཞུགས་པ་ན་སློབ་དཔོན་ཤ་སྟོན་གྱིས་མི་བཏང་བྱུང་བས་ཕུ་ཐང་དུ་བྱོན་ནས་བྲུལ་ཚོ་གསུམ་གསུངས༌། ཁམས་པ་སྟོན་པ་ཅིག་ལ་བྲུལ་ཚོ་དྲུག་གནང༌། དེའི་ཡིག་མཁན་གྱིས་ཀྱང་བྲིས། དུས་ཕྱིས་རོག་ཤེས་རབ་འོད་ཀྱིས་རི་ཁྲོད་ཞིག་པོའི་སར་བྱོན་ནས་མཚན་བརྗོད་དང་ཕག་མོ་དམ་པའི་ལུགས་ཞུས་པའི་ཚེ། རྣལ་འབྱོར་པ་ཡིག་མཁན་དེ་ལ་གནས་པོ་བཅོལ་པས་ཁོ་ལས་གདམས་པའི་ཁུངས་ཆོད་དེ་ཕུག་སྟོན་ལ་ཞུས་པས། གཅིག་གིས་འབྲེལ་ན་ཀུན་གྱིས་འབྲེལ། ཆ་རྐྱེན་སོགས་ཤིག་གསུང་ནས་བྲུལ་ཚོ་དང་པོ་གནང༌། ཆོས་འདི་ལ་ཆ་ལག་གཞན་མི་བདོག་གམ་ཞུས་པས་གདམས་པ་ཁ་ཡར་ཡོད་དེ་ཕུ་ཐང་དུ་ཤ་སྟོན་རྡོར་འཛིན་ལ་གསུམ་ལས་མ་བྱིན་པས་ད་ཚང་བར་བཤད་ན་ཁོང་མ་དགྱེས་ཀྱི་དོགས་གསུང༌། ཁོང་ལ་ཚང་བར་གནང་གཤའ་བ་ལ་ཞུས་པས། གདམས་པ་ཟབ་ཆེས་པ་དང༌། ཁོང་གི་དེ་ན་མི་མང་པོ་འདུག་པ་ཐམས་ཅད་ཀྱིས་ཡི་གེར་འབྲི་བར་འདུག་པས་ཀྱང་མ་བྱིན། བླ་མར་མི་འཛིན་པར་ཡི་གེ་ཅི་ཐོབ་བྱེད་པར་འདུག་པས་ཀྱང་མ་བྱིན་གསུང༌། བདག་ལ་གདམས་པ་ཁ་ཚང་བ་ཅིག་གནང་བར་ཞུ་བྱས་པས། ཁྱེད་ཀྱིས་འགྲོ་བ་ལ་ཕན་ཐོགས་པར་འདུག་པས་སྦྱིན་ནོ་གསུང་ནས་བྲུལ་ཚོ་དྲུག་པ་ཞལ་གདམས་དང་བཅས་པ་གནང་ནས། ད་གདམས་པ་ལ་ལྷག་མ་ལུས་པ་གཅིག་ཀྱང་མེད་དོ་གསུང༌། ཞལ་གདམས་རྣམས་ཡི་གེར་མ་འདེབས་ཤིག་གསུང་ནས་དགྱེས་བཞིན་དུ་གནང༌། དེས་སུམ་སྟོན་རས་པ་ལ། དེས་བླ་མ་གཉན་སྟོན་ལ། ། ཡང་རི་ཁྲོད་ཕུག་སྟོན་གྱིས་སྐལ་ལྡན་སྲས་མོ་ལ། དེས་གཙང་སྟོན་སྐྱི་ཚང་པ་ལ། དེས་གཉན་སྟོན་ལ། དེས་དབོན་པོ་ཆོས་སྡེིངས་པ་དར་མ་ཤེས་རབ་ལ། དེས་སྐྲིག་སྟོན་སངས་རྒྱས་ལ་གནང་ངོ༌། ཡང་སུམ་སྟོན་རས་པས་སངས་རྒྱས་སྟོན་པ་ལ་གནང༌། དེས་མཁས་བཙུན་གཞོན་ནུ་གྲུབ་མན་ཆད་སྔར་བཞིན་ནོ། སྤྱིར་གཅོད་ཀྱི་སྐོར་འདི་རྣམས་ཤིན་ཏུ་ཁྱབ་ཆེ་ལ། དེ་ལས་རྣམ་ཐར་ལོ་རྒྱུས་ཀྱི་ཡི་གེ་མཐོང་བ་དག་བྲིས་པ་ཡིན་ནོ། ཕོ་གཅོད་ཀྱི་སྐབསསོ། ། ༡༣.༣ ཁ་རག་པའི་སྐབས། གངས་ཅན་གྱི་སྐྱེ་བོ་འདི་དག་ལ་གཙུག་གི་ནོར་བུ་གཅིག་དང་རྣ་བའི་རྒྱན་གཉིས་ཡོད་དེ། གཙུག་གི་ནོར་བུ་ནི་པདྨ་སཾ་བྷ་བའོ། རྣ་བའི་རྒྱན་གཅིག་ནི་ཁ་རག་སྒོམ་ཆུང་ཡིན་ལ། གཉིས་པ་ནི་རྗེ་བཙུན་མི་ལའོ། ཁ་རག་སྒོམ་ཆུང་ནི། གདམས་ངག་གི་རྒྱུན་ཆུ་བོ་གཉིས་འདྲེས་གསོལ་ཞིང་སྒྲུབ་པ་རྩེ་གཅིག་པའི་རྣལ་འབྱོར་པ་ཡིན་ནོ། དེ་ལ་གདམས་ངག་གི་རྒྱུན་གཅིག་ནི་ཨ་རོ་ཡེ་ཤེས་འབྱུང་གནས་ལས་བབ་སྟེ། ཨ་རོ་ནི་སྤྲུལ་པའི་སྐུ་སྟེ། ཆུ་མིག་རིང་མོའི་བྱེ་གསེབ་ཏུ་བུ་ཆུང་དུ་སྤྲུལ་ནས་བཞུགས་པ་ལ། ལྷ་བཙུན་མ་ཅིག་ཁམས་བསེང་དུ་ཕྱིན་པས་མཐོང༌། སྙིང་རྗེ་ཡང་ཁྱེར་ཕྱིན་ན་ཡང་ཁ་བྱུང་གིས་དོགས་ནས། གནས་གཞིའི་དབོན་ལ་འདི་འདྲ་བ་ཞིག་འདུག་སྨྲས་པས། འོ་ན་སྙིང་རྗེ་ལོང་ལ་ཤོག་ཟེར་བས་བླངས། རོ་འདྲ་བར་ཉལ་ཞིང་ཁ་ནས་ཨ་ཨ་ཟེར་བས་ཨ་རོར་བཏགས། ཕྱིས་འགྲོ་ཤེས་ནས་དགེ་འདུན་ཆོས་སྤྱོད་བྱེད་པའི་ཀུན་དགའ་ར་བར་ཕྱིན། དགེ་འདུན་རྣམས་ན་རེ། ཨ་རོ་ཁྱོད་འདིར་ཅི་བྱེད་ཟེར་བ་ལ། ང་ཡང་འདིར་ཆོས་སྤྱོད་བྱེད་བྱས་པས། ཁྱོད་ཀྱིས་ཆོས་ཤེས་སམ་ཟེར་བ་ལ། བདག་གིས་ཆོས་མང་པོ་ཡང་དག་པ་ཤེས་བྱས་པས། འོ་ན་འདི་ཡང་ཤེས་སམ་བྱས་ནས་སྤྱོད་འཇུག་གི་གཞུང་གཅིག་གཏད་པས། ལེགས་པར་བཏོན་བྱུང༌། ཁྱེད་ལ་མ་གྲགས་པའི་ཆོས་ཀྱང་ཤེས་ཟེར་ནས་ཨ་རོ་ལུགས་ཀྱི་གདམས་ངག་གི་མིང་འགའ་ཞིག་བཏོན་པས། དེར་དགེ་འདུན་ཐམས་ཅད་ཧ་ལས་ཏེ། ཨ་རོ་དང་ཨ་རོས་ཏེ་ཡེ་ཤེས་ཀྱི་འབྱུང་གནས་སུ་གདའ་འོ་ཟེར་བས། མཚན་ཡེ་ཤེས་འབྱུང་གནས་སུ་ཆགས། དེས་ཡུན་རིང་བར་བཞུགས་ནས་གདམས་པ་ཟབ་མོས་གདུལ་བྱ་རྣམས་བསྐྱངས་ནས་འགྲོ་བའི་དོན་མཛད། དེའི་སློབ་མ་ཡང་ཁམས་ཀྱི་ཡང་ཟི་བོན་སྟོན། ཁ་རག་གི་བྲུ་ཤ་རྒྱལ་བུ། དབུས་ཀྱི་གྲུམ་ཤིང་ཤེས་རབ་སྨོན་ལམ། གཙང་གི་ཅོག་རོ་ཟངས་དཀར་མཛོད་ཁུར་རོ། །དེས་ལས་ཡ་ཟི་བོན་སྟོན་གྱིས་དབུས་གཙང་དུ་བྱོན་ནས་གཙང་རྒྱན་གོང་གི་གྲུ་གུ་ཀློག་འབྱུང་ལ་བཤད། དེས་བྲེས་ཆུ་བར་གྱི་གླན་སྒོམ་ཚུལ་ཁྲིམས་སྙིང་པོ་ལ་བཤད། དེ་ནི། ངས་རོའི་རྣ་བར་ཆོས་བཤད་ན་རོ་འགུལ། ནམ་མཁའི་བྱ་ལ་སྒོམ་བཏབ་ན་ཡང་ཐེབས་ཞེས་ཟེར། དེས་རྦ་སྒོམ་བསོད་ནམས་རྒྱལ་མཚན་ལ་བཤད། དེ་ནི་ཡུལ་འཕན་ཡུལ་སྤྲས་ཀྱི་འཇུབ། ཇོ་བོ་ཆེན་པོ་རྗེ་ལྷ་གཅིག་དང་མཇལ་ནས་རྟོགས་པ་ཕུལ་བས་དགྱེས་ཏེ། ད་ཁྱོད་ཀྱི་དེ་ལ་བྱམས་པ་དང་སྙིང་རྗེའི་སྣོན་མ་ཅིག་ཐོབ་ལ་བསྒོམས། བསྒོམས་སྐྱོན་བྱུང་ན་བྱམས་པ་དང་སྤྱན་རས་གཟིགས་འཆོས་པ་ལ་འོང་གི་གསུང༌། ཇོ་བོས་བོད་ཀྱི་རྩོམ་པ་འགའ་རེ་གཟིགས་པས་དགྱེས་རྒྱུ་ཙམ་མ་བྱུང་བ་ལ། ཨ་རོའི་ཐེག་ཆེན་རྣལ་འབྱོར་གཟིགས་པས། འདི་ཚིག་སྙན་ངག་ཆེ་དོན་ཤིན་ཏུ་བཟང་གསུང་ནས་དགྱེས། རྦ་སྒོམ་དེ་པུ་ཏོ་པའི་ཡབ་ཀྱི་མཆོད་གནས་ཡིན་པ། པུ་ཏོ་བས་རྭ་སྒྲེང་དུ་མ་བྱོན་གོང་དུ་ཁོང་ལ་སྒོམ་གྱི་གདམས་པ་ཞུས་པས། ཁོང་གི་ཞལ་ནས། ཐོས་པ་ཨེན་རེ་མ་བྱས་པའི་སྒོམ་དེ་ཡང་མཚན་ཁུང་བས་ཕུགས་ཐག་ཐུང་བ་ཅིག་འོང་གི་འདུག་གསུང༌། ཕྱིས་པུ་ཏོ་བ་དགེ་བཤེས་ཆེན་པོར་གྱུར་པའི་ཚེ་ན་རྦ་སྒོམ་གྱི་ཆོས་དེ་ཅི་འདྲ་ཞིག་ཡིན་ནམ་སྙམ་དུ་དགོངས་པ་ལ། མནལ་ལམ་རྟགས་ཅན་ཞིག་བྱུང་བས། རྦ་སྒོམ་གྱི་ཆོས་དེ་ཡང་ཡང་དག་པ་ཅིག་ཡིན་པ་འདུག་གསུང༌། དེའི་སློབ་མ་ཁ་རག་སྒོམ་ཆུང་སྟེ། དེ་ནི་ཡུལ་གཙང་སྟོད་ཀྱི་དུང་ཞུར་བྱ་བ་ན། སྒོམ་པ་དཀོན་མཆོག་རྟེན་བྱ་བ་ལ་བུ་བལ་པོ་དབང་རྡོར། དེ་འོག་ཤྭ་དབང་རྭ། དེ་འོག་སྒོམ་པ་དབང་ཕྱུག་བློ་གྲོས་ཏེ་གསུམ་ཡོད་པ་ལས། དབང་ཕྱུག་བློ་གྲོས་ནི། ཆུང་ངུ་ནས་དད་པ་ཆེ། ཅིས་ཀྱང་རབ་ཏུ་འབྱུང་དགོས་ཏེ་སྙམ་པའི་ཞེས་བཅད་ཀྱང་ཡོད་པ། བེའུ་ཀླུའི་ཡེ་ཤེས་བྱ་བ་ཐོད་ཕུ་པ་ཅིག་ཡོད་པས་དེ་ལ་རྫོགས་ཆེན་གྱི་གདམས་པ་མང་དུ་ཞུས་ནས། འཕྱིལ་ཕུའི་སྒོམ་ཁང་དུ་སྒོམ་པའི་གཡོག་པོ་བལ་པོ་དབང་རྡོར་གྱིས་བྱེད་ཀྱི་ཡོད་པའི་དུས་སུ། བྲག་དཀར་རྩི་ཅན་ལ་རྦ་སྒོམ་བཞུགས་ཡོད་པའི་དུས་སུ་ཇོ་བོ་བཟང་པོ་གདམས་ངག་ཅན་ཅིག་འདུག་ཟེར་ནས། བལ་པོ་དབང་རྡོར་གྱིས་ཞལ་བལྟར་ཕྱིན་པས་མཇལ་བ་དང་ཆོས་ཀྱི་གླེང་བསློང་བྱས་པས་ཇོ་བོ་གདམས་ངག་ཅན་ཅིག་འདུག་སྙམ་ནས་མོས་པ་ཅིག་བྱུང༌། དབང་རྡོར་གྱིས་གཙང་བུ་ལ་ལོ་རྒྱུས་བཤད་ནས་དེའི་རྩར་འདེང་བྱས་པས་ཕྱག་རྟེན་མེད་ཟེར། མར་ཚུད་ཅིག་ཡོད་དེ་ཕུལ་བས་ཆོག་བྱ་ནས་འགྲོགས་ཕྱིན། གཙང་བུ་དང་རྦ་སྒོམ་མཇལ་མ་ཐག་ནས་ཐུགས་ཡིད་འདྲེས། གདམས་པ་ཞུས་པས་རབ་ཏུ་འབྱུང་དགོས་ཟེར་བས། ལབ་སོ་གནས་སུ་མར་སྒོམ་ལ་རབ་ཏུ་བྱུང༌། དེ་ནས་རྦ་སྒོམ་ལ་གདམས་ངག་སྐོར་གསུམ་པོ་ཞུས། གཞན་ཆོས་ཞུ་བ་འགའ་རེའང་བྱུང་བ་ལ་བླ་མས་གཞན་རྣམས་བཀྱེ། གཙང་བུ་གཅིག་པུ་ཉེ་ལོགས་སུ་བཞག །རྦ་སྒོམ་གྱིས་ཞག་བདུན་མཚམས་བཅད་པས་གཤིན་རྗེ་གཤེད་ཀྱི་ཞལ་གཟིགས། དེའི་བར་རྦ་སྒོམ་གྱིས་གཡའ་མ་ལ་ཡི་གེ་བྲིས་ཏེ་ཕྱིར་བོར་བ་རྣམས་གཙང་བུས་བཀླགས། དེར་ཡོན་བདག་གཅིག་གིས་ཕྱེ་ཡ་གཉིས་ཕུལ་བས། རྦ་སྒོམ་གྱི་ཞལ་ནས། བདུད་བྱུང་གསུང་ནས་བྲོས་པའི་ཕྱགས་ཕྱིར་བྱོན། དཔོན་སློབ་གཉིས་པོས་རྭ་སྒྲེང་དུ་བྱོན་པས་འབྲོམ་སྟོན་པ་གཤེགས། རྣལ་འབྱོར་པས་ཚོགས་སྐྱོང་གི་འདུག་པ་གཙང་བུ་རྭ་སྒྲེང་གི་སྒོམ་ཆེན་རྣམས་ལ་མོས་པར་གྱུར་པས། རྦ་སྒོམ་གྱི་ཞལ་ནས། འདི་རྣམས་བལ་གྱི་སྒྱེའུ་བྱ་བ་ཡིན། སྒོམ་འོ་སྐོལ་དཔོན་སློབ་རང་བཟང་གསུང་ནས་ཕྱིར་བྱོན། དེ་ནས་ཡར་འབྲོག་འདབ་མ་ལུང་ལ་ལམ་གཏོད་ནས། ལྷོ་ལ་ཡག་པ་རང་འབྲོའི་ཅན་དུ་བྱོན་ནས་དེར་མི་མང་པོ་ལ་གདམས་པ་བཏབ། མཁར་ཆུར་འབྱོན་བཞེད་པ་ལ་ཨ་མ་ན་བས་བྱོན་ཟེར་བའི་བང་ཆེན་པ་བྱུང་བས་ཡུལ་དུ་བྱོན། ཨ་མ་འདས་ཟིན་འདུག །བ་ལང་བསད་ནས་དེའི་གཤིད་བྱེད་པ་ལ་སྐྱོ་བ་སྐྱེས་ནས་རྦ་སྒོམ་བཞུད། གཙང་བུས་ཁོང་རྣམས་ཀྱི་གཤིད་གཏོང་གྲོགས་བྱས་ནས་རྦ་སྒོམ་རྗེས་བསྙེགས་ཏེ་བྱོན། གཞུའི་ཨུ་སྐྱུ་འགུལ། དགོན་པར་ཕེབས་པ་ན་རོ་བསྲེགས་པའི་ཤུལ་མཐོང་བས། འདི་སུའི་ཡིན་བྱས་པས་རྦ་སྒོམ་གཤེགས་པའི་ཡིན་ཟེར་བས་མང་དུ་བཤུམས། དེ་ནས་སླར་ཡང་རྭ་སྒྲེང་དུ་བྱོན། དགོན་པ་བ་དང་རྣལ་འབྱོར་པ་ལ་ལོ་བདུན་བརྟེན། དགོན་པ་བས་ཁྱེད་ཀྱི་བླ་མས་ཞག་བདུན་མཚམས་བཅད་པས་གཤིན་རྗེ་གཤེད་ཀྱི་ཞལ་མཐོང་གསུང་བས་མངོན་ཤེས་ཅན་དུ་རྟོགས། དེ་ནས་གཞུ་མཁན་བྲག་གི་ཕུག་པར་ཐུགས་དམ་ཡུན་རིང་དུ་མཛད། དེའི་ཚེ་པུ་ཏོ་བ་དཔོན་སློབ་གཞུ་མཁན་བྲག་ལ་བཞུགས་པས། པུ་ཏོ་བའི་ཞལ་ནས། གཙང་བུ་སྒོམ་ཆུང་དེ་སྒོམ་སྲན་ཆེ་བར་ཡོད་འདུག་སྟེ། ཐོས་པ་མ་བྱས་པས་ལམ་ན་ཅང་འཆིའམ་གསུང་གི་འདུག་ཟེར་བ་གསན་ནས་པུ་ཏོ་བའི་སྤྱན་སྔར་བྱོན་ཏེ། བློ་ལྡོག་བཞིའི་རྟོགས་པ་ཕུལ་བས་གནས་བརྟན་རྒྱལ་ཤེ་བྱ་བ་ན་རེ། ང་ཁོང་གི་དེ་ལ་དགེ་བའི་བཤེས་གཉེན་པས་ལན་ཅིག་ཐོབ་ཟེར་བ་ལ། དེ་ལ་ལན་མི་ཐེབས། སྐྱེས་བུ་སྨྲ་བའི་སེང་གེར་སོང་འདུག་གསུང་ནས་བསྙེན་བཀུར་བྱུང་བ་ཐམས་ཅད་ཀྱི་ཕུད་ནས་གཙང་བུ་ལ་སྐྱེལ། གཙང་བུས་ཞག་གཅིག་ལ་བྱེད་པའི་ཆོས་དེ་འོ་སྐོལ་དཔོན་སློབ་ཀྱིས་ལོ་གཅིག་ལ་མི་ནུས་གསུང་བའི་སྔགས་པ་ཆེན་པོ་མཛད། ལན་ཅིག་རྣལ་འབྱོར་པ་བེའུ་ཀླུའི་ཡེ་ཤེས་ཀྱིས་དམ་ཚིག་ལ་བསྒྲེས་ནས། ང་ན་བས་ཅིས་ཀྱང་བྱོན་བྱ་བ་བྱུང་བས། པུ་ཏོ་བ་ལ་ཕྱག་སྐྱེལ་དུ་བྱོན། འབྲ་མི་ཕོད་པས་གཉིས་ཀ་ལ་སྤྱན་ཆབ་བྱུང༌། འཕན་ཡུལ་རྒྱལ་དུ་ཕེབས་པ་ན་ཆོས་ཞུ་བ་དང་འབུལ་བ་ཆེན་པོ་ཡང་བྱུང༌། དེ་ནས་བླ་མ་ཁ་རག་ཏུ་བྱོན་ནས་བེའུ་ཀླུའི་ཡེ་ཤེས་ལ་ཞབས་ཏོག་བག་ཙམ་ཅིག་བྱས་ནས། ཁ་རག་ཕུག་པ་ནག་པོར་ཐུགས་དམ་མཛད། སྙན་པས་ཕྱོགས་ཐམས་ཅད་དུ་ཁྱབ་པས་ཚོགས་པ་སྟོང་ཙམ་འདུས། རེ་ཤིག་ན་དེ་ཡང་རྣམ་གཡེང་དུ་དགོངས་ཏེ་ཚོགས་པ་བཀྱེ་ནས་དཔོན་སློབ་ཉུང་ཤས་ཤིག་མཛད་དེ་ལོ་མང་པོར་བཞུགས་པའི་མཐར་སྟོན་མོ་བཟང་བ་ཞིག་མཛད་དེ། འདི་ཐ་མའི་ཟས་ཡིན་ནོ་གསུང་ཞིང༌། ང་ཤི་བའི་དུས་སུ་ཕུང་པོ་འདི་རི་རྩེར་སྐྱོལ་ལ་ངའི་རྗེས་སུ་རྟེན་བཞེངས་པ་སོགས་མ་བྱེད་ཅིག་གསུང་ནས་སྐུ་གཤེགས། སྤུར་ཁ་རག་གི་རྩེ་ལ་བསྐྱལ་བས་རྣལ་འབྱོར་པ་ཅིག་གིས་ཕྱག་ཡ་གཅིག་གྲིས་བཅད་པས་ཁོ་དེ་རང་དུ་ཤི། ཁ་རག་པའི་སློབ་མ་ལྷོ་བ་དྷརྨ་སྐྱབས་དང་རྔུལ་སྟོན་རྡོ་རྗེ་རིན་ཆེན་གཉིས་ལས། ལྷོ་བ་ནི། ཡུལ་ལ་ཡག་སྨོན་མདའ་པ། རོང་བ་ཆོས་བཟང་གི་སྤྱན་སྔར་ཆོས་མང་དུ་གསན། རབ་ཏུ་བྱུང་ནས་བ་དཀར་འབྲིང་སྟོན་ལ་བསླབ་ཕྱོགས་དང་བྱམས་ཆོས་ལ་སོགས་པའི་ཆོས་མང་དུ་གསན། ཡོལ་ཆོས་དབང་ལ་ཡང་གདམས་ངག་མང་དུ་ཞུས། ཁ་རག་པའི་རྩར་བྱོན་ནས་མར་ཚུད་ཕུལ། གདམས་ངག་གི་ཞུ་བ་མཛད་པས་དེ་མ་ཐག་སྒོ་བསྡམས། གདམས་ངག་ཅན་གཞན་ན་མང་དུ་ཡོད་པ་ཞུས་གསུང་ནས་ལྷོ་བས་བལ་པོ་དབང་རྡོར་གྱི་སར་ལོ་གསུམ་བཞུགས། དེ་ནས་གཙང་བུའི་ཞལ་ནས། ལྷོ་བ་དེ་མ་སོང་ངམ་གསུང༌། འོ་ན་འདིར་ཁྲིད་ལ་ཤོག་གསུང་ནས་གདམས་པ་རྣམས་ཚང་བར་གནང༌། ལོ་ལྔ་འགྲོགས། དེ་ལ་ཡང་སྙན་པ་ཆེ་བས་ཡར་སྲེགས་རྒྱ་དམན་ལ་སོགས་པའི་སྟོན་ཆེན་རྣམས་དང༌། མྱང་སྒོམ་རྒོད་པོ། མྱང་སྒོམ་དཀར་པོ། མྱང་སྒོམ་ཞིག་པོ་ཆོས་ཤེ་སྟེ། མྱང་སྒོམ་མཆེད་གསུམ་པ་མང་དུ་བྱུང་ངོ༌། རྔུལ་སྟོན་གྱིས་ཀྱང་གདམས་ངག་མང་དུ་མཁྱེན་པ་ཞིག་ཁ་རག་པ་དང་མཇལ་བས་སྟོན་པ་དེས་ཆོས་བྱས་ན་འོང་བར་འདུག་གསུང་བ་ཐོས་ནས། ངས་ཆོས་མང་དུ་ཤེས་པ་ལ་དེ་འདྲ་གསུང་བ་ཅི་ཡིན་སྙམ་པ་ལ། ཕྱིས་སྐོར་གསུམ་གྱིི་གདམས་པ་ཞུས་ནས་ཉམས་སུ་བླངས་པས་གསུང་དེ་བདེན་པར་གོ་སྟེ། ཁ་རག་ནས་ཡར་འབྲོག་ལ་བྱོན་ནོ། དེ་ལྟར་ན་གདམས་པའི་ཆུ་བོ་ཅིག་ནི་ཇོ་བོ་རྗེའི་གདམས་པ་རྭ་སྒྲེང་ནས་བབ་པ་དེ་ཡིན་ཏེ། ཁ་རག་པས་དེ་གཉིས་བསྲེས་ནས་བྱང་ཆུབ་སེམས་སྦྱོང་ཞེས་བྱ་བར་མཚན་གསོལ། ཁ་རག་སྐོར་གསུམ་དུ་ཡང་གྲགས་ནས་ཤིན་ཏུ་དར་བར་གྱུར་ཏོ། ཨ་རོ་ཉིད་ཀྱི་བརྒྱུད་པ་ནི། རྦ་སྒོམ་གྱིས་གཙང་རོང་གི་དམ་པ་འཛི་སྒོམ། དེས་ཡར་འབྲོག་གི་བར་སྒོམ་ཆེན། དེས་ཡུལ་ཆོས་ཀྱི་ཇོ་མོ་མྱང་མོ། དེས་སྐྱི་མཁར་བའི་ལྷ་རྗེ་ལྷ་ཁང་པ། དེས་དབུས་པ་སྟོན་ཤཱཀ།དེས་ཞིག་པོ་བདུད་རྩི་ལ་གནང་ནས་བརྒྱུད་པ་མང་དུ་འཕེལ་ལོ། ཁ་རག་པའི་སྐབསསོ། ། ༡༤.༡ ཐུགས་རྗེ་ཆེན་པོ་དཔལ་མོ་ལུགས་ཀྱི་བརྒྱུད་པའི་སྐབས། རྒྱའི་ཡུལ་ནི་བྱང་ཆུབ་སེམས་དཔའ་འཇམ་པའི་དབྱངས་ཀྱིས་གཟུང་བ་བཞིན་དུ། བོད་ཀྱི་ཡུལ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་རྗེས་སུ་བསྐྱངས་པ་ཡིན་ཏེ། དེའི་བྱིན་གྱིས་རླབས་ཀྱིས་བུ་ཆུང་ཡན་ཆོད། སྐྱེས་པ་དང་བུད་མེད། རབ་ཏུ་བྱུང་བ་དང་བཅས་པ་ཐམས་ཅད་ཀྱི་ཁ་ནས་མ་ཎིའི་སྒྲ་རང་གྲག་པ་འདི་ཡིན་ནོ། དེ་བས་ན་འདོད་པའི་ལྷ་ལ་གསོལ་བ་བཏབ་པས་བྱིན་རླབས་བྱུང་བ་ཡང་སྤྱན་རས་གཟིགས་ཉིད་ལ་བརྟེན་ན་མྱུར་ལ། སྤྱན་རས་གཟིགས་ཉིད་རྒྱལ་པོའི་ཆ་བྱད་དུ་སྤྲུལ་པའི་སྲོང་བཙན་སྒམ་པོས་བསྒྲུབས་པའི་ལྷ་དང་གཙུག་ལག་ཁང་རྣམས་ཀྱང་བོད་ཀྱིས་མཆོད་པར་བྱ་བའི་སྙང་པོ་ཡིན་ཞིང༌། རྒྱལ་པོ་བཞུགས་པའི་ཕོ་བྲང་བྱུང་བའི་རི་ལ་ཡང་པོ་ཏ་ལ་ཞེས་མིང་དུ་ཆགསསོ། །རྒྱལ་པོའི་གསུང་ལས་བྱུང་བའི་སྔགས་ཀྱི་གདམས་པ་ལ་བརྟེན་ནས་གཤིན་རྗེ་གཤེད་ལ་སོགས་པའི་གྲུབ་པ་ཐོབ་པ་ཡང་མང་དུ་བྱུང་བར་གྲགས་མོད། དེང་སང་དེའི་ཆོས་ལ་བརྟེན་པའི་སློབ་དཔོན་གྱི་འགྲེལ་པ་མི་སྣང་ཡང༌། སྒྲུབ་པའི་ཐབས་ཀྱི་ཡི་གེའི་ཆ་ཤས་ནི་ད་དུང་གནསསོ། །སྤྱན་རས་གཟིགས་ཀྱི་སྒྲུབ་པའི་སྐོར་གཏེར་དུ་སྦས་པ་གྲུབ་ཐོབ་དངོས་གྲུབ་ཀྱིས་བཏོན་ནས། སྤ་རྣམས་དགོན་པར་རོག་ཤེས་རབ་འོད་ཀྱིས་ཞུས། དེས་རང་གི་སྲས་དང་སློབ་མ་རྣམས་ལ་རིམ་པར་བརྒྱུད་དོ། ཡང་གྲུབ་ཐོབ་དངོས་གྲུབ་ལ་སྤྲུལ་སྐུ་མྱང་སྟོན་གྱིས་ཞུས། དེས་བླ་མ་རས་པ་མི་བསྐྱོད་རྡོ་རྗེ། བླ་མ་ཤཱཀྱ་སེང་གེ་བཟང་པོ། ལྷ་རྗེ་དགེ་བ་འབུམ། ལྕམ་མོ་ཡེ་ཤེས་མཆོག །བྱང་སེམས་ཆུ་སྒོམ། མཐའ་བཞི་བྱ་བྲལ། བསོད་ནམས་སེང་གེ བཀྲ་ཤིས་རྒྱལ་མཚན། བླ་མ་བློ་གྲོས་རྒྱལ་མཚན། དེ་གཉིས་ཀ་ལ་བླ་མ་བསོད་ནམས་བཟང་པོ། དེས་རྒོད་ཕྲུག་གྲགས་པ་འབྱུང་གནས་ལ་འོ། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ། སྣང་བ་མཐའ་ཡས། ཐུགས་རྗེ་ཆེན་པོ། པདྨ་འབྱུང་གནས། བྷངྒ་ལའི་ཕག་མོ། ཏི་པུ་པ། རས་ཆུང་པ། ཟངས་རི་རས་པ། སངས་རྒྱས་རས་ཆེན། སྤོམ་བྲག་པ། ཀརྨ་པ་ཤི། གྲུབ་ཆེན་ཨུ་རྒྱན་པ། རང་བྱུང་རྡོ་རྗེ། ཁམས་ཆེན་རྒན་ལྷས་པ། སྟག་སྟོན་གཞོན་ནུ་དར། བག་སྟོན་གཞོན་ཚུལ་བ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། རྒོད་ཕྲུག་པ་གྲགས་པ་འབྱུང་གནས་ཏེ་གཞན་ཡང་བརྒྱུད་པ་མང་ངོ། ཡར་ཀླུངས་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་ལས་བྱུང་བའི་རིགས་ཀྱི་འཇིག་རྟེན་མགོན་པོ་ཞེས་བྱ་བའི་མངོན་པར་རྟོགས་པ་དབང་དང་བཅས་པ་དང༌། རྒྱུད་ཤོ་ལོ་ཀ་ལྔ་བཅུ་པ་འགྲེལ་པ་དང་བཅས་པ་ལོ་ཙཱ་བ་དུས་འཁོར་བ་བསོད་ཤེ་ལ་གནང་ནས་དེ་ལས་བརྒྱུད་པ་མང་ངོ༌། ཁ་ཆེའི་པཎྜི་ཏ་སུ་མ་ནི་ཤྲཱིས་བུ་སྟོན་ལ་བཤད་པའི་པདྨ་དྲ་བའི་ཆོས་སྐོར་ཡང་ཐུགས་རྗེ་ཆེན་པོའི་ཆོས་སྐོར་རོ། སྤྱན་རས་གཟིགས་ཉིད་ཀྱི་སྤྲུལ་པ་གྲུབ་པ་ཐོབ་པའི་སྐྱེས་བུས་གསུངས་པའི་ཆོས་རྣམས་ཇི་ལྟར་བརྒྱུད་པའི་ཚུལ་ཡང༌། སྤྱན་རས་གཟིགས་ཉིད་ཡིན་པར་རྩོད་པ་མེད་པའི་བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན་ཞེས་བྱ་བས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཆོ་གས་བསླབ་པ་ལ་བཀོད་པ་དང༌། དབུ་མ་་འི་ཏིང་ངེ་འཛིན་སྒོམ་པའི་རིམ་པ་ལ་སོགས་པ་གཞན་ཡང་ཡོད་མོད་ཀྱི། བསྙུང་བར་གནས་པའི་ཆོ་ག་ལ་བརྟེན་ནས་འཕགས་པ་མཉེས་པར་བྱེད་པའི་རིམ་པ་ནི། འཕགས་པས་དངོས་སུ་བྱིན་གྱིས་བརླབས་པའི་དགེ་སློང་མ་དཔལ་མོ་དང༌། དེས་བྱིན་གྱིས་བརླབས་པའི་པཎྜི་ཏ་ཡེ་ཤེས་བཟང་པོ་དང༌། དེས་བྱིན་གྱིས་བརླབས་པའི་བལ་པོ་བེ་ཉ་བ་རྣམས་ནི་གྲུབ་ཐོབ་ཤ་སྟག་ཡིན་ལ། དེ་ལ་བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན་གྱིས་གསན། དེ་ནི་སྤྱན་རས་གཟིགས་ཉིད་ཡིན་པར་གཞན་དག་ཡིད་ཆེས་པའི་ཚུལ་ནི། བལ་པོའི་བདེ་མཆོག་གི་ལྷ་ཁང་དུ་མཁའ་འགྲོ་མང་པོ་བྱུང་བ། དེའི་དཀོན་གཉེར་གྱིས་མཐོང་ནས་ཁྱེད་རྣམས་གང་ནས་འོངས། ཅི་བྱེད་བྱས་པས། ལི་ཁ་ར་ཤིང་འཕེལ་ནས་འོངས། ལི་ཁ་ར་ཤིང་འཕེལ་གྱི་སྤྱན་རས་གཟིགས་ཉིད་འདི་ན་བཞུགས་པ་ལ་མཆོད་པ་བྱེད་དུ་འོངས་ཟེར། དེ་སུ་ཡིན་བྱས་པས་བྱང་སེམས་ཟླ་རྒྱལ་ཡིན་ཟེར་བ་དང༌། ཨོང་པོ་ལོ་ཙཱ་བས་འཕགས་པ་ཝ་ཏིའི་ལྷ་ཁང་དུ་ཉལ་བ་ན་ཟླ་བ་རྒྱལ་མཚན་འཕགས་པ་ཉིད་ཡིན་པར་ཝ་ཏིས་ལུང་བསྟན་པ་ལ་སོགས་པས་གཟོད་སྐྱེ་བོ་མང་པོ་ཡིད་ཆེས་པར་གྱུར། ཟླ་བ་རྒྱལ་མཚན་གྱིས་སེམས་ཅན་རྣམས་ཀྱི་སྡིག་པ་སྦྱོང་བ་ལ་ཅི་ཕན་གཟིགས་པས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དྲུང་དུ་བསྙུང་བར་གནས་པ་ལན་ཅིག་བྱས་པས་ཀྱང་སྡིག་པ་ཆེན་པོ་ཟད་ནས་མིའི་ལུས་ཐོབ། མཐར་བདེ་བ་ཅན་དུ་འགྲོ་བ་ལ་སོགས་པའི་གཏམ་མང་དུ་ཡོད་པ་རྣམས་མ་སྤྲོསསོ། །བླ་མ་ས་ཆེན་གྱིས་ཟླ་བ་རྒྱལ་མཚན་གྱི་ཉེ་གནས་ཡུན་རིང་དུ་མཛད་པས་ནམ་གྱི་ཚེ་བྱོན་པ་དེས་ཤེས་ལ། འགྲོ་བའི་མགོན་པོ་དཔལ་ཕག་མོ་གྲུ་པ་དང༌། གྲུབ་ཐོབ་ལ་ཡག་པའི་ཡང་བླ་མ་ཡིན་ནོ། དེ་ལ་གྲུབ་ཐོབ་ཉིད་ཕུག་པས་འཕགས་པའི་སྒྲུབ་ཐབས་རྣམས་ཞུས་པ་ཡིན་ཏེ། ཕ་མ་ཞང་ཞུང་བ། ལ་སྟོད་དུ་འོངས་པའི་ཚེ་སྟག་བདེ་སེང་གེ་ལུང་དུ་ཤིང་ཕོ་ཁྱི་ལ་འཁྲུངས། ཕ་མས་རིགས་འཚོལ་འགྲོ་ཟེར་ནས་སྤུ་ཧྲངས་སུ་གཞོན་ནུ་ལ་ཁྱེར། ལོ་བདུན་ཙམ་ལོན་ནས་ལས་འབྲས་ལ་ངེས་པ་རྙེད། བཅུ་བཞི་ལ་དབུས་སུ་བྱོན་ནས་ཟངས་དཀར་ལོ་ཙཱ་བའི་སར་བོ་དོང་གཟུགས་པར་བྱོན་ནས། ཁྱུང་ལ་རབ་ཏུ་བྱུང་ནས་མཚན་ཆོས་ཀྱི་གྲགས་པར་བཏགས། ཇོ་བོ་འབུམ་ཕྲག་གསུམ་པ་ལ་ཆོས་ཟླ་བ་ཅིག་ཉན། ཟངས་དཀར་གྱི་དྲུང་དུ་ལོ་དྲུག་བཞུགས་ནས་བདེ་མཆོག་ལ་སོགས་ཞུས། ཆུ་མིག་རིང་མོར་གཟའ་མི་མཛད། མངའ་རིས་འཇམ་དབྱངས་ལྷོ་བྲག་ཏུ་བྱོན་པ་ལ་བསྙེན་པར་རྫོགས། འབྲེ་ཤེས་རབ་འབར་ལ་ཤེར་ཕྱིན་ཉན། ཚར་བཅོ་ལྔ་བཤད། དགེ་བཤེས་དཀོན་མཁར་ལ་ཟུར་ཆོས་ཉན། ཁྱུང་ལ་དབུ་ཚད། རྒྱ་དམར་ལ་ཟུར་ཆོས་གསན། ངུར་སྨྲིག་པ་ཆེན་པོ་ལ་མངོན་པ། སྟག་ཚལ་གྱི་མར་པ་ལོ་ཙཱ་ལ་བྱམས་ཆོས་ཞུས་སེར་ཏེ་དོ་བ་ཡིན། དགེ་བཤེས་ལྕང་ར་བ་ལ་བཙན་ལུགས་ཀྱི་བྱམས་ཆོས། སྤ་ཚབ་ལོ་ཙཱ་ལ་རིགས་ཚོགས། དགེ་བཤེས་གཤེན་ལ་ཙ་ལོ་ཙཱ་བའི་ཆོས་དྲུག །མངའ་རིས་སྐྱི་སྟོན་ལ་སྤུ་ཧྲངས་ལོ་ཆུང་གི་བདེ་མཆོག་ལ་སོགས། རྔོག་གཞུང་པ་ལ་དགྱེས་རྡོར། དཔྱལ་ཀུན་དགའ་རྡོ་རྗེ་དང་སྣུབས་ཕག་མོ་ལུང་བ་ལ་དགྱེས་རྡོར་དང་ཕག་མོ། མཐའ་བཞི་ལ་སྔགས་དང་འདུལ་བ། དེ་དག་གི་བར་སྐབས་སུ་ཡང་བྱང་སེམས་ཟླ་རྒྱལ་གྱི་ཉེ་གནས་མཛད་ཅིང་ཆོས་མང་དུ་གསན། རྒྱ་ཆུ་མིག་པ་བླ་མ་ལྟོ་པ་ལ་ཡང་མང་དུ་གསན། འཁོན་གད་པ་ཀཱིརྟི་ལ་རིམ་ལྔའི་ཁྲིད། ལྷ་རྗེ་གཙང་ཤོད་པ་ལ་ཕྱག་ཆེན། བལ་པོ་ཨ་སུ་ལ་ཕྱག་ཆེན་སྙིང་པོའི་སྐོར། སྣེའུ་ཟུར་བའི་དྲུང་དུ་བཀའ་གདམས། དྭགས་པོ་ལྷ་རྗེའི་དྲུང་དུ་ནཱ་རོ་ཆོས་དྲུག །སེ་མཁར་ཆུང་བའི་ཉེ་གནས་ཕར་སྒོམ་ལ་ལམ་འབྲས་ཞུས། སྤྱིར་རྙིང་མ་མཉན། གསར་མའི་ཆོས་མ་ཉན་པ་མེད་གསུང༌། དེ་ནས་རྟ་སྒོའི་གངས་ལ་ལོ་རིལ་པོ་བརྒྱད། དབྱར་རེ་དགུན་རེ་བསྡད་པ་དྲུག་སྟེ་ལོ་བཅུ་བཞི་བསྒོམས། མངོན་པར་ཤེས་པ་ཤར། རྟ་སྒོའི་ལྷ་བཙན་གྱིས་ཆོས་ཞུས་ནས་སྲོག་སྙིང་ཕུལ། དེར་བཞུགས་རིང་ལ་ཇོ་པད་ཀྱིས་གཡོག་བྱས། དེ་ནས་ལྡོག་ཏུ་བྱོན་ནས་སློབ་དཔོན་ལྡོག་པའི་ཞལ་ནས་ཁྱེད་ལ་མངོན་ཤེས་ཡོད་དམ་གསུང༌། སློབ་དཔོན་ལ་རྫུན་བྱར་མི་རུང་སྙམ་ནས་ཡོད་ཞུས། གྲོང་པ་ཅི་བྱེད་དང་ཁོང་རང་གི་ལག་ན་ཅི་ཡོད་ཀྱང་འདྲིར་བྱུང་བས། གསལ་པོར་ཞུས་པས་ཐུགས་ཆེས་ནས། ད་དུང་ཤེར་ཕྱིན་གསུང་སྒྲོགས་གསུང་བས་སྡུད་པ་ལ་ཞལ་ཏོན་མཛད། ནམ་མཁའི་ཁམས་ཀྱི་རང་བཞིན་དེ་ཡང་ཕ་མཐའ་མེད། ཅེས་བྱ་བའི་སྐབས་སུ་སྔར་དང་མི་འདྲ་བའི་ཏིང་ངེ་འཛིན་སྐྱེས་ནས་དེ་ཕྱིན་ཆད་མཉམ་རྗེས་མེད་གསུང༌། དེ་ནས་ཉིད་ཕུག་ཏུ་བཞུགས། བསྙུང་གནས་དང་ཀློག་འདོན་ལ་སོགས་པ་ལ་རྒྱུན་དུ་བརྩོན་པར་མཛད། དེའི་ཚེ་རང་དང་གཞན་ལ་ཤར་བའི་དག་སྣང་ལའང་གྲངས་མེད། གཞན་དོན་རྒྱ་ཆེན་པོ་མཛད་ནས་དགུ་བཅུ་རྩ་གསུམ་པ་མེ་ཕོ་རྟ་ལ་གཤེགས། དེའི་སློབ་མ་སྲུ་པ་རྡོ་རྗེ་རྒྱལ་པོ་ནི། འཁྲུངས་ཡུལ་སྲུ་ཡུལ་སྒང་པ། ལོ་བདུན་ནས་འབྲི་ཀློག་ཚར། ཉིད་ཕུག་ཏུ་བསྙུང་གནས་ལ་ཕྱིན་པའི་དགེ་བསྙེན་ཅིག་གིས་བླ་མའི་གསོལ་རས་དང་ཁྲུས་ཆུ་བྱིན་པས་འགྲོ་སྙིང་འདོད་དེ་ཉིངཕུག་པའི་སྤྱན་སྔར་ཕྱིན་པས། ཉིང་ཕུག་པའི་ཞལ་ནས། ཁྱེའུ་འདིས་རྒྱལ་བའི་སྲས་ཀྱི་གདུང་འཛིན་པ་ཅིག་འོང་གསུང་ནས། པང་དུ་བླངས་དགྱེས་པར་མཛད། དགེ་བསྙེན་ནས་བསྙེན་རྫོགས་ཀྱི་བར་དུ་མཛད། མདོ་རྩ་མཁས་པར་མཁྱེན། དེ་ནས་མ་ཤིའི་བར་དུ་བསྙུང་གནས་བྱེད་པར་ཞུས་པས་བླ་མ་དགྱེས་ནས་ཟླ་བ་རྒྱལ་མཚན་གྱི་ཐུགས་དམ་ཤེལ་གྱི་སྤྱན་རས་གཟིགས་ཅིག་ཀྱང་གནང༌། དེར་བསྙུང་གནས་བཅད་ནས་ལོ་ཧྲིལ་པོ་ལྔ་མཛད་པས་འཕགས་པའི་ཞལ་གཟིགས། ནུབ་ཅིག་གི་རྨི་ལམ་ན་འོད་དཔག་མེད་དང་སྨན་བླ་ལ་སོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མང་པོས་བསྐོར་བའི་དབུས་ན་ཁོང་རང་རེང་བུ་ཅིག་བྱེད་ཀྱི་འདུག་པས། དེ་རྣམས་ན་རེ། ངེད་རྣམས་སུ་ཡིད་དུ་འོང་བ་ཅིག་གི་བུ་གྱིས་གསུང་བས། འཁོར་དེའི་དབུས་ན་ཁྱེའུ་དཀར་པོ་ལང་ཚོ་དར་ལ་བབ་པ་ཅིག་འདུག་པ་དེ་ན་རེ། འདིས་སྐྱེ་བ་བཅུ་བདུན་དུ་ང་ལ་ལས་འབྲེལ་བཞག་པས་ངའི་བུའོ་གསུང་ནས་འོད་ཟེར་ཐམས་ཅད་ཁོང་རང་ལ་ཐིམ་བྱུང་བ་དང་མནལ་སད། དེ་ནས་གཤེགས་ཁར་ཞང་སྟོན་དགྲ་འཇིགས་ཀྱིས་གདན་ས་གཟུང་ནས་གཤེགས། གདུང་སྦྱངས་པས་ཐུགས་རྗེ་ཆེན་པོའི་སྐུ་མང་དུ་བྱོན་ཞིང་རིང་བསྲེལ་ཀྱང་མང་དུ་བྱོན་ནོ། དེའི་སློབ་མ་ཞང་སྟོན་ཡིན་ཏེ། འཁྲུངས་ཡུལ་སྲུག་གན་པ་བ། འཁྲུངས་པའི་དུས་སུ་འབྲུག་སྒྲ་ཆེན་པོ་ནས་གློག་དང་གཡོ་བ་བྱུང་བས། དགྲ་ཅིག་ཡོད་པ་ན་རེ། འདི་འདྲ་འོང་བ་འཇིགས་ཟེར་བས་དགྲ་འཇིགས་སུ་བཏགས། ལོ་བདུན་པ་ལ་ཡི་གེ་བསླབས། སྲུ་བ་ལ་རབ་ཏུ་བྱུང་ནས་ཤིན་ཏུ་བཙུན་པར་གྱུར། དེ་ནས་ས་སྐྱར་ཚད་མ་སྡེ་བདུན་བསླབས་ནས་ལོ་ཉི་ཤུ་རྩ་གསུམ་པ་ལ་གྲྭ་སྐོར་མཛད་པས་མཁས་པར་གྲགས་པ་བྱུང༌། དེ་ནས་བྱམས་ཆོས་ལྔ། ས་སྡེ་ལྔ། མངོན་པ་གོང་འོག་རྣམས་ལ་སྦྱངས། དགེ་བཤེས་ཞིང་མོ་ཆེ་བའི་སར་བྱོན་པས་མཁན་པོ་མཛད་ལ་སྟོན་པའི་བྱ་བ་མཛོད་གསུང་ནས་ཀུན་སྤྱོད་གནང༌། མཁན་པོ་མཛད་པས་བསྟན་པ་ལ་ཕན་ཆེ་བར་བྱུང༌། འདུལ་བ་ལུང་ཐུགས་ལས་གསུངས་པས་གྲྭ་པ་ལྔ་བརྒྱ་རེ་འདུས། ཐུགས་དམ་གྱི་མཐིལ་སྨན་བླ་དང་སྒྲོལ་མ་ལ་མཛད་པས་བྱང་ཆུབ་སེམས་དཔའི་དུས་ཐ་མའི་སེམས་ཅན་ལ་འདི་ཕན་པས། འཕགས་པའི་ཆོས་འདི་བསྒྲུབས་གསུང་ནས་བསྒྲུབས་པས་སྒྲོལ་མའི་ཞལ་གཟིགས། ནམ་ཕྱེད་ན་སྨན་བླ་ཞལ་གཟིགས། ནམ་ལངས་ཁར་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་པ་གཟིགས། དབང་བསྐུར་ལུང་བསྟན། དེ་ནས་སྲུ་བའི་དྲུང་དུ་བདག་རི་ལ་འགྲོ་ཞུས་པས། ད་དུང་གདན་ས་ལོ་གསུམ་གྱིས་གསུང་ནས་ཤེལ་གྱི་སྤྱན་རས་གཟིགས་གནང༌། དེ་ནས་ལོ་གསུམ་སོང་བ་དང་གདན་ས་དགེ་བཤེས་བྱང་ཡེས་ལ་གཏད་ནས། ལུང་བའི་ཕུའི་རྫ་རིན་ཆེན་སྤུངས་པ་ལ་སུས་ཀྱང་མི་རྙེད་པར་ཟླ་བ་གསུམ་དུ་བསྙུང་གནས་མཛད། ཟླ་བ་བདུན་རྒྱུན་གཅོད་མཛད། སྔ་དྲོ་ནུབ་རི་དང་ཕྱི་དྲོ་སྲུའི་རྫ་གསེབ་ཏུ་འཕུར་གྱི་ཉི་མ་བསྲོ་བ་ལ་གཤེགས་པ་དང༌། སྲུས་ཆུ་ལ་ཕྱག་མཁར་རྒྱབ་ནས་ཉིན་ཕྱེད་ཙམ་སྒྱུར་བ་ལ་སོགས་རྫུ་འཕྲུལ་ཀྱང་བསྟན། སྐུ་འདའ་ཁར་ཐུགས་མ་ཚིག་པར་འོང་བས་འགའ་རོང་དུ་སྐྱོལ། ལྗགས་འབྱོན་པས་དོན་མོ་རིར་སྐྱོལ་གསུང་ནས་དགུང་ལོ་དྲུག་ཅུ་རྩ་གཅིག་པ་ལ་གཤེགས་པའི་གདུང་སྦྱངས་པས་རིང་སྲེལ་བྲེ་གང་བྱོན་ནོ། དེས་མཁན་ཆེན་རྩི་འདུལ་བ་ཐུགས་རྗེ་བྱང་ཆུབ་ལ་གནང་སྟེ། དེ་ནི་གཞོན་ནུ་ལ་རབ་ཏུ་བྱུང༌། སྤྱིར་ཆོས་དང་ཁྱད་པར་ཕར་ཕྱིན་ལ་མཁས་པར་གྱུར། མཁས་བཙུན་བཟང་གསུམ་གྱི་སྙན་གྲགས་ཆེ་བས་གཙུག་ལག་ཁང་རྩིག་པ་དང་དགེ་འདུན་གྱི་སྡེ་བཙུགས། གྲ་རྒྱགས་དང་ཚུལ་འཛུགས་ལ་སོགས་མཛད་པས་དགེ་འདུན་སྟོང་ལྷག་ཙམ་འདུས། སྤྱིར་ཆོས་ཐམས་ཅད་ལ་མཁས་ཀྱང་གཙོ་བོ་འདུལ་བ་ལ་མཛད་པས་ཚུལ་ཁྲིམས་ཀྱི་དྲི་ཕུན་སུམ་ཚོགས་པ་མངའ། ཐུགས་དམ་གྱི་མཐིལ་སྨན་བླ་དང་སྒྲོལ་མ་ལ་མཛད་པ་ལ། ནུབ་ཅིག་མནལ་ལམ་དུ། བུད་མེད་ཅིག་བྱུང་ནས་རིགས་ཀྱི་བུ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་སྤྱན་རས་གཟིགས་ཡིན་པས། ནང་པར་ལྡོག་ལོང་དུ་ཞང་སྟོན་དགྲ་འཇིགས་ལ་ཐུགས་བསྐྱེད་གསུང་བར་ཡོད་པས་ལུང་ཞུས། འགྲོ་དོན་འོང་གསུང་ནས་མི་སྣང་བར་གྱུར། དེ་ནས་ཞང་སྟོན་དང་མཇལ་ཐུགས་བསྐྱེད་ཀྱང་ཞུས་བཅུ་གཅིག་ཞལ་གྱི་ལུང་ལག་ལེན་སྒྲུབ་ཐབས་བསྙེན་ཚད་དང་བཅས་པ་གནང༌། ཤིན་ཏུ་མཉེས་པ་བསྙུང་གནས་སྟོང་ཕྲག་གཅིག་གི་དམ་བཅའ་མཛད་པ་ལས་སུམ་བརྒྱ་སོང་བའི་ཚེ་ས་གའི་ཚེས་བཅུ་དྲུག་གི་ཉིན་ཐུགས་རྗེ་ཆེན་པོའི་ཞལ་གཟིགས། གསུང་བྱོན། དེ་ནས་ལྡོག་ལོང་བ་ཤཱཀྱ་བྱང་ཆུབ་ལ་གནང་སྟེ། འཁྲུངས་ཡུལ་ལྡོག་སྨད། ལོ་བདུན་པ་ལ་རབ་ཏུ་བྱུང༌། བཅོ་ལྔ་པ་ལ་ཕར་ཕྱིན་དང་འདུལ་བ་མཁྱེན་ནས་སྦྲགས་བཤད་མཛད། ཁྱད་པར་འདུལ་བ་ལ་མཁས། སྨན་བླ་དང་སྒྲོལ་མ་ལ་ཐུགས་དམ་མཛད། སེང་ལྡེང་ནགས་སྒྲོལ་གྱི་ཞལ་གཟིགས་ནས་ལྡོག་སྟོད་ཀྱི་དགོན་པ་འདེབས་པར་ལུང་བསྟན། རྩི་འདུལ་གྱི་སར་སོང་ལ་འཕགས་པའི་སྒྲུབ་ཐབས་ཞུས་ཤིག་པར་ཡང་ལུང་བསྟན་པ་བཞིན་སང་ནམ་ནངས་འཕྲལ་དུ་བྱོན་ནས་ཞལ་མཇལ་ལུང་ཞུས། གྲངས་བསྙེན་ཉེར་གཅིག་ང་རང་གི་སར་ཐོང་གསུང་ནས་བཞུགས། དེ་ནས་སྐུ་བསོད་སྐྱེས་ནས་ཕར་འདུལ་གྱི་བཤད་སར་བྱེད་པ་ཉི་ཤུ་རྩ་རེ་ལོ་རེ་བཞིན་བྱུང༌། བསྙུང་གནས་སྟོང་ཕྲག་ལྔའི་དམ་བཅའ་མཛད་པས། སུམ་བརྒྱ་ཐེངས་པའི་དངོས་གཞིའི་ནུབ་མོ་འོད་ཟེར་དཀར་པོ་ཅིག་མདུན་ན་འདུག་པ་ལ། ལག་པས་འཇུས་པས་ཁོས་ཕར་ཁྱེར་ནས་པོ་ཏ་ལར་སླེབ། འཕགས་པའི་གསུང་གིས་རིགས་ཀྱི་བུ་འོངས་པ་ལེགས་སོ་གསུང་ནས་འོད་ཟེར་དཀར་པོ་ཅིག་སྙིང་གར་ཐིམ་པས་ལུས་བདེ་བས་གང༌། མ་ཤི་བར་ལ་སེམས་ཅན་གྱི་དོན་གྱིས། ཤི་ནས་ངས་འབོད་དུ་བཏང་གསུང་བ་དང་མནལ་སད་དོ། ཉིན་མོ་སྡེ་སྣོད་ཀྱི་བཤད་པ་དང་གང་ལ་གང་མོས་ཀྱི་ཆོས་མཛད། མཚན་མོ་ནི་འཕགས་པའི་དྲུང་དུ་ཆོས་གསན། ཏིང་ངེ་འཛིན་གྲངས་མེད་པ་མངོན་དུ་མཛད་དོ། དེའི་སློབ་མ་མཁན་ཆེན་ཆུ་བཟངས་པ་བྱང་ཆུབ་འབར་ཡིན་ཏེ། དེ་ནི་མུས་ཀྱི་ངང་དཀར་དུ་འཁྲུངས། ལོ་བཅུ་གཅིག་ལ་ལྡོག་ལོང་པ་ལ་དགེ་བསྙེན་ཞུས། དེ་ནས་རབ་ཏུ་བྱུང་སྟེ་སྤྱོད་འཇུག་དང་དབུ་མ་ལ་སྦྱངས། ཉི་ཤུ་པ་ལ་བསྙེན་པར་རྫོགས། ནུབ་གཅིག་གི་མནལ་ལམ་དུ་མི་དཀར་པོ་ཅིག་བྱུང་ནས། ཁྱོད་དང་ང་ལ་ལས་འབྲེལ་ཡོད་པས་ང་དང་ཁྱད་མེད་པའི་ལྡོག་ལོང་པ་ལ་ལུང་སྒྲུབ་ཐབས་ཞུས་གསུང་ནས་གཤེགས། སང་ལྡོག་ལོང་པའི་སྤྱན་སྔར་འབྱོན་ནས་ལོ་རྒྱུས་ཞུས་པས། འཕགས་པ་ཡིན་སྐྱབས་སུ་མཆི། ང་ལ་ཡང་རྨི་ལམ་ཅིག་བྱུང་གསུང་ནས་ལུང་སྒྲུབ་ཐབས་ལག་ལེན་དང་བཅས་པ་གནང༌། བདེ་བ་ཅན་དུ་བསྙུང་གནས་བརྒྱ་རྩ་གཅིག་བྱས་ནས་འགྲོ་ཞུས་པས། ད་དུང་འཕགས་པའི་ཞལ་གཟིགས་གཟིགས་སུ་སྡོད་གསུང༌། ཡུན་རིངས་སོང་ཡང་འགྲོ་ཞུས་པས། ཁྱོད་དང་གཞན་མི་འདྲ་བས་རིམ་ལ་བསྒྲུབས་གསུང་པས། སུམ་བརྒྱ་སོང་བའི་ཚེ་ཚེས་བཅོ་ལྔའི་ནུབ་ནམ་ཕྱེད་ཡོལ་བ་དང་ནང་ཐམས་ཅད་འོད་ཀྱིས་གང་བྱུང་བས། མིག་འཁྲུལ་པ་ཡིན་ནམ་སྙམ་ནས་གཟིགས་པས་འཕགས་པ་འཁོར་བཀའ་གདམས་བརྒྱུད་པས་བསྐོར་བ་གཟིགས། སང་དེ་ལྡོག་ལོང་པའི་དྲུང་དུ་ཕྱག་བཙལ་བས། བུ་འདང་སེམས་དགའ་འམ་གསུང༌། བདག་སེམས་སྤྲོས་པ་ལས་རྣམ་པར་གྲོལ་ཞུས་པས། ད་གར་དགྱེས་པར་བཞུད་ལ་སེམས་ཅན་གྱི་དོན་མཛོད་གསུང༌། དེར་མུས་སུ་བྱོན་པས་སྐུ་བསོད་སྐྱེད་ནས་ཟླ་རེ་ལ་བསྙུང་གནས་སྒྲུབ་པ་ཆེན་པོ་རེ་མཛད། ཡི་དམ་མང་པོའི་ཞལ་གཟིགས་ནས་དགུང་ལོ་བརྒྱད་ཅུ་རྩ་བརྒྱད་པ་ལ་གཤེགསསོ། །གདུང་སྦྱངས་པས་ལྷ་སྐུ་དང་རིང་བསྲེལ་མང་དུ་བྱོན་ནོ། དེས་སྙག་ཕུ་པ་བསོད་ནམས་དབང་ཕྱུག་ལ་གནང་སྟེ། མུས་དང་མ་གླིང་སྐྱར་འཁྲུངས། ལོ་གལ་དགེ་བསྙེན་མཛད་ནས་ཀློག་ཡིག་བསླབས། བཅུ་གཅིག་པ་ལ་མཁན་ཆེན་ཤཱཀྱ་མགོན་དང་སློབ་དཔོན་འོད་ཟེར་རྩེ་མོ་ལས་རབ་ཏུ་བྱུང༌། བཅུ་གསུམ་པ་ལ་ལྡོག་ལོང་དུ་མཁན་ཆེན་ཀུན་རྒྱལ་དང་ཟུར་ཆོས་ཞང་སྟོན་འགྱུར་མེད་དཔལ་ལ་སོགས་ལ་མདོ་རྩ་བ་བསླབས། མུས་ཆེན་པའི་དྲུང་དུ་བྱམས་ཆོས་ལྔ་ལ་སྦྱངས། སློབ་དཔོན་བྱང་སེང་ལ་རྣམ་ངེས། སློབ་དཔོན་ཤེས་རབ་རལ་གྲི་ལ་རྣམ་འགྲེལ་དང་ས་སྡེ་ཞུས་ནས་གྲྭ་སྐོར་ཀྱང་མཛད། མནལ་ལམ་དུ་བུད་མེད་གཅིག་ན་རེ། ཁྱོད་ལ་ཚེ་ཞག་བདུན་ལས་མེད་ཟེར་བ་བྱུང་བས། མཁན་ཆེན་ཆུ་བཟངས་པའི་གསུང་ནས། ཚེ་སྒྲུབ་ཏུ་བསྙུང་གནས་ཟབ་གསུང་ནས་བྱས་པས་སྐུ་ཚེ་བསྲིངས། མཁན་ཆེན་ཆུ་བཟང་བ་ལས་བསྙེན་པར་རྫོགས། བཀའ་གདམས་ཀྱི་ཆོས་མང་དུ་གསན། མུས་གླེ་ལུང་དུ་གྲོ་མོ་ཆེའི་གདན་ས་ལོ་ལྔ་མཛད། ཆོས་རྗེ་ཉན་ཆེན་པ་ལ་ལམ་འབྲས་དང་དམ་པའི་ཆོས་སྐོར་ལ་སོགས་ཞུས། སློབ་དཔོན་གྲགས་ཚུལ་ལ་ཕྱི་ནང་གི་དཀྱིལ་འཁོར་སྒྲུབ་ཐབས་མང་དུ་ཞུས། ས་གའི་ཟླ་བ་ལ་བསྙུང་གནས་ལོ་གསུམ་མཛད། དེ་རྗེས་ཡོན་བདག་རྣམས་ཀྱིས་སྙག་ཕུའི་དགོན་པ་བརྩིགས་ནས་ཕུལ། རྩ་བའི་བླ་མ་ཉན་ཆེན་པ། ཆུ་བཟངས་པ། མུས་ཆེན་པ། རྒྱལ་མཚན་དཔལ་རྣམས་ལ་མཛད། གཞན་ཡང་བླ་མ་བཞི་བཅུ་རྩ་གཉིས་ཀྱི་ཞབས་ལ་གཏུགས། འཕགས་པའི་ཕྲིན་ལས་དར་བར་བཞེད་ནས་བསྙུང་གནས་ཁྲི་ཚོ་གཅིག་བྱ་བར་བཞེད་ནས་སྟོང་ཕྲག་གཉིས་ཐེངས་པ་དང་ཆ་རྐྱེན་རྣམས་ཟད་པ་དང༌། རྨི་ལམ་བཟང་པར་བྱུང་ནས་སླར་ཡང་ཡོ་བྱད་རྣམས་་འཕེལ་ནས། ལོ་གསུམ་གྱི་ཁོང་སུ་བསྙུང་གནས་ཐེངས། གཞན་ཡང་བསྙུང་གནས་ཀྱི་ཕྲིན་ལས་དཔག་ཏུ་མེད་པ་སྤེལ། གཞན་གྱི་དག་སྣང་ལ་སྤྱན་རས་གཟིགས་སུ་མཐོང་བའང་གྲངས་མེད་པ་བྱུང༌། དགུང་ལོ་དྲུག་ཅུ་རྩ་བརྒྱད་པ་ཕག་ལོ་ལ་གཤེགས། དེ་སློབ་མ་མཁན་ཆེན་རིན་པོ་ཆེ་བསོད་ནམས་བཟང་པོ་ཡིན་ཏེ། དེའི་ཡབ་དང་ཡུམ་དང་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པའི་ཚིགས་སྔ་ཕྱིའི་རིམ་པ་དང༌། སྐུ་ན་གཞོན་པའི་དུས་སུ་ལོངས་སྤྱོད་ཇི་ལྟ་བུ་དང་ལྡན་པ་སོགས་ནི་གཞན་དུ་ཤེས་པར་བྱ་ཞིང༌། །རབ་ཏུ་བྱུང་ནས་ཇི་སྲིད་འཚོའི་བར་དུ་སྤྱིར་ཚུལ་ཁྲིམས་དང་ལྡན་པ་རྣམས་ཀྱི་གཙོ་བོ་ཡིན། ཁྱད་པར་དུ་སྟན་གཅིག་དང་རྡོར་དཀར་གྱི་དམ་བཅའ་བ་སྐུ་བགྲེས་པ་ལ་སོགས་པའི་སྙད་ཅི་ཡང་མེད་པར་སྐུ་ཚེ་དང་འགྲོགས། མཁས་པའི་ཡོན་ཏན་ཉ་དཔོན་པོ་ཀུན་དགའ་དཔལ་ལ་སོགས་པའི་མཁས་པ་མང་པོ་བསྟེན་ནས་དམ་པའི་ཆོས་འདུལ་བ་གཞིར་གཟུང་བའི་མཚན་ཉིད་ཀྱི་སྡེ་སྣོད་དང༌། དཔལ་དུས་ཀྱི་འཁོར་ལོས་གཙོ་བྱས་པའི་གསང་སྔགས་ཀྱི་ཕྱོགས་ལ་མཁས་པའི་ཕུལ་དུ་ཕྱིན། རྩོད་པ་ན་མཁས་པ་ཆེན་པོ་གཡག་ཕྲུག་སངས་རྒྱས་དཔལ་ལ་སོགས་པས་ཀྱང་མི་བཟློགས། ཡི་དམ་དུ་མའི་ཞལ་གཟིགས། ཡན་ལག་དྲུག་ལ་སོགས་པའི་རྫོགས་པའི་རིམ་པའི་ཏིང་ངེ་འཛིན་ལ་མངའ་བརྙེས་པས་ཆོས་རྗེ་ཕྱོགས་ལས་རྣམ་པར་རྒྱལ་བའི་སློབ་མའི་གཙོ་བོར་གྱུར། དགུང་ལོ་བརྒྱད་ཅུ་ལྷག་ཙམ་ན་འཆི་ལྟས་ཀྱི་རྣམ་པ་བྱུང་བ་ལ་རླུང་སྦྱོར་ཟླ་བ་གཅིག་མཛད་པས་ལེགས་པར་སྐུ་ཚེ་བསྲིངས་ཏེ་འཁྲུངས་ལོ་ལྕགས་མོ་སྦྲུ། དགུ་བཅུ་རྩ་གསུམ་པ་ཆུ་མོ་གླང་གི་ལོ་ལ་མཉེལ་བ་མེད་པར་གཤེགས། བུ་སློབ་ཀྱང་ཆོས་རྗེ་དེ་བཞིན་གཤེགས་པ་དང་མཐོང་བ་དོན་ལྡན་དང་བཅས་པའི་འདྲེན་བ་མཛད། སྨྲ་བའི་སེང་གེ་རོང་སྟོན་ལ་སོགས་པའི་མཁས་པ་དཔག་ཏུ་མེད་པ་ཡང་མེ་ཏོག་ལ་བུང་བ་བཞིན་དུ་འདུ། འཕྲལ་གྱི་ལོངས་སྤྱོད་ནི་རྣམ་ཐོས་ཀྱི་བུས་ཇི་ལྟར་བཞེད་པ་བཞིན་དུ་སྒྲུབ། དབང་གྲགས་པ་རྒྱལ་མཚན་ལ་སོགས་པའི་ཆེ་དགུ་ཐམས་ཅད་ཀྱིས་ནི་ཞབས་སྤྱི་བོར་ལེན། གྲུབ་པའི་དབང་ཕྱུག་དཔལ་ནགས་ཀྱི་རིན་ཆེན་ཡང་བོད་ན་རྣལ་འབྱོར་པ་འདི་ཁོ་ན་བཟང་ཞེས་གསུང༌། དེ་ལྟ་བུའི་དགེ་བའི་བཤེས་གཉེན་ཆེན་པོ་དེས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་གཞུང་ཕྱག་ལེན་རྣམས་དེས་འཕགས་པའི་གནས་བརྟན་ཆེན་པོ་བསོད་ནམས་དར་ལ་གནང༌། དེས་ཀྱང་དགེ་སློང་གི་བསླབ་པ་རྣམ་པར་དག་པ་ལ་གནས། སེམས་བྱང་ཆུབ་ཀྱི་མཆོག་ཏུ་བསྐྱེད། འདོད་པ་ཆུང་བ་དང་ཆོག་ཤེས་པ་རྣམས་ཀྱི་གཙོ་བོ་བྱས། འཕགས་པ་སྤྱན་རས་གཟིགས་ཀྱི་སྒྲུབ་པ་ལ་རྒྱུན་དུ་གནས་པས། དེའི་རྗེས་སུ་འབྲང་བའི་རབ་ཏུ་བྱུང་བ་ཡང་མང་དུ་བྱུང་བས་དིང་སང་དབུས་འཕགས་དང་གཙང་འཕགས་ཤེས་བྱ་བའི་སྡེ་གཉིས་སུ་ཆགས། བཅོ་ལྔ་ཙམ་དང་བཅུ་རེ་ཙམ་དང༌། མཐའ་ང་ལྔ་རེ་ཙམ་འདུས་པའི་སྡེ་ཕྲན་གྱིས་ནི་དྭགས་ཀོང༌། དབུས་གཡོར། ལ་སྟོད་ལྷོ་བྱང་ཐམས་ཅད་དུ་ཁྱབ་སྣང་བས་བསྟན་པ་ལ་ཕན་ཤིན་ཏུ་ཆེའོ། ཐུགས་རྗེ་ཆེན་པོ་དཔལ་མོ་ལུགས་ཀྱི་བརྒྱུད་པའི་སྐབས་སོ། ། ༡༤.༢ དོན་ཞགས་དམར་ཁྲིད་ཟླ་རྒྱལ་ལུགས་ཀྱི་སྐབས། ཡང་འཕགས་པ་དོན་ཡོད་ཞགས་པའི་སྒྲུབ་པའི་བརྒྱུད་པ་ནི། པཎྜི་ཏ་ཨེ་ར་པ་ཏི་ཞེས་བྱ་བ་རྒྱ་གར་ལྷོ་ཕྱོགས་པ་ཡིན་པ་ཞིག །རྒྱ་གར་ལྷོ་ཕྱོགས་ན་དད་པའི་སྟོབས་ཀྱི་གཙུག་ལག་ཁང་ཞེས་བྱ་བ་ཞིག་ཡོད་པར་ཕྱིན་ནས། རབ་ཏུ་བྱུང་ནས་རིག་པའི་གནས་མཐའ་དག་མཁྱེན་པའི་པཎྜི་ཏ་ཆེན་པོར་གྱུར་པ་ཞིག་རང་གི་ཡུལ་དུ་འོངས་ནས་མ་ལ་ཆོས་བསྟན་ནས་དེར་ཁང་པ་ཅིག་གི་སྟེང་ཐོག་ཏུ་བཅགས་པས་སོ་ཕག་གི་དུམ་བུ་ཞིག་ལྷུང་བ་མའི་མགོ་ལ་ཕོག་ནས་ཤི། འདི་འདྲ་བའི་རིགས་ལ་སྲོག་གཅོད་པའི་དངོས་གཞི་ནི་མི་འོང་སྟེ། སློབ་དཔོན་ཨརྻ་དེ་བས། སེམས་ཀྱི་སྒྲིབ་སྦྱོང་དུ། དགེ་སློང་གིས་ནི་ཕ་རྒན་ལ། མྱུང་འདོང་ཞེས་ནི་བསྐུལ་གྱུར་ཏེ། ཕུལ་བས་ཤི་བར་གྱུར་ཀྱང་ནི། ཕམ་པར་འགྱུར་བ་མ་ཡིན་ནོ། ཞེས་གསུངས་བསསོ། །འོན་ཀྱང་སྟབས་ཉེས་པས་ཉེས་པ་དེ་སྦྱང་བའི་ཕྱིར་དོན་ཡོད་ཞགས་པའི་སྒྲུབ་པ་ཟླ་བ་དྲུག་ཏུ་བྱས་པས་རྟགས་གང་ཡང་མ་བྱུང༌། དེ་ལྟ་བུ་ལན་གཉིས་སུ་བྱས་པས་ཀྱང་རྟགས་མ་བྱུང༌། གསུམ་དུ་བྱས་པས་ཀྱང་མ་བྱུང་བ་ལ། དེར་ཙན་དན་གྱི་ཕྲེང་བ་ཅིག་ཕྱག་ཏུ་གཟུང་ནས་ཧྲི་ཏྲཻ་ལོ་ཀྱའི་སྔགས་བཟླས་པའི་འཕྲོ་ལ་གཉིད་དུ་སོང་བས་ལག་ནས་ཕྲེང་བ་ཡང་ཤོར། གཉིད་སད་པ་ན་ས་གཞི་ཐམས་ཅད་མདངས་དང་འོད་ཀྱིས་ཁྱབ། མེ་ཏོག་དང་སྤོས་ཆུའི་ཆར་བབ། དེ་ནས་ཕྱོགས་རྣམས་སུ་བལྟས་པས་ཅི་ཡང་མ་མཐོང༌། རང་ཉིད་འདུག་པའི་ཤིང་སྡོང་ལ་བལྟས་པས་དོན་ཡོད་ཞགས་པ་ལྷ་ལྔ་ཤིང་སྡོང་ལ་གསལ་བར་བྱོན་འདུག་པས། འཕགས་པ་ཐུགས་རྗེ་རེ་ཆུང༌། ང་སྒྲིབ་པ་ཆེ་ཞུས་པས། ང་དང་ཁྱོད་འབྲལ་མ་མྱོང་གསུང་ནས་ཆོས་མང་དུ་གསུངས་ཤིང༌། དེ་ནས་གཟུང་སྟེ་ཇི་ལྟར་འདོད་པས་ཆོས་གསན་ཆོག་པར་གྱུར། དེར་ཡུལ་གཞན་དུ་ཕྱིན་ནས་འཕགས་པའི་ཆོས་སྤེལ་དགོས་སྙམ་པ་ལ། མ་བསད་པའི་སྡིག་ཅན་ཡིན་ཟེར་ནས་མི་རྣམས་ཀྱི་མ་མཉན་པས། དཔལ་བཱི་རུ་བ་ལ་སོགས་པའི་གྲུབ་ཐོབ་མང་དུ་འདུས་ནས་ཁོང་ལ་ཆོས་གསན་པས་ཡུལ་དེའི་རྒྱལ་པོས་ཁྱེད་རྣམས་གྲུབ་པ་ཐོབ་ཀྱང་སྡིག་ཅན་འདི་འདྲ་བ་ལ་ཆོས་ཞུ་བ་བྱས་པས། གྲུབ་ཐོབ་རྣམས་ཀྱིས་འདི་གྲུབ་ཐོབ་རྣམས་ཀྱི་གཙོ་བོ་ཡིན་སྔར་གྱི་དེ་ཐམས་ཅད་འཕགས་པའི་རྣམ་འཕྲུལ་ཡིན་གསུངས་པས། དེར་རྒྱལ་པོས་ཀྱང་བཤགས་པ་ཕུལ་ནས་ཐམས་ཅད་དད་པར་གྱུར། གཡོག་དགེ་བསྙེན་ཅིག་ཡོད་པས་ཞུས་པས་དེའི་དོན་དུ་དོན་ཞགས་ཀྱི་སྒྲུབ་ཐབས་ཀྱང་མཛད། ཨེ་ར་པ་ཏིས། ལྷོ་ཕྱོགས་ཀྱི་རིགས་ངན་རྣལ་འབྱོར་པ་ལ་གནང༌། དེ་ནི་གྲུབ་པ་ཐོབ་པས་གྲུ་པས་གངྒཱ་ལ་གྲུ་མ་བཏང་བས་ཁ་ཊྭཱངྒཱ་ཆུ་བོ་ལ་རྒྱབ་པས་གངྒཱ་བད་ཀྱི་ཆད་པ་ཅིག་ཡིན། དེ་ལ་པཎྜི་ཏ་དོན་ཡོད་རྡོ་རྗེ་རྡོ་རྗེ་གདན་པས་ཞུས། ཡང་པཎྜི་ཏ་དྷརྨ་ཀ་པཱ་ལས་ཐུགས་རྗེ་ཆེན་པོ་ལ་གསན། དེས་བདེ་མཆོག་གི་གྲུབ་པ་ཐོབ་པ་བསོད་སྙོམས་པ་ཆེན་པོ་ལ་བཤད། དེས་དོན་ཡོད་རྡོ་རྗེ་ལ་བཤད། དོན་ཡོད་རྡོ་རྗེ་ནི་རྡོ་རྗེ་གདན་པ་ཆེ་བའི་མཚན་ཏེ། དེས་ལ་མ་བ་རི་ལ་བཤད། ཡང༌། ཁ་སརྦ་ཎིའི་གཙུག་ལག་ཁང་ན་འཕགས་པའི་སྤྱན་འདྲེན་ལ་བོ་དགེ་བསྙེན་དེས་འཕགས་པའི་བསྙེན་བཀུར་བྱེད་པ་ལ། དེ་གཤེགས་རྗེས་སུ་འཕགས་པའི་དགེ་བསྙེན་གཞན་ཞིག་ཡོད་པ་དེ་ལ་འཕགས་པས་ཁྱོད་རབ་ཏུ་བྱུང་ཞིག་ཅེས་ལུང་བསྟན། དེས་དགེ་བསྙེན་གཞན་ཞིག་འཕགས་པའི་གཡོག་ཏུ་བཞག་སྟེ་བི་ཀྲ་མ་ཤཱི་ལར་ཕྱིན་ནས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། མཚན་ནི་ཤཱི་ལ་ཨཱ་ཀ་ར་ཞེས་བྱ། དེས་པཎྜི་ཏ་བཻ་རོ་ཙ་ན་ལ་བཤད། དེས་བ་རི་ལ་བཤད། ཡང་པཎྜི་ཏ་ཆོས་སྟོན་ཞེས་བྱ་བ་ཞིག་གིས་ཁ་སརྦ་ཎིར་འཕགས་པ་ལ་མཆོད་པ་བྱས་པས་རྨི་ལམ་དུ་ཆོས་གསུངས། ཕྱིས་མངོན་སུམ་དུ་ཡང་ཆོས་བསྟན། དེས་པཎྜི་ཏ་དོན་ཡོད་རྡོ་རྗེ་ལ་གསུངས། དེས་བ་རི་ལ་བསྟན་ཏེ། བ་རི་ནི་འཁྲུངས་ཡུལ་ཁམས་པ་སྡོམ་ཚང༌། ལྕགས་ཕོ་འབྲུག་ལ་འཁྲུངས། ལོ་འདི་ལ་རྗེ་བཙུན་མི་ལ་ཡང་འཁྲུངས། ཁམས་སུ་ཁ་ཆེའི་པཎྜི་ཏ་ཅིག་བྱོན་པས་མངོན་པ་དང་ཞལ་གཉིས་མ་ཆུང་བ་གསན། རྒྱ་གར་དུ་འབྱོན་བཞེད་པས་གསེར་སྲང་བདུན་ཅུ་ལྷག་ཅིག་རྙེད་པ་ཁྱེར་ནས་དབུས་སུ་བྱོན་པས། ལོ་བཅོ་ལྔ་ལོན་པ་ལ་ཇོ་བོ་རྗེ་དང་སྙེ་ཐང་དུ་མཇལ། བྱིན་བརླབས་ཞུས་པས་རྡོ་རྗེ་གདན་པའི་སར་སོང་ཞིག་བར་ཆད་མི་འོང་གསུང་ནས་ལུང་བསྟན། ལ་སྟོད་དཔལ་ཐང་ལ་བྱོན་པས་བཤས་ལུག་བརྒྱ་ཙམ་དེད་བྱུང་བས། སྙིང་རྗེ་སྐྱེས་བྱུང་བས་གསེར་ཞོ་རེས་བླུས་ནས་གནས་གཞི་ཅིག་ཏུ་ཚེ་ཐར་དུ་ཕུལ། བལ་པོར་ཕེབས་ནས་རྒྱ་གར་དུ་འགྲོ་བ་ལ་འཇིགས་པ་དང་བཅས་ཤིང་ལམ་ཐག་ཐུང་བ་དང༌། འཇིགས་པ་མེད་ཅིང་ལམ་ཐག་རིང་བ་གཉིས་ཡོད་པ་ལས། ལམ་ཐག་ཉེ་བ་ལ་འཇིགས་པ་མི་འོང་བའི་ཡིད་དམ་གྱི་ལུང་བསྟན་བྱུང༌། སང་གངྒཱ་བརྒལ་བའི་དོ་ནུབ་རྨི་ལམ་དུ་སྤྱན་རས་གཟིགས་ཕྱག་བཞི་པ་ཅིག་གཟིགས། ཀོ་ས་ལ་གྲ་མར་ཙ་མི་དང་མཇལ། གསེར་ཞོ་རེའི་ཕྱག་རྟེན་ལན་གཉིས་སུ་ཕུལ། ཁོང་གིས་བི་ཤྭ་ཀརྨས་བཟོས། སངས་རྒྱས་ཀྱིས་རབ་གནས་གནང་བའི་སྐུ་གཅིག་བསྟན་བྱུང་བས་རྨི་ལམ་དང་མཐུན་པར་བྱུང༌། དེ་མཐོང་བས་ཏིང་ངེ་འཛིན་བཟང་པོ་སྐྱེས། དེ་ནས་རྒྱ་གར་དུ་བཞུགས་རིང་རྣམས་སུ་འཕགས་པ་བྱོན་ནས་གཏམ་མང་པོ་གསུང་བ་རྒྱུན་པར་བྱུང༌། རྣལ་འབྱོར་མ་ཡང་ཞལ་སྟོན་དུ་འོངས་པ་ཡང་ཕྱིར་ལོག་ཟེར་བ་ཅིག་ཀྱང་བྱུང༌། འཕགས་པ་བཤུམ་པ་ཅིག་ཀྱང་བྱོན། ཅི་ཉེས་ཞུས་པས་ཤིང་སྟན་ཅན་གྱིས་བཙོན་དྲུག་ཅུ་གཟུང་ནས་དེ་རྣམས་བཙོན་དོང་དུ་སྦྲུལ་དང་སྦལ་པ་ལ་སོགས་པས་གཙེས་ཤིང་ཉེན་ནས་སྐད་ངན་འདོན་གྱི་འདུག་པས་སྙིང་རྗེ་གསུངས་པས། སང་དེ་ཁ་ལྟར་འདུག་ནས་རྒྱལ་པོ་ལ་གསེར་སྲང་གང་འབུལ་བཙོན་རྣམས་ཐོང་ཞུས་པས། མི་རེ་ལ་གསེར་སྲང་རེ་མ་བྱུང་ན་མི་གཏོང་ཟེར་བས་གསེར་སྲང་དྲུག་ཅུས་བཙོན་རྣམས་བཏོན། སྦྲུལ་གྱིས་རྨས་པ་ལ་སོགས་པའི་ནད་པ་རྣམས་གསོ་བའི་ཐབས་སྨན་པ་བོས་ནས། དེ་ལ་གསེར་སྲང་གང་བྱིན་པས་བྱང་ཆུབ་སེམས་དཔའི་གྲགས་པ་ཆེན་པོ་བྱུང༌། ཡང་འཕགས་པ་བཤུམ་གྱི་འདུག་པ་ཅི་ཉེས་ཞུས་པས། རྒྱུས་ལོ་ཙཱ་བའི་གསེར་གཉལ་པས་ཁྱེར་བས་ཁོ་སྡུག་བསྔལ་གསུངས་བས། རྒྱུས་ལོའི་རྩར་སང་ཕྱིན་ནས་ཅི་བྱུང་བྱས་པས། ང་འདྲ་བའི་བསོད་ནམས་ཆུང་བ་ཟེར་བས། གསེར་ཞོ་དོ་སྦྱིན་པས་དགའ། བོད་དུ་འབྱོན་པར་བརྩམས་པ་ན་རྨི་ལམ་དུ་ཡི་དྭགས་མང་པོ་བྱུང་ནས། མ་ཧཱ་ལོ་ཙཱ་བ་ཁྱོད་བོད་དུ་འགྲོ་བ་ལ། འཇིགས་པ་མི་འོང་བར་འདུག་གི ངེད་ལ་གཏོར་མ་བྱིན་ལ་རྒྱུག་ཟེར་བས་འབྲས་མི་ཁུར་བཅུ་གཅིག་ལ་གཏོར་མ་བྱས་ནས་བཏང༌། གསེར་ལྷག་མས་མངའ་རིས་པ་མང་པོ་བྱུང་བའི་སྣ་ལེན་བྱས་པ་ལ། ཁོང་རྣམས་ན་རེ། པཎྜི་ཏ་ལ་ར་ཧེ་ཏ་མངའ་རིས་སུ་བྱོན་ནས་བྱམས་ཆོས་དང་རིགས་ཚོགས་གསུང་གི་ཡོད་ཟེར་བ་ལ། བལ་ཡུལ་ནས་གུང་ཐང་དུ་བྱོན། དེ་ནས་གྲོ་ཤོད་ནས་སྤུ་ཧྲངས་སུ་བྱོན་ནས་པཎྜི་ཏ་ལ་རིགས་ཚོགས་གསན། སྔོན་ལོ་ཙཱ་བ་རིན་ཆེན་བཟང་པོས་སྤྱན་དྲངས་པའི་ཐུགས་རྗེ་ཆེན་པོ་འཇམ་དཔལ་སྒྲོལ་མ་རྣམས་བལྟར་ཕྱིན་པས། དེ་ནུབ་རྨི་ལམ་དུ་སྒྲོལ་མའི་ཞབས་ཀྱི་མཐེ་བོང་སོགས་ཉམས་པ་གསོས་ཟེར་བ་རྨིས་པས། གསེར་གྱིས་གོར་ཤི་ཤ་ཉོས་ནས་གསོས། ཡང་རྒྱ་གར་དུ་བྱོན་ནས་རྡོ་རྗེ་གདན་པ་ལ་འཕགས་པའི་སྐོར་ལ་སོགས་པའི་ཆོས་མང་དུ་གསན་ནས་སླར་བོད་དུ་བྱོན། ཡས་མན་མང་པོར་འགྲོ་བའི་དོན་མཛད། འཕགས་པའི་ཆོས་སྐོར་སྦྱིན་པའི་སློབ་མ་མང་དུ་ཡོད་ཀྱང་ཁྱད་པར་དུ་གྱུར་པ་སྣུབས་ཕག་མོ་ལུང་པ། ཉེ་གནས་ལྷོ་བ། གུང་ཐང་གི་མཁན་པ་ཐང་པ་རྣམས་ལ་འཕགས་པའི་ཆོས་སྐོར་རྣམས་གསུངས། དེ་གསུམ་ག་ལ་གྲུབ་ཐོབ་ཞང་ཞུང་པས་གསན། དེ་ལ་སྐྱེ་མ་གྲགས་ཚུལ་གྱིས་གསན། དེས་ཀླུ་སྒྲུབ་ལ། དེས་བླ་མ་དཀའ་བཞི་པ། དེས་དོན་ཞགས་པ་ཤེས་རབ་བརྩོན་འགྲུས། དེས་དོན་ཞགས་པ་སངས་རྒྱས་རིན་ཆེན། འཚལ་དུ་སི་ཏུ་དགེ་བློ་བའི་མཁན་པོ་མཛད་པས་མཁན་ཆེན་སང་རིན་པ་ཞེས་ཟེར། སྤྱན་ཡས་ཀྱི་མཁན་པོ་རྒྱལ་ཚ་དང་མཇལ་ནས་སྤྱན་ཡས་སུ་འཕགས་པའི་ཆོས་སྐོར་གྱིས་གདུལ་བྱ་བསྐྱངས། སྟོད་སྨད་གཞན་རྣམས་སུ་བྱོན་ནས་ཕྱིས་མྱ་ངན་ལས་འདའ་ཁར། ང་ཤིན་ཏུ་བཙུན་པའི་གྲས་སྤྱན་ཡས་སུ་སྐྱོལ་གསུང༌། སྤྱན་ཡས་སུ་ཕེབས་ཏེ་གཤེགས། གདུང་རྣམས་རྫའི་མཆོད་རྟེན་ན་དིང་སང་ཡང་བཞུགས། དེ་ལ་དོན་ཞགས་ཀྱི་སྐོར་སློབ་དཔོན་གཞོན་ནུ་སྨོན་ལམ་བས་གསན། དེ་ལ་མཁན་ཆེན་སངས་རྒྱས་འབུམ་དཔལ་བས་གསན་ཏེ། ཕྲིན་ལས་ཀྱི་རྒྱུན་ད་ལྟའི་བར་དུ་མ་ཆད་པར་ཡོད་དོ། ཡང་དཱ་བྱང་ཆུབ་སེམས་དཔའི་ཞེས་བྱ་བ་ཇོ་བོ་རྗེའི་དབོན་པོ་བསྐལ་བཟངས་ཀྱི་བྱང་ཆུབ་སེམས་དཔའ་ཡིན་པ་ཞིག་གིས་འཕགས་པ་ལ་དངོས་སུ་ཞུས། དེ་ལ་པཎྜི་ཏ་ཤྲཱིདྷ་ན་ཞེས་བྱ་བ་མཁས་པ་ཅིག་ཡིན་པ་ལ། ཕྱིས་ཉིན་བྱང་ཆུབ་ཆེན་པོ་ལ་མཆོད་པ་བྱེད་ཅིང་མཚན་དུར་ཁྲོད་དུ་སྒོམ་པ་ཞིག་ཡོད་པ། མངའ་རིས་པའི་ལོ་ཙཱ་བ་འཕགས་ཚུལ་གྱིས་བལ་པོར་སྤྱན་དྲངས་པའི་ཚེ་བྱང་སེམས་ཟླ་རྒྱལ་གྱིས་དབང་དང་བྱིན་བརླབས་ཞུས་ཤིང་འཕགས་པའི་སྐོར་རྣམས་ཀྱང་གསན། གཞན་ལ་བསྐྱིས་ནས་གསེར་སྲང་བདུན་ཕུལ། པཎྜི་ཏ་དེས་ཆོག་གསུང་ནས་ལོ་ཙཱ་བ་དང་གཉིས་པོ་རྒྱ་གར་དུ་བཞུད། བྱང་ཆུབ་སེམས་དཔའ་ལ་གྲུབ་ཐོབ་ཞང་ཞུང་བ། དེ་ལ་སྐྱེ་མ་གྲགས་ཚུལ། དེ་ལ་བླ་མ་འཇམ་དཔལ་རྒྱལ་མཚན། དེ་ལ་ཞིག་པོ་ཀུན་གྲོལ། དེ་ལ་ལ་མོ་བ་སངས་རྒྱས་སྟོན་པ། དེ་ལ་སངས་རྒྱས་དབོན་པོ། དེ་ལ་གཞོན་ནུ་བློ་གྲོས། དེ་ལ་གྲགས་པ་རྒྱལ་མཚན། དེ་ལ་གྲགས་པ་བཟང་པོ། དེ་ལ་བླ་མ་རྡོ་རྗེ་རྒྱལ་མཚན་གྱིས་ཞུས་ཏེ། ཆོས་ཕུག་དོན་ཞགས་སུ་མིང་བཏགས་ནས་སྐྱ་སེར་ཤིན་ཏུ་མང་པོ་ལ་ཕན་པ་ཆེ་ཞིང་སྙན་པར་གྲགསསོ། །ཡང་བྱང་སེམས་ཟླ་རྒྱལ་ནས། ཉིད་ཕུག་པ། སྐྱེ་མ་གྲགས་ཚུལ། གྲུབ་ཐོབ་དཀོན་མཆོག་གྲགས། སངས་རྒྱས་འཇམ་རྒྱལ། ཐུགས་རྗེ་རྒྱལ་མཚན། སྐྱེས་མཆོག་ཀླུ་སྒྲུབ། དཀའ་བཞི་པ་དཀོན་མཆོག་གཞོན་ནུ། འཇམ་དབྱངས་ཐུགས་རྗེ་ཤེས་རབ། ཀུན་མཁྱེན་ཡོན་ཏན་མགོན་པོ། བླ་མ་གཞོན་ནུ་བྱང་ཆུབ། ཤངས་པ་ཀུན་མཁྱེན། ཡང༌། གྲང་པོ་ལུང་པ། བླ་ཆེན་པ། འཆིམས་ནམ་མཁའ་གྲགས། བསོད་ནམས་ཡེ་ཤེས། མཁན་པོ་གྲགས་པ་གཞོན་ནུ། མཁན་ཆེན་བསོད་ནམས་གྲགས། རྒྱལ་སྲས་ཐོགས་མེད་པ། ཆོས་རྗེ་རྒྱ་མ་པ་ཡོན་ཏན་འོད། ཀུན་མཁྱེན་ཤངས་པ། དེས་བདག་ལ་གནང་བ་ལགས། ཡང༌། དོན་ཞགས་ལྷ་ལྔའི་དབང་རིགས་གཏད་ཀྱི་བརྒྱུད་པ་ནི། སྤྱན་རས་གཟིགས། ཤཱི་ལ་ཨཱ་ཀ་ར། བཻ་རོ་ཙ་ན་རཀྵིཏ། བ་རི་ལོ་ཙཱ་བ། སྐྱེ་མ་གྲགས་ཚུལ། སྣར་ཐང་པའི་སློབ་དཔོན་དོན་ཞགས་པ། མཁན་ཆེན་སྐྱོ། བྱང་ཆེན་པ་བསོད་འཕེལ། བག་སྟོན་པ། བླ་མ་ཚུལ་རྒྱལ་བ། ཀུན་མཁྱེན་ཤངས་པ། དེས་བདག་ལ་གནང་བ་ཡིན་ནོ། ཞལ་བཅུ་གཅིག་པའི་དབང་རིགས་གཏད་ཀྱང་བརྒྱུད་རིམ་དེ་ཉིད་ལས་བདག་ལ་གནང་བ་ལགསསོ། ། ཐུགས་རྗེ་ཆེན་པོའི་དམར་ཁྲིད་བྱང་སེམས་ཟླ་རྒྱལ་ལུགས་ནི། སྐྱི་ཚ་འོད་འབྱུང་གིས་བྱང་སེམས་ཀྱི་སྙན་པ་ཐོས་ནས་ཞབས་དྲུང་དུ་ཕྱིན་པས་སྤྱན་རས་གཟིགས་སུ་མཐོང༌། རེས་བླ་མར་མཐོང༌། ཡང་མོས་གུས་དྲག་པོ་སྐྱེས་རེས་ཀྱིས་སྤྱན་རས་གཟིགས་སུ་མཐོང་བ་དེ་ལ། བྱང་སེམས་ཀྱི་ཞལ་ནས། ཁྱོད་ཀྱི་ཆོས་ཀྱིས་འགྲོ་དོན་འོང་གསུངས་ནས་གནང༌། དེ་ལ་ཞང་དབུ་དཀར་བས་གསན་ཏེ། དེ་ནི་སྔོན་འགྲོའི་མ་ཎི་ལ་ནུས་པ་རྙེད་ནས་ལྷ་འདྲེ་ལ་ཕྲིན་བཏང་བས་ཆོག་པ་དང་བདེན་ཚིག་གྲུབ་པ་བྱུང༌། ཆོས་འདིས་གཞན་དོན་རྒྱ་ཆེར་བསྐྱངས། དེས་ཞང་ལོ་ཙཱ་བ་མྱ་ངན་མེད་པའི་ས་དཔལ་ལ་གསུངས། ཁོང་གི་མནལ་ལམ་དུ་ཐུགས་རྗེ་ཆེན་པོའི་ཞལ་ཡང་ཡང་གཟིགས་ཤིང་ཆོས་གསན་ཆོག་པ་བྱུང༌། དེས་མཁན་པོ་བྱང་ཆུབ་རིན་ཆེན་ལ་གནང་སྟེ། དེ་ཡང་ཆོས་ལ་ནུས་པ་ཐོན་ཞིང་འགྲོ་དོན་རྒྱ་ཆེ་བར་བྱུང༌། དེའི་སློབ་མས་ཀྱང་སྤྱན་རས་གཟིགས་ཀྱི་ཞལ་མཐོང་བ་མང་དུ་བྱུང༌། དེས་ལྕེ་སྒོམ་ཤེས་རབ་རྡོ་རྗེ་ལ་གསུངས། དེས་གྲུབ་ཐོབ་ཧཱུམ་འབར་ལ་གསུངས་ཏེ། ཡི་དམ་ལྷའི་ཞལ་གཟིགས་ཤིང་མི་མ་ཡིན་གྱིས་གཏོར་མ་དངོས་སུ་ལེན་པ་ཅིག་བྱོན། དེས་མཁན་ཆེན་བྱང་ཆུབ་དཔལ་ལ་གསུངས། འདིས་ཕྱག་རྡོར་དང་མགོན་པོའི་ཞལ་གཟིགས་ཤིང་མངོན་པར་ཤེས་པ་ཡང་ཐོགས་པ་མེད་པར་མངའ་བ་ཡིན། དེས་དཔལ་རྒྱལ་བ་གྲུབ་པ་ལ་གནང༌། ཁོང་གི་ས་གནས་ཐུགས་རྗེ་རྫོང་དུ་ལྷ་ལྔའི་བསྙེན་པ་མཛད་པས་བཅུ་གཅིག་ཞལ་ཞལ་གཟིགས་པ་ལ་སོགས་པ་ཡོན་ཏན་དཔག་ཏུ་མེད་པ་མངའོ། དེས་མཁན་ཆེན་འཛིམས་ཆེན་པ་ལ་གནང་སྟེ། ཡི་དམ་གྱི་ཞལ་གཟིགས་ཤིང་རྟོགས་པ་འཁྲུངས། དེས་ཀུན་སྤངས་རི་ཁྲོད་པ་ལ་གསུངས་ཤིང༌། ཡི་དམ་མང་པོའི་ཞལ་གཟིགས། དེས་མཁན་ཆེན་གཞོན་ནུ་འབུམ་ལ་གནང༌། དེས་དོན་ཡོད་གཞོན་ནུ་ལ་གནང༌། དེས་ཆོས་རྗེ་ཆུ་ཚན་ཁ་བ་ཤེས་རབ་དཔལ་བ་ལ་གསུངས། དེས་སྐྱེས་མཆོག་ནམ་མཁའ་བཟང་པོ་ལ་གནང་བའོ། དོན་ཞགས་དང་དམར་ཁྲིད་ཟླ་རྒྱལ་ལུགས་ཀྱི་སྐབསསོ། ། ༡༤.༣ ལ་སྟོད་དམར་པོའི་སྐབས། ལ་སྟོད་དམར་པོ་ལས་འོངས་པའི་ཐུགས་རྗེ་ཆེན་པོའི་ཆོས་སྐོར་ཇི་ལྟར་བྱུང་བ་ནི། སངས་རྒྱས་འོད་དཔག་མེད། མཁའ་འགྲོ་མ་གསང་བ་ཡེ་ཤེས། དེས་ལྭ་བ་པའམ་སྤྱོད་པ་བ། དེས་དུར་ཁྲོད་པའམ་བི་རུ་བ་ལ༌། དེས་རྡོ་རྗེ་གདན་པ་ཆེ་བ། དེས་ལ་སྟོད་དམར་པོ་ལ་གནང་བ་ཡིན་ཏེ། འཁྲུངས་ཡུལ་འུ་ཡུག །ཡབ་སྒོམ་ཆེན་ལྷ་བརྟན་དང༌། ཡུམ་ཨར་མོ་སིང་ང་གཉིས་ཀྱི་སྲས་སུ་འཁྲུངས། གདུང་རམ་ཡིན། བྱིས་པའི་དུས་ཙ་ན་བྱིས་པ་དྲུག་གིས་ཁྱི་སྨྱོན་རྡོ་རུབ་ཀྱིས་བསད། དེའི་རོ་ལ་སྔགས་པ་ཧོམ་བྱེད་པའི་ལད་མོ་བྱས་ནས་བྲ་མའི་གསེབ་ཏུ་བསྲེགས་པས་ཀླུ་དང་ཐུག་ནས་བྱིས་པ་ཟླ་བོ་རྣམས་ལོ་དུས་སུ་ཤི། ཁོང་ལ་ཡང་བསྙུན་གྱིས་ཟིན། ཁུ་བོ་དགེ་བཤེས་གཅིག་གི་སར་མི་གཡོ་བའི་དམིགས་པའི་སྒོར་ཞུགས་བཟླས་པ་དུམ་རེ་བྱས་ཀྱང་ཡིད་མ་ཆེས། ཁུ་བོའི་ལད་མོ་བྱས་པས་ཁུ་བོ་ཡང་མ་དགྱེས། སློབ་དཔོན་དུ་གཉེན་ངན་བྱ་བ་ཡིན་པས་ཁྱོད་རང་གཞན་དུ་སོང་གསུང༌། ད་འོ་ན་ཤི་ཡང་རྒྱ་གར་དུ་འགྲོ་སྙམ་ནས་ཨ་ནེ་ཕྱུག་མོ་ཅིག་ལ་གཡུ་གང་དམར་རྐང་ཆོགས་བྱ་བ་ཡོད་པ་ཕ་སྤུན་མོ་ཅིག་བག་མ་ལ་འགྲོ་བའི་ཆས་ལ་གཡར་བ་སྐ་བྱས་ནས་གཡུ་དེ་སེ་བའི་དབྱུག་པ་གཤགས་པ་ཅིག་གི་ནང་དུ་བརྫངས་ནས་ཁྱེར་ཏེ་ལ་སྟོད་དུ་བྱོན། དིང་རིར་ཞག་གཅིག་བསྡད། དེ་ནས་ཤས་ཤིག་བྱོན་པ་ན་དབྱུག་པ་ལུས་ནས་ལོག་སྟེ་འོངས་པས། དམ་པ་སངས་རྒྱས་ཀྱིས་དབྱུག་པ་དེ་བྱིན་བྱུང༌། ཁབ་གུང་ཐང་དུ་སླེབ་ཙ་ན་མར་པ་ལོ་ཙཱ་བྱ་བའི་གོས་ནག་གྱོན་ཁྱི་ནག་ཁྲིད་པ་ཅིག་རྒྱ་གར་དུ་འགྲོ་བར་འདུག་པ་ལ། ལམ་གྱི་མགོ་འདོན་གྲོགས་ཞུས་པས། ལྷོ་བལ་དུ་གཡུ་མི་བྲིན་འདི་གསེར་དུ་བསྒྱུར་དགོས་ཟེར་བས་ལ་སྟོད་དུ་ལོག་བཙོངས་པས་གསེར་སྲང་བཞི་བཅུ་རྩ་དྲུག་ཁུགས། མར་ལོ་དེ་མགོན་པོ་བསྟེན་པར་འདུག་པས་མགོན་པོའི་སྒྲུབ་ཐབས་ཞུས། རྒྱ་གར་གྱི་ཐང་ཁབ་དུ་སླེབ་ཙ་ན། རྨི་ལམ་དུ་ཉི་མ་རང་ལ་ཐིམ། ཟླ་བ་ལག་ཏུ་ཐོགས། ནམ་མཁའ་ལ་འཕུར་བ་ཅིག་རྨི་འཕྲོ་ལ་གཉིད་སད་པས་བྲེད་པ་ཅིག་ཀྱང་བྱུང༌། མར་ལོ་ལ་བཤད་པས་བྲེད་མ་དགོས། ཉི་མ་རང་ཐིམ་པ་ཆོས་ཟབ་མོ་ཁོང་དུ་ཆུད་འོང་བའི་བརྡའ་ཡིན། ཟླ་བ་ལག་ཏུ་ཐོགས་པ་དེ་གཞན་དོན་འོང་བའི་བརྡའ་ཡིན། ནམ་མཁའ་ལ་འཕུར་བ་དེ་སྣང་བ་ཟིལ་གྱིས་ནོན་པའི་པའི་བརྡའ་ཡིན་ཟེར། དེ་ན་རྡོ་རྗེ་གདན་པའི་དྲུང་དུ་སླེབ་གསེར་ཕྱེད་ཕུལ་ནས། ཚེ་འདིའི་བར་ཆད་སེལ་བ་དང་ཕྱི་མ་ལ་བྱང་ཆུབ་ཐོབ་པའི་ཐབས་ཅིག་ཞུ་བྱས་པས། ཐུགས་རྗེ་ཆེན་པོའི་སྒོམ་བཟླས་གནང༌། སྨྱུག་མའི་སྦུབས་རྣ་བ་ལ་བཙུགས་ནས། ཨོཾ་མ་ཎི་པདྨེ་ཧཱུྃ་གསུངས་པས་ཁོང་གི་རྟོག་པ་འདི་བོད་ན་རྒན་རྒོན་དང་བྱིས་པས་ཀྱང་ཤེས། ཆོས་འདིས་གྲུལ་མི་ཐུབ་བམ་སྙམ་པ་དང༌། བླ་མས་མཁྱེན་ནས་གསེར་ཚུར་གཏད། ཞལ་ངོ་གནག་པར་འདུག་པས་དེ་མར་ལོ་ལ་བཤད། མར་ལོ་ན་རེ། དེ་བླ་མ་མ་མཉེས་པ་ཡིན། ད་བཤགས་པ་བྱ་དགོས། བཤགས་ཐབས་ཀྱང་བླ་མ་ལ་ཞུས་ཟེར། ཞུས་ནས། དྲི་ཆེན་དྲི་ཆུ་ལ་ཟས་གྱིས་གསུང་ནས་བྱས། ཏིང་ངེ་འཛིན་གྱི་དབང་བསྐུར་གནང་བ་བསྒོམས། ཡི་གེ་དྲུག་པ་ཟླ་བ་གཅིག་ཏུ་བཟླས་པས་རྨི་ལམ་ན་སྡིག་སྦྲུལ་མང་པོ་ལུས་ལས་འཐོན་པ་རྨིས། མལ་ཆུ་སེར་གྱིས་གང༌། ཡིད་དང་སིང་བ་སྙམ་བྱེད། ཤ་རོ་དད་པ་ལ་ལྡོགས་སོགས་ཀྱང་མི་འདུག །ཕར་ཆམ་ཚུར་ཆམ་བྱས། སང་སྔ་བར་བླ་མའི་དྲུང་དུ་ཕྱིན། གསེར་སྲང་གཅིག་ལ་མཎྜལ་བྱས། ཐུགས་རྗེ་ཆེན་པོའི་རྒྱུད་སྒྲུབ་ཐབས་མན་ངག་དང་བཅས་པ་གནང༌། རྡོ་རྗེ་གདན་དུ་བསྒོམས་པས་རྨི་ལམ་དུ་སྒྲོལ་མས་བསིལ་བ་ཚལ་དུ་སོང་ཞིག་ཅེས་ལུང་བསྟན། རྡོ་རྗེ་གདན་པ་ལ་ཞུས་པས་མ་འགྲོ་གསུང༌། ཡང་རྗེ་བཙུན་མ་མངོན་སུམ་དུ་གཟིགས་ཏེ་སོང་གསུང་བའི་ལུང་བསྟན་བྱུང༌། རྡོ་རྗེ་གདན་པ་ལ་ཞུས་པས་ད་ཁྱོད་རང་མཁས་སོང་ཞིག་གསུང༌། བསིལ་བ་ཚལ་དུ་ནྱ་གྲོ་དྷའི་ཤིང་སྡོང་རྩར་བསྡད་པས་སྦྲུལ་ནག་པོ་ཆེན་པོ་ཞིག་གིས་ཤིང་སྡོང་དེ་ལ་སེ་བཅིངས་སུ་བཅིངས། དབུགས་མི་ཐོན་པ་འདྲ་བ་བྱུང༌། མཉམ་པར་བཞག་པས་དེ་མ་ཐག་གྲོལ་ཏེ། སྦྲུལ་དེ་རྣམས་སྲས་སུ་གྱུར་ནས་རང་གི་སྙིང་པོ་ཕུལ་ཅི་འདོད་སྒྲུབ་པར་ཁས་བླངསསོ། །དེ་ནས་གངྒའི་འགྲམ་དུ་མུ་སྟེགས་རྣམས་དང་རྫུ་འཕྲུལ་འགྲན་པས་ཀྱང་མུ་སྟེགས་ཀྱིས་མ་ཐུབ་པར་སངས་རྒྱས་ཀྱི་བསྟན་པ་ལ་བཙུད། དེའི་ཆོས་ནི་རྡོ་རྗེ་གདན་པས་གནང་བ་རྣམས་ དང༌། བསིལ་བ་ཚལ་དུ་བྱོན་པའི་ཚེ་མཁའ་འགྲོ་མས་ལུས་ཀྱི་རྐྱེན་དང་བར་ཆད་སེལ་བའི་ཕྱིར་དུ་འཆི་བ་བསླུ་བའི་གདམས་ངག །ལམ་ལྔ་དུས་གཅིག་ཏུ་བགྲོད་པ་ལ་ལམ་སྦྱོར་བ་ལྔ། སྡིག་སྒྲིབ་སྦྱང་ཞིང་ནུས་པ་དང་ལྡན་པའི་ཕྱིར་དབང་བཞི་ཁུག་པ། ཆོས་ཐམས་ཅད་དུས་གཅིག་ལ་ཉམས་སུ་བླང་བའི་ཕྱིར་སྟོང་པ་བཅོ་བརྒྱད་ཐུགས་རྗེ་ཆེན་པོའི་ངང་དུ་དྲིལ་བའི་གདམས་ངག་གསུངས་པ་རྣམསསོ། །རྡོ་རྗེ་གདན་པའི་གསུང་ལ་བརྟེན་ནས་གསང་སྤྱོད་ལོ་དྲུག་མཛད། དེ་ནས་སྟག་ཚང་སེང་གེ་ཕུག་ཏུ་ལོ་བདུན་སྒྲུབ་པ་མཛད། ཐེད་དུ་གྲུབ་རྟགས་མང་པོ་བསྟན། དེ་ནས་ཉེན་ལམ་བཅོ་ལྔ་ཉི་མ་ཕྱེད་ཀྱིས་བཅད་ནས་ལྕོག་རོ་འབྲིང་མཚམས་སུ་སླེབ། དེའི་ཚེ་ན་བཟའ་ཇག་དམར་ཅིག་དང་དབུ་ལ་ཤེ་ཐོང་ཅིག་ཡོད་པས་དམ་པ་དམར་པོར་གྲགས། རྒྱ་མ་ནེ་ཁར་གདན་ཕབ་སི་རིབ་དང་གྲོ་བོའི་བར་དུ་བྱོན། དེར་གར་ལོག་གི་དམག་གིས་འཇིགས་འདུག་པ་ལ་ཕ་བོང་མདའ་རྒྱབ་པས་ཟང་ཐལ་དུ་སོང་བ་དེ་མཐོང་ནས་ལོག །འབྲིང་མཚམས་སུ་ཉེ་འདོན་དུས་མཚོ་དང་བྲེ་ཆུང་དུ་སྦྲ་དཀར་ཕུལ་ནས་བཞུགས་པས་མཚོ་སྨན་གྱི་མཚོ་ལུག་ཕུལ་བ་ཀུན་གྱིས་མཐོང༌། དེ་ལྟ་བུ་ལ་སོགས་པ་ནུས་པ་དང་གདམས་པ་གཞན་གྱི་དོན་ཡུན་རིང་དུ་མཛད་ནས་མཐར་མྱུ་གུ་ལུང་དུ་སློབ་མ་ཅིག་གིས་དུག་བཏང་བས་མཁྱེན་བཞིན་དུ་བཞེས་ཏེ་གྲོངས། སྤུར་སྦྱངས་པས་གདུང་ཉུང་ཟད་ཅིག་དང་རིང་བསྲེལ་ཤིན་ཏུ་མང་བར་བྱུང་ངོ༌། དམ་པ་དམར་པོ་དེ་ནི་ཉིད་ཡིན་པར་ཀར་མ་པ་ཤེས་ཞལ་གྱིས་བཞེས་ཏེ། བསམ་གྱིས་མི་ཁྱབ་པའི་གནསསོ། །དེ་ལ་སྲས་གཉིས་ལས་མཁས་པ་བསོད་ནམས་རིན་ཆེན་གྱིས་ཡབ་ཀྱིས་མ་གནང་བར་ལོ་བཅུ་གཉིས་ལོན་པའི་ཚེ་འཇད་པ་སྟོན་སྐྱབས་ཀྱི་སར་སློབ་གཉེར་བྱས། ལོ་གཅིག་ལོན་ནས་ཡབ་ཀྱིས་རྒྱགས་བོང་རྒྱབ་བཅུ་དྲུག་ཙམ་བསྐྱལ། ད་སློབ་གཉེར་བྱས་ཀྱི་རྟིང་ལ་སྤྲོས་པ་ཆོད་པ་ཅིག་གྱིས་ཤིག་གསུང༌། འདིས་ནི་ཞང་ཨེ་པའི་ཆོས་གྲར་ཡང་ཡུན་རིང་དུ་བཞུགས། ལོ་བཅུ་གཉིས་པ་ནས་སོ་གཉིས་པའི་བར་དུ་སྦྱངས་པ་མཛད་ནས་སྔགས་མཚན་ཉིད་ཀྱི་ཆོས་མ་ལུས་པ་མཁྱེན་པར་མཛད། བར་དུ་སྦྱངས་པའི་ཕྲིན་ལས་མཐར་ཕྱུང་སྟེ་དགེ་བའི་བཤེས་གཉེན་མང་པོ་བཏོན། ཐ་མ་སྦྱངས་པ་ཡལ་བར་མ་དོར་ཏེ་ཏིང་ངེ་འཛིན་མཐར་ཕྱིིན། ཤིན་ཏུ་མཁས་པར་གྱུར་ནས་ལས་ཀྱི་མེ་ལོང་ལ་སོགས་པའི་བསྟན་བཅོས་ཀྱང་མཛད་ནས་གཞན་ལ་ཕན་པ་མཛད། སྐུ་གཤེགས་ནས་བདེ་མཆོག་ཡབ་ཡུམ་གྱི་སྐུ་དང་རིང་བསྲེལ་མང་དུ་བྱོན་ནོ། ཆུང་བ་བྷ་རུ་ནི། ལོ་བཅུ་བདུན་ལོན་པའི་ཚེ་ཡབ་ཀྱི་ཞལ་ནས། ང་ཡང་འགྲོ་བའི་དུས་ལ་བབ་གདམས་ངག་རྣམས་བྱའོ། གསུང་ནས་ལྕིམ་ཆུ་རྡོ་ཕུག་ཏུ་མཁའ་འགྲོ་མའི་ཆོས་སྐོར་རྣམས་གནང༌། མང་ཀར་མདའ་རུ་ཐུགས་རྗེ་ཆེན་པོའི་གཞུང་ཁྲིད་རྣམས་གནང༌། གདན་ས་ཉེ་ཁར་སྒྲུབ་ཐབས་རྣམས་མ་ལུས་གནང་སྟེ། ཁྱེད་ཀྱིས་སྒྲུབ་པ་གཙོ་བོར་གྱིས་ཤིག །འགྲོ་དོན་ནུས་པ་ཞིག་འོང་གསུང་ནས་ལུང་བསྟན། ཉམས་སུ་བླངས་པས་རྟོགས་པ་ནམ་མཁའ་ལྟར་གྱུར་ཏེ་སྨྱོན་པ་ལྟ་བུའི་སྤྱོད་པས་སེམས་ཅན་གྱི་དོན་མཛད་དོ། སྨྱོན་པ་ལྡོམ་ཆུང་ནི། མྱང་སྟོད་ཀྱི་གཙོ་བོ་རྒྱ་གར་བྱ་བའི་སྲས་ཡིན། བྱིས་པ་ནས་དམ་པ་དམར་པོའི་ཕྱགས་ཕྱིར་བྱོན་ཏེ་གདམས་པ་རྣམས་ཞུས། རྟོགས་པ་ཐོབ་ནས་ལྡུམ་བུ་བར་མཛད་དེ་གཙང་གི་ས་ཕྱོགས་རྣམས་དང་ལྷ་ས་དང་བསམ་ཡས་རྣམས་སུ་ཡང་ཤས་རེ་བཞུགས། ཕྱིས་འཕྱོས་སུ་བྱོན་ཏེ་ཁང་ཆུང་རེ་ཙམ་བརྩིགས་ནས་བཞུགས་པ་ལ་ཡུལ་པ་རྣམས་ཕྲག་དོག་བྱེད་པས་བརྩིགས་ཤིང་རང་གིས་གཤིག་པ་མང་པོ་བྱས། དེ་ནས་རི་བོའི་དགོན་པ་བཏབ་སྟེ་དེ་ཉིད་དུ་འགྲོ་བའི་དོན་མང་པོ་མཛད་ཅིང་གཤེགསསོ། །དེས་དམར་པོའི་གདམས་པ་རྣམས་སློབ་དཔོན་དཀོན་གཉེར་ལ་གནང་སྟེ། གདམས་ངག་གི་ལུང་རྒྱུན་ད་དུང་ཡོད་དོ། ལ་སྟོད་དམར་པོའི་སྐབསསོ། ། ༡༥.༤ ཁྲོ་ཕུ་བ་ལས་བརྒྱུད་པའི་སྐབས། རྗེ་བཙུན་མི་ཏྲ་ཛོ་ཀིས་གསུངས་པའི་ཆོས་རྣམས་ཀྱི་ལོ་རྒྱུས་ལ། རྗེ་བཙུན་མི་ཏྲ་ནི། རྒྱ་གར་གྱི་ཤར་ཕྱོགས་རཌྷའི་ཡུལ་གྱི་གྲོང་ཁྱེར་ཆེན་པོར་འཁྲུངས་ཏེ། ཏིལླི་པའི་དངོས་ཀྱི་སློབ་མ་རོལ་པའི་རྡོ་རྗེས་རྗེས་སུ་གཟུང་ནས་ཁ་སརྦ་ཎ་ལོ་བཅུ་གཉིས་བསྒོམས་པས་སྤྱན་རས་གཟིགས་འཁོར་དང་བཅས་པ་མངོན་སུམ་དུབྱོན་ནས་ཆོས་བསྟན་པས་གྲུབ་པ་བརྙེས་པ་ནི་དང་པོ་སྟེ། མཚན་ནི་ཨ་ཛི་ཏ་མི་ཏྲ་གུབྷ་ཞེས་བྱའོ། རལ་གཅིག་མས་ཐབས་ལམ་བསྟན་ཏེ་གང་འདོད་ཐམས་ཅད་ཤིང་སྟན་མདུན་དུ་བྱས་ནས་གསོལ་བ་བཏབ་པས་འབྱུང་བ་ནི་གཉིས་པའོ། ཨོ་ཏནྟ་བུ་རི་ན་དགེ་འདུན་སྟོང་ཕྲག་བཅུ་གཉིས་གནས་པ་ནང་མ་མཐུན་པ་ལས་ཅིག་གི་ཕྱོགས་བུད་ཤིང་རྒྱལ་པོས་བྱས་ཏེ་དམག་དྲངས་པ་འཁོར་ལོ་འཕངས་པས་དམག་ཐམས་ཅད་སྐྲག་པར་གྱུར་ཏེ་བྲོས། དགེ་འདུན་དང་གཙུག་ལག་ཁང་ལ་གནོད་པ་མེད་པ་ནི་གསུམ་པའོ། རྒྱལ་པོ་ཤིང་ལྟད་ཕན་གྱིི་རིང་ལ་བ་ར་ཎཱ་སིའི་དཔུང་ཚོགས་རྡུལ་གྱིས་ཉི་མ་འགྲིབ་པ་ལྟ་བུས་མ་གདྷའི་སངས་རྒྱས་ཀྱི་བསྟན་པ་གཞོམ་པར་རྩོམ་པ་སྐུགཅེར་བུར་བྱས་ནས་གད་རྒྱངས་བསྒྲགས་པས་ས་གཡོས་ཤིང་མི་ཕྱུགས་ཐམས་ཅད་རེངས་པར་མཛད་པས་རྒྱལ་པོས་བཟོད་པ་ཕུལ་ཏེ་རེངས་བ་ཡང་སླར་ཕྱིར་བཟློག་པ་ནི་བཞི་པའོ། རྒྱལ་པོ་གྲགས་པ་སྡེ་བཞི་དཔང་དུ་བཙུགས་ཤིང་སྟན་བསྒུལ་ནུས་ན་གསེར་སྲང་སྟོང་སྦྱིན་ཞིང་སངས་རྒྱས་པ་མུ་སྟེགས་པ་ལ་འཇུག །བསྒུལ་མ་ནུས་ན་མུ་སྟེགས་པ་སངས་རྒྱས་པ་ལ་འཇུག་པའི་ཆད་བྱས་ནས་ཐང་ཡངས་པར་ཤིང་སྟན་བོར་བས་ཅུང་ཟད་ཀྱང་བསྒུལ་བར་མ་ནུས་ཏེ་མུ་སྟེགས་པ་རྣམས་བསྟན་པ་ལ་བཙུད་པ་ནི་ལྔ་པའོ། རྒྱལ་པོ་ཨུ་པ་ཏྲ་ཞེས་བྱ་བས་མི་གཙང་བའི་དོང་གི་ཁ་གོས་ཀྱིས་གཡོགས་ཏེ་དེར་བླ་མ་བཞུགས་སུ་བཅུག་པས་དོང་དུ་ལྷུང༌། ཁ་ཤིང་དང་རྡོ་བ་མང་པོས་བཅད་པ་ལ་བླ་མ་ཚོང་དུས་སུ་བྱོན་ནས། ང་འདི་ནས་རྒྱལ་པོའི་ཕོ་བྲང་དུ་སྤྱན་དྲོངས་ཤིག་གསུང་པ་ལ་རྒྱལ་པོ་འགྱོད་ནས་ཞབས་སྤྱི་བོས་བླངས་པ་ནི་དྲུག་པའོ། སླར་རྒྱལ་པོ་དེ་ཤིང་སོག་ཏུ་བཅུག་ནས་དེའི་སྟེང་དུ་བླ་མ་བཞུགས་ཏེ་ཞག་གསུམ་དུ་མེ་སྦར་ཡང་མ་ཚིག་པ་ནི་བདུན་པའོ། བ་ར་ཎཱ་སིའི་རྒྱལ་པོ་ལ་ཟབ་མོའི་ཚིགས་སུ་བཅད་པ་ལྔ་པ་བཀའ་སྩལ་པས་ནམ་མཁའ་ལ་མེ་ཏོག་གི་ཆར་བབ། ལྷའི་བུས་བདུད་རྩིའི་བུམ་པ་འདྲེན་པའི་སྣང་བ་བསྟན་ཏེ་བརྒྱད་པའོ། རྒྱལ་པོས་དབང་ཞུས་པས། རྡུལ་ཚོན་ཐམས་ཅད་རིན་པོ་ཆེ་ལས་བྱ་དགོས་པར་བཀའ་སྩལ་པས་ན། རྒྱལ་པོ་སྒྱུ་མས་བསླུས་ཀྱིས་དོགས་པས་འགྱོད་པ་སྐྱེས་པ་ན་ནམ་མཁའ་ལ་འཕགས་ཏེ་སྤྲིན་གྱི་དབུས་ན་བཞུགས་པ་བསྟན་པ་ནི་དགུ་པའོ། དེ་ནས་འགྱོད་པ་དྲག་པོས་ཞག་བདུན་དུ་གསོལ་བ་བཏབ་པས་རྫིང་བུ་སྟེང་དུ་བཞུགས་པ་ནི་བཅུ་པའོ། དེ་ནས་རྒྱལ་པོས་གྲོང་ཁྱེར་འབུམ་ཕྲག་བཅུ་དྲུག་བླ་མའི་་ཆ་རྐྱེན་དུ་ཕུལ་བས། བླ་མས་སྦྱིན་གཏོང་གི་ཁང་པ་བརྩིགས་ནས་ལོ་གསུམ་དུ་སྦྱིན་གཏོང་མཛད། ལོ་གསུམ་སོང་བ་དང་གར་བཞུད་ཆ་མེད་པ་ནི་བཅུ་གཅིག་པའོ། དེ་ནས་ལྷོ་ཕྱོགས་ཀུ་རུ་བི་ཧ་ར་དང་ཉེ་བའི་གནས་ན་གནོད་སྦྱིན་གཉིས་ཀྱིས་ཉིན་རེ་བཞིན་གྲོང་ཁྱེར་གྱི་མི་རྒན་པ་རེ་དང་གཞོན་པ་རེ་ཟ་བ་ཡོད་པས་བཏུལ། ལྷ་ ཁང་ཡང་བཞེངས་ཏེ་བཅུ་གཉིས་པའོ། དགེ་འདུན་རྣམས་ཀྱི་དད་པ་འཕེལ་བའི་དོན་དུ་ལྟ་སྟངས་མཛད་དེ་ནམ་མཁའ་བྱ་ཐམས་ཅད་ཕྱག་ཏུ་འབེབས་བཀའ་བསྒོ་བ་ཡང་ཉན་པ་ནི་བཅུ་གསུམ་པའོ། བ་ར་ནཱ་སིའི་གཙོ་བོ་བརྒྱད་ཅུ་རྩ་བཞི་ལ་གསུང་མ་གནང་ཡང་ཐུགས་གཏད་པ་ཙམ་གྱིས་ཀེང་རུས་སོགས་ཀྱི་འདུས་ཤེས་སྐྱེས་ནགས་སུ་ཕྱིན་ཏེ་འཇིག་རྟེན་པའི་འདུ་ཤེས་ལས་སེམས་རྣམ་པར་གྲོལ་བ་ནི་བཅུ་བཞི་པའོ། དེ་ནས་རྒྱལ་པོ་ཛ་ཡ་སེ་ན་དང་པཎྜི་ཏ་ཨ་ནནྟ་གཉིས་མ་དད་ཅིང་སྐུ་ལ་བརྡོ་བ་ལ་མཉམ་བཞག་གི་ཕྱག་རྒྱ་འཆའ་རུ་བཅུག །ཚིགས་བཅད་གཅིག་གི་དོན་ལ་ཐུགས་གཏད་པས་སྟན་དེ་ཉིད་ལས་མ་ལངས་པར་གྲོལ་བ་ནི་བཅོ་ལྔ་པའོ། བ་ར་ཎཱ་སིའི་རྒྱལ་པོ་ལ་ཁྱོད་ང་ལ་ཐེ་ཚོམ་ཟོས་པས་ཚེ་འདིར་དངོས་གྲུབ་མི་འཐོབ་ཀྱང་བར་དོར་དངོས་གྲུབ་འཐོབ་བོ་ཞེས་ལུང་བསྟན་པ་ནི་བཅུ་དྲུག་པའོ། བ་ར་ཎཱ་སིའི་རྒྱལ་པོས་བླ་མ་འདི་གཞན་དུ་མི་གཏང་སྙམ་ནས་གཙུག་ལག་ཁང་གི་ནང་དུ་བཞུགས་སུ་བཅུག །སྒོ་རྒྱས་བསྡོམས་པ་ལས་ཕྱིར་ཕ་བོང་གི་སྟེང་དུའང་རྩེད་མོ་མཛད། གཙུག་ལག་ཁང་ནའང་བཞུགས་པའང་མཐོང་བ་ནི་བཅུ་བདུན་པའོ། དེ་ནས་ཏ་པ་སེའི་བྲང་ཁང་དུ་བཞུགས་པ་ན་དགེ་སློང་གཉིས་ཀྱིས་ཕྱིར་བྱུང་བ་དང་ནང་དུ་བཞུགས་པ་གཉིས་ངེས་པར་བྱུང་བས་བུ་ག་ཞིག་ནས་བལྟས་པ་ན་སྡེ་བརྒྱད་ལ་ཆོས་སྟོན་པར་མཐོང་བ་ནི་བཅོ་བརྒྱད་པའོ། དེ་དག་ནི་ངོ་མཚར་གྱི་གཏམ་བཅོ་བརྒྱད་ཅེས་བྱ་ལ། ཉི་ཤུ་པ་ལས། འོད་མའི་གླིང་དུ་དེ་བ་ཌཱ་ཀིས་རྗེས་སུ་གཟུང་ནས་སྤྱན་རས་གཟིགས་དང་མཇལ། རིགས་ཀྱི་བུ་མ་འོངས་པའི་སེམས་ཅན་གྱི་དོན་དུ་རྒྱུད་སྡེ་བཞིའི་དབང་རྣམས་ཕྱོགས་གཅིག་ཏུ་བསྐུར་ཅིག་ཅེས་དང༌། བ་ར་ཎཱ་སིའི་རྒྱལ་པོས་ཞག་བདུན་དུ་གསོལ་བ་བཏབ་པས་དཀྱིལ་འཁོར་གཅིག་ཏུ་རྒྱུད་སྡེ་ཐམས་ཅད་ཀྱི་དབང་དུས་གཅིག་ལ་བསྐུར་ཞེས་ཟེར་རོ། དེ་ལྟ་བུའི་ངོ་མཚར་དང་ལྡན་པའི་གྲུབ་ཐོབ་ཆེན་པོ་དེ་ལོ་ཙཱ་བ་བྱམས་པའི་དཔལ་པཎྜི་ཏ་བུདྡྷ་ཤྲཱིའི་སྤྱན་སྔ་ན་ཆོས་གསན་པའི་ཚེ་འཕགས་པ་ཤིང་ཀུན་ན་བྱོན་པར་ཐོས་ནས་ཏཱམྦོ་ལ་ཁྱེར་ཏེ་ཕུལ་ཞིང་བསྙུན་སྨེད་པས་ལན་ལེགས་པར་གནང༌། ཞལ་བོད་དུ་ཕྱོགས་པར་བཞུགས་འདུག་པས་བོད་དུ་སྤྱན་དྲངས་ན་འབྱོན་ནམ་སྙམ་ནས་བོད་དུ་འབྱོན་པར་གསོལ་བ་བཏབ་པས་ཞལ་གྱིས་མ་བཞེས། སེམས་བསྐྱེད་པ་བསྡུས་པ་ཅིག་གསན། དེར་ལོ་ཙཱ་བ་འགྲོངས་ཐུགས་པའི་ཚད་ནད་ཀྱི་བཏབ། གྲུབ་ཐོབ་ཆེན་པོ་རྒྱ་གར་ལ་དལ་གྱིས་ཐེགས། དེར་བསྙུན་དྲག་འཕྲལ་ལ་ལོ་ཙཱ་བས་ལུས་མ་སོས་ཀྱང་ཕྱིར་བསྙེགས་ཏེ་བྱོན། ས་མཐའི་མཁར་ཞིག་ན་བཞུགས་པ་ལ། ཏི་ར་ཧུ་ཏི་པའི་སྤྱན་འདྲེན་པ་འཇིགས་སུ་རུང་བའི་དམག་གིས་མཐའ་སྐོར་འདུག །དེར་ཨ་ཙ་ར་ངོ་ཤེས་ཤིག་གིས་ཁྲིད་དེ་ནང་དུ་བྱོན་མཁར་དེའི་ཐོག་ན་བཞུགས་པ་ལ་མཇལ། དེར་ཡང་བོད་དུ་འབྱོན་པར་གསོལ་བ་བཏབ་པས་ཞལ་གྱིས་མ་བཞེས། དེར་ལོ་ཙཱ་བའི་བསམ་པ་ལ་འདི་ལྟ་བུའི་གྲུབ་ཐོབ་དང་མཇལ་ནས་སྤྱན་མ་འདྲོངས་བར་བོད་དུ་ལོག་འགྲོ་བས་ཤི་བ་རུང་སྙམ་ནས། སྐྱེ་བ་ཕྱི་མ་ལ་རྗེས་སུ་འཛིན་པའི་སྨོན་ལམ་མང་པོ་བཏབ། ཐེ་ཚོམ་མེད་པར་མཁར་གྱི་རྩེ་ནས་མཆོངས་པས་གྲུབ་ཆེན་པོའི་ཕྱག་གིས་བཟུང་ནས་ཧ་ཧ་དེ་འདྲ་མ་བྱེད་གསུང་ནས། སྐུ་དྲུང་དུ་བཞག་སྟེ། ང་བོད་དུ་འགྲོ་བ་ལ་ཁྱོད་ཀྱི་སྒྲིབ་པ་དག་དགོས་ཏེ། ཚད་ནད་དེས་སྒྲིབ་པ་མང་པོ་དག །ད་ལན་ངའི་ཆེད་དུ་སྲོག་གཏང་བས་སྒྲིབ་པ་མ་ལུས་པ་དག་པས་ང་ནི་བོད་དུ་འགྲོ་གསུང་ཞལ་གྱིས་བཞེས། དེ་ནས་བོད་དུ་བྱོན་ནས་གཙང་སྟོད་དུ་ཟླ་བ་བཅོ་བརྒྱད་བཞུགས། མཁས་བཙུན་མང་པོ་ལ་ཆོས་གསུངས། ཁྲོ་ཕུའི་གཙུག་ལག་ཁང་དང་ལྷ་ཆེན་བཞེངས་པའི་ས་ཡང་བྱིན་གྱིས་བརླབསསོ། །དེ་ནས་ལོ་ཙཱ་བས་མང་ཡུལ་གྱི་ལ་ཐོག་བར་དུ་ཕྱགས་ཕྱི་བྱས་ཏེ་བསྐྱལ། བོད་དུ་བྱུང་བའི་གསེར་རྣམས་ཐུམ་བུ་གཉིས་སུ་བྱས་ཏེ་ཕྲག་ལ་བསྣམས་ནས་ཧོར་པ་གཟན་ལ་ཞུགས་པ་བཞིན་དུ་བྱས་ཏེ་གཤེགས། དེས་གསུངས་པའི་ཆོས་ཀྱི་རྣམ་པར་དབྱེ་བ་ནི་ཤེས་བྱའི་ཡན་ལག་ཏུ་བསྟན་པ་ཐུན་མོང་གི་སྐོར་དང༌། ནང་སྒྲུབ་ཐབས་སུ་བསྟན་པ་ཉམས་ལེན་བྱེ་བྲག་གི་སྐོར་དང༌། གསང་བ་བྱིན་རླབས་ཀྱི་འཇུག་པ་སྟོན་པ་ཁྱད་པར་ཀྱི་སྐོར་རོ། དང་པོ་ནི་བསྟན་པའི་གྲུ་བོ་འཆིང་བ་རྣམ་གྲོལ། རྣལ་འབྱོར་བདུན་གྱི་ལམ་རྣམ་པར་ངེས་པ། ཡིད་བཞིན་ནོར་བུ། བསྲེ་བ་བཞིའི་གདམས་ངག།རིན་ཆེན་ཕྲེང་བ་རྣམསསོ། །གཉིས་པ་ལ་རང་དད་པའི་ལྷ་ཐུགས་རྗེ་ཆེན་པོ་སྒྲུབ་པ་དང༌། དེ་ལ་བརྟེན་ནས་རང་གཞན་གྱི་དོན་བྱ་བའི་རིམ་པའོ། དང་པོ་ལ་རྩ་བའི་སྒྲུབ་ཐབས་ཉི་ཤུ། དངོས་གྲུབ་བསྒྲུབ་པའི་སྒྲུབ་ཐབས་ཉི་ཤུ་སྟེ་བཞི་བཅུ་ཡོད་པ་ལས། དང་པོ་ནི། ཡིད་བཞིན་ནོར་བུའི་སྒྲུབ་ཐབས་ལྷ་ཉིས་སྟོང་སུམ་ཅུ་མ། ཡེ་ཤེས་འཁོར་ལོ་ལྷ་ལྔ་བཅུ་རྩ་ལྔ་མ། འགྲོ་འདུལ་ལྷ་སུམ་ཅུ་རྩ་དགུ་མ། འཁོར་ལོས་བསྒྱུར་བ་ལྷ་སུམ་ཅུ་རྩ་གསུམ་མ། པོ་ཏ་ལའི་རིའི་རྩེ་མོ་ལྷ་ཉི་ཤུ་རྩ་ལྔ་མ། རྔ་སྒྲ་ལྷ་བཅུ་གསུམ་མ། ལུས་ཀྱི་འཁོར་ལོ་འབར་བའི་སྒྲུབ་ཐབས་ལྷ་བཅུ་གཅིག་མ། རིགས་ལྔའི་སྒྲུབ་ཐབས། མཁའ་སྤྱོད་ཀྱི་སྒྲུབ་པ། ཚད་མེད་བཞི་སྒྲུབ་པ། བསྐལ་བཟང་གི་སྒྲུབ་ཐབས་ཕྱག་སྟོང་པ། ཞལ་བཅུ་གཅིག་པ། འཇིག་རྟེན་སྒྲོན་མ་ཡི་གེ་དྲུག་པ། ཁ་སརྦཎ་ཚིགས་བཅད་བཞི་པ། ཁ་སརྦ་ཎ་འཇིག་རྟེན་དབང་ཕྱུག །དོན་ཞགས། སེང་གེ་སྒྲ། དྲང་སྲོང་གི་སྒྲུབ་པ། ལོངས་སྐུ་སྐུ་གསུམ་གྱི་སྒྲུབ་པའོ། གཉིས་པ་ནི། ལོངས་སྤྱོད་མི་བཟད་པའི་སྒྲུབ་པ། ནམ་མཁའ་མཛོད། དཔག་བསམ་ཤིང་ཅན། ཡིད་བཞིན་ནོར་བུ། བུམ་པ་བཟང་པོ། འདོད་འཇོའི་བ། རྡོ་རྗེ་རིན་པོ་ཆེ། གཏེར་ཆེན་པོ། ཉི་ཟླ་འབར་བ། རལ་གྲི་རིན་པོ་ཆེ། བདུད་རྩིའི་བུམ་པ། མ་རྨོས་ལོ་ཐོག །ཁྲུས་ཀྱི་རྗིང་བུ། སྨན་གྱི་བཅུད་ལེན། དངོས་གྲུབ་རིལ་བུ། དྲང་སྲོང་རིག་བྱེད། རྫོགས་ལྡན་གྱི་སྤྲིན། གསེར་འགྱུར་གྱི་རྩི། ཅང་ཤེས་ཀྱི་རྟ། སྟོབས་ཀྱི་རྡོ་རྗེའི་སྒྲུབ་ཐབས་རྣམསསོ། །རང་དོན་ལ་སྔོན་འགྲོའི་ཆོས་བཅུ། དངོས་གཞིའི་བཅུ་གཉིས། འཆི་བ་ལ་དགོས་པའི་ཆོས་བདུན་ཏེ་ཉི་ཤུ་རྩ་དགུ་ལས། དང་པོ་ནི། དམ་ཚིག་གསོ་བ། བླ་མ་སྒྲུབ་པ། བྱིན་རླབས་མི་ཟད་པ། སྟོང་ཉིད་སྒོམ་པ། ཁྲོ་བ་སྤང་པ། སྙིང་གི་དུག་སྦྱང་བ། ཞི་གནས་བསྐྱེད་པ། ཏིང་འཛིན་མྱུར་དུ་བསྐྱེད་པ། ཟུང་འབྲེལ་གྱི་གནད། ཡེ་ཤེས་འབར་བའོ། གཉིས་པ་ལ་བསྐྱེད་རིམ་གསལ་བར་བྱེད་པའི་ཆོས་དྲུག་ནི། པདྨ་སྡོང་བུ་ཅན་གྱི་སྒྲུབ་པ། མེ་ཏོག་གདན་ཅན་གྱི་སྒྲུབ་པ། མེ་ཏོག་ལ་བརྟེན་པའི་སྒྲུབ་པ། གཟུགས་བརྙན་གྱི་བསྒྲུབ་པ། དྲི་མ་མེད་པའི་སྒྲུབ་པ། ཡི་གེ་མེད་པའི་སྒྲུབ་པ་རྣམསསོ། །རྫོགས་རིམ་དྲུག་ནི། འཁོར་ལོ་གསུམ་བསྒོམ་པ། འཁོར་ལོ་བཅིངས་གྲོལ། ཡེ་ཤེས་འབར་བ། འཁོར་ལོ་འབར་བ། འཁོར་ལོ་རྣམ་དག །རྡོ་རྗེ་འབར་བའི་བསྲུང་བ་རྣམསསོ། །གསུམ་པ་ནི། རང་བསྲུང་བ། ནང་གསལ་བ། འཆི་བ་བླུ་པ། གྲོང་འཇུག །འཕོ་བ་རྡོ་རྗེ་སྐར་མདའ། རྨི་ལམ་དྲི་མེད། སྐྱེ་བ་བསྡམས་པ་རྣམསསོ། །གཞན་དོན་ལ། སྔོན་འགྲོའི་ཆོས་བཅུ། དངོས་གཞིའི་ཆོས་བཅུ་གཉིས། ཁྱད་པར་དུ་སློབ་མ་ལ་དགོས་པའི་ཆོས་བདུན་ནོ། དང་པོ་ནི། གྲགས་པ་སྤེལ་བ། གཟི་བྱིན་བསྐྱེད་པ། སེམས་ཅན་མགུ་བྱེད། ངག་གི་མཐུ་བསྐྱེད་པ། གསང་སྔགས་མྱུར་འགྲུབ། སྨོན་ལམ་དབང་དུ་བྱེད་པ། དྲེགས་པ་ཞི་བ། སེམས་བརྟན་པར་བྱེད་པ། སེམས་ངལ་གསོ་བ། ཡིད་འགྱོད་པ་བསལ་བའོ། གཉིས་པ་ལ། གདུག་པ་འདུལ་བའི་ཆོ་ག །གཞན་ལས་རྣམ་རྒྱལ། གནོད་པ་བཟློག་པ། སྡེ་གཞོམ་པ། དབང་དུ་བྱ་བ། དུག་གནོན། བཀྲ་ཤིས་ཀྱི་ཆོ་ག །གཞན་བསྐྱབ་པ། མི་འཇིགས་པ་སྦྱིན་པ། ནད་གསོ་བ། ཀླུ་ནད་གསོ་བ། ཚེ་འདས་སྦྱང་བ། རོ་བསྲེག་གི་ཆོ་ག་རྣམསསོ། །གསུམ་པ་ནི། རྨི་ལམ་རབ་སྟོན། རྨི་ལམ་ངན་བཟློག །ཤེས་རབ་བསྐྱེད་ཆོག །བྱང་ཆུབ་སེམས་དཔའི་བྱིན་རླབས། རང་བྱིན་རླབས། ཏིང་ངེ་འཛིན་གྱི་དབང་བསྐུར། ཡེ་ཤེས་དགུག་གཞུག་གི་བྱིན་རླབས་རྣམསསོ། །ཐུན་མོང་དུ་དགོས་པའི་ཆོས་ལ་ཉི་ཤུ་རྩ་བཞི་སྟེ། དེ་ལས་ཚོགས་བསག་པའི་ཆོས་བཅུ་གཉིས་ནི། སྐུ་གཟུགས་ཀྱི་་ཆོ་ག་སྐུ་གཟུགས་རིན་པོ་ཆེའི་ལས། མཆོད་རྟེན་གྱི་བསྙེན་བཀུར། བསམ་མི་ཁྱབ་ཀྱི་མཆོད་པ། མཎྜལ་གྱི་ཆོ་ག །ཆོས་སྤྱོད་ཡན་ལག་བཞི་པ། ཆོས་སྤྱོད་བརྒྱ་རྩ། ཟས་ཀྱི་རྣལ་འབྱོར། ལུས་སྦྱིན་པ། གཏོར་མའི་ཆོ་ག །ཆུ་སྦྱིན། ཆུ་གཏོར། སྦྱིན་བསྲེག་གོ །འགལ་རྐྱེན་སྤང་བ་ལྔ་ནི། ཆོམ་རྐུན་བཅིང་བ། ནད་བསྲུང་བ། མཛེ་གསོ་བ། ཆར་བཟློག་འཆི་བ་བསྲུང་བ་རྣམསསོ། །མཐུན་རྐྱེན་སྒྲུབ་པ་ལྔ་ནི། རབ་གནས། བསྲུང་འཁོར། སྲུང་སྐུད། སྲིའུ་གསོ་བ། ཆར་དབབ་པ་རྣམསསོ། །དེ་ལྟར་རྩ་བའི་སྒྲུབ་ཐབས་ཉི་ཤུ་དངོས་གྲུབ་ཀྱི་སྒྲུབ་ཐབས་ཉི་ཤུ་སྟེ་བཞི་བཅུ། རང་དོན་གྱི་ཆོས་ཉི་ཤུ་རྩ་དགུ། གཞན་དོན་གྱི་ཉི་ཤུ་རྩ་དགུ་སྟེ་ལྔ་བཅུ་རྩ་བརྒྱད། ཐུན་མོང་གི་ཆོས་ཉི་ཤུ་རྩ་གཉིས་ཏེ་བརྒྱ་དང་ཉི་ཤུ་ཉམས་ལེན་སྒྲུབ་ཐབས་ཀྱི་སྐོར་ལ་ཡོད་དོ། གསང་བ་བྱིན་རླབས་ཀྱི་འཇུག་པ་སྟོན་པ་ཁྱད་པར་གྱི་སྐོར་ནི་བདེ་ཆེན་རལ་གཅིག་གི་དབང༌། སྤྱན་རས་གཟིགས་ཀྱི་གདམས་པ་ཤོ་ལོ་ཀ་ཉི་ཤུ་རྩ་ལྔ་པ་ངོ་སྤྲོད་དང་བཅས་པའོ། ཁྲོ་ཕུ་བ་ལས་བརྒྱུད་པའི་སྐབསསོ། ། ༡༤.༥ འཁོར་བ་རྒྱུན་གཅོད་ཀྱི་སྐབས། ཡང༌། ཕྱག་རྒྱ་ཆེན་པོ་འཁོར་བ་རྒྱུན་གཅོད་ནི། ཨོ་ཊི་ཡ་ཎ་ཆོས་ཀྱི་མཛོད་ཀྱི་གླིང་གི་རང་བྱུང་གི་མཆོད་རྟེན་ཀུན་སྤང་ཆེན་པོ་ལས་ཌཱ་ཀི་སྡེ་ལྔ་བྱུང་སྟེ། དཔལ་ས་ར་ཧ་ལ་གསུངས། དེས་མི་ཏྲ་ལ་གསུངས། དེས་མ་གཅིག་སངས་རྒྱས་རེ་མ་ལ་ཆིངས་གསུམ། ཁྱད་པར་ལྔ། འགྲེལ་པ་ཉི་ཤུ་བསྔོ་བས་བསྡུས་པ་རྣམས་གནང༌། དེས་མཚན་ལྡན་འཁྲུལ་ཞིག་ཆེན་པོ་ལ་དོན་མོ་རིར་གནང་སྟེ། དེ་ནི་འཁྲུངས་ཡུལ་ཟངས་རི་བ། གཞོན་ནུ་ནས་ཐེལ་དུ་རབ་ཏུ་བྱུང༌། ཏི་སི་ལ་སོགས་གནས་ཆེན་མང་པོར་སྒྲུབ་པ་མཛད། ཇོ་ནང་དུ་བཞུགས་མ་གཅིག་དང་མཇལ་ནས་རྒྱུན་གཅོད་ཀྱི་གདམས་པ་རྣམས་གནང༌། མི་ཏྲ་དང་ཡང་མཇལ་ཡོན་ཏན་ཁྱད་པར་ཅན་བརྙེས། དགུང་ལོ་བརྒྱད་ཅུ་ལྷག་ཅིག་བཞུགས། དེས་གྲུབ་ཐོབ་ཞྭ་དམར་པ་གྲགས་པ་སེང་གེ་ལ། དེས་མཁས་གྲུབ་དར་རྒྱལ་བ། དེས་ཆོས་རྗེ་མཁའ་སྤྱོད་པ་ལ་གནང་སྟེ། འདིའི་ཁྲིད་ཡིག་ཀྱང་མཛད་དོ། ཡང༌། འཁྲུལ་ཞིག་པས་འོན་དུ་མཛེས་མ་ལ་བཤད་དེ། དེ་ནི་གཙང་སྟོད་དུ་འཁྲུངས། གྲུབ་ཐོབ་མང་པོ་དང་མཇལ། ན་སོའི་སྒང་ལ་འོན་གྱི་གངས་དཀར་ཆུ་ཁར་ཕེབས། རྩ་རླུང་འབྱོངས་པས་པདྨ་མི་ཕེད། ཕེད་སྲིད་ནའང་ཕ་རོལ་དེའི་བདེ་བ་འདྲོངས་ནས་ཁོང་རང་འོད་དུ་འབར། གཞན་དེ་ཤི་ལ་ཐུག་པ་འོང༌། ཉམས་ཆོས་མང་པོ་བརྩམས་བདུན་ཅུ་རྩ་གྲངས་ལ་གཤེགས། ཐུགས་དང་སྤྱན་གཉིས་བྱོན་ཏེ་གཅིག་གངས་དཀར་ན་བཞུགས། གཉིས་པ་དོ་བོ་སྒང་གི་རྒྱ་གར་ན་བཞུགས། ཐུགས་དེ་དཔལ་རི་ན་པད་སྤུངས་ནང་ན་བཞུགསསོ། །དེས་བྱ་བྲལ་ཆེན་པོ་ལ་གནང་སྟེ། འཁྲུངས་ཡུལ་ཡར་ཀླུངས་པ། ཕལ་ཆེར་ཀོང་པོར་བཞུགས། གཤེགས་ས་འོན་དུ་མཛད་པ་ལ། དང་པོ་གཙང་སྦྲ་ཆེ་བས་སུ་ལའང་མི་མགུ། དེ་ནས་གཏད་མེད་དུ་གྲོལ་བས་རང་གི་དྲི་ཆེན་ཟ་ཞིང་ལུས་ལ་འཇུག །རེས་དཀོན་མཆོག་མཆོད། རེས་རྒྱལ་འགོང་མཆོད་ཅིང་སྨྱོན་སྤྱོད་མཛད། ཐེལ་བའི་རབ་བྱུང་ཡང་ཡིན། ཤར་བྲག་ཏུ་མི་ཏྲ་དང་མཇལ། སྒམ་པོར་ལྷ་རྗེ་དང་མཇལ། འོལ་ཁར་མི་ལ་དང་མཇལ། བདུན་ཅུ་རྩ་གྲངས་ལ་འོན་གྱི་མཚོ་ཕྱི་མན་ཁུང་དུ་གྲོངསསོ། །དེས་སངས་རྒྱས་རི་པ་ལ་གནང་སྟེ། འཁྲུངས་ཡུལ་ཡར་ཀླུངས་པ། ཉི་ཤུ་ཙམ་ལ་སྤྱན་སྔ་ཚེས་བཞི་པ་དང་མཇལ། བླ་མ་བཟང་དགུ་བསྟེན། འཁོར་བ་རྒྱུན་གཅོད་གསན། ཏི་སེར་རྡོར་འཛིན་ལོ་ལྔ་མཛད། དཔོན་པོ་དཔལ་ལྡན་གྲགས་དང་སྟོད་ཧོར་གྱི་བླ་མ་དང་ཏི་ཤྲཱི་ཐོབ། ཀོང་པོར་བྱོན་ནས་ཤར་དགོན་པར་འཁོར་བ་རྒྱུན་གཅོད་གྱི་ཉམས་ལེན་མཛད། འོན་དུ་སྦེར་རྩེ་མོ་ལ་དགོན་པ་བཏབ་སྟེ་དཔལ་རིིར་མིང་བཏགས། ཡི་དམ་མང་པོ་ཞལ་གཟིགས། བདུན་ཅུ་རྩ་དགུ་ལ་གཤེགས་ནས་གཙང་དུ་འཁྲུངསསོ། །དེས་སྤྲུལ་སྐུ་བློ་ལྡན་ལ་གནང་སྟེ། ཡར་ཀླུངས་རྣམ་རྒྱལ་དུ་འཁྲུངས་ནས་གཞོན་ནུ་ནས་ཚེས་བཞི་གསར་མ་བ་ལ་རབ་ཏུ་བྱུང༌། ཉི་ཤུ་ཙམ་ནས་ཕྱག་རྡོར་གྲུབ། ཉི་ཤུ་ནས་ཉི་ཤུ་རྩ་བཞིའི་བར་དུ་གཞན་ཕན་མཛད་དེ་ལྕང་ལོ་ཅན་དུ་གཤེགསསོ། །དེས་བླ་མ་བདག་པ་ལ་གནང་སྟེ། གདུང་ཤུད་ཡིན། སྔགས་པའི་བུར་སྐྱེས། དད་པ་ཆེ་བས་ཀརྨ་པ་ལས་མ་ཎི་དུང་ཕྱུར་བླངས། ཉི་ཤུའི་བར་དུ་ཁྱིམ་པ་བྱས། ཉི་ཤུ་ནས་ལྔ་བཅུའི་བར་ལ་རི་ཁྲོད་འགྲིམས་ཤིང་སྒྲུབ་པ་བྱས་ཏེ་ཉེར་གཉིས་ལ་ཀུན་སྤངས་པ་ལ་རབ་ཏུ་བྱུང༌། སོ་ལྔ་པ་ལ་མཁན་ཆེན་བྲས་སེང་བ་ལས་བསྙེན་པར་རྫོགས། རྫོགས་ཆེན་ལ་སོགས་ཁྲིད་ཁ་བརྒྱ་ཙམ་ཐོབ། ཆུ་བར་ལ་སོགས་རི་ཁྲོད་བརྒྱ་ཙམ་འགྲིམས། མདོར་ན་ས་མོ་ལུག་གི་ལོ་ལ་འཁྲུངས། ཀརྨ་པ་དང་ལོ་བཅུ་དྲུག་ལ་མཇལ། ཉི་ཤུ་པ་ལ་ལྷོ་པ་རིན་པོ་ཆེ་ལ་དགེ་བསྙེན་བྱས། གྱ་གཉིས་པ་ལྕགས་འབྲུག་ལ་གཤེགས། དེ་དག་ལ་སོགས་པ་མང་པོ་ཞིག་ལ་བརྒྱུད་ནས་ཡོད་པར་སྣང་སྟེ། ཆོས་ལྡན་འབུམ་ཞེས་བྱ་བའི་རྣལ་འབྱོར་མ་ལས་བརྒྱུད་ནས་ཡར་ཤར་ནུབ་ན་ཡང་མང་དུ་སྣང་སྟེ། ཟབ་མོའི་ཆོས་སུ་ནི་ངེསསོ། །འཁོར་བ་རྒྱུན་གཅོད་ཀྱི་སྐབསསོ། ། ༡༤.༦ མཁའ་སྤྱོད་བསྙེན་སྒྲུབ་ཀྱི་སྐབས། ཡང་གྲུབ་ཆེན་མི་ཏྲས་བལ་རས་ཤེས་བྱ་བའི་རྣལ་འབྱོར་པར་མཛད་ནས་བོད་དུ་བྱོན་ཏེ་གནང་བའི་མཁའ་སྤྱོད་བསྙེན་སྒྲུབ་ནི། སློབ་དཔོན་མཚོ་སྐྱེས་རྡོ་རྗེ་པདྨའི་མྱུ་གུ་ལ་གནང་སྟེ། དེ་ཉིད་ཀྱང་རིག་པའི་གནས་ལྔ་ལ་མཁས་པའི་པཎྜི་ཏ་ཡིན་པ། ཡང་དག་པའིར་གདམས་པའང་རྙེད་ནས་འཆི་མེད་རྡོ་རྗེའི་སྐུ་གྲུབ་པ་ཡིན་ནོ། དེས་རྣལ་འབྱོར་གྱི་དབང་ཕྱུག་མི་ཏྲ་ཛོ་ཀི་ལ་གནང༌། དེས་ཞྭ་དམར་ཅོད་པན་འཛིན་པ་གྲགས་པ་སེང་གེ་ལ་སྲོག་ཐིག་རྣམ་འཇོམས་ལ་སོགས་པའི་རྩ་རླུང་གི་གདམས་སྐོར་རྣམས་དང༌། གཞན་ཡང་གདམས་ཕྲན་མང་དུ་གསུངས། ཁྱད་པར་མཁའ་སྤྱོད་བསྙེན་སྒྲུབ་ཀྱི་གདམས་པ་གཞུང་མ་བུ་དབང་བཀའ་ཆ་ལག་དང་བཅས་པ་གནང༌། དེས་སྙན་བརྒྱུད་ཀྱི་མན་ངག་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་མཁས་གྲུབ་རི་ཁྲོད་པ་དར་རྒྱལ་པ་ལ་གསུངས། དེས་དཔལ་མཁའ་སྤྱོད་དབང་པོ་ལ་གསུངས་ཏེ་ཡིག་ཆ་ཡང་མཛད་དོ། ཡང་གྲགས་སེང་བས་འཇམ་དབྱངས་ཚེས་དོར་བ་ལ་གསུངས་ཏེ། དེས་ཀྱང་ཁྲིད་ཡིག་ཆེན་མོ་མཛད་དོ། མཁའ་སྤྱོད་བསྙེན་སྒྲུབ་ཀྱི་སྐབསསོ། ། ༡༤.༧ གྲུབ་ཆེན་མི་ཏྲ་ལས་བྱུང་བའི་ཆོས་སྐོར་གྱི་སྐབས། ཡང་མི་ཏྲས་པཎྜི་ཏ་ཤཱ་རི་པུ་ཏྲ་ལ་ཆོས་དྲུག་གི་གདམས་པ་གནང༌། དེས་མི་ཉག་གྲགས་པ་རིན་ཆེན་ལ་གནང༌། དེ་ལས་བརྒྱུད་ནས་དིང་སང་ལྷོ་བྲག་སྨྱུག་ཚལ་ན་དེ་ཉམས་སུ་ལེན་ཞིང་སྟོན་པ་པོ་ཡང་ཡོད་པར་སྣང་ངོ༌། མི་ཏྲ་བརྒྱ་རྩར་གྲགས་པའི་དབང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། སྤྱན་རས་གཟིགས། གྲུབ་ཐོབ་མི་ཏྲ་ཛོ་ཀི། དེས་པཎྜི་ཏ་དོན་ཡོད་རྡོ་རྗེ་ལ་གནང༌། དེས་གསང་མདའ་ཁྲ་ལུང་གི་གཉན་ཁྲོད་སྲུངས་མགོན་པོ་ལ་དབང་བཀའ་འདི་དག་སྐྱེལ་དུ་བྱོན་ནས། མདོ་ཁམས་སུ་བཞུད་པའི་དུས་སུ་ཀྲེའི་ཀ་བྲག་ཏུ་དབང་བཀའ་རྣམས་ལན་ཅིག་མཛད་ཡོད་པར་འདུག་ནའང༌། དུས་ཕྱིས་དབང་བཀའ་རྣམས་ཆད་ནས་མདོ་ཁམས་ཀྱི་དགེ་བའི་བཤེས་གཉེན་འགའ་ཞིག་གིས་སྒྱི་སྨད་ཁྲ་ལུང་དུ་རྩད་གཅོད་དུ་འོངས་པས། གཅན་འོད་སྲུངས་མགོན་པོའི་སློབ་མ་མགོ་ཁོམ་ཇོ་སྲས་བྱ་བའི་རྟེན་དཀར་པོ་ཅིག་འཕན་ཡུལ་རྒྱལ་ན་ཡོད་དམ་ཟེར་ནས་འཕན་ཡུལ་དུ་རྩད་གཅོད་དུ་ཕྱིན་པ་དང༌། རྒྱལ་བའི་དགེ་བཤེས་བྱམས་པ་སེང་གེས་གསང་ཕུར་བྱམས་ཆོས་ཉན་དུ་ཕྱིན་པ་དང་ཕྲད་ནས་མགོ་ཁོམ་ཇོ་སྲས་རྩད་བཅད་པས། དེ་ངེད་ཀྱི་ཡུལ་པ་ཡིན། དེ་འདྲའི་དབང་བཀའ་བརྒྱ་རྩ་ཡོད་སྙམས་པ་མ་བྱུང༌། སྔགས་པ་ཇོ་བོ་བཟང་ལ་དགེ་སྦྱོར་ལ་གནས་པའི་བགྲེས་པོ་ཞིག་ཡོད། ཁྱེད་ཀྱི་ཞོར་ལ་ངེད་ཀྱང་ཞུ་བ་ཡིན་ཟེར་ནས་ཞུས། བྱམས་པ་སེང་གེའི་ངག་ལ་ཡིད་མི་ཆེས་པ་རྣམས་ཀྱིས་མགོ་ཁོམ་ཇོ་སྲས་རང་ལ་གཏུགས་ནས་ཞུས། བྱམས་པ་སེང་གེ་དང་བ་ལམ་པ་རིན་ཤེལ་གཉིས་ཀྱི་ཨ་བྷ་ཡའི་རྡོ་རྗེ་ཕྲེང་བ་དང་དབང་བརྗེད་བྱས། བ་ལམ་པ་རིན་ཤེལ་གཡུང་སྟོན་རྡོ་རེ་དཔལ་གྱིས་མཚུར་ཕུར་གསན། དེས་བག་སྟོན་གཞོན་ཚུལ་ལ་གནང༌། དེས་སྣར་ཐང་བ་བླ་མ་ཚུལ་རྒྱལ་ལ་གསུངས། དེས་བླ་མ་མགོན་པོ་དྲུག་ལ་གནང༌། དེས་པཎ་ཆེན་འཇམ་དབྱངས་རལ་གྲི་ལ་གནང༌། དེས་ཀུན་མཁྱེན་འཛམ་གླིང་ཉི་ཤར་ལ་གནང༌། དེས་ཆོས་རྗེ་སྨན་གཅིག་པ་ཤེས་རབ་བཟང་པོ་ལའོ། དེ་ལྟར་བརྒྱུད་ལུགས་གཅིག་བྲིས་པ་ཡིན་གྱི་བརྒྱུད་པ་ཐ་དད་པ་ལས་མང་དུ་དར་རོ། གྲུབ་ཆེན་མི་ཏྲ་ལས་བྱུང་བའི་ཆོས་སྐོར་གྱི་སྐབསསོ། ། ༡༤.༨ དམར་ཁྲིད་ཚེམ་བུ་ལུགས་ཀྱི་སྐབས། གྲུབ་ཐོབ་ཚིམ་བུ་བའི་དམར་ཁྲིད་དུ་གྲགས་པ་ཡང་ཐུགས་རྗེ་ཆེན་པོའི་ཆོས་སྐོར་ཏེ། བདག་མེད་མས་གྲུབ་ཐོབ་གཉན་ཚེམ་བུ་བ་དར་མ་འོད་ཟེར་བྱ་བ་ལ་གནང་སྟེ། དེ་ནི་ཤབ་སྒོ་དར་འཁྲུངས། ཁོང་གིས་རྔོག་བཙུན་དཀར་མོས་སྟོན་མོ་ལུང་གི་དགོན་པ་ཕུལ་བ་ལ་སོགས་མ་བཞེས་པར་གཡས་རའི་རི་ལ་རྩེ་གཅིག་ཏུ་བསྒོམ་པས་གྲུབ་བ་བརྙེས། གདམས་ངག་བྱིན་པའི་སློབ་མ་དྲུག་ཡོད་དེ། འབྲིང་མཚམས་ལྕིམ་ལུང་གི་དགེ་བའི་བཤེས་གཉེན་ཅིག་དང༌། ཡུལ་ལ་དགོན་པའི་སྟོན་པ་གཉིས་ལ་གནང་བས་དེ་གཉིས་ཀྱིས་ཀྱང་གྲུབ་པ་བརྙེས་ནས་ཕྱིས་འབུལ་བ་ལན་གསུམ་དུ་བསྐྱལ། ཁོང་རང་གི་གཅུང་པོ་སྤྱིལ་བོ་བ་དབང་ཕྱུག་གྲགས་དང༌། ཁོང་རང་གི་ཉེ་གནས་ཆེ་བྲག་པ་དང༌། རྔོག་བཙུན་དཀར་མོ་རྣམས་ལ་ཡང་གནང༌། དེ་དག་གིས་ཀྱང་ཆོས་འདིའི་སྒོ་ནས་གྲུབ་པ་ཐོབ། སྤྱི་བོ་ལྷས་པ་བྱང་ཆུབ་འོད་ཀྱི་མདོ་དང་བསྟན་བཅོས་དུ་མ་གཟིགས་ཀྱང་གཅིག་ཏུ་དྲིལ་བའི་ཉམས་ལེན་མ་མཁྱེན་པས་ལྷ་སར་ཇོ་བོ་ལ་གསོལ་བ་འདེབས་སུ་བྱོན་པ་དེར་གཉན་ཚེམ་བུ་བ་དང་མཇལ་ནས་གྲུབ་ཐོབ་ཏུ་ཤེས་ཏེ། གསོལ་བ་བཏབ་པས་བླ་མས་ཀྱང་སྣོད་ལྡན་དུ་གཟིགས་ཏེ། ཕྱི་ཐེག་པ་ལམ་རིན་སྤུངས་ཀྱི་དོན་ཁྲིད་དང༌། ནང་གསང་སྔགས་ཀྱི་དམར་ཁྲིད་འདི་གཉིས་གནང་ཞིང་ཉམས་སུ་བླངས་པས་གྲུབ་པ་ཐོབ་བོ། དེས་སྟག་བདེ་བྲག་དམར་གྱི་མཁན་པོ་བྱང་ཆུབ་ཚུལ་ཁྲིམས་ལ་གནང༌། དེ་ཕྱི་འབྲུམ་དགོན་གསར་གྱི་མཁན་པོ་བྱང་ཆུབ་སེམས་དཔའ་ལྷ་བཙུན་པ་ལ་གནང། དེས་ཞང་ཀུན་སྤང་པ་ལ་གནང་སྟེ་ཇོ་ནང་པའི་ཁྲིད་ཆེན་བཞིའི་ཡ་གྱལ་ཡིན། འདིས་ཀྱང་ཕྱོགས་ཐམས་ཅད་དུ་ཁྱབ་ཅིང་དོན་ཆེན་པོ་མཛད་དོ། འཁྲིད་ལུགས་ཁ་ཅིག་ནི་ཕྱག་རྒྱ་ཆེན་པོ་དང་མཐུན་པར་སྣང་ཞིང༌། གཞན་དུ་སྦྱོར་དྲུག་གི་སོར་སྡུད་དང་མཐུན་པར་འདེབསསོ། །གཞན་ཡང་དགེ་སློང་མ་དཔལ་མོས་དཔལ་གྱི་བཟང་པོ་ལ་གནང༌། དེས་རིན་ཆེན་བཟང་པོ་ལ། དེས་ཇོ་བོ་རྗེ་ལ། དེས་ཡོལ་ཆོས་དབང་ལ། དེས་རོག་སྟོན་ལ། དེས་རྩེ་སྟོན་ཇོ་སྲས་ལ། དེས་ཞང་སྟོན་ཆོས་དབང་ལ། དེས་ཕྲ་སྟོན་ཞིག་པོ་ལ། དེས་རྣལ་འབྱོར་སྐྱབས་སེ་ལ། དེས་རིན་པོ་ཆེ་ནི་མིག་པ་ལ། དེས་མཁན་པོ་རིན་འབྱུང་ལ། དེས་མཁན་པོ་སངས་གཞོན་ལ། དེས་བླ་མ་ཀུན་བསོད་པ་ལ། དེས་མཁས་གྲུབ་ཆོས་དཔལ་བ་ཡབ་སྲས་ཀྱི་བར་དུ་བརྒྱུད་པའི་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཀྱང་ཡོད་པར་འདུག་གོ །དམར་ཁྲིད་ཚེམ་བུ་ལུགས་ཀྱི་སྐབས་ཏེ་ཐུགས་རྗེ་ཆེན་པོའི་ཆོས་སྐོར་རོ། ༡༤.༩ དརྦན་གྱི་སྐབས། ཡང་དྲང་སྲོང་ཉི་མའི་ཤིང་རྟ་ལས་རིམ་པར་བརྒྱུད་ནས་དུས་ཞབས་ཆེ་ཆུང༌། ཨ་བྷི་ཡུཀྟ། བལ་པོ་ཀཱ་ཡ་ཤྲཱི། སློབ་དཔོན་ཀན་པ་བ་ལས་བརྒྱུད་ནས་ལྕགས་རི་བ་དང༌། སྙན་ཆད་པ་རྣམས་ལ་ནམ་མཁའ་སྐོར་གསུམ་གྱི་གདམས་པ་ཞེས་བྱ་བ་ལམ་སོར་སོར་སྡུད་པའི་མན་ངག་ལ་ལྟ་བ་རྒྱབ་ཤ་བྱས་པ་ཅིག་ཀྱང་བྱུང་སྟེ། ཁྱད་པར་དུ་འཕགས་པའི་གདམས་པའོ། གྲུབ་ཐོབ་དརྦན་ཞེས་བྱ་བ་ཚེམས་ལན་ཉི་ཤུ་བརྗེས། སྐུ་ཚེ་ལོ་སྟོང་དང་ཉིས་བརྒྱ་བཞེས་པ་དེས་ཀྲི་ཡ་ས་མུ་ཙྪ་ཞེས་པའི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ་མཛད་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་མཁའ་འགྲོ། དཔན་ཨཱ་ཙརྻ། ས་མནྟ་བྷ་དྲ། ཛྙཱ་ན་ཛྱོ་ཏི། ཤྲཱི་ཧ་ནུ་མནྟྲ། ཤྲཱི་མཉྫུ་བྷ་དྲ། ཤྲཱི་ལ་ཀྴིཨཱ་བྷ་དྲ། དྷ་རྨ་ཛྱོ་ཏི་བྷ་དྲ། མན་ཛི་བ་བྷ་དྲ། ཤོ་ཏྲཾམ་ཤྲཱི་བྷ་དྲ། ཤྲཱི་བཛྲ་ཡ་བྷ་དྲ། ཤྲཱི་མང་ན་བྷ་དྲ། ཤྲཱི་ལཀྵྨཱི་བྷ་དྲ། ག་ག་ན་བྷ་དྲ། ཨུ་ད་ཡཛཱི་བ་བྷ་དྲ། ཤྲཱི་ཧརྵྱ་བྷ་དྲ། ཨཱ་བྷ་ག་བྷ་དྲ། བལ་པོ་ཡེ་རང་གི་པཎྜི་ཏ་ཛ་ག་ཏ་ཨཱ་ནཎྡྲ་ཛཱི་བ་བྷ་དྲ། དེའི་སྲས་པཎྜི་ཏ་མ་ཧཱ་བོ་དྷི། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། ཆོས་རྗེ་ཀུན་དགའ་བཟང་པོ། ཆོས་རྗེ་དམར་སྟོན་རྒྱལ་མཚན་འོད་ཟེར་གྱི་བར་དུ་བརྒྱུད་ནས་དབང་ཡོངས་སུ་རྫོགས་པར་ཐོབ་པོ། ཆོས་འདི་བྱུང་བའི་ཚུལ། འདི་སྔོན་བོད་དུ་མ་བྱུང་བ་ལས་དུས་ཕྱིས་དཔལ་ལྡན་ས་སྐྱར་འཇམ་དབྱངས་དོན་ཡོད་རྒྱལ་མཚན་པའི་ཕྱག་ཏུ་ས་མུ་ཙྪའི་རྒྱ་དཔེ་ཅིག་བལ་ཡུལ་གྱི་ཚོང་པའི་ལག་ནས་བྱུང། དེ་ཀུན་སྤངས་ཆོས་གྲགས་དཔལ་བཟང་པོའི་ཕྱག་ཏུ་བྱུངནས། དེའི་བཀའ་ལུང་གིས་བསྐུལ་ཞིང་མཐུན་རྐྱེན་མཛད་པའི་བི་ཀྲམ་ཤཱི་ལའི་པཎྜི་ཏ་ཆེན་པོ་མཉྫུ་ཤྲཱི་དང། བོད་ཀྱི་ལོ་ཙཱ་བ་ས་བཟངས་པ་བློ་གྲོས་རྒྱལ་མཚན་གྱིས་བརྒྱུད་ནས་དབང་ལུང་གསན་ས་མ་རྙེད་པར་ཡོད་པའི་ཚེ་མངའ་རིས་བ་རྡོ་རྗེ་དཔལ་གྱིས་ཡེ་རང་དུས་མུ་ཙྪའི་དབང་ཞུས་ཟེར་བའི་གཏམ་གསན་ནས། འཕགས་པ་གཞོན་ནུ་བློ་གྲོས་པ་དཔོན་སློབ་བདུན་གྱིས་བལ་ཡུལ་ཡེ་རང་དུ་བྱོན་ནས། པཎྜི་ཏ་མ་ཧཱ་བོ་དྷི་ལ་དབང་ལུང་ཡོངས་སུ་རྫོགས་པར་གསན་ནས་དར་ཞིང་རྒྱས་པར་མཛད་དོ། ། ཡང༌། བཅོམ་ལྡན་འདས་གཤིན་རྗེ་མཐར་བྱེད། བིརཱུ་པ། ཊོ་མྦྷི་བ། བྲམ་ཟེ་དཔལ་འཛིན། མ་ཏི་གརྦྷ། དརྦན་ཨཱ་ཙརྻ། དེས་གློ་བ་ལོ་ཙཱ་བ་ལ་གཤིན་རྗེ་གཤེད་དམར་པོའི་གཞུང་དང་ཁྲིད་ཀྱི་གདམས་པ་མང་དུ་གནང༌། ལོ་ཙཱ་བས་བློ་ཆེན་སངས་རྒྱས་ལ་གནང༌། དེས་ལོ་ཙཱ་བ་མཆོག་ལྡན། དེས་བཀའ་བཅུ་བ་གཞོན་ནུ་སེང་གེ་ལ་གནངབ་དང༌། བརྒྱུད་པ་གཞན་གྱིས་ཀྱང་རུང་སྟེ་བུ་སྟོན་རིན་པོ་ཆེ་ལ་སོགས་པས་སྐུ་ཉམས་སུ་བཞེས་ཤིང་འགྲོ་བ་མང་པོའི་གསོས་སུ་གྱུར་ཏོ། དརྦན་གྱི་སྐབསསོ། ། ༡༤.༡༠ རྡོ་རྗེ་ཕྲེང་བ་ལ་སོགས་ཇི་ལྟར་བྱུང་བའི་སྐབས། སློབ་དཔོན་ཨ་བྷ་ཡ་ནི། རིག་པའི་གནས་ཕྲ་མོ་ནས་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་བར་གྱི་ཕ་རོལ་ཏུ་ཕྱིན་པ་སྔགས་ཀྱི་ཚུལ་ལ་གང་ལ་ཡང་རྨོངས་པ་མེད་པའི་ཐུགས་ཅན་དེས། སྐུ་སྐྱེ་བ་སྔ་མ་ལ་རྡོ་རྗེ་རྣལ་འབྱོར་མ་ལ་མང་དུ་བསྟེན་པས་རྡོ་རྗེ་རྣལ་འབྱོར་མས་སྐུ་ཚེ་འདི་ཉིད་དུ་ཐ་མལ་བའི་བུད་མེད་ཀྱི་ཆ་བྱད་དུ་བྱས་ནས་སློབ་དཔོན་ཨབྷ་ཡའི་དྲུང་དུ་འོངས་པ་དགེ་སློང་གི་བསླབ་པ་ལ་གནས་པའི་འདུ་ཤེས་བརྟན་པོ་ཉིད་ཀྱིས་བུད་མེད་དེ་བསྟེན་པར་མ་མཛད་པས། སོོ་རི་བ་ལ་སོགས་པའི་རང་གི་བླ་མ་ཆེན་པོ་རྣམས་ཀྱིས་ཀྱང་དེ་ནི་མ་ལེགས་པ་ཞིག་བྱས་ཏེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་སུམ་དུ་སྐྱེ་བའི་ཐབས་དང་དུ་མ་བླངས་པས་སོ་གསུང་བས། རྣལ་འབྱོར་མ་ལ་ལན་མང་དུ་གསོལ་བ་བཏབ་པ་ན་མནལ་ལམ་དུ་རྣལ་འབྱོར་མ་ཤིན་ཏུ་གསལ་བར་བྱོན་ཏེ། ད་ཁྱོད་ཀྱིས་ཚེ་འདིར་ང་དང་ལྷན་ཅིག་སྤྱོད་པའི་མཐུ་མེད་ཀྱི། རྒྱུད་ཟབ་མོའི་འགྲེལ་པ་མང་པོ་དང༌། དཀྱིལ་འཁོར་གྱི་ཆོ་ག་མང་པོ་བརྩམས་ན་མྱུར་དུ་སྐལ་བ་ཅན་དུ་འགྱུར་རོ་ཞེས་པའི་གསུང་ལ་བརྟེན་ནས་མན་ངག་གི་སྙེ་མ་དང༌། མི་འཇིགས་པའི་གཞུང་འགྲེལ་བརྩམས་ཤིང༌། དཀྱིལ་འཁོར་གྱིི་ཆོ་ག་རྡོ་རྗེ་ཕྲེང་བ་ཞེས་བྱ་བ་འདི་མཛད་དོ། འདི་ལ་ཡང་ཁ་ཆེའི་པཎྜི་ཏ་ཆེན་པོ་བོད་དུ་བྱོན་པའི་དུས་སུ་རྡོ་རྗེ་ཕྲེང་བའི་དབང་བསྐུར་ལན་གསུམ་མཛད་པ་ལ་སྔ་མ་གཉིས་ཐམས་ཅད་བླ་མེད་ཀྱི་ཚོགས་མཛད། ཕྱི་མ་ལ་བོད་རྣམས་རྟོག་པ་ཆེ་བས་རྒྱུད་སྡེ་སོ་སོར་མ་ཕྱེ་ན་དབང་མི་ཐོབ་པ་འདྲ་ཞེས་གསུངས་ནས་རྒྱུད་སྡེ་ཕྱེ་ནས་དབང་བསྐུར་རོ་ཞེས་གྲགས། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱིས་རེ་བེནྡྲ་བ་ལས་གསན་ནས་དཀྱིལ་འཁོར་ཉི་ཤུ་རྩ་བརྒྱད་ཀྱི་དབང་བསྐུར་བས་གཞན་ཐམས་ཅད་ཀྱང་ཐོབ་པར་བཞེད། ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་ཁ་ཆེའི་པཎྜི་ཏ་ཆེན་པོ་བྷཱུ་མི་ཤྲཱི་ལས་གསན་ནས་དཀྱིལ་འཁོར་བཞི་བཅུ་རྩ་ལྔར་ཕྱེ་སྟེ་དབང་བསྐུར། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་དཔལ་ནགས་ཀྱི་རིན་ཆེན་གྱི་ཞལ་སྔ་ནས་རྒྱལ་པོའི་ཕོ་བྲང་སྣེའུ་གདོང་དུ་རྡོ་རྗེ་ཕྲེང་བའི་དབང་ཚར་གཉིས་མཛད་པ་ལ། ཐམས་ཅད་གསང་སྔགས་བླ་ན་མེད་པའི་ལུགས་སུ་དབང་བསྐུར། འགའ་ཞིག་གིས་རྒྱུད་སྡེ་སོ་སོར་ཕྱེ་ནས་དབང་བསྐུར་ན་མི་ལེགས་སམ་ཞུས་པས། སོ་སོར་ཕྱེ་ན་ལེགས་པོ་འོང་གསུང༌། འོ་ན་ད་ལན་དེ་ལྟར་མི་མཛད་པ་ཅི་ཡིན་ཞུས་པ་ནི། ད་ལན་ཁྱེད་རྣམས་ལ་ཨ་བྷ་ཡའི་ལུགས་ཀྱི་དབང་བསྐུར་བ་ཡིན་མོད། ཨ་བྷ་ཡས་ནི་རྒྱུད་སྡེ་སོ་སོར་མ་ཕྱེ་ཞེས་གསུང༌། ཕྲེང་བ་འདི་ལ་ལོ་ཙཱ་བ་མང་པོས་སོ་སོར་འགྱུར་མཛད་པས་དཔེ་ཐ་དད་མང་པོ་ཡོད་མོད། དིང་སང་ནི་ཕལ་ཆེར་ཆག་གི་འགྱུར་ལ་ཡིད་རངས་པར་མཛད་དོ། དེ་ལ་སློབ་དཔོན་ཨ་བྷ་ཡས། རྣལ་འབྱོར་རྣམ་གསུམ་ཤེས་བྱ་སྟེ། བྱིན་གྱིས་བརླབས་དང་ཡོངས་བརྟགས་དང༌། གཟུགས་ནི་ཡོངས་སུ་རྫོགས་པའོ། ཞེས་པའི་རྒྱུད་ཀྱི་ གཞུང་ལ་བརྟེན་ནས་རྫོགས་པའི་རྣལ་འབྱོར་གྱིས་དཀྱིལ་འཁོར་སྒྲུབ་པའི་ཆོ་ག་མཛད། དེ་ལ་ཁ་ཅིག་བརྒྱུད་སོ་སོ་དང་སློབ་དཔོན་སོ་སོས་མཛད་པའི་སྒྲུབ་པའི་ཐབས་ཀྱིིས་མ་བསྒྲུབས་ན་ཆོ་ག་རྫོགས་པར་མི་འགྱུར་རོ་སྙམ་དུ་སེམས་པ་དག་ཀྱང་སྣང་སྟེ། དེ་ལ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་དཀྱིལ་འཁོར་གཅིག་ཀྱང་གྲུབ་མི་སྤྱོད་པར་འགྱུར་ཏེ། རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། ཞེས་བྱ་བའི་ཐལ་བ་འདི་སུས་བཟློགས་པར་ནུས་ཏེ། དེ་འདྲ་བ་དག་ནི་སློབ་དཔོན་ཨ་བྷ་ཡའི་ལུགས་ཀྱི་ཕྲེང་བའི་དབང་འདི་མི་བསྐུར་བར་ཆོ་ག་གཞན་གྱིས་རྗེས་སུ་གསུང་བར་རིགསསོ། ། དེ་བཞིན་དུ་ཨ་བྷ་ཡཱ་ཀ་ར་གུ་བྷ། དགེ་བའི་འབྱུང་གནས་སྦས་པ། གྲུབ་ཐོབ་སློང་ཞབས། པཎྜི་ཏ་ཀཱིརྟི་ཙནྡྲ། ལོ་ཙཱ་བ་གྲགས་པ་རྒྱལ་མཚན་ལས་བརྒྱུད་པའི་སྒྲུབ་པའི་ཐབས་རྒྱ་མཚོ་ལ་བརྟེན་ནས་ལྷ་རྗེས་སུ་གནང་བ་སྦྱིན་པ་དག་ལ་ཡང་ངན་སྨྲས་སུ་མི་བྱ་སྟེ། དཀྱིལ་འཁོར་ཆེན་པོ་འདིར་འཇུག་པ་ལ་སྣོད་དང་སྣོད་མ་ཡིན་པ་བརྟག་པ་མི་འཚལ་ལོ། ། རྡོ་རྗེ་གདན་པས་བ་རི་ལོ་ཙཱ་བ་ལ་གནང་བའི་སྒྲུབ་ཐབས་བརྒྱ་རྩ་ལ་སོགས་པ་ལ་ཡང་དེ་དང་འདྲའོ། རྡོ་རྗེ་ཕྲེང་བ་སོགས་ཇི་ལྟར་བྱུང་བའི་སྐབསསོ། ། དེ་ལྟ་བུ་ལ་སོགས་པའི་སྔགས་དང་མཚན་ཉིད་ཀྱི་ཆོས་ཀྱི་སྒོ་རྣམས་བདག་ཉིད་ཀྱི་མཐོང་བ་དང༌། བླ་མ་ལས་ཐོས་པ་དང༌། གཞན་རྣམ་པར་ཐར་པ་དང༌། གཏམ་བརྒྱུད་ཀྱི་ཡི་གེ་ཙམ་མཐོང་བ་ལས་བྲིས་ཀྱི། བློ་གྲོས་དམན་པ་ཉིད་ཀྱིས་ན་མཐའ་དག་སྨྲ་བ་ནི་མི་སྤོབསསོ། ། ༡༤.༡༡ ཐོར་བུ་བའི་སྐབས། གཞན་ཡང་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་མཁན་ཆེན་ལས་ཀྱི་རྡོ་རྗེ་ལ་བཀའ་སྩལ་བའི་ཆོས་ཟབ་མོ་དུ་མ་ཡོད་པ་དག་དང༌། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་བླ་མ་དབུ་མ་པ་ལ་གནང་བའི་ཆོས་མང་པོ་ཡོད་པ་སོགས་ལྷས་གནང་བ་དང༌། བདག་ཉིད་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་དང་ལྡན་པས་རྒྱུད་ཀྱི་ཚུལ་དུ་བྱས་པའི་གཞུང་དང༌། ཉམས་ལ་བབ་པའི་མགུར་ལ་སོགས་པ་མཐའ་ཡས་པ་རྣམས་ལ་ཡང་བསླབ་པ་གསུམ་དང་འགལ་བར་མ་གྱུར་ན། ཚིག་གི་ཚུལ་བཟང་ངན་ཙམ་ལ་བརྟེན་ནས་སྨད་པར་མི་བྱ་བ་ནི། དཔལ་དུས་ཀྱི་འཁོར་ལོའི་འགྲེལ་བ་ལས། ཡུལ་གྱི་སྐད་དང་ཟུར་ཆག་སྒྲ་ལས་ཀྱང༌། །རྣལ་འབྱོར་ལྡན་པས་དོན་ནི་འཛིན་བྱེད་དེ། །ཆུ་ལ་འོ་མ་ངེས་པར་ཞུགས་པ་དེ། །ངང་པས་རབ་ཏུ་ཕྱུང་ནས་འཐུང་བར་བྱེད། །དོན་དམ་དེ་ཉིད་ཡུལ་ལ་རྟག་ཏུ་ནི། །ཆེན་པོ་རྣམས་ནི་ཚིག་ལ་རྟོན་པ་མིན། །ཡུལ་གྱི་མིང་རྣམས་ཀྱིས་ནི་དོན་ཤེས་ན། །བསྟན་བཅོས་སྒྲ་རྣམས་ཀྱིས་ནི་ཅི་ཞིག་བྱ། །ཞེས་གསུངས་པའི་རིགས་ལསསོ། ། གྲུབ་ཐོབ་ཛྙཱ་ན་པ་ཞེས་པ་ཞིག་གིས་སྟག་ལུང་སངས་རྒྱས་དཔོན་ལ་གསུངས་པའི་ཀྱེའི་རྡོ་རྗེའི་རྒྱུད་ཀྱི་བཤད་པ་དང༌། སྒྲུབ་ཐབས་མང་པོ་རི་བོ་ཆེ་བ་རྣམས་ལ་ཡོད་དོ་ཞེས་ཀྱང་ཐོསསོ། ། ཇོ་བོ་རྗེ་མངའ་རིས་སུ་བྱོན་པའི་སྔ་རོལ་ཉེ་བར་ཨ་ཙ་ར་དམར་བོ་ཞེས་ཀྱང་བྱ། ཨོ་ཊི་ཡཱན་གྱི་པཎྜི་ཏ་ཤེས་རབ་གསང་བ་ཞེས་བྱ་བ་ཁ་ཆེ་རིན་ཆེན་རྡོ་རྗེའི་སློབ་མར་གྱུར་པ་ཞིག་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོ་ཐིག་ལེ་ལ་སོགས་པ་ཐིག་ལེ་སྐོར་གྱི་རྒྱུད་དང་འགྲེལ་པ་ཆ་ལག་དང་བཅས་པ་བྱུང་བ་འདི་དག་ཀྱང་བོད་ལ་དྲིན་དུ་གྱུར་བར་སྣང་ལ། པཎྜི་ཏ་དེ་ནི་ཕྱིས་ཀྱང་བོད་དུ་བྱོན་ནས་ས་ཆེན་གྱི་བླ་མར་གྱུར་ཏོ། དེ་ལས་བརྒྱུད་པའི་རྫོགས་པའི་རིམ་པའི་མན་ངག་དིང་སང་གི་བར་དུ་ཡོད་ཅེས་གྲགས་ནའང་ཡི་གེ་མ་མཐོང་ངོ༌། ཆོས་ལ་སྣང་བ་ཆེན་པོ་ཐོབ་པའི་རྗེ་བཙུན་མན་ལུངས་པ་ཆེན་པོ་ལ་ཡི་དམ་གྱིས་གནང་བའི་བསམ་གཏན་བསྒོམ་པའི་རིམ་པ་ཁྱད་པར་ཅན་གཅིག་ཤེས་ཀུན་གྲོལ་ཞེས་བྱ་བ། མན་ལུང་པས་ཡར་ཀླུངས་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་ལ་གནང༌། དེས་སྙེ་མདོ་བ་ཀུན་དགའ་དོན་གྲུབ་ལ་གནང༌། དེས་དཀའ་བཅུ་པ་གཞོན་ནུ་སེང་གེ་ལ་གནང༌། དེས་ཧཱུྃ་ཆེན་ནམ་མཁའི་རྣལ་འབྱོར་ལ་གནང་སྟེ། དེ་ལས་རིམ་གྱི་བརྒྱུད་ནས་ད་ལྟ་གུང་ཐང་རབ་འབྱམ་པ་ཤེས་རབ་རྒྱལ་མཚན་གྱི་བར་དུ་ཡོད་དོ། ཉི་མ་སྦས་པ་ནས་བརྒྱུད་པའི་སྒྲོལ་མའི་ཆོས་སྐོར་ནི། ཁ་ཆེའི་ཡུལ་ན་གྲུབ་པ་བརྙེས་པ་ཏའུ་ཏ་ར་ཞེས་བྱ་བ་ཞིག་རང་བྱུང་ལྷ་ལྔའི་གཙུག་ལག་ཁང་ན་བཞུགས་པ་ལ་མཆོད་པ་བྱས་པས་མཛེ་ནད་ལ་སོགས་ཞི་བར་གྲགསསོ། །དེའི་དུས་ན་སློབ་དཔོན་ཉི་མ་སྦས་པ་ཞེས་བྱ་བ་རིག་པའི་གནས་ལྔ་ལ་མཁས་ཤིང་ཁྱད་པར་གསང་སྔགས་ལ་མཁས་པ་ཞིག་ལ་ཀླུའི་གནོད་པ་བྱུང་ནས། གཙུག་ལག་ཁང་དེའི་ནུབ་ཕྱོགས་སུ་སྤྱིལ་བུ་ཕུག་ནས་ཟླ་བ་གསུམ་དུ་བསྟོད་པ་བྱས་པས། གཙུག་ལག་ཁང་གི་སྒོ་ནུབ་ཕྱོགས་སུ་འགྱུར་ནས། སྒྲོལ་མའི་ཞལ་ནས་ཅི་འདོད་གསུང་བས་ནད་སོས་བར་འདོད་ཅེས་ཞུས་པས། དེའི་མོད་ལ་དཔྲལ་བར་ཅུང་ཟད་ཅིག་མ་གཏོགས་ལུས་ཐམས་ཅད་སྔ་མ་ཁོ་བཞིན་དུ་གྱུར། དཔྲལ་བའི་དེ་མི་སོས་པའི་རྒྱུ་ཞུས་པས། སྔོན་རྔོན་པར་སྐྱེས་ཏེ་རི་དྭགས་བསད་ནས་མཐར་ནགས་མེས་བསྲེགས་པས། དེའི་རྣམ་སྨིན་གྱིས་དམྱལ་བར་སྐྱེས་ཏེ། དེ་ནས་སྐྱེ་བ་ལྔ་བརྒྱའི་ཐ་མ་འདི་ཡིན་གསུང་ནས་བསྟོད་པ་ལ་བརྟེན་བའི་སྒྲུབ་ཐབས་རྣམས་གནང༌། འདི་ལ་བརྟེན་ནས་ལས་ཚོགས་ཅི་རིགས་བསྒྲུབས་ཤིག །དངོས་གྲུབ་སྦྱིན་ནོ་གསུང་ངོ༌། དེ་ནས་སློབ་དཔོན་གྱིས་སྒྲུབ་ཐབས་ཉི་ཤུ་རྩ་གཅིག་ལ་སོ་སོར་ངེས་པའི་ལས་ཚོགས་རེ་རེ། སྤྱི་མཐུན་གྱི་ལས་ཁ་ཚར་དང་བཅས་པ་མཛད་དོ། དེས་ཙནྡྲ་གརྦྷ་ལ་གསུངས། དེས་ཛེ་ཏཱ་རི་ལ། དེས་ངག་གི་དབང་ཕྱུག་ལ། དེས་ཤྲདྡྷ་ཀ་ར་ལ། དེས་ཏ་ཐཱ་ག་ཏ་རཀྲིཥ་ཏ་ལ། དེས་དཱ་ན་ཤྲཱི་ལ། དེས་མལ་གྱོ་ལོ་ཙཱ་བ་ལ་གནང་སྟེ། མལ་གྱོའི་འགྱུར་ལ་སྒྲུབ་ཐབས་དང་ལས་ཚོགས་སོ་སོར་བཞུགསསོ། །ཁྲོ་ཕུ་ལོ་ཙཱ་བའི་འགྱུར་ལ་ནི་མངོན་རྟོགས་རེའི་གཤམ་དུ་དེ་ཉིད་ཀྱི་ལས་ཚོགས་རྣམས་སོ་སོར་སྦྲེལ་ནས་ཡོད་དོ། དེའི་བརྒྱུད་ལུགས་ནི། སྒྲོལ་མ། ཀུན་དགའ་བོ། དགྲ་བཅོམ་པ་ཉི་མ་གུང་པ། ཤྲ་ནའི་གོས་ཅན། ཀྲིཥྞའི་གོས་ཅན། ཁ་ཆེ་ཉི་མ་སྦས་པ། རཱ་ཧུ་ལ་ཤྲཱི། བི་ན་དཱ་ཤྲཱི། པཎ་ཆེན་ཤཱཀྱ་ཤྲཱི། དེས་ཁྲོ་ཕུ་ལོ་ཙཱ་བ། བླ་ཆེན་བསོད་དབང༌། རིན་པོ་ཆེ་བ། ཚད་མའི་སྐྱེས་བུ། དེས་བུ་རིན་པོ་ཆེ་ལ་གནང་ངོ༌། མལ་གྱོས་ནི་ས་ཆེན་ལ། དེས་རྩེ་མོ། དེས་རྗེ་བཙུན་ལ་གནང་སྟེ། དེས་ཆོས་སྐོར་འདིའི་ཡིག་ཆ་མང་དུ་མཛད་དོ། དེས་མཆིམས་ཆོས་སེང༌། ཆོས་རྗེ་འཇམ་གསར། རོང་བ་རྒྭ་ལོ། ཤེས་རབ་སེང་གེ དཔལ་ལྡན་སེང་གེ བླ་མ་དམ་པ་བསོད་ནམས་རྒྱལ་མཚན། མཁན་ཆེན་ཤེས་རྡོར་བ། ཆོས་སྒོ་བ་ཆོས་ཀྱི་རྒྱ་མཚོ། རྒོད་ཕྲུག་གྲགས་པ་འབྱུང་གནས། དེ་ལ་བདག་གིས་ཐོབ་སྟེ། སྤྱིར་སྒྲོལ་མ་ཅུང་ཟད་བརྒྱུད་ཚུལ་མི་འདྲ་བས་བོད་ཡུལ་གང་ངོ༌། ཐོར་བུ་བའི་སྐབསསོ། ། ༡༤.༡༢ རྟེའུ་ར་བའི་སྐབས། བོད་འདིར་མདོ་སྡེ་རྣམས་ཀྱི་ལུང་གི་རྒྱུན་ལ་ཤིན་ཏུ་ཕན་ཆེ་བ་སྟེངས་པ་ལོ་ཙཱ་བ་ཚུལ་ཁྲིམས་འབྱུང་གནས་ནི། ཡབ་སྟེང་པ་ཏོག་འབར་དང༌། ཡུམ་མདའ་མོ་བུ་སྐྱིད་གཉིས་ཀྱི་སྲས་སུ་མེ་མོ་ཕག་གི་ལོ་ལ་འཁྲུངས། ལོ་དྲུག་ལོན་པ་ན་གྱང་ཕུག་གཅིག་ན་ཕར་བལྟས་པས་མཆོད་རྟེན་དང་བཅས་པའི་ཡུལ་ཁམས་མང་པོ་མཐོང༌། ཕྱིས་རྒྱ་གར་དུ་བྱོན་ཙ་ན་དེ་ག་བཞིན་དུ་འདུག །ལོ་བཅུ་ལོན་པའི་ཚེ། མི་གཡོ་བ་ལ་བསྙེན་པ་དུམ་རེ་བྱས་པས་གཞན་གྱི་ནད་རིགས་གང་ལ་ཡང་སྔགས་བཏབ་པས་ཕན་པར་བྱུང༌། བྱིས་པའི་དུས་ནས་དཀོན་མཆོག་ལ་བློ་ཁེལ། མ་ཡར་སྡང་བས་ལོ་བཅུ་གསུམ་ལོན་པའི་ཚེ་དྭགས་པོར་བྱོན་ཀློག་འདོན་བྱས་པའི་རྙེད་པ་ཕའི་ཁྱིམ་དུ་བསྐྱལ་བས་ཕ་ཡང་འབར། སྐྱོ་བ་སྐྱེས་ནས་ཡང་དྭགས་པོར་བྱོན། སྐན་མོ་གནས་བརྟན་ལ་སྐྲ་བཅད། སེར་གཟུགས་བྱས་པའི་རྨི་ལྟས་བཟང་པོ་བྱུང༌། བཅོ་ལྔ་ལ་མྱང་སྟོད་དུ་རྒྱ་འདུལ་ལ་རབ་ཏུ་བྱུང༌། མཆིམས་ཐམས་ཅད་མཁྱེན་པ་ལ་སྤྱོད་ཕྱོགས་བསླབས། བཅུ་དགུ་ལ་རྒྱས་མཁན་པོ། གཉལ་བ་དགེ་འདུན་སྐྱབས་ཀྱིས་སློབ་དཔོན། སྐྱི་བོ་ཚུལ་འཕགས་ཀྱིས་གསང་སྟོན་མཛད་དེ་བསྙེན་པར་རྫོགས། རྒྱ་གར་དུ་འབྱོན་བཞེད་པ་ལ་གསེར་མེད་པས་འབུམ་པོ་ཏི་གཉིས་བྲིས། གསེར་ཞོ་བཅུ་གཉིས་བྱུང་བ་བསྣམས་ནས་བྱོན། དིང་རིར་སླེབ་པ་ན་སྤྱན་རས་གཟིགས་ཀྱི་མི་རྒན་གཅིག་ཏུ་སྤྲུལ་ནས་ལམ་གྱི་རྒྱུས་བཤད། དེ་ནས་བལ་པོར་བྱོན་འཕགས་པ་འཇའ་མི་ལ་སོགས་ལ་ལམ་གྱི་འཇིགས་པ་མེད་པའི་གསོལ་བ་བཏབ། སྲོག་ལ་ཕངས་པ་མེད་པར་བྱོན་པས་མ་ག་དྷར་ཙ་མི་སངས་རྒྱས་གྲགས་དང་མཇལ། ཁོང་གི་དྲུང་དུ་ལོ་བཅུ་བཞུགས། ཚད་ནད་ཀྱི་བསྙུང་བ་ལ་སྒྲོལ་མས་ཁྲུས་ཆབ་གསོལ་བས་དྭངས། དེ་དུས་གཅུང་ཆོས་འབར་ཞིང་བཙོང་ནས་གསེར་མང་པོ་ཁྱེར་ཏེ་དྭགས་པོ་ནས་གར་སོང་འདྲི་ཞིང་འོངས་ནས་རྡོ་རྗེ་གདན་དུ་སླེབ། ཁོ་ན་རེ། ཡབ་གྲོངས་ཤིད་ཀྱང་ངེད་ཀྱིས་ཚར། གསེར་འདི་ཁྱེད་ཀྱི་སྐལ་བ་ཡིན། ང་ཡུལ་དུ་འགྲོ་ཟེར་བ་ལ་ཞལ་ཏ་མཛད་ནས་སློབ་གཉེར་ལ་བཙུད་པས་པཎྜི་ཏ་མཁས་པ་ཅིག་བྱུང་སྟེ་ཚད་པས་གྲོངས། འདའ་ཁར་ཁྱེད་ཀྱིས་ངའི་རུས་པ་འདི་དགེ་རིར་སྐྱེལ་དགོས་ཟེར་ནས་བོད་དུ་མི་འགྲོ་རེ་མནའ་ལན་གསུམ་བསྒགས། དེ་ནས་ཚུར་བྱོན་ཁོང་གི་ཆེད་དུ་གདུང་ཁང་བཞེངས། ཡབ་ཀྱིས་དབུ་བཙུགས་པའི་འབུམ་ཉི་ཤུ་དུམ་ཅིག་གི་འཕྲོ་ཡང་ཚར། དེ་ནས་གསེར་སྲང་ལྔ་བཅུ་ཙམ་བསྣམས་ཏེ། སླར་རྒྱ་གར་དུ་བྱོན་པས་བླ་མ་རྩ་མི་མི་བཞུགས་པར་འདུག་པས་གདུང་ལ་མཆོད་བ་ཕུལ། དེ་ནས་པཎྜི་ཏ་ཆེན་པོ་སི་ག་ཏ་བིརྭ། ངཱ་ས་བྷཱ་ལ་ཤྲཱི། ཙནྡྲ་ཀཱིརྟི། སུ་རྷ་ན་གུབྷ། ཤཱི་ལ་ཙནྡྲ། བི་མ་ལ་རཀྵི་ཏ། ཛ་ཡ་གུབྷ། སིངྷ་ཧ་ར། བྷཱ་ས་ཀ་ར་ཤཱི་ལ་ཤྲཱི་བ་སནྟ་ཏི་ལ་ཀ།ཨཱ་ནནྡ་དེ་བ། བལ་པོའི་པཎྜི་ཏ་ན་ཡ་ཤྲཱི་སྟེ་པཎྜི་ཏ་བཅུ་གསུམ་ལ་སྔགས་མཚན་ཉིད་ཀྱི་གསན་པ་མང་དུ་མཛད། ཁ་ཆེ་སྤྱན་གསུམ་པའི་བརྒྱུད་པཎྜི་ཏ་ཨ་ལངྒ་དེ་བ་སྤྱན་དྲངས། རྒྱ་དཔེ་ཡང་མི་ཁུར་མང་དུ་བསགས་ནས་སྒྲུབ་ཐབས་བསྡུས་པ་ཆེན་པོ། འདུལ་བ་རང་གི་རྣམ་བཤད། ཉི་ཁྲི་གཞུང་འགྲེལ། དཔའ་བོས་མཛད་པའི་སྐྱེས་རབས། དུས་འཁོར་རྩ་རྒྱུད། འཕགས་སྐོར་པཎྜི་ཏ་ཨ་ལངྐ་དེ་བའི་ལུགས་སོགས་གཞི་འགྱུར་དང་འགྱུར་བཅོས་མང་དུ་མཛད། དེ་རེས་རྒྱ་གར་དུ་ལོ་ལྔ་བཞུགས། ཡང་རྒྱ་གར་དུ་བྱོན་ནས་བྱེ་བྲག་བཤད་པ་ཆེན་མོ་ལོ་གསུམ་དུ་བསླབས། བོད་དུ་ཡང་རྒྱ་དཔེ་སྤྱན་དྲངས་ནས་ཨ་ལངྐ་དེ་བ་གཉིས་ཀྱིས་བསྒྱུར་བ་ལས་སུམ་གཉིས་ཙམ་འགྱུར་བ་ན་པཎྜི་ཏ་སྐུ་གཤེགས། གཤེགས་འདབ་ལ་ཆོས་ཁྲི་བཞི་བཅུ་རྩ་བརྒྱད་ཙམ་བརྩིགས་པའི་ཆོས་འཁོར་ཆེ་བ་ཅིག་མཛད། སྤྱིར་བདེ་མཆོག་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དང་ཆོས་སྐྱོང་མང་པོའི་ཞལ་མངོན་སུམ་དུ་གཟིགས། གྲོ་ལུང་བ་ཆེན་པོ་ལ་སོགས་པའི་མཁས་པ་ཆེ་དགུས་ཞབས་ལ་གཏུགས་ནས་བསྟན་པའི་བདག་པོར་གྱུར་ནས་དགུང་ལོ་བརྒྱད་ཅུ་རྩ་བཞི་པ་ལྕགས་ཕོ་ཁྱིའི་ལོ་ལ་གཤེགས། དེའི་ཚེ་ལོ་ཙཱ་བ་ཆེན་པོ་བློ་ལྡན་ཤེས་རབ་གཤེགས་ནས་ལོ་བརྒྱད་ཅུ་རྩ་གཉིས་སོང༌། རྟེན་རིང་བསྲེལ་ཡང་མང་དུ་བྱོན་ནོ། དེའི་སློབ་མ་ཆག་དགྲ་བཅོམ་ནི། སྟེངས་པ་ལོ་ཙཱ་བའི་བཞི་བཅུ་རྩ་བདུན་པ་ཆུ་མོ་བྱ་ལ་མེས་བཀྲ་ཤིས་དགའི་སྲས་སུ་གནས་ཆག་གྲོང་དུ་སྐུ་འཁྲུངས། གུ་རུ་བ་ཆག་སྟོན་ཆེན་པོ་མཚན་རིན་ཆེན་ཚུལ་ཁྲིམས་ཤེས་བྱ་བ་གྲོ་ལུང་བའི་དངོས་སློབ་དེ་ལས་རབ་ཏུ་བྱུང༌། སྟེངས་པ་ལོ་ཙཱ་བ་ལ་སྒྲ་དང་ལོ་ཙཱ་བསླབས། གསང་འདུས་འཕགས་སྐོར་དང་དུས་འཁོར་ལ་སོགས་གསན། ཆོས་སྐྱོང་ཕྱག་བཞི་པ་ཞུས་པས་ཕྱི་བཞིན་དུ་འབྲང་བ་བྱུང༌། བྱང་སེམས་ཟླ་རྒྱལ་གྱི་སློབ་མ་མལ་གྲོ་འདུལ་འཛིན། དེའི་སློབ་མ་མཁན་པོ་དར་བརྩོན་ལས་བསྙེན་པར་རྫོགས། གཙང་དུ་བཤེས་གཉེན་ཤཱཀ་གྲུབ། གཙང་དཀར། ཅོག་གྲུ་ལོ་ཙཱ་བ་མྱང་ངན་མེད་པའི་དཔལ། ཞང་ལོ་ཙཱ་བ་ལ་སོགས་པའི་བོད་ཀྱི་བླ་མ་བཅོ་ལྔ་བརྟེན། རྒྱ་གར་དུ་འབྱོན་པའི་བར་ཆད་ཞི་བའི་ཕྱིར་ཁ་སརྦ་ཎི་བསྒྲུབས་པས་མཚན་མ་བརྙེས་ནས་བལ་ཡུལ་ལ་འཐོན་ཏེ་རྒྱ་གར་དུ་བྱོན། ཚོང་འདུས་ནས་ཉིན་རེ་བཞིན་མེ་ཏོག་ཉོས་ནས་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོ་ལ་གཏོར་བས་སྙན་གྱི་སྟེང་དུ་ཆགས། དེའི་རྟེན་འབྲེལ་གྱིས་ཕྱིས་སྐུ་ཚབ་ཀྱི་གསེར་སྐུའི་སྙན་གོང་དུ་ཡང་མེ་ཏོག་ཕྲ་བ་ཟོལ་མེད་པར་རང་བྱོན། མཻ་ཏྲི་ཙནྡྲ། རྡོ་རྗེ་གདན་པ་ཆུང་བ། ནིཥྐ་ལངྐ། ཤཱི་ལ་ཨཱ་ཀར། ཤཱཀྱ་ཤྲཱི་དང༌། བུདྡྷཱ་ཤྲཱི་རྣམས་ལ་བསྟེན་ནས་ཆོས་མང་དུ་གསན། ཁྱད་པར་བཀའ་དྲིན་ཆེ་བ་མཻ་ཏྲི་ཙནྡྲ་ཡིན། ཁོང་གིས་ལུང་བསྟན་ནས་ནཱ་ལནྡའི་གནྷོ་ལ་ཆུང་ངུ་ཅིག་ཏུ་སྒྲུབ་པ་མཛད་པས་བུམ་པའི་སྟེང་དུ་བདེ་མཆོག་དྲུག་ཅུ་རྩེ་གཉིས་ཀྱི་ལྷ་ཚོགས་ཞལ་གཟིགས། གློ་བོ་རིང་དུ་ཚད་པའི་བསྙུང་གཞི་ཅིག་བྱུང་བ་ན་ནྱ་གྲོ་དྷའི་བསིལ་གྲིབ་ལ་གཟིམས་པས། གདུ་བུའི་སྒྲ་སིལ་སིལ་བ་ཅི་བྱུང་བས་གཟིགས་པ་ན། བུད་མེད་སྔོ་བསངས་ཅིག་གིས་སྙིང་གར་བུམ་ཆུ་འཐོར་བས་ནད་རྩ་བ་ནས་དྭངས་ཤིང༌། བུད་མེད་དེ་སྒྲོལ་མར་ཞལ་གཟིགས། རྒྱ་གར་གྱི་རྟེན་རང་བྱོན་བརྒྱད་ཅུ་ཡང་གཟིགས། བོད་དུ་བྱོན་དུས་ཆུང་བོ་གངྒཱའི་འགྲམ་དུ་དཔྱལ་ལོ་གྲོགས་དང་བཅས་པ་ཤི་སྐྱིད་ཀྱི་ཇག་པས་བརྡུངས་པ་ལ་ལྟ་སྟངས་མཛད་པས་ཇག་པ་རྣམས་རེངས། དེ་ནས་བོད་དུ་བྱོན་ཏེ་ཆུ་མིག་དང་རྒྱལ་ལྷ་ཁང་དང་ཐང་བོ་ཆེ་ལ་སོགས་པ་རྣམས་འབུལ་དུ་བྱུང་བས་ཐོགས་རེ་བཞུགས། གཙོ་བོ་རྟེའུ་རར་གདན་ཕབ་པ་ཡིན་ཏེ། འདི་དང་པོར་སྣེའུ་ཙུར་པའི་སློབ་མ་སྐོར་ཆེན་པས་བཏབ། དེ་རྗེས་བརྒྱུད་པ་རེ་ཤིག་སྟོངས་པ་འདྲ། དེ་རྗེས་ཆག་གིས་གཟུང༌། ཤུདྡྷ་ཤྲཱི་སྤྱན་དྲངས་ནས་རྒྱལ་བའི་ལམ་འདུག་ལ་སོགས་པ་བསྒྱུར། ཤཱཀྱ་ཤྲཱི་དང༌། ཐམས་ཅད་མཁྱེན་པའི་དཔལ་དང༌། རཏྣ་ཤྲཱི་ལ་སོགས་པ་ལ་བརྟེན་ནས་འགྱུར་མང་དུ་མཛད། ཁ་ཆེ་པཎ་ཆེན་གྱིས་གཞན་ལ་བསྙེན་རྫོགས་སྒྲུབ་པའི་སྐབས་སུ་ཆག་གིས་ལས་ཆོག་རྣམས་སཾ་སྐྲྀ་ཏའི་སྐད་དུ་མཛད་པས་པཎ་ཆེན་མཉེས། སྐུའི་སྤྱོད་ལམ་དབུ་རེག་ཞབས་རྗེན་དང་རྡོར་དཀར་ལ་སོགས་པ་མཛད་དེ་ཚུལ་ཁྲིམས་ཀྱི་དྲི་ཕུན་སུམ་ཚོགས་པས་རྒྱང་རིང་དུ་ཁྱབ་པ་ཡང་ཡོད། དགུང་ལོ་དྲུག་ཅུ་རྩ་བཞི་པ་མེ་ཕོ་བྱི་བ་ལ་རྟེའུ་རར་གཤེགས། དེའི་ཚེ་ཆག་ཕྱི་མས་ཉི་ཤུ་བཞེས་ཤིང༌། རྗེ་བཙུན་གྲགས་རྒྱལ་གཤེགས་པའི་མེ་ཕོ་བྱི་བ་དེ་ཡིན། གདུང་བཞུགས་པའི་ཚེ་དབུ་ཐོད་ལ་བདེ་མཆོག་གི་ལྷ་ཡོངས་སུ་རྫོགས་པ་དང༌། འགྲམ་པ་ལ་ཨཱ་ལི་ཀཱ་ལི་བྱོན་པ་ཕྱི་རྟེན་གྱི་མཆོད་རྟེན་ནང་ན་བཞུགས། རེ་བེནྡྲ་བའི་ཞལ་ནས། མཆོད་རྟེན་དེ་དཀྲོངས་འདུག་པས་ཕྱོགས་བཞིར་གློ་འབུར་རེ་བཀྱེད་གསུང་བའི་ལུང་བསྟན་ལ་བརྟེན་ནས་ཆག་ཕྱི་མས་བཟོས། དེའི་རབ་གནས་བལ་ཡུལ་ནས་རེ་བེནྡྲ་བས་མཛད་པས། རྟེའུ་རར་རབ་གནས་ཀྱི་དུས་སུ་འབྲས་ཀྱི་ཆར་བབ། སྐུ་འབུམ་ལ་ཐོག་རྒྱབ་པ་ཡར་བས་ཐོག་བརྡུགས་དཀར་པོ་གྲགས། གདུང་ལ་ཁ་སརྦ་ཎི་བྱོན་པ་ཐུབ་པའི་གསེར་སྐུ་ན་བཞུགས། འདི་ལ་རྒྱ་གར་ན་ཡང་པཎ་ཆེན་དྷརྨ་ཤྲཱི་ལ་སོགས་པའི་སློབ་མ་མང་དུ་ཡོད་དོ། དེའི་དཔོན་པོ་ཆག་ཆོས་རྗེ་དཔལ་ནི། སློབ་དཔོན་དྷརྨ་འབྱུང་གནས་དང༌། ཆོས་འབུམ་གྱི་སྲས་སུ་མེ་མོ་སྦྲུལ་ལ་འཁྲུངས། མེ་སྦྲུལ་འདི་ཁྲོ་ཕུ་ལོ་ཙཱ་བའི་ཉི་ཤུ་རྩ་དྲུག་པ་ཡིན། དགུང་ལོ་བདུན་པ་ལ་རྒྱ་བོད་ཀྱི་ཡིག་ཀློག་སྐད་དོད་བཀའ་བཅད་བྲི་ཐིག་ལ་སོགས་བསླབས། བཅུ་གཅིག་ནས་ཉི་ཤུའི་བར་དུ་ཆག་དགྲ་བཅོམ་གྱི་ཞབས་དྲུང་དུ་འབྲལ་མེད་བརྟེན་ནས་སྔགས་མཚན་ཉིད་ཀྱི་གཞུང་གདམས་ངག་མང་དུ་ཞུས་ཤིང༌། སེམས་བསྐྱེད་ཀྱང་ལན་ལྔ་ཞུས། སྤྱིར་ལོ་བཅུ་བདུན་ནས་བཞི་བཅུ་རྩ་ལྔའི་བར་དུ་སྣག་སྨྱུག་དང་མི་འབྲལ་བའི་དམ་བཅའ་བྱས། བཅུ་བཞི་བཅོ་ལྔ་ལ་མི་གཡོ་བའི་བསྙེན་པ་འབུམ་ཚོ་ཉི་ཤུ་རྩ་དྲུག་བསྐྱལ་བས་ཞལ་གཟིགས། ཉི་ཤུ་པ་ལ་གོང་མའི་ཞལ་ནས། འདི་རྒྱ་གར་དུ་བཞུད་དོགས་པས་མངོན་པ་སློབས་གསུང༌། ཆག་དགྲ་བཅོམ་གཤེགས་རྗེས་སུ་རྒྱ་གར་དུ་ཆས་ཏེ། གཙང་དུ་སེ་ལོ། ཁྲོ་ལོ། མྱང་སྟོད་ལོ་ཙཱ་བ། གྲོ་སྟོན་བདུད་རྩི་གྲགས་ལ་སོགས་པ་ལ་ཆོས་མང་དུ་གསན། དེ་ནས་གུང་ཐང་ལྷ་བཙུན་པ་མགོན་པོ་དཔལ་ལ་མངོན་པ་ཀུན་ལས་བཏུས་པ། འཕགས་སྐོར་རྔོག་ལུགས་རྣམས་གསན། དེ་མན་དུ་ལོ་བཅུ་བཞུགས། བལ་ཡུལ་ཤིང་ཀུན་ཏུ་རཏྣ་རཀྵི་ཏ་དང་མཇལ། ཁོང་ལ་ཁམས་པ་སྟོན་གྲགས་ལ་སོགས་དབང་ཞུ་བའི་ལོ་ཙཱ་བ་མཛད་དེ། བདེ་མཆོག་གི་དབང་ལ་སོགས་པ་ཐོབ། དེ་ནས་པཎྜི་ཏ་ཆེན་པོ་རེ་བེནྡྲ་བ་སྟེན་དགེ་བསྙེན་དུ་བཞུགས་པ་དེ་ལ་འཕགས་སྐོར་དང༌། རྡོ་རྗེ་ཕྲེང་བ། མདོ་རྒྱུད་རྟོགས་པ་བསྡུས་པ་ལ་སོགས་པ་མང་དུ་གསན། སེམས་ཅན་མང་པོའི་དོན་འོང་བར་ལུང་བསྟན། བལ་ཡུལ་དུ་ལོ་ཧྲིལ་པོ་བརྒྱད་བཞུགས། དེ་ནས་རྒྱ་གར་དུ་བྱོན་ཏེ་ཏི་ར་ཧུ་ཏི་ནས་ཡངས་པ་ཅན་དུ་བྱོན། མནལ་ལམ་དུ་རྡོ་རྗེ་གདན་ཇི་ལྟ་བ་བཞིན་དུ་གཟིགས། དེ་ནས་རྡོ་རྗེ་གདན་དུ་བྱོན་པས་མི་གཅིག་ཀྱང་མི་འདུག་སྟེ། ཏུ་རུ་ཥྐའི་དམག་གིས་ཉེན་བྲོས་པས་བྱང་ཆུབ་ཆེན་པོ་ཡུན་རིང་དུ་མ་མཇལ། དེ་ནས་མཇལ་ཏེ་མ་ཧཱ་བོ་དྷི་ལ་མཆོད་པ་ཕུལ། གནས་ཀྱི་བཀོད་པ་ཞིབ་ཏུ་གཟིགས། ནཱ་ལནྡྷར་པཎྜི་ཏ་རཱ་ཧུ་ལ་ཤྲཱི་བྷ་དྲ་དང་མཇལ་ཆོས་མང་དུ་གསན། གར་ལོག་གི་དམག་བྱུང་བས་ཡུལ་མི་རྒྱལ་པོ་དང་བཅས་པ་ཐམས་ཅད་ཀྱང་བྲོས། རཱ་ཧུ་ལའི་ཞལ་ནས་ང་ལོ་དགུ་བཅུ་ལོན་པས་འབྲོས་སུ་མེད་པ་ཡིན་མོད། ཁྱོད་མི་འབྲོས་པ་གླེན་གསུང་པ་ལ། ང་བསད་ཀྱང་བླ་མའི་དྲུང་ལས་གཞན་དུ་མི་འགྲོ་བྱས་པས། དམ་ཚིག་ཅན་དུ་དགོངས་ནས་གཏིང་ནས་མཉེས། དེ་ནས་བླ་མ་ཁུར་ནས་གར་ལོག་གི་དམག་རྣམས་གཉན་པོར་ལྟ་བའི་མགོན་པོའི་ལྷ་ཁང་དུ་གདན་དྲངས་པས་གར་ལོག་གི་གནོད་པ་ཡང་མ་བྱུང༌། མ་ག་དྷར་ཚད་པའི་ནད་བྱུང་བ་འཐོན་ནས་ཤུ་བར་སོང༌། སླར་ཏིར་ཧུ་ཏིར་ཡང་ཚད་པས་ཟིན། དེ་ནས་དལ་གྱི་བོད་དུ་ཕེབས། སྤྱིར་པཎྜི་ཏ་ཆེན་པོ་བཅུ་གཉིས། བོད་ཀྱི་ལོ་ཙཱ་བ་བཞི། མཁས་བཙུན་ཉི་ཤུ་རྩ་གཅིག་ལ་སོགས་པ་ལ་ཆོས་གསན། ས་སྐྱ་པཎ་ཆེན་གྱིས་ལོ་ཙཱ་བ་རིན་ཆེན་བཟང་པོའི་འོག་ན་ལོ་ཙཱ་བ་ཁྱེད་མཁས་ཤེས་བསྔགས། ནག་ཚོ་ལོ་ཙཱ་བའི་གདན་ས་ཡང་ཐོག་ཏུ་ནན་གྱིས་ཞུ་བ་ཕུལ་བས་ལོ་བཞི་བཞུགས། ཧ་རི་མཎྡྲ་ལ་སོགས་པའི་གནས་གཞི་བརྒྱད་ཅུ་ཐམ་པའི་ལྡེ་མིག་དང་གསུང་རབ་པོ་ཏི་ཉིས་བརྒྱ་ཙམ་ཕྱག་ཏུ་བྱུང༌། དེ་ནས་རྟེའུ་རར་ཕེབས། ཕྱིས་དྲུག་ཅུ་རྩ་གཉིས་པ་ལ་ཐང་པོ་ཆེར་ཕེབས། དེའི་ཚེ་སྟག་ཚལ་དུ་པཎྜི་ཏ་དཱ་ན་ཤཱི་ལའི་སར་བྱོན་ནས་ཁོང་ལ་སཾ་སྐྲྀ་ཏའི་སྐད་ཀྱིས་ཤིས་པ་མང་པོ་བརྗོད་པས་པཎྜི་ཏ་འདར་ཞིང་བ་སྤུ་ལངས། བོད་སྐད་རིགས་གཅིག་པ་ལ་མཁས་པའི་རིགས་པའི་རལ་གྲི་ལ་སོགས་པའི་མཁས་པ་མང་དུ་འདུས་འཁོར་རྡོར་དབྱར་ཆོས་གསུངས་པའི་ཚེ་གྲྭ་པ་དཔེ་འགྲེམས་བརྒྱ་ཙམ་བྱུང༌། ཉིན་རེ་ཆོས་དུང་ཐེངས་བཅུ་གསུམ་བཏང༌། དེ་ནས་ཡར་ཀླུངས་ཀྱི་འཇུ་དང་འཕྱོས་ཀྱི་དགོན་གནས་མང་པོར་ཆོས་གསུང་ཞིང་ཡར་ཀླུངས་ཕྱོགས་སུ་ལོ་ལྔ་བཞུགས། ཧོར་རྒྱལ་པོའི་སྤྱན་འདྲེན་བྱུང་བ་ལ་ཧོར་བོད་ཀྱི་མི་ཆེན་རྣམས་ཀྱི་གྲོས་བྱས། སྐུ་ལུས་ངན་པར་འདུག་པས་བཞུགས་ཆོག་པར་བྱུང༌། ས་སྐྱར་གདན་དྲངས་ནས་ཤར་བ་ཡེ་ཤེས་རྒྱལ་མཚན་དང༌། དཔོན་ཆེན་ཀུན་དགའ་བཟང་པོས་བླ་མར་བཀུར། ཚོགས་དཔོན་མཛད་ཅིང་ཆོས་ཀྱང་གསུངས། དེ་ནས་རྟེའུ་རར་ཕེབས་ནས་ཆོས་འཁོར་ཆེན་མོ་མཛད་ནས་དྲུག་ཅུ་རྩ་བརྒྱད་པ་ཤིང་ཕོ་བྱི་བའི་ལོ་ལ་ཞི་བར་གཤེགས། དེ་རྗེས་གཙང་པ་དབང་ཕྱུག་ཤེས་རབ་ཀྱི་གདན་སར་མིང་མ་བཏགས་ཀྱང་གདན་སའི་ཁུར་འཁུར་ལོ་མང་པོར་མཛད། དེ་རྗེས་ཆག་ཕྱི་མའི་གཅུང་པོ་ཆག་ཉི་མ་དཔལ་གྱི་སྲས་བླ་མ་བསྟན་འཛིན་དཔལ་དང༌། དེའི་གཅུང་པོ་ལ་བ་གཉིས་ཀྱི་ཡུན་རིང་མིན་པར་གདན་ས་མཛད། ཟླ་བའི་དུས་སུ་སྐྱ་སྲིད་ཀྱིས་རྟེའུ་རལ་བཅོམ་རྒྱག་བྱས། དེ་རྗེས་ཟླ་བའི་གཅུང་མངའ་བདག་དཔལ་གྱིི་སྲས་བླ་མ་རིན་ཆེན་འབྱུང་གནས་ཀྱིས་གདན་ས་ལོ་བཅུ་གསུམ་མཛད། དེ་རྗེས་བླ་བྲང་བ་བློ་གྲོས་དཔལ་དགུང་ལོ་བདུན་ཅུ་རྩ་བཞི་བཞེས་པ་ཅིག་ལ་གདན་ས་གཏད་དེ། དེས་ཀྱང་ལོ་དེ་ཉིད་ལ་བླ་བྲང་བ་ཤཱཀྱ་དཔལ་གདན་སར་བསྐོས། བླ་མ་རིན་ཆེན་འབྱུང་གནས་གཤེགས་པ་དང་ཤཱཀྱ་དཔལ་བསྐོས་པའི་ལོ་དེ་མེ་མོ་ཡོས་ཡིན། དེ་ནས་ལོ་བཅུ་གསུམ་པ་ས་མོ་ཡོས་ལ་ཤཱཀྱ་དཔལ་གཤེགས། ཆོས་རྗེ་དཔལ་གཤེགས་ནས་ཤཱཀྱ་དཔལ་བསྐོས་པའི་མེ་མོ་ཡོས་དེ་ཡན་ཆོད་དུ་ལོ་དྲུག་ཅུ་རྩ་བཞི་སོང༌། དེ་རྗེས་བླ་བྲང་པ་བཟང་པོ་དཔལ། དེ་རྗེས་རིན་ཆེན་འབྱུང་གནས་པའི་དབོན་པོ་ཆག་ཆོས་དཔལ་བཟང་པོས་གདན་ས་མཛད་དེ་རིང་པོ་མ་ལོན་པར་གཤེགས། དེ་རྗེས་བླ་བྲང་བ་བཟང་པོ་དཔལ་གྱི་བལྡབས་ནས་གདན་ས་མཛད། དེ་རྗེས་ཆོསརྗེ་ཉི་མ་བས་ལོ་ལྔ། དེ་རྗེས་ཤཱཀྱ་དཔལ་བས་ལོ་བཅུ་གསུམ་མཛད་དེ་གྲོངས། དེ་རྗེས་ཆོས་རྗེ་ཡེ་ཤེས་དཔལ་བཟང་པོ་མེ་མོ་ལུགས་ལ་འཁྲུངས་ནས་ཉི་ཤུ་རྩ་ལྔ་པ་ལ་གདན་སར་བྱོན། ས་ཕོ་ཁྱིའི་བར་ལོ་བཅོ་བརྒྱད་བཞུགས་ནས། བླ་མ་བསམ་གྲུབ་དཔལ་མགོན་པ་གདན་སར་བསྐོས་ཏེ་ཁོང་རང་གྱ་བརྒྱད་པ་ཤིང་ཕོ་ཁྱི་ལ་གཤེགས། བསམ་གྲུབ་དཔལ་མགོན་པ་ས་བྱི་ནས་ཆུ་བྱིའི་བར་ལོ་ཉི་ཤུ་རྩ་ལྔ་གདན་སར་བཞུགས། དེ་རྗེས་བསོད་བློ་བ་ཆུ་སྦྲུལ་ལ་འཁྲུངས་ནས་ལོ་ཉི་ཤུ་པ་ཆུ་བྱི་ནས་ལྕགས་སྤྲེའི་བར་ལོ་དགུ་གདན་ས་མཛད་དེ། ལོ་དེ་ཉིད་ལ་བློ་བཟངས་པ་ལྕགས་གླང་ལ་འཁྲུངས་ནས་ཉི་ཤུ་པ་ཅིག་གདན་སར་བསྐོས་ཏེ། ཁོང་རང་ང་དྲུག་པ་ས་བྱི་ལ་གཤེགས། བློ་བཟངས་པ་གདན་སར་བྱོན་ནས་ལོ་ཉི་ཤུ་རྩ་གཅིག་པ་ལྕགས་ཕོ་འབྲུག་ལ་གདན་ས་གཏད་དེ་ཁོང་རང་ཞེ་གཉིས་པ་ཆུ་རྟ་ལ་གཤེགས། དེ་རྗེས་རིན་ཆེན་ཆོས་རྒྱལ་པ་མེ་མོ་ཡོས་ལ་འཁྲུངས་ནས་ལོ་བཅུ་བཞི་པ་ལྕགས་འབྲུག་ལ་གདན་སར་བྱོན་ཏེ། དེ་ནས་ད་ལྟའི་མེ་ཕོ་སྤྲེའུ་འདི་ཡན་ལ་ལོ་བཅུ་བདུན་སོང་ངོ༌། རྟེའུ་ར་བའི་སྐབསསོ། ། གཉལ་རོང་ལིངས་སུ་རོང་ལིང་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་ཞེས་བྱ་བ་ཨ་བྷ་ཡའི་སློབ་མ་དུས་ཀྱི་འཁོར་ལོ་པ་ཅིག་བྱུང༌། དེའི་གཙུག་ལག་ཁང་སོགས་ཁ་ཞེས་པ་ད་ལྟ་ཡང་མ་ཉམས་པར་ཡོད་དེ། ཡི་གེ་མ་མཐོང་བས་ཞིབ་ཏུ་སྤྲོད་མེད་དོ། ། ༡༥.༡ ཁ་ཆེ་པཎ་ཆེན་དང༌། དེ་ལས་བརྒྱུད་པའི་སྡེ་བཞིའི་མཁན་བརྒྱུད་ཀྱི་སྐབས། དེ་ལྟར་གངས་ཅན་གྱི་ཁྲོད་དུ་དམ་པའི་ཆོས་བྱུང་བའི་ཚུལ་རགས་པ་བཤད་ནས། ཆོས་དེ་ཉམས་སུ་ལེན་པའི་དགེ་འདུན་ནི། བོད་ཀྱི་འདུལ་བ་འཛིན་པ་ཐམས་ཅད་སྡེ་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་གཅིག་པུ་ཡིན་ལ། དེ་ལ་ཡང་མཁན་ཆེན་ཞི་བ་འཚོའི་ལུགས་བླ་ཆེན་པོ་ནི་མས་བརྒྱུད་པ་དང༌། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་དྷརྨ་པཱ་ལས་མངའ་རི་སུ་པཱ་ལ་རྣམ་གསུམ་ལ་སོགས་པ་རབ་ཏུ་བྱུང་ནས་ཡས་བརྒྱུད་པ་དང༌། ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱི་ལས་བརྒྱུད་པ་སྡེ་གསུམ་དུ་ངེས་པ་ལས། དང་པོ་གཉིས་ནི་བརྗོད་ཟིན་ལ། དེ་ལ་མ་འོངས་པའི་སངསརྒྱས་གསུམ་པ་རབ་གསལ་དུ་འགྱུར་བ་ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲའི་འཁྲུངས་པའི་ལོ་གང་ཡིན་པ་དང༌། བོད་དུ་ལོ་གང་ལ་ཕེབས་པ་དང༌། འགྲོ་བའི་དོན་ཇི་ལྟར་མཛད་པ་རྣམས་དཔྱད་པར་བྱ་སྟེ། དེ་ཡང་པཎ་ཆེན་ཉིད་ཀྱིས་བོད་དུ་མེ་མོ་ཡོས་ཀྱི་ལོ་ལ་སོལ་ནག་ཐང་པོ་ཆེར་བསྟན་རྩིས་མཛད་པར། སྨིན་དྲུག་ཟླ་བའི་དཀར་ཕྱོགས་ཀྱི། ཚེས་བརྒྱད་ནམ་གུང་མཉམ་པ་ལ། ཟླ་བ་རི་བོ་ལ་ནུབ་ཚེ། ཐུབ་དབང་ཡོངས་སུ་མྱ་ངན་འདས། དེ་རྗེས་ལོ་ནི་སྟོང་ཕྲག་གཅིག །བདུན་བརྒྱ་དང་ནི་ལྔ་བཅུ་དང༌། ཟླ་བ་གཉིས་དང་ཟླ་བ་ཕྱེད། དེ་བཞིན་ཉི་མ་ལྔ་རབ་འདས། ཞེས་གསུངས་ཏེ། དེ་ལྟ་བུའི་ལོ་དེ་རྣམས་ལ་དྲུག་ཅུས་བགོས་ན་ལྷག་མ་བཅུར་འགྱུར་བའི་ཕྱིར། བསྟན་པའི་ཐོག་མ་ནི་མི་མོ་སྦྲུལ་ཡིན་པར་ཤེས་པར་བྱའོ། དེའི་ཚེ་དུས་འཁོར་བ་རྣམས་ཀྱི་འདས་ལོའི་ཐོག་མ་མེ་མོ་ཡོས་ནས་དྲུག་ཅུ་སྐོར་གསུམ་སྟེ་བརྒྱ་བརྒྱད་ཅུ་སོང་བར་ཡང་ཤེས་པར་བྱའོ། ཐང་དུ་བརྩིས་པའི་མེ་ཡོས་དེ་ནས་དིང་སང་གི་མེ་ཕོ་སྤྲེའུ་འདི་ཡན་ལ་དྲུག་ཅུ་སྐོར་བཞི་དང་ལོ་སུམ་ཅུ་སོང་བས་ན། ཐུབ་པ་མྱ་ངན་ལས་འདས་ནས་ལོ་སྟོང་ཕྲག་གཉིས་དང་ཉི་ཤུ་སོང་བ་ཡིན་ནོ། བསྟན་པའི་ལོ་གྲངས་དེ་ལྟར་ཡིན་པས་ན་པཎ་ཆེན་འཁྲུངས་པའི་ལོ་ནི་མེ་མོ་ལུག་ཡིན་ཏེ། ཁྲོ་ཕུ་ལོ་ཙཱ་བས་བསྟོད་པ་མཛད་པར། དེ་ཉིད་ཡོངས་འདས་ལོ་ནི་སྟོང་ཕྲག་གཅིག །དྲུག་ཅུས་དགུ་བཅུ་རྩ་གཉིས་མཐར་སོན་ཚེ། ཤཱཀྱའི་བསྟན་སྲོག་ངུར་སྨྲིག་འཛིན་པའི་གཙོར། འཁྲུངས་གྱུར་དྲང་སྲོང་དེ་ཡི་ཞབས་ལ་འདུད། ཅེས་གསུང་པས་སྟོང་དྲུག་བརྒྱ་དྲུག་ཅུས་བགོས་པས་ལྷག་བཅུ་གཉིས་འབྱུང་སྟེ། བཅུ་གཉིས་པ་དེ་ས་ཕོ་འབྲུག་གི་ལོ་ཡིན། དེའི་མཐའ་ནི་ས་མོ་སྦྲུལ་ཡིན། དེ་པཎ་ཆེན་གྱི་ཉི་ཤུ་རྩ་གསུམ་པའོ། ཞེས་བྱ་བ་འདི་ཤིན་ཏུ་གསལ་བས་ན། ཉི་ཤུ་རྩ་ལྔ་པ་ལྕགས་མོ་ལུག་ཅེས་བྱ་བར་ཐེ་ཚོམ་མེད་དོ། འདི་ལ་སྤྱི་བོ་ལྷས་པ་ལ་སོགས་པའི་ཡི་གེར་པཎ་ཆེན་བོད་དུ་རང་ལོ་དྲུག་ཅུ་རྩ་ལྔ་པ་ལ་ཕེབས་སོ་ཞེས་ཟེར་བ་ཡང་ནོར་བའོ། བོད་དུ་ཕེབས་པའི་ལོ་ནི་ཤིང་ཕོ་བྱི་བ་ཡིན་པར་ལོ་ཙཱ་བས་གསུངས་པས། ཤིང་ཕོ་བྱི་བ་ནི་རང་ལོ་བདུན་ཅུ་བརྒྱད་པའོ། དེ་ནས་ཆུ་མོ་བྱའི་བར་དུ་ལོ་བཅུ་བཞུགས་ནས་ཤིང་ཕོ་ཁྱི་ལ་བོད་ནས་ཐེགས། དེ་ནས་ལོ་སྐོར་འཁོར་བའི་ཤིང་མོ་བྱའི་ལོ་ལ་ལོ་དགུ་བཅུ་རྩ་དགུ་ལོན། དེའི་སྒྲོག་ཟླའི་ཚེས་ལྔ་གཟའ་སྤེན་པ་ཡོད་པ་ལ་ཡོངས་སུ་མྱ་ངན་ལས་འདས་པར་ཡང༌། གཅིག་གིས་མ་ཚང་ལོ་བརྒྱའི་དུས། །བྱ་ལོ་སྒྲོག་ཟླའི་དཀར་ཕྱོགས་ཀྱི། །སྤེན་པའི་ཉི་མའི་ཚེས་ལྔ་ལ། །འགྲོ་བའི་ཉི་མ་ནུབ་པར་བསྟན། །ཞེས་འབྱུང་བའི་སྤེན་པའི་ཉི་མ་ཡང་པཎ་ཆེན་ཉིད་ཀྱིས་མཛད་པའི་ལྔ་བསྡུས་ཀྱི་རྩིས་གཞུང་གིས་བརྩིས་ན་གསལ་པོར་འཆར་རོ། དོན་དུ་ན་པཎ་ཆེན་ཉིད་མེ་མོ་ལུག་ལ་འཁྲུངས། ས་མོ་སྦྲུལ་ལོ་ཉི་ཤུ་རྩ་གསུམ་པ་ལ་རབ་ཏུ་བྱུང༌། བདུན་ཅུ་རྩ་བརྒྱད་པ་ཤིང་ཕོ་བྱི་བ་ལ་བོད་དུ་ཕེབས། ཆུ་མོ་བྱའི་བར་ལོ་བཅུ་བཞུགས། ཤིང་ཕོ་ཁྱི་ལ་བོད་ནས་བྱོན་ཏེ་ཁ་ཆེར་གཞན་དོན་རྒྱ་ཆེན་པོ་མཛད་ནས་རང་ལོ་དགུ་ཅུ་རྩ་དགུ་པ་ཤིང་མོ་བྱ་ལ་ཞི་བར་གཤེགསསོ། །ཞེས་བྱའོ། བོད་དུ་ཇི་ལྟར་སྤྱན་དྲངས་ཤིང་ཕེབས་ནས་འགྲོ་དོན་ཇི་ལྟར་མཛད་པའི་རིམ་པ་ནི། ཁྲོ་ཕུ་ལོ་ཙཱ་བ་ཞེས་བྱ་བའི་སྐྱེས་བུ་དམ་པ་དེས་ལོ་ཙཱ་སློབ་པའི་ཕྱིར་ལྷོ་བལ་དུ་འགྲོ་བའི་ལམ་དུ་སྐྱི་རོང་དུ་བཞུགས་པ་ན། རིན་པོ་ཆེ་རྒྱལ་ཚའི་སློབ་མ་དོན་ཞགས་པ་ཆེན་པོ་ཞེས་བྱ་བ་ཞིག་ཡོད་པ་དེ་ལ་དར་ཡུག་ཕྱེད་དང་གཉིས་ཕུལ་ནས། བདག་གིས་ལྷོ་བལ་དང་རྒྱ་གར་དུ་ཕྱིན་ན་བར་ཆད་དུ་མི་འགྱུར་རམ། འགྲོ་བ་ལ་ཕན་ཐོགས་སམ། དགེ་བའི་བསམ་པ་འདྲ་བདོག་པས་འགྲུབ་བམ་གསུམ་པོ་འདི་རྟོག་པ་ཞུས་པས། ཁོང་ན་རེ། དོན་སྣ་གསུམ་ག་ཨེ་ཡོང་མི་ཤེས་ཏེ། ཅིག་འཕགས་པ་ལ་བརྟེན་ནས་བརྟག་གོ་གསུང༌། ལོ་ཙཱ་བ་རང་གིས་ཀྱང་མཆོད་པ་ཆེན་པོ་བཤམས་ནས་རྨི་ལམ་བརྟགས་པས་ནམ་ནངས་སུ་ཉེ་བ་ན་ཨ་ཙ་ར་དུང་སོ་འཁོར་ཅན་ཅིག་བྱུང་ནས། རྨང་ཕྲག་ནས་དུང་གི་སེང་གེ་ཅིག་གཏད་བྱུང་བས་ཅི་ཡིན་བྱས་པས་རྒྱབ་ཡིག་ལྟོས་ཟེར་བལྟས་པས། །དྭི་བྷཱ་ཥི་བྱ་བ་འདུག་བྱང་ཆུབ་ཀྱི་ཤིང་ལོ་གཅིག་བྱུང་དེ་ལ་པཎྜི་ཏ་བྱའི་གདོང་པ་ཅན་ཅིག་འདུག །རྒྱབ་ཡིག་ལ་མ་ཧཱ་མཻ་ཏྲི་བྱ་བ་འདུག །ཡང་ཤེལ་གྱི་མེ་ལོང་ཅིག་གཏད་བྱུང་བ་ལ་པཎྜི་ཏ་ལྷ་འདྲ་བ་རྒྱབ་ཡིག་ལ་མཉྫུ་ཤྲཱི་བྱ་བ་འདུག །ཕྱི་རེ་བ། ནང་ཟབ་ཆེན་ལ་བྱས་པའི་མི་གཟུགས་དཀར་པོ་ཅིག་གི་རྒྱབ་ཡིག་ལ་མ་ཎི་པདྨེ་བྱ་བ་འདུག །བཞི་པོ་སྙིང་དུ་སྡུག་པར་འདུག་པས་མཆོད་ཁང་དུ་བཞག་མཉམ་ནས་ཁྱེར་ཕྱིན་པས། ཨ་ཙ་ར་ན་རེ། ཚུར་ཐོང་གོ་རིམ་བསྒྱུར་དགོས་ཟེར་ནས་དུང་གི་སེང་གེར་གར་འགྲོར་རྒྱུག་ཆུག །དེ་ནས་ཤིང་ལོ་དང་མེ་ལོང་ཞོག་ལ་ཟབ་ཆེན་གྱི་མི་གཟུགས་ཁྱེར་ཅིག །དེ་ནས་མེ་ལོང་ཁྱེར་ཅིག །དེའི་རྗེས་ལ་ཤིང་ལོ་ཁྱེར་ཅིག་ཟེར། མནལ་སད་པ་དང་བཟང་བར་ནི་ཤེས། དེ་དུས་ཡི་གེ་བཞི་པོ་མ་ཤེས་པ་ལ་ཕྱིས་སུ་སོང་ཙ་ན། དུས་གི་སེང་གེ་ནི་ལོ་ཙཱ་བ་རང་དུ་འདུག །མི་གཟུགས་དཀར་པོ་རྗེ་མི་ཏྲ་ཡིན། མེ་ལོང་གི་པཎྜི་ཏ་བུད་དྷཱ་ཤྲཱི་ཡིན། ཤིང་ལོ་ལ་བྲིས་པའི་པཎྜི་ཏ་ནི་ཁ་ཆེ་པཎ་ཆེན་ཡིན། དེ་ཁོ་ན་བཞིན་དུ་ལོ་ཙཱ་བས་བལ་ཡུལ་དང་རྒྱ་གར་ཉེ་བ་རྣམས་སུ་བྱོན། དེ་རྗེས་རྗེ་མི་ཏྲ་བོད་དུ་སྤྱན་དྲངས། དེ་རྗེས་པཎ་ཆེན་བུདྡྷཱ་ཤྲཱི་སྤྱན་དྲངས། ཐམས་ཅད་ཀྱི་རྗེས་ལ་ཁ་ཆེ་པཎ་ཆེན་སྤྱན་དྲངས་པ་ཡིན་ཏེ། རྒྱ་རྩིས་པའི་ཤིང་ཕོ་བྱི་བ་མཆུའི་ཟླ་བའི་ཚེས་བདུན་ལ་གདན་འདྲེན་པའི་ཕྱིར་ལམ་དུ་ཞུགས། རྒྱང་རོ་གུང་ཆུང་ན་དགེ་བཤེས་རྒྱ་བྱ་བ་བླ་མ་ཞང་གི་དངོས་སློབ་ཅིག་བཞུགས་པ་ལ་མཇལ་དུ་ཕྱིན་པས་ཁོང་གི་མཚམས་བསྡམས་འདུག་ནའང་ལོ་ཙཱ་བ་རང་བྱོན་པར་ཐོས་པ་དང་ཧར་འདོན་བྱས་ནས་བསུར་བྱུང༌། ཁོང་ལ་ཞང་གི་ཆོས་སྐོར་མང་པོ་ཞུས། ཁོང་གི་ཞལ་ནས་པཎ་ཆེན་སྤྱན་འདྲེན་པ་ལ་ཅུམ་ཅུམ་དང་ཞུམ་ཞུམ་བྱས་པས་མི་འོང༌། འུད་འཐག་གི་སོང༌། ཉི་མ་ནུབ་ནས་ཤར་ཀྱང་དོན་འགྲུབ་ངེས་གསུང༌། དེ་ནས་རིམ་གྱིས་གྲོ་མོར་བྱོན། གྲོ་མོ་བ་རྣམས་ཀྱིས་གུས་པར་བྱས་པས་རྒྱགས་ཆལ་ཆིལ་ལ་སོང༌། དེ་ནས་རྒྱ་གར་བེ་དུར་གྱི་ཚོང་འདུས་སུ་འབྱོན་རྩིས་ལམ་ནོར་ནས་ཆོམ་རྐུན་དང་དུག་སྦྲུལ་དང་གཅན་གཟན་དང་མི་མ་ཡིན་གདུག་པ་ཅན་གྱིས་གང་བའི་ནགས་སུ་འཁྱམས་པ་ལས། དེ་རྣམས་ཀྱི་ཉེན་ཅི་ཡང་མེད་པར་བེ་དུར་ཚོང་འདུས་སུ་སླེབ། དེ་ནས་རྒྱ་གར་བ་པཎ་ཆུང་ཛ་ཡང་ཤྲཱི་དང་བ་ར་ཎཱ་སི་བ་གཉིས། ཇོ་སྲས་ཉི་མ་དང་ཁམས་པ་བྱང་གྲགས་ཏེ་བོད་པ་གཉིས་རྣམས་ཤར་ཕྱོགས་ཛ་གད་ད་རར་པཎ་ཆེན་གདན་འདྲེན་གྱི་ཕོ་ཉ་ལ་མངགས། དེའི་ཚེ་སངས་རྒྱས་དོན་ཡོད་གྲུབ་པ་ལ་ཕྱག་འཚལ་ལོ། ཤཱཀྱའི་བསྟན་ལ་ཤཱཀྱའི་སྲས་བལྟམས་ཤཱཀྱའི་མཚན། །ལྔ་རིག་གཙུག་ནོར་དྲི་མེད་བརྟུལ་ཞུགས་བརྟན་པོ་འཛིན། །བྱ་བ་ལ་སོགས་པའི་ཞུ་ཡིག་རྒྱ་གར་གྱི་སྐད་དུ་བྲིས་ནས་སྤྱན་འདྲེན་པ་རྣམས་ལ་བསྐུར། ཞུ་རྟེན་དུ་གསེར་གྱི་ཤེར་སྙིང་ཅིག །གསེར་སྲང་ལྔ། ན་བཟའ་དར་ཆེན་ཕྲུག་ཅིག །འཇུ་ཟབ་བཟང་པོའི་བླ་རེ་གཅིག་རྣམས་བསྐུར། ལ་དྲུ་བ་བྱ་བར་ཞག་སུམ་ཅུ་རྩ་བཞི་ན་སླེབས་པ་དང༌། པཎ་ཆེན་འཁོར་བཅས་ཀྱང་བོད་ཀྱི་སྤྱན་འདྲེན་འོང་བར་མཁྱེན་ནས་དེར་བྱོན་པས་སྤྱན་འདྲེན་མི་འདུག་པ་དང་ཕྱིར་འབྱོན་པའི་རྩིས་ཀྱི་ཁྲེས་པོ་སྔོག་པའི་ཚེ་བང་ཆེན་རྣམས་ཀྱིས་སླེབ་ནས་ཡི་གེ་དང་འབུལ་བ་རྣམས་ཕུལ། པཎ་ཆེན་གྱི་ཞལ་ནས། ཛ་གད་ད་ལ་ནས་བོད་ཀྱི་སྤྱན་འདྲེན་འོང་བར་ཤེས་ནས་འདིར་འོངས་པས་སུ་ཡང་མི་འདུག་པས་བཟློག་པར་རྩོམ་པའི་ཚེའང་ད་དུང་སྡོད་ཅིག་སྤྱན་འདྲེན་ངེས་པར་འོང་ཞེས་མ་སྨྲས་སམ། ད་ཇི་ལྟར་བྱ་བའི་གྲོས་ཀྱིས་པཎ་ཆུང་དག་ལ་བཀའ་སྩལ་པས། པཎ་ཆུང་རྣམས་ཀྱིས་དོན་འདི་ལྟ་བུ་ལ་ཆོས་རྗེ་ཉིད་མཁྱེན་པ་མ་གཏོགས་བདག་ཅག་རྣམས་ཀྱི་བློས་ཇི་ལྟར་བྱ་བ་ག་ལ་རྟོགས་ཞེས་ཞུས་པས། པཎ་ཆེན་གྱི་ཞལ་ནས། ང་ལ་གྲོས་དྲིས་ས་ཡོད་ཅིག་གསུང་ནས་ཞག་ལྔ་མཚམས་བཅད་ནས་རྗེ་བཙུན་མ་ལ་འདྲི། དེ་ནས་རྒྱ་གར་ཤར་ཕྱོགས་ཀྱི་གནས་བརྟན་ཆེན་པོ་མང་པོས་པཎ་ཆེན་བོད་དུ་མི་གཤེགས་པའི་ཞུ་བ་ལ་སླེབ། སློབ་དཔོན་ཀླུ་སྒྲུབ་ཀྱིས་རབ་གནས་མཛད་པའི་ཐུགས་རྗེ་ཆེན་པོ་དང་སྒྲོལ་མ་ངོ་ཆེན་དུ་སྤྱན་དྲངས་ནས་བྱུང་བ་ལ། ལྷའི་གཉེར་བྱེད་པའི་ཁ་ཆེ་བ་ཅིག་ལ་གསུག་བྱིན་ནས་ཤིང་རྟའི་གཟེར་བཀྲོལ། ལྷ་གཉིས་ཞལ་ཕྱིར་བསྒྱུར་ནས་བཞག་ལོ་ཙཱ་བས་བེ་དུར་ནས་བྱོན། བ་ནེ་ཤྭ་ར་བྱ་བར་ཆོས་རྗེ་དང་མཇལ། དེར་ཆོས་རྗེའི་གསུང་གིས་ལོ་ཙཱ་བ་དེ་ཆོས་མང་དུ་ཤེས་པ། ལྷ་ཆེན་བཞེངས་པའི་སྟོབས་ཡོད་པའི་ཡར་རྒན་ཅིག་ཡོད་བསམ་པ་ལ། འདི་ནི་གཞོན་ནུ་རང་དུ་འདུག །ཆོས་བསྒྱུར་བའི་ལོ་ཙཱ་རང་ཡང་མི་འོང་ངམ། དེ་སེམས་བསྐྱེད་དང་སྒྲུབ་ཐབས་འགའ་བྱིན་ལ་འོ་སྐོལ་དཔོན་སློབ་ཕྱིར་བཟློག་གམ་གསུང་བས། པཎྜི་ཏ་ཛ་ཡ་ཤྲཱིས་ང་དཔོན་སློབ་འདི་རྣམས་ཁྱོད་ཀྱི་གཟུགས་ལ་བལྟས་འདུག་པས་ངས་ཐབས་བྱས་ནས་ཁྱོད་རང་ཆོས་དྲིས་ཤིག་ཟེར། ཛ་ཡ་ཤྲཱིས་ཞུ་བ་བྱས་ནས་ཆོས་འདྲི་བའི་སྐབས་ཕྱེ་ནས་པཎ་ཆུང་དགུ་པོ་ལ་དྲི་བ་མི་འདྲ་བ་གཉིས་གཉིས་དྲིས་པས་ཕྱི་དྲོ་ནས་ནམ་ཕྱེད་ཀྱི་བར་དུ་སོང༌། ཆོས་རྗེའི་ཐུགས་དམན་ནར་མ་མང་པོ་ཆག་ཀྱང་ཐུགས་དགྱེས་ཏེ། བོད་ལ་འདི་འདྲ་བའི་ཆོས་སྨྲ་བ་འོང་བ་ངོ་མཚར་ཆེ་གསུང༌། དེ་ནས་རྒྱལ་ཕྲན་ཅིག་གིས་ལམ་འགོག་པ་དང་པཎ་ཆུང་རྣམས་ལའང་དོ་ལི་དགོས་པར་སོང་བས་དཀའ་བ་ཆེན་པོ་མང་དུ་བྱས་ཏེ་ཕག་རིར་ཕེབས་པ་དང༌། བོད་ཀྱི་སྐྱ་སེར་གྲངས་མེད་པ་ཁ་བཞི་ནས་འདུས་ནས་ཞབས་ཏོག་གྲངས་མེད་པ་བྱས་ནས་ཆོས་ཞུས་པ་མན་ངག་ཁ་འཐོར་མང་དུ་གསུངས། རྒྱང་ངོ་ནས་མགུར་མོའི་བར་དུ་ཆོས་དངཟང་ཟིང་བསམ་གྱིས་མི་ཁྱབ། ཚོང་འདུས་ནས་ཆུ་མིག་གི་བར་དུ་དགེ་འདུན་ཤིན་ཏུ་མང་པོས་བསྐོར་བས་ཁྱིམ་པ་རྣམས་ཀྱིས་ཞལ་ཡང་བལྟ་དཀའ་བར་བྱུང༌། ཁྲོ་ཕུ་བའི་བསུ་བའི་བཀོད་པ་ཆེན་པོས་ཆུ་མིག་ཏུ་སླེབ། ཁྲོ་ཕུར་ཕེབས་ནས་མཁས་བཙུན་སྟོང་ཕྲག་མང་པོ་འདུས། དེར་དབྱར་གནས་མཛད་པ་ལ་ཚུལ་ཤིང་ལེན་པ་བརྒྱད་བརྒྱ་ལྷག་ཙམ་བྱུང༌། བརྒྱད་སྟོང་པ་གསུང༌། སོ་སོར་ཐར་པ་དང་མདོ་སྡེའི་རྒྱན་ཡང་གསུངས། དེ་ནས་སྣར་གྱི་ཀླས་མོ་ཆེར་བྱོན། ཉིས་འགྲེལ་དུ་གསུངས་པ་ལ། དེ་བཞིན་ཉིད་ཀྱི་ལེའུ་ལ་སླེབས་པའི་ཚེ་ཆོས་རྗེའི་ཕྱག་དཔེ་བརྒྱད་སྟོང་པའི་པོ་ཏི་སྒྲོལ་མའི་དཔང་དུ་བྱས། དེ་ལ་མཆོད་པ་མང་པོ་བྱས་ནས་ཤར་ཕྱོགས་སུ་སོང་བས་དབུས་སུ་འགྲོ་དགོས་པ་འདུག་གསུང་བ་དང༌། རྟག་ཏུ་ངུའི་ལེའུ་ལ་བབ་པའི་ཚེ་མཆོད་པའི་མཎྜལ་རི་མོ་ཅན་གྱི་སྟེང་དུ་པོ་ཏི་བཞུགས་པ་ལ་མཆོད་པ་མང་པོ་བྱེད་བཞིན་པ་ཅིག་ནུབ་ཕྱོགས་ལ་སོང་བས་རྒས་ཁར་ཁ་ཆེར་འགྲོ་བར་འདུག་གསུང༌། དེ་ནས་སྣར་གྱི་ཀླས་མོ་ཆེར་ཡང་དབྱར་གནས་མཛད་ཅིང་ཐོགས་ཤིག་བཞུགས། དགག་དབྱེ་ཐོན་ནས་ཆུ་མི་རིང་མོར་གནས་བརྟན་མང་པོས་སྤྱན་དྲངས་དབུ་མ་རིན་ཆེན་ཕྲེང་བ་དང་དཔེའི་རྒྱན་གསུངས། དེ་ནས་སྲིན་པོ་རི་བས་སྤྱན་དྲངས་ཏེ་གཞུ་སྙེའི་ཕུའི་ལམ་བརྒྱུད་ནས་འཚུར་ཕུ་དང་ལྷ་སར་བྱོན། ཇོ་བོ་རྣམ་གཉིས་ལ་མཆོད་པ་རྒྱ་ཆེན་པོ་མཛད། དེ་ནས་སྲིན་པོ་རིར་འཚུར་ཕུ་བའི་རྟ་བ་མང་པོས་བསྐྱལ་ནས་ཕེབས། སྐྱེལ་མི་རྣམས་ལ་ངས་ཁྱེད་ཀྱི་དགོན་པར་བསྡད་པའི་ཚེ་སངས་རྒྱས་ཐོད་པའི་རྒྱུད་ནས་བཤད་པའི་ལྷ་གསུམ་འདུག་པ། ཁྱེད་ཀྱི་བླ་མ་གོང་མས་མཁྱེན་ཡང་མ་དད་པས་ངས་ལྷའི་ངོ་བསྟན་གདམས་པ་བྱས་ན་ཕྱིས་རྟོགས་ལྡན་མང་པོ་འབྱུང་གསུངས། ལྷ་གསུམ་ནི་བདེ་མཆོག་ཡབ་ཡུམ་གོ་བཟློག །ཤཱཀྱ་ཐུབ་པ་སྤྲུལ་སྐུ་ལ་ཡུམ་རྡོ་རྗེ་མཁའ་འགྲོ་ཡོད་པ། རྡོ་རྗེ་དྲིལ་བུ་མཉམ་སྦྱོར་གྱི་ལྷ་རྣམསསོ། །སྲིན་པོ་རིར་དབྱར་གནས་མཛད། མངོན་པ་ཀུན་ལས་བཏུས་ཀྱི་རྣམ་བཤད་སློབ་དཔོན་ཡེ་ཤེས་བཤེས་གཉེན་གྱིས་མཛད་པ་བསྒྱུར། སྤྱི་ཆོས་སུ་མྱ་ངན་མེད་ལུང་བསྟན་པའི་མདོ། དཔེ་བརྒྱ་པ། ལས་ཀྱི་འཁོར་ལོ་བསྟན་པ་རྣམས་གསུངས། བྱམས་ཆོས་ལྔའི་རྣམ་བཞག་དང་དབུ་མ་རིགས་ཚོགས་རྣམས། བྱམས་ཆོས་ལྔའི་ཁྲིད་སྐོར་རྣམས་སྲིན་པོ་རི་བའི་གདན་ས་བས་ཞུས་ནས་གནང༌། གཉལ་ཟངས་པོ་ཆེ་བ་སོགས་ཀྱིས་རྒྱལ་སྲས་ལམ་རིམ་གྱི་ཁྲིད་བསྐྱངས། དེ་ནས་བསམ་ཡས་སུ་ལྷ་ཞི་བ་འོད་ཀྱིས་སྤྱན་དྲངས་ནས་བསམ་ཡས་དང་འཆིམས་ཕུ་སོགས་སུ་བྱོན། དེར་དབོན་སྟོན་རིན་ཆེན་སྒང་བས་ཀྱང་མཇལ། དེ་ནས་སྲིན་པོ་རིར་ཕེབས་པའི་ཚེ་འཚུར་ཕུ་བ། རྒྱ་མ་བ། འབྲི་ཁུང་བ་རྣམས་ཀྱིས་གདན་འདྲེན་བྱུང་བས་འབྲི་ཁུང་བ་དང་མཇལ་བའི་རྟེན་འབྲེལ་སྔ་ཕྱིར་མ་འགྲིག །རྒྱ་མ་རིན་ཆེན་སྒང་དུ་ལན་གཉིས་དང་རྭ་སྒྲེང་དུ་བྱོན། དེ་ནས་གཉལ་དང་ལོ་རོ་དང་ལྷོ་བྲག་ལ་སོགས་པ་རྣམས་སུ་བྱོན། བུ་གུ་དོ་དང་ཐང་པོ་ཆེར་བྱོན་ཅིང་ཁྱད་པར་ཐང་པོ་ཆེར་ཡུན་རིང་དུ་བཞུགས་ནས་ཆོས་མང་དུ་གསུངས། དེ་ཡན་ཆོད་དུ་ལོ་ཙཱ་བའི་སྣོད་རྟོག་པའི་ཆེད་དུ་རྫས་ལ་འཛིན་པ་ཆེ་ཆེ་ལྟར་མཛད་པ་ལས། དེ་ནས་རྫས་དངོས་བྱུང་བ་ཕལ་ཆེར་ཁྲོ་ཕུའི་བྱམས་པ་ལ་བསྔོས། ཁྱད་པར་ཆུ་ཕོ་སྤྲེའུའི་ལོ་ལ་ལྷ་མོ་ཆེའི་རབ་གནས་རན་ནའང་ཆ་རྐྱེན་གྱིས་མ་ལྡང་བས། ཡང་པཎ་ཆེན་གྱིས་དབུ་གཡོར། གཉལ་ལོར། ལྷོ་བྲག་སོགས་སུ་བསྐྱར་ཏེ་བྱོན། ཡོ་བྱད་ཐམས་ཅད་བྱམས་ཆེན་གྱི་ཕྱོགས་སུ་ཕུལ། ཆུ་ཕོ་སྤྲེའུའི་གྲེའི་ཟླ་བའི་ཚེས་གསུམ་ནས་བཅུ་གསུམ་གྱི་བར་དུ་ཆོས་རྗེས་བྱམས་ཆེན་གྱི་རབ་ཏུ་གནས་པ་མཛད། ངོ་མཚར་བའི་རྟགས་བགྲང་གིས་མི་ལང་བ་བྱུང༌། དེ་ནས་དགེ་འདུན་མང་པོས་བོད་དུ་བཞུགས་པའི་ཞུ་བ་ཕུལ་བས་ཀྱང་ཀསྨི་ར་དོན་ཆེ་གསུང་ནས་མ་གནང༌། དེ་ནས་ཐེགས་པའི་ལམ་ལ་སྟོད་ལྷོ་ལ་མཛད་དེ་དེ་རྣམས་སུ་ཡང་གདུལ་བྱ་མང་དུ་བཏུལ། ཕྱག་ཏུ་རྫས་བྱུང་བ་རྣམས་གནས་སོ་སོའི་དགེ་འདུན་ལ་གནང༌། གུང་ཐང་དུ་ཕེབས་པའི་ཚེ་གསེར་སྲང་བརྒྱ་དང་སུམ་ཅུ་གནང་ནས་ལྷ་བཟོ་བའི་རྫོངས་གྱིས་གསུང༌། དེ་ནས་གློ་བོའི་བར་དུ་ལོ་ཙཱ་བས་བསྐྱལ། ནང་ཅིག་འཁོར་ཐམས་ཅད་ཐབས་ཀྱིས་བཀྱེ་ནས་སྐུ་མདུན་ན་སུ་ཡང་མེད་པར་བྱས་ནས་ལོ་ཙཱ་བ་ལ་ཤོག་གསུང༌། དེར་མྱུར་བ་ཕྱིན་པ་ན་ལག་པ་གཟེད་ཅིག་གསུང་ནས་གསེར་གྱི་ཐུམ་བུ་ཆེན་པོ་ཅིག་གནང་བྱུང་བའི་ལྕིད་ཀྱིས་ལག་པ་ས་ལ་རེག་པ་བྱུང༌། ལྷའི་ཆེད་དུ་ཆ་རྐྱེན་མང་དུ་གནང༌། ད་འདི་ཙམ་ཞིག་ཁ་ཆེར་བསྣམས་འཚལ་ཞུས་པས༌། ཉེ་གནས་པ་ན་རེ། དངོས་གྲུབ་བྱུང་དུས་བླངས་པ་དགའ། ཁ་ཆེ་བའི་མི་ནན་ཏུར་ཅན་རྣམས་ལ་བྱིན་ན་འགྱོད་པར་འོང་ངོ་ཟེར་བས་བླངས། དེ་ནས་ལ་གཤམ་ཙམ་དུ་སྐྱེལ་ཐུང་བྱས། ཁ་ཆེར་ཐེགས་པའི་ལམ་དུ་ཇག་པ་ཁ་གཉིས་སུ་བྱུང་ཡང་གསེར་མེད་པས་ཅི་ཡང་མ་ཉེས། དེ་ནས་ཁ་ཆེར་ཕེབས་ནས། ཁ་ཆེ་ན་སྤྱིར་བསྟན་པ་དར་ཡང་རབ་ཏུ་བྱུང་བ་ཉུང་བ་ལ། ཆོས་རྗེས་རབ་ཏུ་བྱུང་བ་གྲངས་མེད་པ་སྤེལ། སྔགས་མཚན་ཉིད་ཀྱི་ལག་ལེན་འཚོལ་བ་རྣམས་མ་ནོར་བ་ལ་བཀོད། རྒྱལ་པོ་མུ་སྟེགས་ཅན་དུ་བྱུང་ནས་སངས་རྒྱས་ཀྱི་བསྟན་པ་ལ་བཙུད། གཙུག་ལག་ཁང་རྟེན་ཉམས་པ་མང་པོ་གསོས། དེ་ལྟ་བུའི་མཛད་པས་ཁ་ཆེར་ལོ་བཅུ་གཉིས་སུ་བཞུགས་ནས། ཤིང་མོ་བྱའི་ལོ་ལ་ངོ་མཚར་བའི་ལྟས་མང་པོ་དང་བཅས་ནས་གཤེགས། དེ་ལྟ་བུའོ་པཎ་ཆེན་དེས་བོད་དུ་སྔགས་མཚན་ཉིད་ལུང་རིགས་ཀྱི་ཆོས་མང་དུ་གསུངས་ཤིང༌། སོ་སོ་ཐར་པའི་བསླབ་པ་ལ་བཀོད་པ་གྲངས་མེད་ཀྱང༌། པཎ་ཆེན་གྱི་སྤྱན་སྔར་བསྙེན་པར་རྫོགས་ནས། སྟན་ཅིག་གི་བརྟུལ་ཞུགས་འཛིན་པར་ཁས་བླངས་པ་ནི་རྡོ་རྗེ་དཔལ་དང་བྱང་ཆུབ་དཔལ་རྣམ་པ་གཉིས་ཡིན་ནོ། ། ན་མོ་མཻ་ཏྲི་ནཱ་ཐཱ་ཡ། མུ་ནཱིནྟྲ་ཤཱ་རི་པུ་ཏྲ། རཱ་ཧུ་ལཀྵེ་ཏྲི་ཡ། རཱ་ཧུ་ལ་བྲཱཧྨ་ཎ། ནཱ་གཱརྫུ་ན། གུ་ཎ་མ་ཏི། རཏྣ་མི་ཏྲ། ཤྲཱི་དྷརྨཔཱ་ལ། གུ་ཎ་སཱ་ག་ར། དྷརྨ་པཱ་ལ། ཨུ་ཀ་ར་གུབྷ། མ་ཧཱ་པཎྜི་ཏ་ཤཱཀྱ་ཤྲཱི། བཛྲ་ཤྲཱི་བྷ་དྲ། བུད་དྷ་ཤྲཱི་བྷ་དྲ། རསྨི་ཤྲཱི། དྷརྨ་དྷྭ་ཛ། བུད་དྷ་རཏྣ། པུ་ནྱ་ཤྲཱི། བྲུ་ཛྙཱ་ནཱ་ཐ། སིངྷ་དྷྭ་ཛ། པུཎྱ་ཤྭ་ར། མངྒ་ལ་ཤཱི་ལ། ཤཱི་ལ་རཏྣ། བུད་དྷ་མ་ཏི། བོ་དྷི་ཛ་ཡེ་ནྡྲ། མངྒ་ལ་སིངྷ། གུ་ཎ་ཊཏྣ། བོ་དྷི་བྷ་དྲ། མ་ཏི་དྷྭ་ཛ། སིདྷཱ་རྠ་ཤྲཱི་བྷཱུ་ཏི། བོ་དྷི་ཀཱི་རྟི། མངྒ་ལ་བོ་དྷི། པཎ་ཆེན་ཆུ་མོ་བྱ་ལ་བོད་ནས་ཐེགས་པ་ནས་དིང་སང་གི་མེ་ཕོ་སྤྲེའུ་ཡན་ཆོད་དུ་ལོ་ཉིས་བརྒྱ་དང་དྲུག་ཅུ་རྩ་བཞི་སོང་ངོ༌། ཚོགས་པ་བྱེ་རྫིང་བ་ནི། དཀོན་མཆོག་རྒྱལ་མཚན། ཐུགས་རྗེ་དཔལ་བ། དར་མ་དཔལ་བ། ཀུན་དགའ་དཔལ་བ། གཞོན་ནུ་བཟང་པོ་བ། ཚུལ་ཁྲིམས་དཔལ་བ། ཡང་མཁན་ཆེན་ཀུན་དགའ་དཔལ་བ། སངས་རྒྱས་གཞོན་ནུ་བ། དར་མ་བཟང་པོ་བ། ཚུལ་མགོན་པ། བསོད་ནམས་འོད་ཟེར་བ། རིན་ཚུལ་བ། བསོད་ནམས་ཤེས་རབ་པ། ཤེར་མགོན་པ། གྲགས་བསོད་པ། ཤེར་འཕགས་པ། ཤེས་ཚུལ་བ། རིན་ཤེས་བ། ཆོས་དཔལ་བ། ཤེས་འོད་པ། ཀུན་ཤེ་བ། གྲགས་རྒྱལ་བ། དཔལ་ཚུལ་བ། རིན་གྲུབ་པ། དབང་ཤེ་བ། ཟླ་རིན་པ། དགེ་འདུན་སྒང་བ་ནི། ལྷོ་བྲག་པ་བྱང་ཆུབ་དཔལ། གཙང་པ་དབང་ཕྱུག་གྲགས། གཞོན་ནུ་བྱང་ཆུབ་པ། འདུལ་ཚད་པ། བྱང་ཆུབ་བཟང་པོ། འཇམ་དབྱངས་དོན་གྲུབ་དཔལ། ཡོན་ཏན་རྒྱལ་མཚན་པ། དཔལ་གྲུབ་པ། སྙག་ཕུ་བ། ཡོན་ཏན་བློ་གྲོས་པ། བརྩོན་རྒྱལ་བ། སེང་གེ་དཔལ་བ། ཆོས་གྲུབ་པ། བློ་གྲོས་རྒྱལ་མཚན་པ། ཡོན་ཏན་ལྷུན་གྲུབ་པ། ནམ་མཁའ་དཔལ་བཟང་བ། དཔལ་ཡོན་པ། ཡང་ནམ་མཁའ་དཔལ་བཟངས་པ། ནམ་མཁའ་ལྷུན་བཟངས་པ། བ་འབྱོར་སེང་གེ་བ། ཆོས་ལུང་བ་ནི། དབུ་མཛད་བསོད་ནམས་སྟོབས། དེ་རྗེས་མཁན་ཆེན་བདེ་བ་དཔལ། གྲགས་པ་གཞོན་ནུ་བ། བྱང་སེམས་བསོད་གྲགས་པ། བསོད་ནམས་བཟང་པོ་བ། གཞོན་ནུ་མགོན་པོ་བ། གྲགས་པ་རྒྱལ་མཚན་པ། གྲགས་པ་བཤེས་གཉེན་པ། ནམ་མཁའ་རྒྱལ་མཚན་པ། རིན་ཆེན་རྒྱལ་མཚན་པ། བཤེས་གཉེན་རྒྱལ་མཆོག་པ། རྒྱལ་དབང་གྲགས་པ། ཟླ་བ་བློ་གྲོས་པ། རྒྱལ་བ་ཕྱག་ན། བཤེས་གཉེན་བཟང་པོ་བ། མགོན་པོ་བཀྲ་ཤིས་པ། ཉི་མ་རྒྱལ་མཚན་པ། ཁ་ཆེ་པཎ་ཆེ་དང༌། དེ་ལས་བརྒྱུད་པའི་སྡེ་བཞིའི་མཁན་བརྒྱུད་ཀྱི་སྐབསསོ། ། ༡༥.༢ དགེ་ལྡན་པའི་སྐབས། ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་འཁྲུངས་ནས་ལོ་བདུན་བརྒྱ་དང་ཉི་ཤུ་ལྷག་པ་ཙམ་ན། ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པའི་དཔལ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། ཙོང་ཁའི་ཡུལ་དུ་མེ་མོ་བྱའི་ལོ་ལ་སྐུ་བལྟམས་ནས། གཞོན་པའི་དུས་སུ་དགེ་བའི་བཤེས་གཉེན་ཆེན་པོ་དོན་གྲུབ་རིན་ཆེན་ཞེས་བྱ་བས་སོ་སོ་ཐར་པ་དང་སྔགས་ཀྱི་སྒོར་སྨིན་པར་མཛད་ནས། དབུས་གཙང་གི་ཕྱོགས་སུ་འདི་དང་འདི་ལྟ་བུ་སློབས་ཤིག་ཅེས་པའི་གདམས་པ་ཡང་སྩལ་ནས་སློབ་གཉེར་ལ་བརྫངས། ཐོག་མར་གྱི་ཤོད་དུ་དགེ་བའི་བཤེས་གཉེན་མང་པོ་དག་བསྟེན་ཞིང༌། ཕྱི་ནས་རྗེ་བཙུན་གཞོན་ནུ་བློ་གྲོས་ཀྱི་ཞབས་ཀྱི་དྲུང་དུ་ཡང་དག་པར་བསྙེན་ཏེ་སྡེ་སྣོད་ཕལ་མོ་ཆེ་དང༌། ཁྱད་པར་དུ་ཤེས་རབ་ཀྱི་བསླབ་པ་མ་གཏོགས་པར་རྣམ་པར་གྲོལ་བའི་ལམ་གཞན་མེད་པར་དགོངས་ཤིང༌། དེ་ཡང་དབུ་མའི་བསྟན་བཅོས་ཉིད་ལ་རག་ལས་པར་མཐོང་ནས་ནན་ཏན་དུ་མཛད། སྔགས་ཀྱི་ཕྱོགས་ལ་དཔལ་གསང་བ་འདུས་པའི་རྒྱུད་ནི་རྒྱུད་མཐའ་དག་གི་སྤྱི་བོར་བསྔགས་པ་གཟིགས་ནས་དེའི་སྙིང་པོ་ཚོལ་བ་ལ་ཡང་དག་པར་ཞུགས། རྒྱ་ཆེན་པོའི་གསང་སྔགས་ཀྱི་བདག་པོ་ནི་བུ་སྟོན་ཐམས་ཅད་མཁྱེན་པའོ་སྙམ་དུ་དགོངས་ནས། གོང་གསུམ་བདེ་ཆེན་པ་ཆོས་ཀྱི་དཔལ་བ་དང༌། ཁྱུང་པོ་ལྷས་པ་སོགས་ལས་ཡང་དག་པར་བླངས། སངས་རྒྱས་ཀྱི་བསྟན་པ་མཐའ་དག་གི་གཞིར་གྱུར་པ་ནི་དམ་པའི་ཆོས་འདུལ་བ་ཉིད་དུ་དགོངས་ནས་མཁན་ཆེན་སྐྱོར་ལུང་པ་ལས་འདུལ་བའི་སྐོར་ལ་ནན་ཏན་དུ་མཛད། མཚན་ཉིད་ཀྱི་གྲྭ་རྣམས་སུ་བཞུགས་པ་ན་ལུང་དང་རིགས་པའི་སློབས་པ་ཕུན་སུམ་ཆོགས་པ་དང་ལྡན་ཡང༌། གཞན་ཁྱད་དུ་གསོད་པའི་ཅ་ཅོ་མང་པོའི་དབྱངས་དང་མཆོང་རྒྱུག་སོགས་ཀྱི་གར་མི་མཛད་པར་ཐུགས་ཡིད་འབྱུང་བ་དང་སྐྱོ་ཤས་ཆེ་ཞིང་ཤིན་ཏུ་འདུལ་བར་གནས་པ་ཉིད་དོ་ཞེས་བདག་གིས་བླ་མ་དག་ལས་ཐོསསོ། །དེ་ནས་བཤད་པས་གཟན་ལ་ཕན་གདགས་པ་ལ་གཙོ་བོར་ཞུགས་ཤིང༌། བླ་དང་ལྡན་པ་མང་པོ་པདྨའི་མཚོ་ལ་ངང་པ་བཞིན་དུ་འདུ་བར་གྱུར་པའི་སྐབས་ཤིག་ཏུ། བླ་མ་དབུ་མ་བ་ཞེས་བྱ་བ་བྱིས་པའི་དུས་ནས་རྗེ་བཙུན་འཇམ་དབྱངས་ཀྱི་སྣང་བ་དང་ཅུང་ཟད་ལྡན་པ་ཕྱིས་གྲུབ་པས་ཀྱང་མངོན་སུམ་དུ་གཟིགས་ཏེ། འཕྲལ་གྱི་བྱ་བ་ཕྲ་མོ་དག་ལ་ཡང་ཇི་ལྟར་བགྱི་བ་རྗེ་བཙུན་གྱི་བཀའ་སྩལ་འབྱུང་བ་དེ་ལ་རྗེ་དེས་བླ་མ་སྟན་གཅིག་པ་གཞོན་ནུ་ཚུལ་ཁྲིམས་ལ་གནང༌། འདི་ལ་ཇོ་སྟན་ཐང་པ་ཞེས་ཀྱང་བྱ། དང་པོར་ཐང་སག་ཏུ་བྱོན་ནས་རབ་ཏུ་བྱུང༌། དབུ་མ་ཚིག་གསལ་བསླབས། དབུ་མ་འཇུག་པ། གསང་སྔགས་འཕགས་སྐོར་རྣམས་གྲིའི་ལུམ་པར་བསླབས། བླ་མ་ཐར་པ་བ། དཔྱལ་ལོ་ཙཱ་བ་ལ་མངོན་པ་གོང་འོག་དང༌། ཕར་ཚད་བསྡུས་གསུམ་དང༌། དུས་ཀྱི་འཁོར་ལོའི་སྒྲུབ་འགྲེལ་གདམས་པ་དང་བཅས་པ། ཕག་མོ་དཔྱལ་གྱི་ཆོས་དྲུག །གཤེད་དམར་ལ་སོགས་པ་སྔགས་ཀྱི་རྒྱུད་སྒྲུབ་ཐབས་མང་དུ་གསན། དེ་ནས་ཇོ་སྟན་ཚོགས་པའི་གསེབ་ན་བཞུགས་ཀྱི་ཡོད་པ་ལ་གཅོང་གིས་ཐེབས་ནས་བླ་མ་ལུང་ཕྲན་པ་ལ་གཅོད་ཀྱི་གདམས་པ་རྣམས་ཞུས། དུར་ཁྲོད་གཅིག་ཏུ་བསྒོམས་པས་སྔར་གྲང་ཡང་ན་དྲོ་ཡང་ན་བ་ལ། དེར་ཕོ་བ་ལ་རྡོ་གྲང་བསླན། ཆུ་འཁྱགས་བཏུངས། གཅེར་ཉལ་བྱས། ན་རྒ་ཤི་སྐྱིད་ལ་བཏང༌། ཉམས་ལེན་བྱས་པས་ཞག་བཅུ་གཅིག་ལ་ཁ་ནས་དྲི་མི་ཞིམ་པ་ཞིག་བྱུང༌། ཞག་བཅུ་གཉིས་ཀྱི་ནམ་ཕྱེད་ནས་ནད་ཐམས་ཅད་སྐྱུགས། ཞོགས་ཕྱེད་ཙ་ན་སངས་ཐོན། ཟླ་བ་ཕྱེད་ན་ཁྲིད་ཚར་བ། ནད་སོལ་བ། ཐུགས་དམ་འཁྲུངས་པ་དུས་གཅིག་ལ་བྱུང༌། གཞན་ཡང་ཚད་ནད་དང་གཉན་ལྷོག་དང་ཐོགས་བཅས་ཐོགས་མེད་ཀྱི་བདུད་ཅི་བྱུང་ཡང་ན་རྒ་ཤི་སྐྱིད་ལ་བཏང་ནས་ཐོད་འགེལ་དྲག་པོ་བྱེད་ཅིང་ཉམས་སུ་བླངས་པས་ནད་གདོན་ཐམས་ཅད་རང་ཞི་ལ་སོང༌། སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་མཛད་དེ་སྐྱམ་གྱི་གསེར་ལུང་དུ་བཞུགསསོ། །དེས་བླ་མ་བསམ་གཏན་དར་ལ་གནང༌། ཁོང་ཡུལ་གཡའི་ཟིམ་ཤི་ཕུ། ཡབ་སྤོ་ར་དབོན་སེང་དང་ཡུམ་ཇོ་མོ་བསམ་མེ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་ན་གཞན་ནུ་ནས་དད་པ་དང་སྙིང་རྗེ་དང་ཤེས་རབ་བསམ་གྱི་མི་ཁྱབ་པ་མངའ། བླ་མ་ཇོ་སྟན་པའི་སར་རབ་ཏུ་བྱུང་ནས་གསང་འདུས་འཕགས་སྐོང༌། ནཱ་རོ་འགྲེལ་ཆེན། དབུ་མ་ཚིག་འཇུག་སྟོང་གསུམ། དོ་ཧ་སྐོར་གསུམ། སྤྱོད་འཇུག་རྣམས་མཁས་པར་བསླབས། སྦྱོར་དྲུག་ཐར་ལོ་ལུགས། རིམ་ལྔ་དམར་ཁྲིད་སྐོར། ཐུགས་རྗེ་ཆེན་པོའི་དམར་ཁྲིད། ཕྱག་ཆེན་གངྒཱ་མ། བློ་སྦྱོང༌། གཅོད་ཡུལ་ལེའུ་ལག །གནང་ཐེམས་བཀའ་རྒྱ་མ་ལ་སོགས་པ་གཅོད་སྐོར་རྣམས་ཚང་བར་ཞུས། ཉམས་མྱོང་ཡང་ཐད་ཀར་བསྐྱངས། གསེར་ལུང་དུ་ཆོས་གསན་འཕྲོ་ལ་བསྙུང་ནད་དྲག་པོས་བློ་བུར་དུ་བཏབ་ནས། རི་ཁྲོད་ཅིག་ཏུ་སྐྱོལ། གཅོད་བྱེད་གསུངས་པས། གྲོགས་མཆེད་ཀུན་གྱིས་གཉན་ཁྲོད་དུ་ཁུར་ནས་བསྐྱལ། དེར་གཅོད་བསྐྱངས་བས། ཉམས་མྱོང་སྐྱེས། ཡང་གཡམ་བཟངས་ཁྲི་དཔོན་བྱང་ནས་ཕེབས་ཤིང་མར་གདན་དྲངས་པའི་སར་མཇལ་འགྲོ་དགོངས་ནས་བྱོན་པས་ཤུགས་ཀྱི་ལམ་ཁ་ཅིག་ཏུ་གནམ་གདན་ཅར་ཕོག་རྒྱབ། འབྱོན་མ་ཤེས་པས་ཞབས་ཏོག་པས་ཁུར་ནས་ལམ་ཞོགས་ཀྱི་རིའུ་རིལ་ཁྲོད་གཅིག་ཏུ་བསྐྱལ། ལྷ་རྗེ་ལ་རྩ་བསྟན་པས་སྨན་བཅོས་ལ་འབུངས་ན་འཚོ་ཨེ་སྲིད་ཟེར་བས། སྨན་མི་བྱེད་དགེ་སྦྱོར་ཅིག་བྱེད་གསུང་ནས། དེ་ནས་གྲི་མགོའི་ཞོགས་ཀྱི་བྲག་ཕུག་གཅིག་དུ་ཁུར་ནས། གདན་དྲངས། དེར་ཡང་ལྷ་རྗེ་བོས་པས་ངག་གསོལ་བ་མི་ཐེབས་པར་འདུག་ཟེར། ཁྱེད་ཚོ་ངའི་ཐོ་ཕྱིར་མ་འདུག་གསུང་ནས་བསྐྲད་དེ་ན་དགའ་ཤི་སྐྱིད་ལ་བཏང་བས་སང་དེ་ནས་ཅུང་དྭངས། དེ་ནས་ཞག་གསུམ་བཞི་ན་གཡམ་བཟངས་པའི་ཁྲི་ཆུང་འོད་ཀྱིས་ལྷ་རྗེ་ཁྲིད། ཤ་ཁོག་གསུམ་བཞི་ཁྱེར་ནས་བྱོན་པས་ལྷ་རྗེས་རྩ་ལྟས་པས་ནད་སོལ་འདུག་ངོ་མཚར་ཆེ་ཟེར། སྐུ་ཁམས་སྔར་བས་བཟང་བ་ཞིག་བྱུང༌། ཐར་པ་གླིང་པ་ལ་སྒྲོལ་མ་དཀར་མོའི་ཚེ་སྒྲུབ་སྐོར་དང་ཁྲིད་ཆེན་བརྒྱད་སོགས་མང་དུ་ཞུས། བླ་མ་བློ་གྲོས་དཔལ་བ་ལ་གསང་འདུས། གཤེད་དམར། རྡོ་རྗེ་ཕྲེང་བ་ལ་སོགས་ཀྱི་དབང༌། སྦྱོང་རྒྱུད་ལ་སོགས་པའི་རྒྱུད་ཀུན་གསན། བླ་མ་རིན་ཆེན་སེང་གེ་བ་ལ་དུས་འཁོར་ཡོངས་རྫོགས་ཀྱི་དབང༌། ཀྱེའི་རྡོ་རྗེའི་ཡབ་བཀའ་ཡུམ་བཀའ་ལམ་འབྲས་ཆ་ལག་དང་བཅས་པ་གསན། དགུང་ལོ་སོ་གཅིག་ལ་བླ་མ་ཇོ་སྟན་པའི་གདན་སར་བྱོན་ནས། (དབུས་གཙང་ཀུན་བདེ་གླིང་གི་པར་མ་ལས། “འཕྲལ་གྱི་བྱ་བ་ཕྲ་མོ་དག་ལ་ཡང་ཇི་ལྟར་བགྱི་བ་རྗེ་བཙུན་གྱི་བཀའ་སྩལ་འབྱུང་བ་དེ་ལ་རྗེ” ཞེས་པ་ནས་་་་་་“གཙུག་ལག་ཁང་དུ་དགེ་བའི་བཤེས་གཉེན་མང་པོ་ལ་དཔལ་གསང་བ་འདུས་པའི་རྒྱུད་”ཅེས་པའི་བར་གྱི་དུམ་བུ་དེར་ཨ་མདོ་མདོ་སྨད་ཆོས་གྲྭའི་ཤིང་པར་ལས་“བཙུན་གྱི་ལུང་བླངས་ནས་བཟླས་བསྙེན་མཛད་པ་ལས་རིང་པོར་མི་ཐོགས་པར་ཞལ་མངོན་སུམ་དུ་གཟིགས་ཏེ། སློབ་དཔོན་དང་སློབ་མ་དག་བཞིན་དུ་དྲི་ཞིང་ལན་གདབ་པ་མཛད་པས་ཆོག་པ་དང༌། ཕལ་ཆེར་མངོན་དུ་ཕྱོགས་བས་གནང་བར་མཛད་པ་ཞིག་གོ །རྗེ་བཙུན་དེས་བྱ་བྲལ་ལ་ཞུགས་ནས་ད་ལྟར་གྱི་གནས་སྐབས་ལས་བསྟན་པ་ལ་ཆོས་ཕན་པ་ཆེན་པོར་འགྱུར་བར་ལུང་བསྟན་པས་གསུང་བཞིན་དུ་བསྒྲུབས་ཏེ། འཁོར་འགའ་ཞིག་དང་ལྷན་དུ་འོལ་ཁར་ཕེབས་ཏེ། དེ་ནས་མོན་བུམ་ཐང་གི་མཐར་ཐུག་པའི་དབེན་པ་རྣམས་སུ་ཐུགས་དམ་ལ་བཞུགས། དེའི་ཚེ་བཀའ་གདམས་ཀྱི་གདམས་པ་སྐུ་ཉམས་སུ་བཞེས་པས་ཐུགས་རྒྱུད་ཤིན་ཏུ་མཐོ་བར་གྱུར་བའི་མཁན་ཆེན་ཆོས་སྐྱབས་བཟང་པོ་དང༌། གསང་བའི་བདག་པོའི་སྐུ་དང་གསུང་དང་ཐུགས་ཀྱི་སྣང་བས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལས་སྐད་ཅིག་ཀྱང་མི་གཡོ་བར་གྱུར་པའི་མཁན་ཆེན་ལས་ཀྱི་རྡོ་རྗེ་གཉིས་ལས་དཔལ་མར་མེ་མཛད་ཡེ་ཤེས་ལས་འོངས་པའི་ལམ་གྱི་རིམ་པ་དག་གསན་ནས་སྐུ་ཉམས་སུ་བསྟར། རེ་ཤིག་གཉལ་གྱི་མོ་ལའི་རྩར་ཞགས་མཛད་པས། ཁྱོད་སངས་རྒྱས་འཇིག་རྟེན་དུ་བྱོན་པ་དང་འདྲ་བ་ཅིག་འོང་བར་ཤེས་པར་གྱིས་ཤིག་ཅེས་པའི་ལུང་བསྟན་པ་བརྙེས། ཡི་དམ་གྱིས་ཀྱང་འདུལ་བའི་བསླབ་པ་ལ་བརྟེན་ནས་གཞན་ལ་ཕན་པ་ཆེན་པོར་འགྱུར་བར་ལུང་བསྟན་པས་ཐོག་མར་དཔོན་སློབ་རྣམས་ཀྱི་བླ་གོས་དྲས་ཤིང་དྲུབས་པ་དང་ལྷུང་བཟེད་དང་གདིང་བ་ལ་སོགས་པའི་ཡོ་བྱད་རྣམས་བསྣམས་ནས་གཞན་དག་གིས་མཐོང་བ་ན། རབ་ཏུ་བྱུང་བའི་ཚུལ་ནི་འདི་ལྟ་བུ་ཞིག་ཁོ་ནའོ་ཞེས་ཡིད་ཆེས་པར་འགྱུར་བར་མཛད་ནས། ཕྱིས་ནི་ལོ་རེའམ་ཟླ་རེ་ཙམ་ཆོས་ཉན་པར་རྩོལ་བའི་སློབ་མ་དག་ཀྱང་འདུལ་བའི་ཀུན་ཏུ་སྤྱོད་པ་ལ་བཀོད་པས་མངོན་སུམ་དུ་གྱུར་བ་ལྟ་ཞོག །རྒྱང་རིང་པོ་ནས་ཐོས་པ་དག་ཀྱང་སྤུ་ལོང་གཡོ་བས་ཕྱོགས་ཐམས་ཅད་དུ་སྙན་པས་ཁྱབ་སྟེ་འགྲན་ཟླ་མེད་པར་གྱུར། སོ་སོ་ཐར་པ་ཙམ་གྱིས་ཆོག་མི་ཤེས་པར་སློབ་མ་རྣམས་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་ལ་བཀོད་དེ། དེའི་བསླབས་པའི་གནས་དག་ལ་ཇི་ལྟར་སློབ་པའི་ཚུལ་གྱི་བསྟན་བཅོས་ཀྱང་མཛད། བྱང་ཆུབ་སེམས་དཔའི་བསླབ་པའི་གནས་ལ་བསྐལ་པ་བྱེ་བར་བརྩོན་པར་བྱས་ཀྱང་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་དང་མི་ལྡན་ན་འཁོར་བའི་རྒྱ་མཚོ་ལས་བརྒ་བར་མི་ནུས་སོ་ཞེས་དགོངས་ནས། དེ་དག་གི་ཚུལ་ལེགས་པར་སྟོན་པའི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་གདམས་ངག་ཀྱང་ཡི་གེར་མཛད། དེ་ལྟ་བུ་དེ་ལ་ལམ་གྱི་ཆ་རགས་པ་ཚང་ཡང་ཚེ་གཅིག་ཉིད་ལ་སངས་རྒྱ་བའི་སྔགས་ཀྱི་ཚུལ་ལ་འཇུག་དགོས་པར་དགོངས་ནས། དང་པོར་བླ་མ་བསྟེན་པའི་ཚུལ་དང༌། དེ་ནས་བླ་མས་གནང་བའི་དམ་ཚིག་དང་སྡོམ་པ་ཇི་ལྟར་བསྐྱང་བ་དང༌། དབང་བསྐུར་བ་སྔོན་དུ་འགྲོ་བས་རིམ་པ་གཉིས་ལ་ཇི་ལྟར་སློབ་པའི་ཚུལ་གྱི་ལམ་གྱི་རིམ་པ་དང༌། བྱེ་བྲག་ཏུ་དཔལ་གསང་བ་འདུས་པའི་རྒྱུད་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་གཙོ་བོར་མཛད་པའི་གདམས་པ་དང་རྗེས་སུ་བསྟན་པའི་བསྟན་བཅོས་མང་དུ་མཛད། དེ་ཡང་དང་པོར་ཡུལ་ཕྱོགས་ཇི་ལྟར་རིགས་པ་རྣམས་སུ་རྒྱུ་ཞིང་གཞན་གྱི་དོན་མཛད་པ་ལས། ས་མོ་གླང་གི་ལོ་ཤར་བ་ན་སྨོན་ལམ་ཆེན་མོ་མཛད་ཅིང༌། འདུས་བའི་སྐྱེ་བོ་རྣམས་ལ་ཆོས་ཀྱི་སྣང་བ་ཡང་སྩལ་ནས། ལོ་དེ་ཉིད་ལ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་བཏབ། དེ་ནས་ཤིང་མོ་ལུག་གི་ལོ་ལ་འོན་གྱི་བཀྲ་ཤིས་དོ་ཁར་ཕེབས་ནས་སྔགས་མཚན་ཉིད་ཀྱི་ཆོས་ཀྱི་འཁོར་ལོ་མང་དུ་བསྐོར། སྡེ་སྣོད་འཛིན་པ་ཉུང་རགས་ཤིག་བསྡུས་ནས་དཀའ་བའི་གནས་རྣམས་ཀྱང་གཏན་ལ་ཕབ། ཟླ་བ་གཉིས་ལྷག་ཙམ་ཞིག་བཞུགས་ནས། སླར་དགེ་ལྡན་དུ་ཕེབས་ཏེ་ཕྱིའི་མཆོད་ཁང་དང་ནང་དུ་རིན་པོ་ཆེ་ལས་གྲུབ་པའི་སྔགས་ཀྱི་དཀྱིལ་འཁོར་ལེགས་པར་བཞེངས། ས་མོ་ཕག་གི་ལོ་ལ་སྟོད་ལུངས་ཀྱི་ཆབ་ཚན་ལ་ཐེགས། དེ་ནས་དཔལ་འབྲས་སྤུངས་ཀྱི”ཞེས་བཀོད་འདུག །སྒྲིག་པ་པོའི་མཆན།)གཙུག་ལག་ཁང་དུ་དགེ་བའི་བཤེས་གཉེན་མང་པོ་ལ་དཔལ་གསང་བ་འདུས་པའི་རྒྱུད་གསུང་བའི་འཕྲོ་ལ་ཆོས་གསུང་བའི་གདན་དགེ་ལྡན་ཕྱོགས་ལ་ལྟ་བ་ཞིག་མཛད། ལེའུ་དགུ་པའི་བཤད་པ་རྫོགས་པ་དང་དགེ་ལྡན་ལ་ཐེགས་པའི་ལམ་དུ་གསང་སྔགས་མཁར་ལ་རབ་ཏུ་གནས་པ་གནང༌། དེ་ནས་ལྷ་སྤུར་གྲུ་བཞི་བས་གདན་དྲངས་ཏེ་དེར་བཞུགས་པ་ན་ནམ་མཁའ་ལས་ལྷའི་གཎྜིའི་སྒྲ་དྲག་པོ་བྱུང་བས་དགེ་ལྡན་གཟིམས་ཁང་ཉིད་དུ་ཕེབས་ཏེ། དེར་ཆོས་ཀྱི་རྗེ་རྒྱལ་ཚབ་རིན་པོ་ཆེ་ལ་དབུ་ཞྭ་དང་ན་བཟའ་བེར་ཐུལ་ཞིག་གནང་སྟེ། གདན་སར་དོན་གྱིས་བགོ་བར་མཛད་ནས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ན་བཅུ་དྲུག་ལོན་པ་ལྟ་བུའི་ཉམས་ཅན་འོད་དང་ལྡན་པའི་ཞལ་གྱི་དཀྱིལ་འཁོར་གདུལ་བྱ་རྣམས་ཀྱིས་མཐོང་བའི་མོད་ལ་དག་པའི་དབྱིངས་སུ་གཤེགས་སོ་ཞེས་བྱ་བ་ནི། རྗེ་བཙུན་ཐམས་ཅད་མཁྱེན་པའི་མཛད་པ་ཕྱོགས་ཙམ་ཞིག་ཉེ་བར་གླེངས་པའོ། རྗེ་བཙུན་དེའི་བཀའ་དྲིན་ལས་ཞལ་མ་མཐོང་ཞིང༌། ས་ཕྱོགས་རིང་ན་གནས་པའི་རབ་ཏུ་བྱུང་བ་དག་ཀྱང་དྲས་དྲུབས་མ་དང༌། གདིང་ལྷུང་ལ་སོགས་པའི་ཡོ་བྱད་བསྲེལ་བ་དང༌། ཕྱི་རོལ་ཡང་སྡུད་མ་སྤངས་ཏེ་ཟླ་གམ་གྱོན་པ་དང༌། ཞྭའི་ཁ་དོག་ཀྱང་གསེར་མདོག་ཏུ་བྱེད་པ་འདི་ཡིན་ནོ། འདི་དག་ནི་ཐུན་མོང་དུ་སྣང་བའི་ཆེ་བ་ཙམ་ཞིག་བརྗོད་པ་སྟེ། གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་མཁན་ཆེན་ལས་ཀྱི་རྡོ་རྗེས་བཀའ་སྩལ་བའི་ཡི་གེ་ལས། ང་ལག་ན་རྡོ་རྗེས་ཀྱང་མ་ཏི་བྷ་དྲ་ཀཱིརྟི་ཤྲཱིའི་ཡོན་ཏན་གྱི་མཐའ་རྟོགས་པར་མི་ནུས་སོ་གསུང༌། ཚད་མ་ལས་ནི་འདིའི་ཕྱི་མ་ལ་དགའ་ལྡན་དུ་བྱང་ཆུབ་སེམས་དཔའ་འཇམ་དཔལ་སྙིང་པོར་འགྱུར་རོ་ཞེས་བྱ་བ་དང༌། མ་འོངས་པ་ན་དེ་བཞིན་གཤེགས་པ་སེང་གེའི་ང་རོར་འགྱུར་རོ་ཞེས་བྱ་བ་དག་ལ་ཡིད་འཁྱོག་པ་མེད་ཅིང་ཤིན་ཏུ་མཐོ་བའི་ས་ལ་བཞུགས་པ་ཞིག་འདིར་སེམསཅན་གྱི་དོན་དུ་བྱོན་ནོ་ཞེས་བྱ་བར་ངེསསོ། །དེའི་རྒྱལ་ཚབ་ཀྱང་འཇིག་རྟེན་མཐའ་དག་ལས་ཡིད་ལོག་ཅིང་སྔགས་དང་མཚན་ཉིད་ཀྱི་གཞུང་ལུགས་མཐའ་དག་ལ་ཐོགས་པ་མེད་པའི་བློའི་སྣང་བ་ཅན། ལྟུང་བ་ཕྲ་མོའི་ཡང་དྲི་མ་མེད་པའི་ཚུལ་ཁྲིམས་ཀྱིས་ཡང་དག་པར་བསྡམས་པའི་སྐུ་ཅན། སྐད་ཅིག་ཙམ་ཡང་གཡེལ་བ་མེད་པར་དགེ་བའི་ཕྱོགས་ལ་བརྩོན་པ་ལྷུར་མཛད་པ་ཞིག་གོ །འདིས་ལྕགས་མོ་ཕག་གི་བར་གདན་སར་ལོ་བཅུ་གསུམ་བཞུགས། ལོ་དེ་ཉིད་ལ་མཁས་གྲུབ་དགེ་ལེགས་དཔལ་བ་ལ་གདན་ས་གཏད་ནས་དབེན་པ་བསྟེན་ཏེ་དྲུག་ཅུ་རྩ་དགུ་པ་ཆུ་ཕོ་བྱི་བའི་ལོ་ལ་པོ་ཏ་ལར་གཤེགས་ལ། མཁས་གྲུབ་དགེ་ལེགས་དཔལ་བས་ས་ཕོ་རྟའི་བར་ལོ་ངོ་བརྒྱད་གདན་ས་མཛད་དེ་གཤེགསསོ། །ཆོས་རྗེ་ལེགས་པ་རྒྱལ་མཚན་པ་ཤིང་ཡོས་ལ་འཁྲུངས་ནས། དྲུག་ཅུ་རྩ་ལྔ་པ་ས་མོ་ལུག་ལ་གདན་སར་བཞུགས་ནས། བདུན་ཅུ་རྩ་དྲུག་པ་ལྕགས་ཕོ་རྟ་ལ་གཤེགས། དྲུང་བློ་གྲོས་པ་ས་མོ་སྦྲུལ་ལ་འཁྲུངས་ནས། དྲུག་ཅུ་རྩ་གཉིས་པ་ལྕགས་ཕོ་རྟ་ལ་གདན་སར་ཕེབས། ཆུ་མོ་ལུག་གི་བར་གདན་ས་མཛད་དེ། དེ་ལོ་བ་སོ་པ་དྲུག་ཅུ་རྩ་གཉིས་པ་ཅིག་གདན་སར་བསྐོས་ཏེ་ཀུན་སྤངས་མཛད། དེ་རྗེས་ཆོས་རྗེ་བློ་གྲོས་བརྟན་པ་གདན་སར་བཞུགས་སུ་གསོལ་ཏེ་ཕྲིན་ལས་རྣམ་པར་དཀར་བར་བཞུགསསོ། །དགེ་ལྡན་པའི་སྐབསསོ། ། ༡༥.༣ ནཱ་ལནྡ་པའི་སྐབས། སྨྲ་བའི་སེང་གེ་རོང་སྟོན་ཆེན་པོ་ནི། བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་མཐུ་ཅན་ཞིག་རྒྱལ་མོ་རོང་དུ་བོན་པོའི་རིགས་སུ་མེ་མོ་ལུག་ལ་སྐུ་འཁྲུངས། གཞོན་པའི་དུས་ནས་དབུས་གཙང་དུ་བྱོན་ཏེ། གསང་ཕུར་རིགས་པའི་གནས་ལ་སྦྱངས་བས། དགུང་ལོ་ཉི་ཤུ་ཙམ་བཞེས་པ་ན་རྣམ་ངེས་ལ་མཁས་ཤིང་རིགས་པ་སྨྲ་བ་ལ་འགྲན་ཟླ་མེད་པར་གྱུར། གྲོ་སར་དམར་སྟོན་ཆེན་པོ་ལས་སོ་སོ་ཐར་པའི་བསླབ་པ་ཡང་དག་པར་བླངས། བླ་མ་སོ་སོར་བསྟེན་ནས་སྡེ་སྣོད་མཐའ་དག་ལ་དབང་ཐོབ་པར་གྱུར། ལ་སྟོད་ལྷོ་བྱང༌། གཙང་སྟོད་སྨད། དབུ་གཡོར་གྱི་གནས་མང་པོར་ཆོས་པར་མཛད་ནས་བློ་དང་ལྡན་པ་མང་པོ་ལ་ཇི་ལྟར་འོས་པའི་སྡེ་སྣོད་སོ་སོའི་བཤད་པ་མཛད། མཁན་ཆེན་སངས་རྒྱས་དཔལ་བའི་མཛད་སྲོལ་གཙོ་བོར་གཟུང་ནས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པ་རྒྱུན་མི་འཆད་པར་གསུང་ཞིང༌། དེའི་མན་ངག་ཞི་བྱེད་བརྒྱུད་པ་ཕྱི་མ་ལ་གཙོ་བོར་མཛད། སྨོན་ལམ་ལ་དབང་བས་གནས་འདིར་གཞི་བདག་དང་ཐུག་ཅེས་བྱ་བའམ། དཔོན་སློབ་ནད་ཡམས་ཀྱིས་གཙེར་བྱ་བ་ལ་སོགས་པ་བར་ཆད་ཀྱི་ཆོས་གང་གིས་ཀྱང་མི་ཚུགས། རྫས་དང་ཡོ་བྱད་ལ་ཆགས་པ་ནི་ཅུང་ཟད་ཀྱང་མི་མངའ། སློབ་མ་རྣམས་ལ་ཡང་བྲེ་རེ་བྲེ་དོའི་ཆེད་དུ་རྩིས་གདབ་བྱེད་པ་དགེ་བཤེས་ཀྱི་ལུགས་མ་ཡིན། དགེ་བཤེས་ཁྱབ་པ་ལ་བརྩིས་གདབ་བྱེད་དགོས་པ་ཡིན་གསུང་ཡང༌། སློབ་མ་ནང་དག་པ་རྣམས་ལ་ཐོག་མ་མེད་པའི་འཆིང་བ་འདི་རྣམས་ཀྱིས་ཆོག །རང་གི་ཡིད་ལ་ཇི་ལྟར་བདེ་བའི་གྲུབ་མཐའ་གཟུང་བས་ཆོག་གསུང༌། འཕྲལ་དུ་ཆོས་བཤད་པ་ཁོ་ན་ལ་བརྩོན་པ་ལྟར་མཛད་ཀྱང་རྣལ་འབྱོར་ལ་རྒྱུན་དུ་གནས་པས་རླུང་ལྔའི་ཁ་དོག་ཀྱང་སོ་སོར་གཟིགས། ཞབས་ཀྱི་མཐེ་བོང་གི་སེན་མོ་ཞིག་ལྷུང་བ་ཉ་ལྕིབས་སུ་གྱུར། ཤིང་མོ་ཡོས་ཀྱི་ལོ་ལ་ནཱ་ལཎྡའི་དགོན་པ་བཏབ། ཨར་བྱང་ཆུབ་ཡེ་ཤེས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཆད་པའི་འཕྲོ་ལ་གཤེགས་འདུག །ང་ཡངསློབ་མས་སྤུར་ཆོས་ཁྲི་ཁ་ལ་ནས་གདན་འདྲེན་པ་ཞིག་བྱེད་པ་ཡིན་གསུང༌། སྡེ་སྣོད་འཛིན་པ་དགེ་བ་རྒྱལ་མཚན་གྱིས་ངའི་རྨི་ལམ་ན་ད་ལོ་སྐུ་ཆག་ཆེ་བས་ཐུགས་དམ་དང་སྐུ་རིམ་གནང་དགོས་ཞུས་པ་ལ། ང་སློབ་དཔོན་དགེ་རྒྱལ་གྱི་མོ་མིག་ཏུ་མི་ཚུད། རྐྱེན་ཅི་བྱུང་ཡང་ལོ་བརྒྱད་ཅུ་རྩ་གསུམ་དུ་སྡོད་གསུང༌། གསུང་ཇི་ལྟ་བ་བཞིན་དུ་བརྒྱད་ཅུ་རྩ་གསུམ་པ་ས་མོ་སྦྲུལ་ལ་ཞི་བར་གཤེགས། ཆོས་ཁྲི་ཁ་ནས་སྤུར་སྤྱན་འདྲེན་པ་མ་བྱུང་ཡང། ཞི་བར་གཤེགས་པ་དང་ཆོས་འཕྲོ་བཅད་པའི་བར་ན་ཉིན་ཞག་གཉིས་ལས་མེད། རྒྱུན་ལྡན་དུ་གསུང་བ་ལ། ང་ཁམས་པ་ཕོབ་ཕོབ་འདི་འདྲ་མི་བྱེད་པར། དགའ་ལྡན་དུ་ལྷའི་བུ་བདུད་རྩི་འཐུང་བ་ཞིག་བྱེད་གསུང་བས་ད་ལྟ་དགའ་ལྡན་ན་བཞུགས་པར་ངེསསོ། །ཞི་བར་མི་གཤེགས་པའི་སྔ་རོལ་ནས་ཆོས་རྗེ་བཀྲ་ཤིས་རྣམ་རྒྱལ་བ་གདན་སར་བསྐོས། ཁོང་གིས་ཀྱང་བཤད་ཉན་དང་ལྷ་མོ་ཆེ་བཞེངས་པ་ལ་སོགས་པའི་བསྟན་པའི་བྱ་བ་རྒྱ་ཆེན་པོ་མཛད་དེ། དེ་ནི་ས་ཕོ་སྟག་ལ་འཁྲུངས་ནས་རང་ལོ་དྲུག་ཅུ་རྩ་གཅིག་པ་ལ་གཤེགས། ཆོས་རྗེ་དགེ་བ་རྒྱལ་མཚན་པ་ཆུ་ཕོ་ཁྱི་ལ་འཁྲུངས་ནས། རང་ལོ་བདུན་ཅུ་རྩ་བདུན་པ་ས་སྟག་ལ་གདན་སར་ཕེབས་ནས་ཆུ་རྟའི་བར་ལོ་ལྔ་བཞུགས་ནས་གཤེགས། བདག་པོ་རྒྱ་གར་བ་ས་མོ་ལུག་ལ་འཁྲུངས་ནས་རང་ལོ་ཉེར་བཞི་པ་ཆུ་རྟ་ལ་གདན་སར་ཕེབས་ནས་མེ་ཕོ་ཁྱིའི་བར་ལོ་ལྔ་གདན་ས་མཛད་དེ། གླང་ཐང་རིན་པོ་ཆེ་ལ་གཏད། དེས་ཀྱང་ཆོས་རྗེ་གུང་རུ་གདན་སར་བསྐོས་ནས་ཀུན་སྤངས་མཛད་དོ། ནཱ་ལཎྡྲ་པའི་སྐབསསོ། ། ༡༥.༤ རྩེས་ཐང་པའི་སྐབས། དཔལ་རྩེས་ཐང་གི་ཆོས་གྲྭ་ཆེན་པོ་འདི། ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་ཞེས་ཕྱོགས་ཐམས་ཅད་དུ་གྲགས་པ་དེས་ལྕགས་མོ་ཡོས་བུའི་ལོ་ལ་རྨང་བཏིང༌། དེ་ཡང་སྔོན་ནས་ཀླུ་མེས་ཀྱི་དུས་ནས་ཆོས་སྡེ་རྙིང་མའི་ཐེ་རེལ་དབུ་རྩེ་རྩ་བརྒྱད་དང་བཅས་པ་ཡོད་པ་ལ། དབུ་རྩེ་དེའི་མདུན་དུ་ཁྱམས་བྱས། དེའི་ནུབ་ཏུ་ལྷ་ཁང་སྒོ་ཤར་དུ་བསྟན་པ་ཞིག་ཀྱང་བརྩིགས། རྩ་བརྒྱད་ཀྱང་འགྱེལ་དུ་སོང་བ་དེ་ས་དཔྱད་ལ་གནོད་པར་དགོངས་ནས་ཤར་རིའི་ངོས་ལ་གདན་དྲངས། གྲྭ་ཁང་ཆེན་མོ་བཞི་བཅུ་ཙམ་དང་ལྕགས་རི་ཆེན་མོ་ཡང་བརྩིགས། དེ་རྟིང་ཆུ་ཕོ་འབྲུག་གི་ལོ་ལ་ཆོས་སྡེ་སོ་སོ་ནས་འཆད་ཉན་མཛད་པའི་དགེ་འདུན་མང་དུ་གདན་དྲངས། ཆོས་འཆད་རྣམས་ལ་དེའི་རྐྱེན་གྱི་ས་ཞིང་དང༌། དགེ་འདུན་སྤྱི་ལ་ཟན་ཚུལ་དང༌། ཇ་ཚུལ་སྐྱོ་ཚུལ་རྣམས་བཙུགས། འཇམ་པའི་དབྱངས་ཤཱཀྱ་རྒྱལ་མཚན་དགུང་ལོ་བཅུ་གསུམ་ལོན་པ་ཞིག་གདན་སར་བཞག་ནས་བཀའ་པོད་བཞི་ལ་ཐུགས་བཤད་མཛད། ལོ་བཞིར་ཚོགས་པ་བསྐྱངས་ནས་དགུང་ལོ་ཉི་ཤུ་རྩ་དྲུག་རྫོགས་པ་ན་རྩེར་ཐེགས། དེ་ནས་རྒྱལ་སྲས་གྲགས་པ་རིན་ཆེན་པ་ས་མོ་གླང་གི་ལོ་པས་བཅུ་བདུན་བཞེས་པ་ཤིང་མོ་སྦྲུལ་ལ་གདན་སར་ཕེབས། བཅུ་དགུ་པ་མེ་མོ་ལུག་ལ་ཞི་བར་གཤེགས། དེ་རྗེས་སློབ་དཔོན་འཇམ་སྔོན་པས་ས་ཕོ་སྤྲེའུའི་ལོ་ལ་བླ་ཆོས་གསུངས། ལོ་དེའི་མཇུག་ཏུ་རིན་པོ་ཆེ་བསོད་ནམས་གྲགས་པ་ས་མོ་ཕག་ལ་འཁྲུངས་ནས། ལོ་བཅུ་བཞེས་པ་ཞིག་གདན་སར་ཕེབས་ནས། ལྕགས་སྤྲེའི་བར་གདན་ས་མཛད་ཅིང་ལྷ་སར་ཆོས་འཁོར་མཛད། ལྕགས་མོ་བྱ་ལ་རྩེར་ཐེགས། དེའི་ཤུལ་དུ་གྲགས་པ་རྒྱལ་མཚན་པ་ཤིང་ཕོ་སྟག་ལ་འཁྲུངས་ནས་ལོ་བརྒྱད་བཞེས་པ་ལྕགས་མོ་བྱ་ལ་གདན་སར་ཕེབས་ནས་རྣམ་འགྲེལ་གསུངས། དགུང་ལོ་བཅུ་གཉིས་པ་ཤིང་མོ་གླང་མ་རྫོགས་པ་ལ་རྩེར་ཐེགས། ཤིང་གླང་དེ་ལ་དྲུང་བྱང་རྡོ་རྗེ་བ་མེ་མོ་སྦྲུལ་ལ་འཁྲུངས་པའི་ལོ་དགུ་བཞེས་པ་ཞིག་གདན་སར་ཕེབས། དེ་ནས་ས་ཕོ་སྤྲེའུ་ལ་གཤེགས་པའི་བར་ལོ་བཞི་བཅུ་རྩ་བཞི་བཞུགས་ནས་དེའི་བར་གྲྭ་ས་དར་རྒྱས་དང་ལོངས་སྤྱོད་ཤིན་ཏུ་ཆེ་བར་མཛད་དོ། ལོ་དེའི་དགུན་ཆོས་ནས་འཇམ་དབྱངས་གྲགས་པ་འབྱུང་གནས་པ་ཤིང་ཕོ་རྟ་ལ་འཁྲུངས་པའི་ལོ་བཅོ་ལྔ་པས་གདན་ས་མཛད་དེ། ཆུ་ཕོ་བྱི་བའི་ཟླ་བ་དྲུག་པ་ལ་རྩེར་ཐེགས་ནས་ལོ་ངོ་བཅུ་གཉིས་ཀྱི་བར་ལ་གདན་ས་མེད་ཀྱང་རྩེ་ཉིད་ནས་སྤྱན་ཟུར་གྱིས་བཙས་ཏེ། ལྷ་ཆེན་གཙུག་ལག་ཁང་ཆེན་མོ་དང༌། གསེར་གྱི་བཀའ་འགྱུར་བཞེངས་ནས་བཞུགས་སུ་གསོལ། གྲྭ་སར་ནག་ཆང་གི་ཁྲིམས་སྡོམ་པ་དང༌། འཆད་མཉན་པ་རྣམས་ལ་ཐུགས་རྩིས་ཤིན་ཏུ་ཆེ་བར་མཛད་དོ། དེ་རྗེས་ཤིང་ཕོ་བྱི་བ་ནས་དྲུང་ཀུན་དགའ་ལེགས་པའི་འབྱུང་གནས་རྩེས་ཐང་ནས་སོར་བཞུགས་སུ་བཅུག །མེ་ཕོ་སྟག་གི་ལོ་ལ་བཤད་གསར་མཛད། ས་ཕོ་འབྲུག་གི་ལོའི་དབྱར་རྩེར་ཐེགས། ས་འབྲུག་དེ་ནས་ཆེས་སངས་རྒྱས་རྒྱལ་མཚན་པས་གདན་ས་མ་མཛད་ཀྱང༌། ནང་སོར་ལོ་བཅུ་བཞུགས་ནས་མེ་མོ་གླང་གི་དགུན་གཤེགས། དེ་རྗེས་མེ་མོ་ཕག་གི་ལོ་ལ་རྡོ་རྗེ་རིན་ཆེན་དབང་གི་རྒྱལ་མཚན་ཟླ་བ་བདུན་པ་ལ་གདན་སར་ཕེབས་ཏེ། ཆོས་སྡེ་ཆེན་པོ་འདི་ནི་བསྟན་པ་མ་ཚང་བ་མེད་པའི་གནས་དང༌། དེ་དག་བཤད་པ་དང་ཉན་པའི་ཚུལ་ཆད་མེད་པ། སྐྱེ་བོ་ཐམས་ཅད་ཀྱི་འདོད་དགུ་འབྱུང་བའི་གནས། ཆོས་སྨྲ་བ་ཡུལ་དང་ཡུལ་དུ་རྒྱུ་བ་དག་ལ་འཇིགས་པ་མེད་པའི་སྐྱབས་སུ་གྱུར་པའོ། དེ་ལྟ་བུའི་སྡེ་ཆེན་པོ་འདི་ནི་ལྕགས་མོ་ཡོས་བུའི་ལོ་ལ་བཏབ་ནས། མེ་ཕོ་སྤྲེའུ་ཡན་ཆད་ལ་ལོ་བརྒྱ་དང་ཉི་ཤུ་རྩ་དྲུག་སོང་ངོ༌། རྩེས་ཐང་པའི་སྐབསསོ། ། ༡༥.༥ ཞུ་ལན་སྐབས། དེབ་སྔོན་ལ་བརྟེན་པའི་ཞལ་བརྡ་ཕེབས་པ་དེ་ལ་ལན་དུ་སྨྲས་པ་ནི། བསྟན་པ་ཕྱི་དར་གྱི་ལོ་རྒྱུས་རྣམས་ལ་ཐམས་ཅད་ཞལ་འཆམ་པ་ཁོ་ནར་མི་སྣང༌། རིགས་པས་མཐའ་གཅིག་ཏུ་དཔྱོད་པ་ཡང་དཀའ་བར་སྣང་བས་སྔོན་གྱི་ཡི་གེ་རྙིང་པ་ལ་བརྟེན་ཏེ་བྱས། ཁྱད་པར་ཀླུ་མེས་ཀྱིས་སྡོམ་པ་སུ་ལ་བླངས་པ་དང༌། དབུས་གཙང་དུ་བྱ་བ་ཇི་ལྟར་བྱས་པ་རྣམས་བ་ཤི་གནས་བརྟན་གྱིས་བྱས་པ་དེ། ཁོང་ཀླུ་མེས་ཀྱི་དངོས་སློབ་ཏུ་འདུག་པས་ཅུང་དག་པ་འདྲ་བསམ་ནས་ཁོང་གི་ཡི་གེ་ཇི་ལྟ་བ་བཞིན་དུ་བྲིས་ཏེ། དེ་ལ་ཁོང་རང་གི་ཁ་བྱང་བཀོད་པ་དེ་ལགས། དེ་གཉིས་ཀྱང་མཁན་པོ་མི་གཅིག་ཟེར་བ་དེ་ཡང་ཁོང་གི་ཡི་གེ་ཁོ་ན་བྲིས་པ་ཡིན། སྦ་རག་གཉིས་ཤེས་ཕྱོགས་གཅིག་ཏུ་སྡེབ་པས་དེ་ཡིན་པ་འདྲ། དབུས་གཙང་མི་བཅུ་ཟེར་བ་ཡང་བུ་སྟོན་སོགས་ཀྱི་བཞེད་པ་བྲིས་པ་ཡིན། རིང་ལུགས་ཀྱི་ཚད་མས་གྲུབ་པ་དཀའ་བར་འདུག །མི་བཅུ་པོ་དེ་དབུས་ནས་ཀླུ་མེས། སུམ་པ། རག་ཤི། སྦ། འབྲིང་སྟེ་ལྔ། གཙང་ནས་ལོ་ཚོང་གཉིས། འོ་བརྒྱད་སྤུན་གཉིས། ཨུ་པ་དེ་དཀར་བ་སྟེ་ལྔ་ཞེས་བུ་སྟོན་གསུང་བ་དེ་ཡིན། ཡང་དབུས་ནས་ཀླུ་མེས། སུམ་པ། གཙང་ནས་ལོ་ཚོང༌། མངའ་རིས་ནས་བ་ཤི་རྫི་དཀར་བ་སྟེ་དྲུག་དང་སྦ་རག་བསྣན་པས་བརྒྱད་དུ་བརྩི་བ་ཡང་སྣང༌། ཡང་འབྲི་རྫི་དཀར་བ་དེ་མངའ་རིས་སུ་འདི་བྱས་མ་བྱུང་བས་འབྲིང་ལ་འབྲི་རྫི་དཀར་བར་འདོད་པ་ཡང་འདུག །དེ་ལྟར་གཞན་གྱི་བཤད་པ་བྲིས་པ་ལས་ཐམས་ཅད་རིང་ལུགས་སུ་ཁས་བླངས་པ་ནི་མིན། དབུས་སུ་ཀླུས་མེས། སུམ་པ། འབྲིང་གསུམ་པོས་གཙུག་ལག་ཁང་དང་དགེ་འདུན་གྱི་སྡེ་བཙུགས་པ་འདི་ངེས་པ་ཅན་ཁོ་ནར་འདུག །སྦ་རག་གཉིས་བྱ་བ་ཕྱོགས་གཅིག་ཏུ་བྱུང་བའི་སློབ་མ་མགོ་ཐོན་ཀ་བ་ཤཱཀྱ་དབང་ཕྱུག་ཏུ་འདུག །གཙང་དུ་ལོ་ཚོང་གཉིས་ལས་སྡེ་འཕེལ་བའང་ངེས་པ་ཅན་དུ་འདུག །འདི་རྣམས་ཁས་བླང་བར་ནུས། གཞན་ཡི་གེ་མང་པོ་བྲིས་ནའང་ཁ་བྱང་བཏགས། བརྟགས་དཔྱད་ཀྱི་གཞིར་བཀོད་པ་ལགས། ལོ་ཙཱ་བ་རིན་ཆེན་བཟང་པོས་བཅུ་གསུམ་ལོན་པའི་ཚེ། མངའ་རིས་ཉིད་དུ་མཁན་པོ་ཡེ་ཤེས་བཟང་པོ་ལས་རབ་ཏུ་བྱུང་ཟེར་བ་འདི། ཁྲི་ཐང་ཛྙཱ་ན་བྱ་བས་ལོ་ཙཱ་བའི་རྣམ་ཐར་བྲིས་པ་ན་འདུག །འདིའི་ལྟར་ན་ལྕགས་ཕོ་རྟ་ལ་ལོ་ཙཱ་བ་རབ་ཏུ་བྱུང། དེ་ནས་ལོ་གསུམ་འདས་པའི་ཆུ་མོ་བྱ་ལ་བུ་སྟོན་རིན་པོ་ཆེའི་ཆོས་འབྱུང་དུ་རྒན་མོའི་གཏམ་ལ་ཡིད་ཆེས་བྱས་པའི་བསྟན་པ་ཕྱིར་དར་གྱི་མགོ་དེ་འོང། ཆུ་མོ་བྱ་ནས་ལོ་ལྔ་འདས་པའི་ས་ཕོ་སྟག་ལ་འབྲོམ་སྟོན་པའི་ལུགས་ཀྱི་ཕྱི་དར་གྱི་ལོ་མགོ་འོང༌། ཡང་དུས་ཕྱིས་ཇོ་བོ་རྗེ་བསྟན་པའི་བདག་པོ་ཡིན་པ་ལ། ཇོ་བོ་བྱོན་པའི་ལོ་རྟ་ལོ་ཡིན་པར་བཀའ་གདམས་པ་ཐམས་ཅད་ཞལ་འཆམ། དབང་ཐང་ལ་མི་མཐུན་པ་འདུག་སྟེ། རྒྱ་མ་བ་ཁུ་དབོན། སྣེའུ་ཟུར་བ། སྤྱན་སྔ། སྤུ་ཏོ་བ་འདི་རྣམས་ཀྱི་ལོ་རྒྱུས་ཞིབ་ཏུ་བརྟགས་ན་ཆུ་ཕོ་རྟ་ལ་ཕེབས་པར་འདུག་པ་འདི་ངེས་པར་ཅན་ཡིན། དེ་ཇོ་བོའི་དྲུག་ཅུ་རྩ་གཅིག་པ་ཡང་ཡིན། འདི་རྣམས་དང་རྗེ་མར་པ་ནས་རྔོག་གི་བརྒྱུད་པ་བྱུང་བ་དང༌། མི་ལ་ནས་སྒམ་པོ་བའི་བརྒྱུད་པ་བྱུང་བ་རྣམས་ཀྱང་ཡི་གེ་རྙིང་པ་རྣམས་ལ་ཞིབ་མོ་ཞིབ་མོར་བརྟགས་ནས་ངེས་པ་ཐུབ་པའི་ལུགས་ལགས། དེ་བཞིན་དུ་ས་སྐྱ་པའི་བརྒྱུད་པ་མཁོན་དཀོན་མཆོག་རྒྱལ་པོ་མན་ཆད་ཀྱི་ལོ་གྲངས་ལ་འཆུག་མེད། གཞན་ལོ་གྲངས་འཆུག་པ་མེད་པ་ཡང་མང་དུ་ཡོད། ལ་ལ་ཟེར་ཚོད་ཙམ་ལས་གཞན་ཁུང་ཅན་མེད་པ་ཡི་གེར་བྲིས་པ་ཡང་ཡོད། མདོར་ན་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ལོ། ཇོ་བོ་རྗེ་འབྲོམ་སོགས་ཀྱི་ལོ། བསྟན་པའི་བདག་པོ་རྔོག་གི་ལོ་འདི་རྣམས་འཆུག་མེད་ཀྱི་ལུགས་ཡིན་པས་དེ་ལྟར་ཐུགས་ལ་བཞག་པར་ཞུ། ། ༡༥.༦ པར་དུ་བསྒྲུབས་པའི་སྐབས། དེ་ནི་ཆོས་འདི་ལ་མཆོག་ཏུ་ལྷག་པར་བྱ་བ་བྱེད་པ་པོའི་སྐབས་བརྗོད་པར་བྱ་སྟེ། དེ་ལ་བྱེད་པ་པོ་ནི་བྱའི་ཁྲི་དཔོན་བཀྲ་ཤིས་དར་རྒྱས་ཤེས་བྱ་བ་མི་མཉམ་པའི་བསོད་ནམས་ཀྱི་མཐུ་ཅན། ཤེས་རབ་དང༌། དད་པ་དང༌། གཏོང་བས་ལེགས་པར་བརྒྱན་པ་སྟེ། དེའི་རབས་བརྗོད་པར་བྱའོ། དེ་ལ་སྤྱིར་བོད་ཀྱི་ཡུལ་འདིར་ཡུལ་གང་དང་གང་དུ་རུས་ཚན་གྱི་མི་ཤས་ཆེ་བར་བྱུང་བའི་ཡུལ་ས་དེ་ལ་རུས་དེ་དང་དེའི་མིང་གིས་བཏགས་ཏེ། དཔེར་ན་རོག་པས་ཞེས་པ་ལྟ་བུའམ། དགྱེར་པས་ཞེས་པ་བཞིན་ནོ། ཡུལ་ཡར་ཀླུངས་ཀྱི་སྨད་མ་ཡུལ་རྫོང་གི་འདབས་སུ་བྱའི་རིགས་ཅན་མང་དུ་བྱུང་བས་བྱས་ཞེས་གྲགས་པ་འདོད་དགུ་འཛོམ་པའི་གནས་དེར་བྱ་ཆོས་ཀྱི་ཀྭ་བ་དང༌། གཅུང་ཐོད་པ་གཡུའི་སྨིན་མ་ཅན་ཏེ་སྐུ་མཆེད་གཉིས་བྱུང༌། གཅུང་གི་སྲས་མཁན་པོ་ཡོན་ཏན་མཆོག་དང༌། བྱ་ཤག་གཉིས་བྱུང༌། མཁན་པོ་ཡོན་ཏན་མཆོག་ཅེས་པ་དེས་འབྲིང་སྡེ་ལ་རབ་ཏུ་བྱུང་ནས་གཞན་གྱི་མཁན་པོ་མཛད་ཅིང་གངས་པར་ལྷ་ཁང་གསོས། གཡེན་ཀློགས། བྱར་ན་ཤ་མཐའ། དྭགས་པོ་ན་དྲོ་མདའ། དམྱལ་སྟིན་མོ་མིག་རྣམས། གངས་པར་གྱི་བུ་བཞིར་བྱས་ནས་གཟུང༌། བྱ་ཤ་ཀ་ལ་སྲས་རྡོ་རྗེ་ལེགས་པ་དང། རྡོ་རྗེ་དབང་ཕྱུག་གཉིས་བྱུང༌། འདི་གཉིས་ཀྱི་རིང་ལ་དམྱལ་ཕྱོགས་སུ་བྱོན། རྒྱ་མཚོ་གྲོང་མཁར་བཏབ། རྡོ་རྗེ་དབང་ཕྱུག་གི་སྲས་བླ་མ་བྱ་ནག་ཆེན་པོ་རིན་ཆེན་འོད་ཡིན་སྟེ། བཞི་བཅུ་རྩ་གཅིག་གི་སྟེངས་སུ་ཁ་ཆེ་པཎ་ཆེན་དང་མཇལ་ནས་སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ལ་སོགས་པའི་ཆོས་མང་དུ་ཞུས་ཤིང༌། གཞན་ཡང་རྒྱལ་བ་ཐོག་རྡུགས་པ། སྐྱོ་འོད་འབྱུང༌། གཞད་རྟ་རྨིག་པ་ལ་སོགས་པའི་དམ་པ་མང་དུ་བརྟེན་གཙུག་ལག་མཐའ་དག་ལ་མཁས་ཤིང༌། དངོས་གྲུབ་ཀྱིས་ཀྱང་བརྒྱན། ཁྱད་པར་དུ། སྤུ་གྲི་བསྐོར་གསུམ་ལ་སོགས་པ་རྡོ་རྗེ་ཆོས་སྐྱོང་བའི་བསྲུངས་མ་བྲན་དུ་བཀོལ་བར་ནུས་པས། གངས་ཅན་གྱི་ལྗོངས་ཐམས་ཅད་སྙན་པའི་གྲགས་པས་ཁྱབ་པར་གྱུར། འདི་ལ་ཆོས་ཀྱི་བུ་བཞི་ཡོད་དེ། བྱར་སྨད་དུ་མཚལ་སྒོམ་ཆོས་ལ་དགའ་བ། ལོ་རོར་རབ་དགའ་བ་ཆེན་པོ། དྭགས་པོར་བ་ཚོ་རས་པ། གཙང་དུ་འུ་ཡུག་པ་ཆེན་པོའོ། རྩ་བའི་སྡེ་བཞི་ནི། དམྱལ་དུ་ཆོས་སྒྲོ་གྲོང་མཁར། གཡེར་སེ་བོ། དྭགས་སུ་ན་མོ་ཤོད། བྱར་ན་རྒྱ་མཚོ་བླུག་རྒང་ཞེས་ཀྱང་ཟེར། ཨ་མི་བྱ་ནག་ཆེན་པོའི་སྲས་བྱ་ཇོ་སྲས། དེའི་སྲས་བྱ་མངའ་བདག་ །དེ་ལ་སྲས་ཆེན་པོ་དགེ་སློང་བ༌། བྱ་རིན་ཆེན༌། ཆོས་རྒྱལ་དཔལ་བཟང་གསུམ་བྱུང་བ་ལ་རིགས་གསུམ་མགོན་པོ་ཞེས་ཟེར། དགེ་སློང་བ་ལ་སྲས་རིན་ཆེན་དཔལ༌། དབང་ཕྱུང་རིན་ཆེན་རིན་ཆེན་བཟང་པོ༌། དྭགས་པོ་བ་རྣམས་བྱུང༌། མི་སེ་གཡེ། དྭགས༌། ། དམྱལ། བྱར། ལོ་རོ་རྣམས་ཡིན་པས། དེ་རྣམས་ན་གཞིས་ཁའང་མང་དུ་བཟུང༌། བྱ་རིན་ཆེན་གྱི་གཡེ་དམྱལ་བྱར་དྭགས་ལོ་རོ་ལ་སོགས་པ་ཐམས་ཅད་ཀྱི་མགོ་བསྡུས་ཤིང༌། ཧོར་དམག་བཟློག་པས་དེ་ཐམས་ཅད་ཀྱི་དཔོན་དུ་ཁུར། འདི་གྲུབ་ཆེན་ཨུ་རྒྱན་པ་དང་ཡོན་མཆོད་ཡིན། དེའི་སྲས་ཀུན་དགའ་རིན་ཆེན་ཡིན་ཏེ། དེ་ནས་ཀྱང་མང་དུ་མཆེད་ཅིང༌། གཞིས་ཁ་མང་དུ་བཟུང༌། ཀུན་དགའ་རིན་ཆེན་འདི་ས་སྐྱའི་དཔོན་ཆེན་ཀུན་དགའ་བཟང་པོ་དང་ཐུག །བྱ་ཆོས་རྒྱལ་དཔལ་བཟང་ནི་ཧོར་དང་འཇགས་འཐོན་ནས་དགུང་ལོ་བཅུ་གཉིས་ལོན་པ་གཅིག་གིས་འགྲོ་མགོན་འཕགས་པའི་ཞབས་ལ་གཏུགས། ཤར་པ་ཀུན་བསོད་པ་ལ་སློབ་དཔོན་བཅོལ་ནས་རྒྱུད་གསུམ་མན་ངག་དང་བཅས་པ་ལ་སོགས་པ་ཐམས་ཅད་གསན། ཡངས་རྩེའི་གཙུག་ལག་ཁང་བརྩིགས་རྒྱལ་བའི་བཀའ་ཐམས་ཅད་གསེར་ལས་བཞེངས། རྒྱལ་ཁམས་ཀྱི་ནོར་ཕུད་ཐམས་ཅད་བསྡུས་ནས་མཛོད་ནག་ཏུ་བཀའ་རྒྱ་བཏབ་ཅིང་རྒྱལ་ཁྲིམས་ཀྱི་གཞི་འདིངས་པ་སོགས། ལུགས་གཉིས་ལ་གཞན་ལས་ཕུལ་དུ་བྱུང་བའི་སྲོལ་བཟང་པོ་བཙུགས། དེའི་སྲས་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ། མཁན་ཆེན་སྤྱིལ་བུ་བ། མངའ་བདག་ཆོས་སེང་འོད། བྱ་ལྐུག་པ་དཔལ་ལ་སོགས་པ་རྣམས་ཡིན་ཏེ། ཀུན་དགའ་རྒྱལ་མཚན་པས། དཔོན་ཆེན་འོད་ཟེར་སེང་གེ་ལ་འདམ་དུ་རྫོང་པ་ཞུར་བྱོན་པས་ལེགས་པར་གནང༌། སྐུ་རབ་པའི་དཔོན་ཆོས་རྒྱལ་དཔལ་བཟང་བས་ཀྱང་ཞབས་ལ་འདུད། རྟེའུ་ར་བའི་ཀྱ་ཉེས་ཀྱང་འདིའི་རིང་ལ་བྱུང་བ་ཡིན། དེ་རྗེས་དཔལ་མགོན་རྡོ་རྗེ་བ་དང༌། དེའི་སྲས་དྲུང་བློ་གྲོས་པ་གཉིས་ཀྱི་མི་སྡེ་བསྐྱངས། དེའི་རྗེས་ཀུན་དགའ་རྒྱལ་མཚན་པའི་སྲས་རྒྱ་མ་བ་ཀུན་དགའ་བསོད་ནམས་ཀྱིས་ལྷ་སྡེ་མི་སྡེ་ཐམས་ཅད་བསྐྱངས། དེ་རྗེས་ཆོས་རྒྱལ་དཔལ་བཟང་པོའི་སྲས། མངའ་བདག་ཆོས་སེང་འོད་པ་འབྲི་ཁུང་དཔོན་མོ་ལ་འཁྲུངས་པའི་དོན་གྱིས། འབྲི་ཁུང་པས་བྱར་དགས་ཀྱི་དཔོན་དུ་བསྐོས། དེའི་སྲས་མཁན་ཆེན་ཚུལ་ཁྲིམས་བཟང་པོ་བ། ཟངས་པོ་ཆེའི་མཁན་སར་བཞུགས་བཞིན་པ་ལ། སྐྱེ་དགུ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་གསོལ་བས། བསྟན་པ་དང་སེམས་ཅན་ལ་དགོངས་ནས་ཡང་རྩེའི་ཁྲི་ཐོག་ཏུ་ཕེབས་ལྷ་སྡེ་མི་སྡེ་ཐམས་ཅད་བསྐྱངས། དེར་རྗེས་དེའི་སྲས་ཁྲིམས་གཉིས་འཛིན་པ་དཀོན་མཆོག་བཟང་པོ་ཡབ་ཀྱི་བསྐོས། དེའི་སྲས་བཀྲ་ཤིས་དཔལ་བཟང་པོ་ནི་སྐུ་ན་གཞོན་པ་ལ་རྩེས་ཐང་དུ་སློབ་གཉེར་མཛད་ཅིང༌། བཤད་སྟོན་ཡང་ཤིན་ཏུ་བཟང་བར་བཏང༌། ཆོས་རྒྱལ་གྲགས་པ་རྒྱལ་མཚན་པས་བྱ་བའི་ཁྲི་དཔོན་ལ་བསྐོས། དེ་ལ་སྲས་རྒྱལ་བ་བཀྲ་ཤིས། ཤཱཀྱ་དཔལ་མགོན། ཐུབ་པ་རྒྱལ་མཚན་ལ་སོགས་པ་བྱུང་སྟེ། རྒྱལ་བ་བཀྲ་ཤིས་པས་སྣེ་གདོང་དུ་བྱོན། གོང་མ་གྲགས་པ་འབྱུང་གནས་པའི་ཕྱག་ཕྱིར་བཞུགས་ཏེ། སྣེ་གདོང་ནས་བྱ་བའི་ཁྲི་དཔོན་ལ་བསྐོས། གཅུང་ཤཱཀྱ་དཔལ་མགོན་པ་མཁན་ཆེན་ཡོན་དབང་པ་ལས་རབ་ཏུ་བྱུང་ནས་ཐོས་བསམ་མཛད་ཅིང་ཟངས་པོ་ཆེའི་མཁན་པོར་མངའ་གསོལ་བ་ནས། སངས་རྒྱས་ཀྱི་བསྟན་པ་ལ་ཕན་པའི་མཛད་འཕྲིན་རྣམ་པར་དཀར་བ་ཉིད་དུ་བཞུགས། རྒྱལ་བ་བཀྲ་ཤིས་ལ་སྲས་བྱ་བཀྲ་ཤིས་དར་རྒྱས། སྒོ་གཅིག་པའི་སྐྱེ་བ་པདྨ་བལྟམས་མཆོག་རྒྱལ་པོ། བྱ་ཚེ་དབང་རྒྱལ་པོ། བསྐལ་བཟང་ཆོས་ཀྱི་རྒྱ་མཚོ་བསོད་ནམས་མང་ཐོས་དབང་པོའི་སྡེ། བྱ་ནོར་བུ་རྒྱ་མཚོ་རྣམས་ཡིན་ཏེ། བྱ་བཀྲ་ཤིས་དར་རྒྱས་ཀྱིས་རྡོ་རྗེ་གོས་དཀར་མ་ཞེས་བྱ་བའི་བཙུན་མོ་ཁབ་ཏུ་བཞེས་ནས། རིགས་བསྐྲུན་པའི་ཆོ་ག་ཚུལ་བཞིན་དུ་མཛད་པ་ལས། ཆོས་རྒྱལ་ནོར་བུ་བཀྲ་ཤིས་མི་འགྱུར་དབང་པོའི་སྡེ་ཞེས་བྱ་བ་དང༌། གྲགས་པ་རྒྱལ་མཚན་དཔལ་བཟང་པོ་མཆེད་དང་བཅས་པ་འཁྲུངས་ཤིང༌། བྱ་བཀྲ་ཤིས་དར་རྒྱས་ལེགས་པའི་རྒྱལ་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་དབང་པོའི་སྡེ་ཞེས་བྱ་བ་ནི། ཡབ་ཀྱི་རྗེས་སུ་རྩེས་ཐང་ནས་དཔོན་ས་རྡོ་རྗེ་རིན་ཆེན་དབང་གི་རྒྱལ་པོའི་ལུང་གིས་ལྷོ་རྒྱུད་ཀྱི་ཁྲི་དཔོན་དུ་བསྐོས་པ་ལས། སླར་ཡང་སྣེ་གདོང་ནས་བསྐོས་འཇའ་ཟ་གྱོན་གནང་ནས་བྱ་བའི་རྒྱལ་སྲིད་སྐྱངས་ཏེ། དེ་ནི་ཆོས་འཇིག་རྟེན་གཉིས་ཀའི་སྒོ་ནས་བྱས་པ་དང་གྲགས་པ་ཆེ་ཞིང༌། བྱ་བའི་ཁྲི་དཔོན་རེ་རེ་ལ་ཁ་སྐད་ཆེ་བ་ཡིན་ཏེ། ཆོས་དང་འཇིག་རྟེན་གཉིས་ཀ་དབྱར་གྱི་ཆུ་བོ་བཞིན་དུ་འགྲན་པ་བཞིན་དུ་འགྲན་པ་བཞིན་སྤྱོད་པའི་ས་སྐྱོང་བ་གང་ལ་རྒྱལ་བའི་གསུང་རབ་ཐམས་ཅད་ལ་ལྐོག་ཏུ་མ་གྱུར་པའི་གཟིགས་པ་ལྷག་པར་མངའ་བའི་རྗེ་བཙུན་ཐམས་ཅད་མཁྱེན་པ་ཆེན་པོ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་སུམ་དུ་གཟིགས་པའི་གྲུབ་པའི་དབང་ཕྱུག །དཔལ་ལྡན་ལོ་ཙཱ་བ་ཆེན་པོ་བསོད་ནམས་རྒྱ་མཚོའི་སྡེས་བཀས་བསྐུལ་བ་ལས། ཆོས་བཞིན་པའི་རྒྱུ་དང་རྐྱེན་གྱི་དངོས་པོ་ཕུན་སུམ་ཚོགས་པ་སྦྱར་ཞིང༌། ཐོག་མར་པར་ཡིག་རྣམས་རྗེ་བཙུན་ལོ་ཙཱ་བ་ཆེན་པོའི་དགོངས་པ་ཇི་ལྟ་བར་ཡུལ་དབུས་ཀྱི་སའི་ཆ་དོལ་ལྷུན་གྲུབ་ལྷ་རྩེར་རིས་མེད་པའི་བསྟན་པ་ལ་ཆེད་ཆེར་རིམ་གྲོར་མཛད་པ་དཔལ་རྡོ་རྗེ་བདེ་མས་བདག་རྐྱེན་མཛད་དེ་རྗེ་བཙུན་དེ་ཉིད་ཀྱི་གསུང་གི་རྗེས་སུ་འཇུག་པའི་བཤེས་གཉེན་དམ་པ་དཔལ་ཆོས་ཀྱི་རྒྱལ་མཚན་དང༌། མ་ཧཱསྠ་བི་ར་དགེ་ལེགས་དཔལ་མགོན་ཏེ་སྒྲིན་ཞིང་རིགས་པར་སྤྱོད་པའི་བློའི་ནོར་ཅན་རྣམ་པ་གཉིས་ཀྱིས་ཞུས་ཤིང་དག་པར་བྱེད་པ་དང༌། རྒྱུ་དང་འབྲས་བུའི་ཐེག་པ་མཐའ་དག་ལ་རིགས་པ་དང་གྲོལ་བར་སྨྲ་བའི་སྤོབས་པ་དགེ་བ་ཅན་ཤར་དྭགས་པོ་བ་དཔལ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ལྷ་ཞེས་བྱ་བས་རྐྱེན་དུ་འཕྲོད་པའི་ཆེད་དུ་བྱ་བ་ཆེད་ཐང་དུ་སྦྱར་ལ། ཡི་གེའི་རིག་བྱེད་པ་ནི་དོལ་རིག་པའི་འབྱུང་གནས་པ་ཉི་ཤར་བཀྲ་ཤིས་ཞེས་བྱ་བ་དང་བརྐོས་ཀྱི་རིག་བྱེད་པ་ནི་གྲགས་པ་རྒྱལ་མཚན་ཞེས་བྱ་བ་སློབ་མར་བཅས་པའི་ལག་པའི་འདུ་བྱེད་དགེ་བའི་ལས་སུ་སད་པ་ལས། ལྕགས་མོ་གླང་གི་ལོ་ནས་བརྩམས་ཏེ། ཕུན་སུམ་ཚོགས་པའི་དཔལ་འབྱོར་གྱི་ཆུ་བོ་མ་ཚང་བ་མེད་པ་འདུ་བའི་གཞི། དམྱལ་ཞེས་བྱ་བའི་སའི་ཐིག་ལེར་ཆོས་རྒྱལ་ལྷུན་པོ་ཞེས་བྱ་བའི་ཕོ་བྲང་ཆེན་པོར་ལེགས་པར་བསྒྲུབས་ཏེ། དེའི་དགེ་བས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཡུན་རིང་དུ་གནས་པ་དང༌། བསྟན་པ་འཛིན་པའི་སྐྱེས་བུ་དམ་པ་རྣམས་ཀྱང་སྐུ་ཚེ་རིང་ཞིང༌། དགེ་འདུན་རྣམས་ཀྱང་ཉིན་དང་མཚན་དུ་དམ་པའི་ཆོས་ཁོ་ན་སྤྱོད་པར་གྱུར་ཅིག །སྦྱིན་པ་པོ་འཁོར་དང་བཅས་པ་རྣམས་ཀྱང་རྒྱལ་སྲིད་ཆོས་བཞིན་དུ་སྐྱོང་ཞིང༌། རྒྱལ་ཁམས་འཁྲུག་པ་མེད་པར་གྱུར་ཅིག །ཕྱི་མའི་སྐྱེ་བ་རྣམས་སུ་ཡང་དགེ་བའི་བཤེས་གཉེན་སྐྱེས་བུ་དམ་པ་དང་མཇལ་ནས་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་བྱེད་པར་གྱུར་ཅིག་པར་དུསྒྲུབས་པའི་སྐབསསོ། ། ༡༥.༧ མཛད་བྱང༌། ཐུགས་རྗེའི་དབང་པོའི་བྱིན་རླབས་གསེར་གྱི་ས་གཞི་བདལ་བ་གངས་རིའི་ཕྲེང་མཛེས་ཁོར་ཡུག་ཅན། ། ཉེས་པའི་གདུང་བྲལ་ཚུལ་ཁྲིམས་མ་དྲོས་ལས་འོངས་འདུས་པའི་རྒྱུན་དག་ཆད་པ་མེད་པར་འབབ། ། བཤད་དང་སྒྲུབ་པའི་རིན་ཆེན་གྱིས་གང་མཁས་པའི་རྟ་གདོང་དག་ལས་ཆོས་ཀྱི་སྒྲ་ཆེན་སྒྲོགས། ། མཐའ་དག་ལེགས་པའི་འབྱུང་གནས་གངས་ཅན་འདི་ནི་རྒྱ་མཚོ་ཆེ་འདྲ་མཁས་པས་བསྔགས་པར་འོས། ། དྲི་མེད་རྒྱལ་བའི་བསྟན་པ་རིན་པོ་ཆེ། ། དམ་པ་དམ་པའི་ཕྱག་ལས་ལེགས་བརྒྱུད་པ། ། དེ་འདིར་ཡི་གེའི་སྲད་བུ་ལ་བཀོད་དེ། ། ཤེས་རབ་མིག་ལྡན་སྐྱེ་བོས་ལྟ་ཆེད་དུའོ། ། དགེ་བ་འདི་ཡིས་ལུས་པ་མེད་པའི་ལུས་ཅན་གྱིས། ། རྒྱལ་བའི་བསྟན་པ་བདུད་རྩིའི་རྒྱུན་དག་རབ་འཐུངས་ནས། ། ཡོན་ཏན་ཀུན་གཏེར་ཐམས་ཅད་མཁྱེན་པའི་རིན་པོ་ཆེས། ། རྒྱུན་མི་འཆད་པའི་ཕྲིན་ལས་དམ་པ་འཇུག་གྱུར་ཅིག ། ཇི་ལྟར་རྡོ་ཤིང་འཇིམ་པ་ལས་བསྒྲུབས་ཀྱང༌། ། ཐུབ་པའི་སྐུ་མཚུངས་དེ་ནི་མཆོད་བྱ་བཞིན། ། ཐུབ་བསྟན་སྙིགས་ཏེ་གཟུགས་བརྙན་ཙམ་ཞིག་ཏུ། ། གྱུར་ཀྱང་སྐྱེ་བོ་ཀུན་གྱིས་མཆོད་བྱ་ཉིད། ། བོད་ཀྱི་ཡུལ་དུ་ཆོས་དང་ཆོས་སྨྲ་བ་ཇི་ལྟར་བྱུང་བའི་རིམ་པ་འདི་ནི། ཆོས་ཀྱི་རྒྱལ་པོ་སྲོང་བཙན་འཁྲུངས་ནས་ལོ་བརྒྱད་བརྒྱ་དང་ལྔ་བཅུ་པ་ལ་བབ་པ་ས་ཕོ་ཁྱིའི་ལོ་ལ། དཔལ་ཀུན་ཏུ་བཟང་པོའི་ནགས་འདབ་རང་བྱུང་བདུད་རྩིའི་རྒྱུན་ཅན་མངོན་པར་དགའ་བའི་ཆོས་རྫོང་དུ་ཆོས་སྨྲ་བའི་བཙུན་པ་གཞོན་ནུ་དཔལ་ཞེས་བྱ་བས་ཉེ་བར་སྦྱར་བའོ། ། འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྒོ་མཐའ་དག་ནས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག ། ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ཡེ་དྷརྨྨཱ་ཏུ་པྲ་བྷ་བཱ་ཧེ་ཏུཎཏེ་ཥཱནྡ་ཐཱ་ག་ཏོ་བྱ་ལ་ང་ཏ། ཏེཥཱ་ཡོ་ནི་རོ་དྷ་ཨེ་བཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ། ཤུ་བྷམ་སྲུས་རྒ་ཛ་གཏི། ། (གོང་དུ་【】རྟགས་དེའི་བར་གྱི་ཡི་གེ་དུམ་བུ་དེ་ནི་ཨ་མདོ་མདོ་སྨད་ཆོས་གྲྭའི་ཤིང་པར་ལ་མེད། སྒྲིག་པ་པོའི་མཆན། ) པར་བྱང༌། ཨོཾ་སྭ་སྟི། འཕགས་བོད་རྒྱལ་བསྟན་རིས་མེད་སྲོལ་ཆེན་རྣམས། །ཇི་ལྟར་བྱུང་དང་དེ་འཛིན་སྐྱེས་མཆོག་གི །རྣམ་ཐར་ཆོས་འབྱུང་ལེགས་བཤད་གཏེར་ཆེན་པོ། །མཁས་མཆོག་འགོས་ལོ་གཞོན་ནུ་དཔལ་གྱི་གསུང༌། །དཔྱོད་ལྡན་སྐལ་བཟང་ཡོངས་ཀྱི་མགྲིན་པའི་རྒྱན། །དེབ་ཐེར་སྔོན་པོ་ཞེས་གྲགས་འདི་ཡི་པར། །དེང་སང་དུས་སུ་ལྷ་ལྡན་ཕོ་བྲང་གི། །ཉེ་འདབ་དགའ་ལྡན་བརྟན་བཞུགས་ཆོས་འཁོར་རམ། །དབུས་གཙང་ཀུན་བདེ་གླིང་དུ་གྲགས་པ་དེར། །བཞུགས་པའི་འགྲོ་དོན་འཕྲིན་ལས་སྲིད་མཐའི་བར། །རབ་རྒྱས་ཡངས་པའི་ས་ཆེན་ཀུན་ཁྱབ་པའི། །དགེ་ལེགས་འཛད་མེད་ཡིད་བཞིན་འཇོ་གྱུར་ཅིག །ཅེས་པ་ཡང་ཆོས་འབྱུང་དེབ་ཐེར་སྔོན་པོའི་པར་རྙིང་སྔ་ཐོག་ཡངས་པ་ཅན་དུ་བཞུགས་པ་བལ་བོད་བདེ་གཟར་སྐབས་འཁྱར་བའི་པར་ཤིང་བོར་སྟོར་བྱུང་བ་རྣམས་ཆད་བསབ་གསར་བརྐོས་དང༌། མི་གསལ་བ་རྣམས་པར་བསང་གིས་ཞབས་ཏོག་བསྒྲུབས་ཏེ་འགྲོ་དོན་སླད། བར་རི་དབུས་གཙང་ཀུན་བདེ་གླིང་དུ་བཞུགས་སུ་གསོལ་བའི་པར་བྱང་སྨོན་ཚིག་འདི་ཡང་རྟ་ཚག་པ་ཡེ་ཤེས་བློ་བཟང་བསྟན་པའི་མགོན་པོས་སྦྱར་བ་དགེ། ། ། ཨ་མདོ་མདོ་སྨད་ཆོས་གྲྭའི་ཤིང་པར་གྱི་པར་བྱང་ནི། དེ་ཡང་གོང་དུ་པར་དུ་བཞེངས་པའི་ལོ་རྒྱུས་ཀྱི་སྐབས་ལྟར་པར་གཅིག་པོ་དེ་ཉིད་མ་གཏོགས་དབུས་གཙང་ཁམས་གསུམ་གང་དུ་ཡང་ཡོད་སྐད་མ་ཚོར་ཞིང༌། དེ་ཉིད་ཀྱང༌། ཀརྨ་ཞྭ་དམར་བ་ཆོས་གྲུབ་རྒྱ་མཚོ་ལ་གོང་ནས་བཀའ་ཆད་བྱུང་སྟེ། ཁོ་རང་གི་དགོན་དེའི་དཔེ་ཆ་དཔར་ཤིང་སོགས་གོང་དུ་གཟིགས་འབུལ་གྱི་ཆེད་དུ་ལྷ་ས་དགའ་ལྡན་ཕོ་བྲང་དུ་འབྱོར་བ་ལས་དཔར་ཤིང་འདི་ཉིད་ཀུན་བདེ་གླིང་དུ་བཞུགས་པར། སླར་ཡང་ངེས་པ་དོན་གྱིི་བློ་བཟང་བསྟན་པའི་མགོན་པོ་བ་སོ་སྤྲུལ་པའི་སྐུ། རྒྱལ་ཚབ་རྟ་ཚག་རྗེ་དྲུང་རིན་པོ་ཆེ་ནས་ཤིང་བསལ། ཤིང་བསབ་སོགས་ཀྱི་དོ་དམ་དང༌། པར་བྱང་དང་བཅས་བཀའ་དྲིན་དུ་སྩལ་པས་དཔེ་དེ་ཉིད་ཕྱི་མོར་བྱས་ཏེ། མདོ་སྔགས་ཆོས་ཀྱི་སྒྲ་དབྱངས་རྒྱུན་མར་སྒྲོགས་པའི་སྐྱེད་ཚལ་དགའ་ལྡན་ཆོས་འཁོར་གླིང་ཞེས་བྱ་བའི་མདོ་སྨད་ཀྱི་ཆོས་གྲྭ་ཆེན་པོར་པར་དུ་སྒྲུབ་པའོ།། །།