དེབ་ཐེར་རྒྱ་མཚོ།
༄༅།།ཐུབ་བསྟན་རིན་པོ་ཆེ་ཇི་ལྟར་དར་པའི་ཚུལ་གསལ་བར་བརྗོད་པ་དེབ་ཐེར་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།
བོད་ཀྱི་ཡུལ་ཁམས་སྤྱིར་བཤད་པ།
ན་མོ་སརྦ་ཛྙཱ་གུ་ར་ཝེ། སྐྱེ་འཇིག་གནས་པའི་མཚན་མ་ཀུན་བྲལ་དག་པ་གཉིས་ལྡན་ཆོས་དབྱིངས་མཐར་ཐུག་རང་བཞིན་རྣམ་དག་འོད་གསལ་བ།། ཆོས་ཀུན་ཡང་དག་གཟིགས་པ་མཐར་ཕྱིན་ཟག་མེད་ཡེ་ཤེས་ཡོན་ཏན་རབ་རྫོགས་རྣམ་པ་ཐམས་ཅད་མཁྱེན་པའི་མཛོད།། མཁའ་ཁྱབ་ཞིང་དུ་མཚན་དཔེའི་སྐུ་མངའ་ཀུན་བཟང་འཁོར་དབུས་ཆོས་ཀྱི་སྒྲ་ཆེན་རྟག་དུ་རབ་སྒྲོགས་ལོངས་སྤྱོད་རྫོགས།། འཕྲིན་ལས་ཐབས་ཀྱི་རྣམ་པ་ཀུན་རྫོགས་རྫོགས་པའི་སངས་རྒྱས་སྐུ་བཞིའི་བདག་ཉིད་བུ་རམ་ཤིང་བས་བདག་སྐྱོངས་ཤིག།། ལུང་རྟོགས་ཆོས་ཚུལ་རྡུལ་དཀར་འབུམ་འཛགས་ཕན་བདེའི་ཀུ་མུད་བཞད་པའི་གཉེན།། འགྲོ་ཁམས་རྒྱ་མཚོའི་མོས་པའི་རྫིང་བུར་འགོག་པ་མེད་པར་རྟག་འཇུག་ཕྱིར།། བཤད་སྒྲུབ་གོ་ལའི་བགྲོད་པས་ཉེར་བསྟེན་འཕགས་བོད་ཙི་ནའི་ཞིང་ཁམས་ཀུན།། གསལ་མཛད་བདག་ཉིད་ཆེ་རྣམས་སྤྱི་དང་བླ་མའི་ཞབས་ལ་ཕྱག་བྱས་ནས།། སྤྱན་རས་གཟིགས་དབང་ཕྱག་ན་པདྨོའི་ཞིང་གི་ཆ་ཤས་བྱང་གཉིས་པར།། མདོ་སྔགས་ཐུབ་བསྟན་ཇི་ལྟར་འཕོས་པ་ངོ་མཚར་རིན་ཆེན་བྱེ་བའི་གཏེར།། འཛིན་པ་དེབ་ཐེར་རྒྱ་མཚོའི་འཇུག་ངོགས་གསལ་བར་བྱ་ཡིས་དོན་གཉེར་གྱི།། ཡིད་ཅན་སྐྱེས་བུ་དོན་མཐུན་ཚོགས་རྣམས་རྩེ་དགའི་གར་གྱིས་འཇུག་བྱར་རིགས།། དེ་ཡང་འཕགས་ཡུལ་རྡོ་རྗེ་གདན་ནས་བྱང་དུ་དཔག་ཚད་བརྒྱ་བརྒལ་བ་ན་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོ་ཡོད་པར་གསུངས་ལ།དེ་ནས་བྱང་དུ་དཔག་ཚད་བརྒྱ་ལྷག་ཚེ་མདོ་སྨད་ཀྱི་ས་སྣེ་ཟིན་པའི་བོད་ཡུལ་འདི་ལ་ནང་གསེས་ཀྱིས་ཕྱེ་བའི་སྟོད་མངའ་རིས་སྐོར་གསུམ་ནི། སྤུ་རངས་མང་ཡུལ་ཟངས་དཀར་གསུམ་སྐོར་གཅིག ལི་བྲུ་ཤ་སྦལ་ཏི་གསུམ་སྐོར་གཅིག ཞང་ཞུང་ཁྲི་ཏེ་སྟོད་སྨད་གསུམ་སྐོར་གཅིག་ཏུ་བྱེད། བར་དབུས་གཙང་རུ་བཞི་ནི། སྔར་གཙང་ལ་གཡས་རུ་དང་། རུ་ལག་གཉིས། དབུས་ལ་དབུ་རུ་དང་། གཡོ་རུ་གཉིས་ཟེར་ཡང་།ཆོས་རྒྱལ་ཀུ་ཤྲ་ཧན་གྱིས་བོད་ཁྲི་སྐོར་བཅུ་གསུམ་དབང་དུ་བསྡུས་ཏེ་རྒྱལ་དབང་རིན་པོ་ཆེར་ཕུལ་ཕྱིན་ལ་གཡས་རུ། གཡོན་རུ། སྦུས་རུ། གུང་རུ་བཞིར་བྱེད་དོ།། མདོ་ཁམས་སྒང་དྲུག་ནི། ཟལ་མོ་སྒང་། ཚ་བ་སྒང་། སྨར་ཁམས་སྒང་། སྤོ་འབོར་སྒང་། དམར་རྫ་སྒང་།མི་ཉག་རབ་སྒང་དང་དྲུག་ལ་བྱེད་ཅིང་དེ་རྣམས་བར་ཁམས་སུ་གཏོགས་སོ།། ཡང་སྒང་གསུམ་ལ་བྱེད་ཚེ་མདོ་ཁམས་ལ་སྨར་ཁམས་བཏགས་པ་ཁམས་གཅིག མདོ་སྨད་ལ་གཡེར་མོ་ཐང་བཏགས་པ་ཁམས་གཅིག།ཙོང་ཁ་ལ་གྱི་ཐང་བཏགས་པ་ཁམས་གཅིག་ཏུ་བྱེད་པས་འདི་ཐམས་ཅད་ཟ་མ་ཏོག་བཀོད་པ་སོགས་མདོ་སྡེ་དུ་མར་སྤྱན་རས་གཟིགས་ཀྱི་འདུལ་ཞིང་ཁ་བ་ཅན་གྱི་རྒྱལ་ཁམས་ཞེས་བཤད་པ་དེ་ཡིན་པ་ནི། བཀའ་གདམས་གླེགས་བམ་དུ། ཤར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན།། གནས་པུར་རྒྱལ་བོད་ཅེས་བྱ་བ་ཡོད།། ཅེས་བོད་ཁམས་སྤྱི་དང་། ཁྱད་པར་བོད་གངས་ཅན་དུ་འདོགས་པའི་རྩ་བ་ནི། གངས་དཀར་བོ་ཤེལ་གྱི་མཆོད་རྟེན་ཡོད།། མཚོ་དམའ་མོ་གཡུ་ཡི་མཎྜལ་ཡོད།། ཅེས་ཏེ་སེ་ནས་རྨ་ཆེན་གངས་ཀྱི་བར་བོད་སྐྱོབ་པའི་གངས་ཆེན་བརྒྱད་ལ་ངོས་འཛིན་པར་གསུངས་པས་ཤེས་ལ། བསྟན་པའི་ཆུ་རྒྱུན་གང་ལས་འདྲེན་པའི་གཞི་དང་། གང་དུ་འཁྱིལ་བའི་གནས་ཀྱི་རྟེན་འབྲེལ་གྱིས་མཚམས་འཛིན་ལྟ་བུའི་ཚུལ་དུ་གསུངས་པིའ་གངས་དཀར་བོ་ཤེལ་གྱི་མཆོད་རྟེན་ལ་གངས་ཏེ་སེ་དང་། རྨ་ཆེན་གྱི་གངས་རི། མཚོ་དམའ་མོ་གཡུའི་མཎྜལ་ཡང་རྒྱལ་གྱི་ལྷ་མོའི་བླ་མཚོ་དང་མཚོ་སྔོན། ཤར་གྱི་རྒྱ་མཚོ་བཅས་ལ་ངོས་འཛིན་ཅིང་། གཅིག་ཏུ་མ་ངེས་ལ། དེ་ཡང་གནས་དང་གང་ཟག་གཉིས་ཀ་ལ་སྦྱོར་དགོས་པར་གསུངས་སོ།། ཆོས་རྒྱལ་སྲོང་བཙན་སྒམ་པོས་ཀྱང་རང་གི་ཞིང་གི་ཁྱད་ཆོས་བརྗོད་པའི་ཚེ། ཙ་རི་ཙ་གོང་བདེ་མཆོག་རང་བྱོན་དང་།། རྡོ་ཆུ་རིན་པོ་ཆེ་ཡང་དེ་ན་ཡོད།། ཏེ་སེའི་གངས་ལ་དགྲ་བཅོམ་ལྔ་བརྒྱ་བཞུགས།། བདུད་རྩིའི་ཆུ་ཡང་རི་བོ་དེ་ན་ཡོད།། གྱེ་རེའི་བྲག་ལ་ཡིག་འབྲུ་རང་བྱུང་དང་།། མཁའ་འགྲོའི་ཕྱག་རྒྱ་རི་བོ་དེ་ན་ཡོད།། མ་བང་མཚོ་ལ་ཀླུ་རྒྱལ་བྱང་སེམས་གནས།། ཆུ་བོ་ཡོད་ཏན་ཅན་ཡང་དེ་ན་ཡོད།། ཁྲི་བཤོར་མཚོ་ལ་ཀླུ་བློན་བྱང་ཆུབ་སེམས།། ཆུ་བོ་ཆེན་པོ་ཀུན་ལ་ཕན་པར་མཛད།། གནམ་མཚོ་ཕྱུག་མོའི་ནང་ན་བྱང་ཆུབ་སེམས།། ཐང་ལྷའི་བྲག་ལ་དགྲ་བཅོམ་ལྔ་བརྒྱ་ཡོད།། སྦུབས་མཚོའི་གླིང་ན་ཀླུ་རྒྱལ་བྱང་ཆུབ་སེམས།། ཁ་འུའི་གངས་ལ་དགྲ་བཅོམ་མང་པོ་ཡོད།། རི་མཐོ་ས་གཙང་གངས་རི་གཉན་གྱིས་བསྐོར།།ཞེས་གསུངས་པའི་གངས་ལྗོངས་ནི་དབུས་གཙང་ཁོ་ནར་ངོས་འཛིན་པ་རྒྱ་ཆུང་ལ།།འབྲི་ཆུའི་སེ་བོའི་ལུང་རིང་བརྒལ་བའི་བ་ཡན་ཧ་རའི་ཤར་ངོས་ཨ་ཆེན་གངས་རྒྱབ་ཀྱི་རི་དང་།མདོ་ལ་གཉིས་ཀྱི་མིང་བསྡོམས་པས་དེ་མན་ཆད་ལ་ཨོ་མདོ་ཟེར།དེ་ངོས་ཀྱི་ཆུ་རྣམས་ཕྱོགས་འདྲེས་ཀྱིས་རྨ་གཡང་ཕྱུག་མོའི་གཞུང་དུ་འབབ་པ་ལ་རྨ་ཆུར་གྲགས་པ་མཚོ་སོ་ལོ་མའམ་སྐྱ་རེངས་ཀྱི་གཞུང་བརྒྱུད་ལྷོ་ཕྱོགས་སུ་འཁྱོག་པའི་ཁུག་སོ་མན་ཆད་ཨ་མདོ་ཉིད་ལ་ངོས་འཛིན་དགོས་པ་ནི།ཆོལ་ཁ་གསུམ་དུ་ཕྱེ་ཚེ་མངའ་རིས་གུང་ཐང་ནས་སོག་ལ་སྐྱ་བོ་ཡན་ཆད་དབུས་གཙང་ཆོས་ཀྱི་ཆོལ་ཁ། དེ་ནས་རྨ་ཆུའི་ཁུག་པ་ཡན་མདོ་སྟོད་མིའི་ཆོལ་ཁ། དེ་ནས་རྒྱའི་མཆོད་རྟེན་དཀར་བོ་ཡན་མདོ་སྨད་རྟའི་ཆོལ་ཁར་བྱེད་པས་ཤེས་སོ།། དེ་ཡང་བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས་འདི་ལ་གཉིས་སུ་བྱས་པའི་བོད་ཡུལ་དབུས་གཙང་ནི།ཆོས་སྲིད་གང་གི་ཆ་ནས་འགྲན་ཟླ་དང་བྲལ་ཞིང་བསྟན་པའི་འབྱུང་ཁུངས་ཟླ་མེད་པ་ཡིན་ལ། བར་ཁམས་ཡང་གྲུབ་མཐའ་སྣ་ཚོགས་ཀྱི་ཆོས་ལུགས། སྟོབས་དང་ལོངས་སྤྱོད་གང་ངོས་ནས་དར་རྒྱས་ཆེ་བ་ལ་བལྟས་ན་ཨ་མདོ་ས་ཆ་དང་ཆོས་སྲིད་གང་ཐད་ནས་རྒྱ་ཆུང་བས་བྲི་རིན་མེད་པ་ལྟ་བུར་མཆིས་མོད། འོན་ཀྱང་པཎ་ཆེན་ག་ཡ་ངྷཱ་རས་དགེ་སྦྱོར་བྱེད་པ་ལ་རྒྱ་གར་ལས་བོད་འདི་ཆུ་བཟང་། སའི་བསིལ་དྲོད་སྙོམས། སྲོག་ཆགས་ཉུང་། ཟས་བཅུད་ཆེ་བས་ང་རྒྱ་གར་དུ་མི་འགྲོ། བོད་དུ་སྡོད་གསུངས་པ་བཞིན་མདོ་སྨད་འདི་ཡང་སྣོད་བཅུད་ཀྱི་ཆ་ནས་ཆོས་སྒྲུབ་པའི་གནས་དང་རྟེན་ཁྱད་པར་དུ་འཕགས་ཤིང་། ཁྲོ་ཕུ་ལོ་ཙཱ་པས་པཎ་ཆེན་ཤཱཀྱ་ཤྲཱ་སྤྱན་འདྲེན་གྱི་སྐབས་ཕུལ་བའི་ཞུ་ཡིག་ལས། མ་ག་ཧཱ་སོགས་རིག་འབྱུང་གནས་ན་སྡིག་ཏོ་ཡི།། དམག་ཚོགས་ཀྱིས་བཅོམ་ཨོ་རྒྱན་ཁ་ཆེ་བལ་ཡུལ་ཡང་།། ལོག་སྤྱོད་ཀྱིས་ཁེངས་དེང་སང་བསྟན་སྲོག་ལེགས་གནས་པ།། བོད་ཡུལ་འདིར་ཟད་སྐྱེས་ཆེན་བྱང་ཕྱོགས་ཞབས་བསྐྱོད་ཞུ།། ཞེས་པ་དེ་སྐབས་རྒྱ་བལ་ན་པཎྜིཏ་ཆེན་པོ་དུ་མ་བཞུགས་པས་བསྟན་པའི་འབྱུང་ཁུངས་སུ་བརྩི་དུས་ཡིན་ཡང་། བསྟན་པ་བྱང་ནས་བྱང་དུ་འཕོ་བའི་རྟེན་འབྲེལ་གྱིས་ལྗོན་ཤིང་ཡར་སྐྱེ་བཞིན་འཕེལ་སྐྱེད་བོད་ཆེ་བར་གསུངས་པ་དང་། ཁྲུས་ཁང་ལོ་ཙཱ་པ་བསོད་ནམས་རྒྱ་མཚོས་ཀྱང་། ལར་དུས་གསུམ་རྒྱལ་བའི་ཐུགས་རྗེ་དང་།། རྒྱལ་སྲས་པད་དཀར་ཞབས་དྲིན་ལས།། བོད་ཀྱི་ཡུལ་ཁམས་འདི་ཉིད་ཀྱང་། འཕགས་ཡུལ་དང་སྐལ་བ་མཉམཔ་སྙམ།། ཞེས་བསྔགས་པས་ཀྱང་དཔོག་ནུས་སོ།།དེས་ན་རྒྱལ་སྲས་ཕྱག་ན་པདྨའི་འདུལ་ཞིང་བོད་ཡུལ་གྱི་ནང་གསེས་བྱང་གཉིས་པ་མདོ་སྨད་ཀྱི་ལྗོངས་འདིར་ཡང་བསྟན་པའི་འཕེལ་རྒྱས་རིམ་གྱིས་བྱུང་བའི་ཚུལ་ནི་གང་བཤད་པར་བྱ་བའི་ཆོས་སོ།།
༄༅།། ཆོས་འབྱུང་རྣམ་ཐར་གྱི་ཐོ་བཀོད་པ་དང་སྦྲགས།
དེབ་ཐེར་འདི་བརྩམས་པའི་ལུང་ཁུངས་བསྟན་པ།
དེ་ལ་ཐོག་མར་བསྟན་པ་རིན་པོ་ཆེ་སྤྱི་དང་བྱེ་བྲག་གི་བྱུང་ཚུལ་བརྗོད་པ་ཆོས་འབྱུང་རྣམ་ཐར་གྱི་ཐོ་འགོད་པ་ནི། ༈ཆོས་རྒྱལ་སྲོང་བཙན་གྱི་བཀའ་ཆེམས་བཀའ་ཁོལ་མ། བསམ་ཡས་དཀར་ཆག་ཆེན་མོའམ་རྒྱལ་རབས་སྦ་བཞེད་ཆེ་འབྲིང་།ཁུ་སྟོན་བརྩོད་འགྲུས་གཡུང་དྲུང་གི་ལོ་རྒྱུས་ཆེན་མོའམ་ལོག་གནོན་ཆེན་མོར་གྲགས་པ༑ སྡེ་སྟོན་གྱི་ཆོས་འབྱུང་། ཡར་ལུང་ཇོ་བོའི་ཆོས་འབྱུང་། ཀུན་མཁྱེན་བུའི་བསྟན་པ་སྤྱིའི་ཆོས་འབྱུང་། དེབ་ཐེར་སྔོན་པོ། ཚལ་བའི་དེབ་དམར། སི་ཏུ་བྱང་ཆུབ་རྒྱལ་མཚན་གྱི་བཀའ་ཆེམས་དེབ་ཐེར།འཇའ་མོ་དགེ་སློང་གི་བསྟན་པ་སྤྱིའི་ཆོས་འབྱུང་། འབྲུག་པ་པདྨ་དཀར་པོའི་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད། དཔའ་བོ་གཙུག་ལག་པའི་ཆོས་འབྱུང་མཁས་པའི་དགའ་སྟོན།རྗེ་ལ་ནཱ་རོ་ཆོས་དྲུག་ཞུ་མཁན་སྤྱན་སྔ་ཉེར་གཉིས་པ་བསོད་ནམས་རྒྱལ་མཚན་གྱི་ཆོས་འབྱུང་མིག་འབྱེད་འོད་སྟོང་། ནེལ་པ་པཎྜི་ཏ་སྨོན་ལམ་ཚུལ་ཁྲིམས་ཀྱི་ཆོས་འབྱུང་། ཀམ་ཀམ་པ་དོན་གྲུབ་དཔལ་གྱི་ཆོས་འབྱུང་བསྟན་པ་རིན་པོ་ཆེའི་གསལ་བྱེད། དྭགས་པོ་འོད་ཟེར་སེང་གེའམ་དགེ་ཡེ་བ་ཚུལ་ཁྲིམས་སེངྒེའི་ཆོས་འབྱུང་། ཞོགས་སྟོན་མཚེ་མའི་ཆོས་འབྱུང་། ཤ་གཟུག་པ་བཀྲ་ཤིས་རྣམ་རྒྱལ་གྱི་ཆོས་འབྱུང་ཕན་བདེ་དཔག་བསམ་རབ་ཏུ་རྒྱས་པའི་འདོད་འཇོ། དགའ་ལྡན་ལྷོ་རོང་ཆོས་འབྱུང་། ཀློང་ཆེན་རབ་འབྱམས་པའི་ཆོས་འབྱུང་། རྒྱལ་སྲས་ཐུགས་མཆོག་རྡོ་རྗེའི་ཆོས་འབྱུང་རིན་ཆེན་གཏེར་མཛོད། ལས་ཆེན་ཀུན་རྒྱལ་པའི་བཀའ་གདམས་ཆོས་འབྱུང་ཆེན་མོ། དེའི་ཟུར་འདེབས་ཡང་གསལ་སྒྲོན་མེ། པཎ་ཆེན་ཡེ་ཤེས་རྩེ་མོའི་བཀའ་གདམས་ཆོས་འབྱུང་། བསོད་ནམས་ལྷ་དབང་གི་བཀའ་གདམས་ཆོས་འབྱུང་། བཀའ་གདམས་ཆོས་འབྱུང་ཡོད་ཀྱི་མཛེས་རྒྱན། མཁར་ནག་ལོ་ཙཱ་བའི་དགེ་ལྡན་ཆོས་འབྱུང་དཔག་བསམ་ལྗོན་པ། བེེ་སེར། ཀུན་མཁྱེན་དཀོན་མཆོག་འཇིགས་མེད་དབང་པོས་མཛད་པའི་དགེ་ལྡན་ཆོས་འབྱུང་རྩོམ་འཕྲོ། ཁྲི་རིན་པོ་ཆེ་འོད་ཟེར་པའི་ཆོས་འབྱུང་། མཁས་པ་ནོར་བུ་བཟང་པོའི་ཆོས་འབྱུང་། སྟག་ལུང་བྲག་པའི་དགའ་ལྡན་གདན་རབས། འདི་གསུམ་ཀུན་མཁྱེན་བླ་མས་ཚད་ཐུབ་མཛད། ཀུན་མཁྱེན་གོང་མའི་བསྟན་རྩིས་རེའུ་མིག་ཁྱད་འཕགས། ཐར་བ་ལྷུན་གྲུབ་རིན་ཆེན་གྱི་དགེ་ལྡད་ཆོས་འབྱུང་། མི་ཉག་རྡོ་རྗེ་བཟང་པོའི་སྐྱེ་བར་གྲགས་པ་ཚུལ་ཁྲིམས་མགོན་པོའི་དགའ་ལྡན་ཆོས་འབྱུང་དང་གསང་སྔགས་མཁར་གྱི་ཆོས་འབྱུང་། གཙང་བ་བདུན་བརྒྱུད་ཀྱི་དྲུག་པ་རྗེ་བློ་གྲོས་བསྟན་པའི་དགེ་ལྡན་ཆོས་འབྱུང་། ཞང་ཞུང་བཤེས་གཉེན་དཔལ་འབྱོར་བཟང་པོ། དགེ་བསྙེན་རྡོ་རྗེ་མགོན་པོ། ལི་ཐང་མཁན་པོ་བློ་བཟང་ཆོས་གྲགས་རྣམས་ཀྱིས་མཛད་པའི་ཆོས་འབྱུང་གསུམ། རྒྱ་དཀར་ནག་གི་ཆོས་འབྱུང་། རྒྱ་གར་གཙུག་ལག་ཁང་གི་ལོ་རྒྱུས། ཇོ་གདན་བསོད་ནམས་བཟང་པོ། ཆོས་ཀྱི་གྲགས་པ། ཁྲི་སྤྲུལ་བློ་བཟང་བསྟན་པའི་ཉི་མ་རྣམས་ཀྱི་སྨྱུང་གནས་བླ་བརྒྱུད་རྣམ་ཐར། དྲུང་པ་རྒྱལ་ཚབ་པ། པཎ་ཆེན་བློ་བཟང་ཡེ་ཤེས། དྭགས་རམས་པ་བློ་བཟང་ཆོས་གྲགས༑ གཟིམས་ཤག་མཁན་པོའི་སློབ་མ་ངག་དབང་ཆོས་གྲགས། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་རྣམས་ཀྱིས་མཛད་པའི་ལམ་རིམ་བླ་བརྒྱུད་རྣམ་ཐར། གྲུབ་ཆེན་བརྒྱད་ཅུའི་རྟོགས་བརྗོད། པཎ་ཆེན་ཆོས་རྒྱན་གྱི་དགེ་ལྡན་བཀའ་བརྒྱུད་རིན་པོ་ཆེའི་ཟབ་ལམ་བརྒྱུད་པའི་རྣམ་ཐར། སེར་སྨད་མཁན་པོ་གྲགས་པ་མཁས་གྲུབ་ཀྱི་དགའ་ལྡན་ཁྲི་རྣམ་ནོར་བུའི་ཕྲེང་བ་དང་། ཤར་རྩེའི་ཆོས་འབྱུང་། ལོ་ཆེན་ངྷཱརྨ་ཤྲཱིའི་སོ་ཐར་སྡོམ་རྒྱུན་གྱི་རྣམ་ཐར་ཉུང་གསལ་སྒྲོན་མེ། པཎ་ཆེན་བསོད་གྲགས་པ་དང་། ཡོངས་འཛིན་རྣམ་གཉིས་ཀྱི་འདུལ་བའི་ཆོས་འབྱུང་། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་དབུ་མའི་ཆོས་འབྱུང་། སྤྲུལ་སྐུ་བསོད་ནམས་ཡེ་ཤེས་དབང་པོའི་བསྟན་པ་སྤྱིའི་རྣམ་གཞག བུ་སྟོན་གྱི་བདེ་གསང་དུས་ཡོད་གི་ཆོས་འབྱུང་བཞི། རོང་ཊིཀ་པའི་རྣལ་འབྱོར་རྒྱུད་ཀྱི་ཆོས་འབྱུང་། ཆག་ལོ་གསུམ་པ་རིན་ཆེན་ཆོས་རྒྱལ་གྱི་དུས་འཁོར་ཆོས་འབྱུང་། གོ་རམས་པའི་བདེ་མཆོག་དང་ལམ་འབྲས་ཆོས་འབྱུང་། ཏཱ་ར་ནཱ་ཐའི་སྟོན་པ་དང་། གཏད་རབས་བདུན། བཀའ་བབས་བདུན་ལྡན་གྱི་རྣམ་ཐར་གསུམ། གསང་འདུས། དུས་འཁོར། འཇིགས་བྱེད། བདེ་མཆོག་རྣམས་ཀྱི་ཆོས་འབྱུང་དང་། རྒྱ་གར་ཆོས་འབྱུང་། གྲུབ་ཐོབ་གསེར་སྡིང་པས་མཛད་པའི་རིམ་ལྔའི་བླ་བརྒྱུད་རྣམ་ཐར་རྟོགས་པ་དོན་གྱི་ལོ་རྒྱུས། མཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ཀྱི་འཇིགས་བྱེད་ཆོས་འབྱུང་། ཀུན་མཁྱེན་འཇམ་དབྱངས་བཞད་པའི་འཇིགས་བྱེད་ཆོས་འབྱུང་ཆེན་མོ། གཙང་སྨྱོན་གྱི་བདེ་མཆོག་སྔོན་བྱུང་གི་ལོ་རྒྱུས། ཤར་འབུམ་ཆུ་པ་དཔལ་ལྡན་གྲགས་པའི་ཁྱུང་ནག་ཆོས་འབྱུང་། རྒྱ་སྟོན་ཀུན་དགའ་བརྩོན་འགྲུས་ཀྱི་འཇམ་དཀར་ཆོས་འབྱུང་། ཁྲོ་ཕུ་ལོ་ཙཱ་པའི་ཐུགས་རྗེ་ཆེན་པོའི་ཆོས་འབྱུང་། རྨུག་འཛིན་འཆོལ་བའི་ཆོས་འབྱུང་། གྲོང་ཁྱེར་ཤིང་ཐག་ཅན་གྱི་ལོ་རྒྱུས། ལྔ་པའི་ཡང་གསང་ཆོས་འབྱུང་། རྨུག་འཛིན་འཆོལ་བའི་ཆོས་འབྱུང་། གྲོང་ཁྱེར་ཤིང་ཐག་ཅན་གྱི་ལོ་རྒྱུས་དང་། ལྔ་པའི་ཡང་གསང་ཆོས་འབྱུང་། སོག་བཟློག་པ་བློ་གྲོས་རྒྱལ་མཚན་གྱི་ཕུར་བའི་ཆོས་འབྱུང་། རྣམ་སྲས་སྤྲིན་གསེབ་མ་དང་བེ་དཀར་ཨར་གཏད་ཀྱི་ཆོས་འབྱུང་། ཀརྨ་རང་བྱུང་རྡོ་རྗེའི་དོ་ཧའི་ཆོས་འབྱུང་། རིག་འཛིན་པདྨ་འཕྲིན་ལས་ཀྱི་འདུས་པ་མདོ་དབང་གི་བླ་བརྒྱུད་རྣམ་ཐར། སྒམ་སྨྱོན་ཕྱག་རྡོར་ནོར་བུའི་བྱང་གཏེར་བླ་བརྒྱུད་རྣམ་ཐར། ལ་སྟོད་ཤེས་རབ་མགོན་པོའི་བཀའ་བརྒྱུད་བླ་མ་རྣམས་ཀྱི་རྣམ་ཐར། ཞང་ཅོག་གྲུ་བླ་མ་སོགས་ཀྱི་ལོ་རྒྱུས་ཅོག་རབས་རིན་ཆེན་འཕྲིང་བ། སྤྱན་སྔའི་རི་ཆོས་འབྱུང་ཁུངས། སྐྱིད་སྨད་པ་ལུམ་པ་ཆོས་གྲགས་སམ་ཤེའུ་ལོ་ཙཱ་པ་ཀུན་དགའ་ཆོས་གྲགས་ཀྱི་གསུང་ངག་ཆོས་འབྱུང་། དཔལ་ལྡན་བླ་མའི་ལམ་འབྲས་བླ་བརྒྱུད་རྣམ་ཐར་ངོ་མཚར་སྣང་བ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དང་། མངའ་རིས་པ་ཚུལ་ཁྲིམས་འོད་ཟེར་གྱི་ལམ་འབྲས་ཆོས་འབྱུང་། མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་ལམ་འབྲས་ཆོས་འབྱུང་དང་བསྟན་རྩིས། འཇམ་དབྱངས་མཁྱེན་བརྩེའི་ལམ་འབྲས་གདམས་པའི་བྱུང་ཚུལ་གསང་ཆེན་བསྟན་པ་རྒྱས་བྱེད༑ ངོར་བ་དཀོན་མཆོག་ལྷུན་གྲུབ་ཀྱི་ཆོས་འབྱུང་བྱ་བྲལ་སངས་རྒྱས་ལྷུན་གྲུབ་ཀྱི་ཁ་སྐོང་ཅན།ཨ་མེས་ངག་དབང་ཀུན་བསོད་ཀྱི་གསུང་ངག་ཆོས་འབྱུང་། ས་སྐྱ་པ་ཀུན་དགའ་བསོད་ནམས་ཀྱི་བདེ་མཆོག མགོན་པོ། ལམ་འབྲས་ཀྱི་ཆོས་འབྱུང་གསུམ། ཤར་བ་བྱམས་པ་ཀུན་དགའ་བཀྲ་ཤིས་ཀྱི་མགོན་པོའི་ལོ་རྒྱུས། ལྕོག་བྱང་ཆུབ་དཔལ་ལྡན་པའི་རྣམ་ཐར་རགས་བསྡུས་ཆོས་སྐྱོང་ཆེན་པོའི་འབྱུང་ཁུངས་དང་བཅས་པ། སླེ་ལུང་གི་དམ་ཅན་རྒྱ་མཚོའི་རྟོགས་བརྗོད། ལྷོ་རོང་རྫོང་པ་རྟ་ཚག་ཚེ་དབང་རྒྱལ་བོའི་བཀའ་བརྒྱུད་ཆོས་འབྱུང་། སངས་རྒྱས་དར་བོ་དཔལ་བཟང་གི་བཀའ་བརྒྱུད་ཆོས་འབྱུང་། སི་ཏུ་བསྟན་པའི་ཉིན་བྱེད་ཀྱིས་སྟོད་ཆ་དང་། ཟུར་མང་གསུང་རབ་རྒྱ་མཚོས་སྨད་ཆ་བསྒྲིགས་པའི་བཀའ་རྒྱུད་ཆོས་འབྱུང་པོ་ཏ་གཉིས། ཞལ་སྔ་བཀའ་རྒྱུད་ཀྱི་ཆོས་འབྱུང་། སི་ཏུ་ཆོས་ཀྱི་དབང་ཕྱུག་གི་ཀརྨའི་ཆོས་འབྱུང་ཟུར་མང་ཀུན་ཁྱབ་ཀྱི་ཁ་སྐོར་བཅས། སྟག་ལུང་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་སྟག་ལུང་ཆོས་འབྱུང་ངོ་མཚར་རྒྱ་མཚོ། མྱང་སྟོད་སྨད་བར་གསུམ་གྱི་ཆོས་འབྱུང་དང་མྱང་ཡུལ་སྟོད་སྨད་ཀྱི་གནས་བཤད། རྒྱལ་རྩེའི་ཆོས་འབྱུང་། མི་ཉག་ཆོས་འབྱུང་། མི་ཉག་མཁས་པ་མི་ལྔའི་རྣམ་ཐར་རི་ཁུད་བླ་མ་ཤཱཀྱ་ཀུན་དགའ་མཛད་པ། སྤོ་ཆོས་འབྱུང་། ལྷ་མགོན་ཕུན་སུམ་ཚོགས་རྣམ་རྒྱལ་གྱི་རཱ་ལའི་ཆོས་འབྱུང་། འོལ་ཁའི་ཆོས་འབྱུང་དང་སྟོན་པའི་ཉན་ཐོས་ཀྱི་རྣམ་ཐར་མཁར་ནག་པ་རྡོ་རྗེ་ཚེ་བརྟན་གྱིས་མཛད་པ། གཅོད་ཀྱི་ལོ་རྒྱུས་འཁྲུལ་སེལ་སྒྲོན་མེ། གཡུ་ཐོག་གསར་རྙིང་གི་རྣམ་ཐར། གསོ་རིག་ཆོས་འབྱུང་ཤེས་བྱ་རབ་གསལ། བྱང་སྨ་ད་པ་བསོད་ནམས་ཡེ་ཤེས་རྒྱལ་མཚན་གྱི་གསོ་རིག་ཆོས་འབྱུང་པད་ཚལ་བཞད་པའི་ཉིན་བྱེད། རིན་ཆེན་སྟེང་བ་བློ་བཟང་རྒྱ་མཚོའི་གསོ་རིག་ཆོས་འབྱུང་དྲང་སྲོང་དགོངས་རྒྱན། ཚ་རོང་བའི་གསོ་རིག་ཆོས་འབྱུང་སྐལ་བཟང་འགྲོ་བའི་མྱུར་ལམ། ཟུར་མཁར་པའི་ཤེས་བྱ་སྤྱིའི་ཁོག་དབུབ། སྡེ་སྲིད་ཀྱི་གསོ་རིག་ཁོག་ཕུབ། དགའ་ལྡན་པ་རྗེ་ཡེ་ཤེས་ཐུབ་བསྟན་རྒྱ་མཚོས་མཛད་པའི་དགེ་ལྡན་ཆོས་འབྱུང་དང་ཤར་རྩེའི་ཆོས་འབྱུང་འཇམ་དཔལ་སྙིང་པོའི་དགོངས་རྒྱན་རབ་ཏུ་གསལ་བའི་མེ་ལོང་། བྱང་རྩེའི་ཆོས་འབྱུང་སྔོན་མེད་ལེགས་བཤད་མཐོང་བ་འཛུམ་ཤོར། མདོ་ཁམས་ཀྱི་ཆོས་འབྱུང་ངོ་མཚར་གཏམ་གྱི་སྒོ་བརྒྱ་འབྱེད་པའི་ལྡེའུ་མིག རུས་མཛོད་ལས་འཕྲོས་པའི་གཏམ་དུ་བསྙད་པ་མུ་ཏིག་འཁྲི་ཤིང་དང་ལྔ། ཧོར་ཁག་ལྔའི་ལོ་རྒྱུས། གྲུབ་ཆེན་སྐལ་ལྡན་རྒྱ་མཚོའ་མཛད་པའི་ཨ་མདོའི་ཆོས་འབྱུང་གི་སྡོམ་ཚིགས་བཅད་ལྷུག་གཉིས། ལི་ཀྱ་དཔོན་པོ་ཤེས་རབ་དཔལ་བཟང་གི་མདོ་སྨད་ཀྱི་རྟེན་རགས་རིམ་གྱི་དཀར་ཆག པཎ་ཆེན་གྱི་ཤམ་བྷ་ལའི་ཡུལ་གྱི་རྣལ་བཤད་འཕགས་ཡུལ་གྱི་རྟོགས་བརྗོད་དང་བཅས་པ་ངོ་མཚར་བྱེ་བའི་འབྱུང་གནས། རྒྱལ་སྲས་སྐལ་བཟང་ཐུབ་བསྟན་གྱིས་མཛད་པའི་ཆོས་རྒྱལ་རིགས་ལྡན་བྱུང་ཚུལ། བསྟན་པའི་གནས་ཚད་ལེགས་བཤད་གསལ་བའི་སྒྲོན་མེ། རྗེ་བླ་མ་དཀོན་མཆོག་རྒྱལ་མཚན་གྱིས་མཛད་པའི་རྒྱ་བོད་ཧོར་སོག་གི་ལོ་རྒྱུས། སྨིན་གྲོལ་སྤྲུལ་སྐུ་འཇམ་དཔལ་ཆོས་ཀྱི་བསྟན་འཛིན་འཕྲིན་ལས་ཀྱི་འཛམ་གླིང་སྤྱི་བཤད། གུང་མགོན་པོ་སྐྱབས་ཀྱི་རྒྱ་ནག་ཆོས་འབྱུང་དང་། དགྲ་བཅོམ་ལྔ་བརྒྱའི་ལོ་རྒྱུས། རྩེ་ལྔའི་བཀོད་པ་གསལ་བར་བྱེད་པ་ལྷུན་པོའི་རྒྱན་བྱང་གཞོན་བྱ་བས་མཛད་པ། དྭངས་བསིལ་དཀར་ཆག་ལྕང་སྐྱ་རོལ་བའི་རྡོ་རྗེའི་གསུང་ལྕང་ལུང་པཎྜི་ཏའི་ཁ་སྐོང་ཅན། ཀུ་ཤྲི་ཚེ་འཕེལ་གྱི་ཆེན་པོ་ཧོར་གྱི་རྒྱལ་རབས། གྲགས་པ་བཤད་སྒྲུབ་ཀྱི་རྒྱལ་རབས་དང་འབྲེལ་བའི་རྒྱ་བོད་ཀྱི་ཆོས་འབྱུང་དགོས་འདོད་ཀུན་འབྱུང་། སུམ་པ་མཁན་ཆེན་གྱི་ཆོས་འབྱུང་དཔག་བསམ་ལྗོན་པ། འཛམ་གླིང་སྤྱི་བཤད་ངོ་མཚར་གཏམ་སྙན། མཚོ་སྔོན་ལོ་རྒྱུས་ཚངས་གླུ་གསར་སྙན་གསུམ། ཐུའི་བཀྭན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་ཉི་མས་མཛད་པའི་བོད་ཀྱི་གྲུབ་མཐའི་བྱུང་ཚུལ་ཤེལ་དཀར་མེ་ལོང་། ཆོས་འབྱུང་བསྟན་པའི་རྒྱ་མཚོར་འཇུག་པའི་གྲུ་ཆེན་གྱི་སྟོད་ཆ་ངོར་བ་དཀོན་མཆོག་ལྷུན་གྲུབ་དང་། སྨད་ཆས་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པ། རྒྱལ་རབས་གསལ་བའི་མེ་ལོང་། འདི་ལྷ་སའི་དཀོན་གཉེར་དཔོན་ལེགས་པའི་ཤེས་རབ་ཀྱིས་ཀྱིས་མཛད་པ། རྒྱལ་རབས་གསལ་བའི་མེ་ལོང་། འདི་ལྷ་སའི་དཀོན་གཉེར་དཔོན་ལེགས་པའི་ཤེས་རབ་ཀྱིས་པར་དུ་བརྐོས་ཤིང་། བརྩམས་བྱང་ལས་ས་སྐྱ་པ་བསོད་ནམས་རྒྱལ་མཚན་ཟེར་བ་ཡོད། རྒྱལ་དབང་གི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་དང་། དེབ་ཐེར་རྫོས་ལྡན་གཞོན་ནུའི་དགའ་སྟོན་གཉིས། བེ་ཧུ་ཤཱཀྱ་བཟང་པོའི་དེབ་ཐེར་ཤོལ་དྲིལ་ཅན། པཎ་ཆེན་བསོད་ནམས་གྲགས་པའི་རྒྱལ་རབས་དང་བསྟན་རྩིས། ལྷ་བཙུན་ཚུལ་ཁྲིམས་བཟང་པོའི་རྒྱལ་རབས། སྤག་ཤོད་པ་རག་སྤྲུལ་སྐུའི་རྒྱལ་རབས། འཇམ་མགོན་ཀུན་བསོད། ས་ཆེན་བསོད་ནམས་རྩེ་མོ། ངོར་བ་དཀོན་མཆོག་ལྷུན་གྲུབ། ཆོས་རྗེ་ཉི་ལྡེ་པ། གཙང་བ་བྱམས་པ་རྡོ་རྗེ་རྒྱལ་མཚན། དམ་པ་ཀུན་དགའ་གྲགས། ཤར་བ་བྱམས་པ་ཀུན་དགའ་བཀྲ་ཤིས། ཤེས་རབ་རྡོ་རྗེ། སྟག་ཚང་ལོ་ཚ་ཙཱ་པ་རྣམས་ཀྱིས་མཛད་པའི་ས་སྐྱའི་གདུང་རབས། གློ་བོ་མཁན་ཆེན་གུ་གེ་ཆོས་དཔལ་བཟང་པོ། ཀྭན་ཏིང་ཀུ་ཤྲི་ནམ་མཁའ་བཟང་པོ་རྣམས་ཀྱིས་མཛད་པའི་ངོར་ཤར་བའི་གདུང་རབས་ལྔ། རྗེས་མ་འདིས་མཁས་གྲུབ་རིན་པོ་ཆེར་དགག་པའི་རྣམ་པ་ཞིག་ཕུལ་བའི་ལན་གསུང་འབུམ་ཐོར་བུར་བཞུགས། སྒམ་པོ་ཁྲི་གདུང་རྣམ་ཐར་བེཌཱུརྱའི་འཕྲེང་བ། བྲང་ཏིའི་གདུང་རབས། བློ་མཆོག་རྡོ་རྗེའི་རླངས་ཀྱི་གདུང་རབས། རླངས་པོ་ཏ་བསེ་རུར་གྲགས་པ། པཎ་ཆེན་བྱམས་པ་གླིང་པའི་ཡར་རྒྱབ་པའི་གདུང་རབས། རིན་སྤུངས་པའི་གདུང་རབས་མཁས་པ་དཀར་ཤག་པས་མཛད་པ། མདོ་དབང་རྣམ་ཐར་ཏུ་གྲགས་པ་ཟུར་ཆེ་ཆུང་གི་གདུང་རབས། སྡེ་བ་སྐྱིད་ཤོད་པའི་གདུང་རབས་སྟོད་ཆ་ཨ་ཁུ་བཀྲ་ཤིས་དང་། སྨད་ཆ་བཀའ་བློན་མདོ་མཁར་བ་ཚེ་རིང་དབང་རྒྱལ་གྱི་ཡབ་ཞབས་དྲུང་ངག་དབང་ཚངས་པའི་དབྱངས་ཀྱིས་བསྒྲིགས་པ། སྡེ་བ་ལྷ་རྒྱ་རི་བའི་གདུང་རབས། རྡོ་རིང་པཎྜི་ཏ་བསོད་ནམས་བསྟན་འཛིན་གྱི་བསྒྲིགས་པའི་རྡོ་རིང་གདུང་རབས། སྟག་ལུང་འོད་འཇོ་པ་ངག་དབང་བསྟན་པའི་ཉི་མས་བསྒྲིགས་པའི་རྭ་ཁ་ཤག་གི་གདུང་རབས། སྟག་ལུང་གདུང་རབས་ཞབས་དྲུག་ཚེ་རིང་དབང་རྒྱལ་དང་། སྟག་ལུང་འོད་འཇོ་བ་ངག་དབང་ཆོས་ཀྱི་དཔལ་འབྱོར་གྱིས་བསྒྲིགས་པ། ཞྭ་ལུ་སྐུ་ཞང་གི་གདུང་རབས། བྱམས་པ་ཀུན་དགས་བརྩམས་པའི་སྡེ་དགེའི་གདུང་རབས། འབྲི་གུང་ཆོས་འབྱུང་འབྲི་གུང་ཆེ་ཚང་བསྟན་འཛིན་པདྨའི་རྒྱལ་མཚན་གྱིས་མཛད་པ། འབྲི་གུང་གདན་རབས། ངོར་གྱི་གདན་རབས། ངོར་ཆེན་སངས་རྒྱས་ཕུན་ཚོགས་ཀྱི་ཁ་སྐོང་དང་བཅས་པ། ཉི་ཐང་སྨན་རྒྱལ་བའི་གསང་ཕུའི་གདན་རབས། ཧོར་སྤྲུལ་སྐུ་རབ་བརྟན་རྒྱ་མཚོས་བསྒྲིགས་པའི་སྒོ་མང་དང་། སྐྱོར་ལུང་ཆོས་འབྱུང་གཉིས་རྩོམ་འཕྲོ༑ དྭགས་པོ་གྲྭ་ཚང་གི་གདན་རབས་སྟོད་ཆ་གཟིམས་ཤག་མཁན་པོ་བློ་བཟང་མཁས་བཙུན་དང་། སྨད་ཆ་དེའི་སློབ་མ་ངག་དབང་ཆོས་གྲགས་ཀྱིས་མཛད་པ། ཕྱི་མ་འདིས་མཛད་པའི་འཆད་དཀར་ཆོས་སྡེའི་གདན་རབས། དྲུང་ཆེན་པའི་རྭ་བ་སྨད་ཀྱི་གདན་རབས་བསྟན་རྩ་ལག ཀུན་མཁྱེན་འཇམ་དབྱངས་བཞད་པའི་དངོས་སློབ་ཆབ་མདོ་པ་འཕགས་པ་རིན་པོ་ཆེས་མཛད་པའི་ཆབ་མདོའི་གདན་རབས། དཔོན་བཀྲ་ཤིས་རྒྱལ་མཚན་གྱི་ཡང་སྟེང་གདན་རབས། གསང་ཕུའི་གདན་རབས་ཞབས་དྲུང་རིན་ཆེན་འབྱོར་ལྡན་གྱིས་མཛད་པ། འཕྱོང་རྒྱས་རི་བོ་བདེ་ཆེན་དང་། གསེར་མདོག་ཅན་གྱི་གདན་རབས། བླ་མ་ལེགས་པ་ལ་སྐལ་བཟང་ཆོས་གྲགས་ཀྱིས་མཛད་པའི་མངའ་རིས་གྲྭ་ཚང་གི་གདན་རབས། དཔལ་ཞྭ་ལུ་པ་ཆེན་པོ་བློ་གསལ་བསྟན་སྐྱོང་གིས་མཛད་པའི་ཞྭ་ལུ་གསེར་ཁང་གི་གདན་རབས་ཆོས་འབྱུང་ངོ་མཚར་དད་པའི་འཇུག་ངོགས། བཀྲ་ཤིས་ལ་ལྷུན་པོའི་སྔགས་པ་གྲྭ་ཚང་གི་གདན་རབས་གུ་གེ་ཡོངས་འཛིན་བློ་བཟང་བསྟན་འཛིན་གྱིས་མཛད་པ། དེབ་དཀར་དུ་གྲགས་པ་སྔོན་གྱི་བཀའ་འགྱུར་དཀར་ཆག བཀའ་འགྱུར་དཀར་ཆག་ཉི་མའི་འོད་ཟེར་དང་། བཀའ་བསྟན་དཀར་ཆག་བསྟན་པ་རྒྱས་པ་གཉིས་བཅོམ་ལྡན་རིག་རལ་གྱིས་མཛད་པ། བུ་སྟོན་གྱི་ཞྭ་ལུའི་བསྟན་འགྱུར་དཀར་ཆག སྣེ་གདོང་དུ་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་བཞེངས་པའི་བསྟན་འགྱུར་དཀར་ཆག་ཐུགས་སྲས་རིན་ཆེན་རྣམ་རྒྱལ་གྱིས་མཛད་པ། སི་ཏུ་གཙུག་ལག་ཆོས་ཀྱི་སྣང་བའི་སྡེ་དགེའི་བཀའ་འགྱུར་དཀར་ཆག ཞུ་ཆེན་པ་ཚུལ་ཁྲིམས་རིན་ཆེན་གྱིས་བསྒྲིགས་པའི་བསྟན་འགྱུར་དཀར་ཆག དབུས་པ་བློ་གསལ་གྱི་བཀའ་བསྟན་དཀར་ཆག་དང་ཆོས་འབྱུང་། ཀློང་རྡོལ་བླ་མས་བྲག་ཡང་ཏུ་བཀའ་འགྱུར་བཞེངས་པའི་དཀར་ཆག ཡོངས་འཛིན་གྱི་བཀྲ་ཤིས་བསམ་གཏན་གླིང་གི་བཀའ་བསྟན་དཀར་ཆག་དང་། ཕུག་པོ་ཆེའི་དཀར་ཆག དགེ་རྩེ་སྤྲུལ་སྐུ་འགྱུར་མེད་ཚེ་དབང་མཆོག་གྲུབ་ཀྱི་རྙིང་མ་རྒྱུད་འབུམ་དཀར་ཆག སྣར་ཐང་བསྟན་འགྱུར་དཀར་ཆགས་བླ་མ་བྱམས་པའི་མཛད་བྱང་ཅན། ཀུན་མཁྱེན་འཇིགས་མེད་དབང་པོའི་སྡེས་མཛད་པའི་ཅོ་ནེའི་བསྟན་འགྱུར་དཀར་ཆག་ནོར་བུའི་ཕྲེང་བ། བླ་མ་བྱམས་པས་མཛད་པའི་གྲྭ་ས་ཆེན་པོ་བཞི་དང་རྒྱུད་སྟོད་སྨད་ཆགས་ཚུལ། ཀློང་རྡོལ་བླ་མས་མཛད་པའི་བསྟན་འཛིན་གྱི་སྐྱེས་བུ་དང་། བསྟན་པའི་སྦྱིན་བདག་བྱུང་ཚུལ། གསུང་འབུམ་དང་ཡིག་ཆ་མང་པོའི་མཚན་ཐོ། སྡེ་སྲིད་ཀྱི་ལྔ་པའི་གསེར་གདུང་དཀར་ཆག་ཤིན་ཏུ་རྒྱས་པ། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་མཛད་པའི་རྒྱལ་བ་སྐལ་བཟང་པའི་གསེར་གདུང་དཀར་ཆག སྟག་ཕུ་བློ་བཟང་ཆོས་ཀྱི་དབང་ཕྱུག་གི་སྔ་འགྱུར་བསྟན་པའི་གསལ་བྱེད་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱི་གསེར་གདུང་དཀར་ཆག པུར་ཚ་མེ་འཛིན་མའི་དཀར་ཆག ཡེར་བའི་དཀར་ཆག་བསྟན་པ་དར་རྒྱས་མ་དང་། ལྷ་ལུང་དཔལ་རྡོར་མ་གཉིས། བསམ་ཡས་དཀར་ཆག རྭ་སྒྲེང་དཀར་ཆག་འབྲོམ་མེ་ལྕེ་འཕྲེང་བས་བསྒྲིགས་པ་དང་མཛད་བྱང་མེད་པ་གཉིས། པོ་ཏ་ལའི་དཀར་ཆག ལྷ་སའི་དཀར་ཆག་ཤེལ་དཀར་མེ་ལོང་། ཕ་བོང་ཁའི་དཀར་ཆག་འཁོན་སྟོན་གྱིས་མཛད་པ། བཙུན་མོ་ཚུལ་གྱི་དཀར་ཆག གནས་ཆུང་དང་ལ་མོའི་དཀར་ཆག བཀྲས་ལྷུན་མཆོད་རྟེན་དཀར་ཆག ཐང་བོ་ཆེའི་དཀར་ཆག ཁྲ་འབུག་དཀར་ཆག ས་སྐྱའི་ནང་རྟེན་དཀར་ཆག་བསོད་ནམས་སེང་གེས་མཛད་པ། སྒོ་རུམ་མཁན་ཆེན་ཀུན་རིན་གྱི་ས་སྐྱའི་རྟེན་བརྟེན་པའི་དཀར་ཆག གུང་ཐང་གི་དཀར་ཆག་བདུད་རྩིའི་ཆུ་རྒྱུན་འཇོག་རི་ངག་དབང་བསྟན་འཛིན་འཕྲིན་ལས་ཀྱི་མཛད་པ། མུ་ལི་ལྷ་ཁང་གི་དཀར་ཆག སྤྲུལ་སྐུ་བློ་བཟང་བསྟན་འཛིན་མཐུ་སྟོབས་ཀྱི་དགོན་གསར་དགའ་ལྡན་ཆོས་འཕེལ་གླིང་གི་དཀར་ཆག ཞྭ་ལྷ་ཁང་གི་དཀར་ཆག་ཀློང་རམས་པས་མཛད་པ། རྒྱལ་ཐང་སུམ་རྩེན་གླིང་གི་དཀར་ཆག དཀར་ཤོད་ཆོས་འཁོར་དགོན་གྱི་དཀར་ཆག རི་བོ་བདེ་ཆེན་གྱི་དཀར་ཆག་དང་བླ་རབས། མཁར་རྡོ་བསམ་གཏན་གླིང་གི་བླ་རབས་མགུར་མ། འཕགས་པ་ལྷ་ཁང་སོགས་ཀྱི་རྟེན་ཐོ། ཞྭ་ལུསི་ཁ་སར་པ་ཎིའི་དཀར་ཆག བཀའ་བབས་གསུམ་གྱི་ཡོ་ག་དང་རྣམ་སྲས་དབྱངས་ཀྱི་དཀར་ཆག ཞྭ་ལུའི་ཆེ་བརྗོད། དཀྱིལ་འཁོར་གྱི་ཞལ་གྲངས། བུམ་ཆུ་རིན་པོ་ཆེ་བདྱུང་ཚུལ་གསུམ་རི་མཐིལ་དབུ་མཛད་ཆོས་དབང་བསྟན་པའི་རྒྱལ་མཚན་གྱིས་བསྒྲིགས་པ། ཆག་ལོའི་རྒྱ་གར་ལམ་ཡིག བལ་ཡུལ་གྱི་ལམ་ཡིག་ལྷ་མཐོང་ལོ་ཙཱ་པས་མཛད་པ༑ རྡོ་རྗེ་གདན་གྱི་ལམ་ཡིག ཨོ་རྒྱན་ལམ་ཡིག མན་ལུང་གུ་རུ་དང་། ཆོས་རྗེ་འབྱོར་ལྡན་གྲགས་པའི་ཤམྦྷ་ལའི་ལམ་ཡིག སྣ་ནམ་གྱི་བཙུན་པ་སྐལ་བཟང་ཆོས་ཀྱི་རྒྱ་མཚོ་བསོད་ནམས་དབང་པོ། བཅོམ་ལྡན་རིག་རལ། ཁྲིམས་ཁང་ལོ་ཙཱ་པ་བསོད་ནམས་རྒྱ་མཚོ། བོད་ཁམས་པ་རྣམས་ཀྱིས་མཛད་པའི་སྟོན་པའི་རྣམ་ཐར། འཁྲི་ཤིང་མེ་ཏོག་ཚིགས་བཅད་མ་དང་། གཏམ་རྒྱུད་དཔག་བསམ་འབྲས་བུ། འཁྲི་ཤིང་གི་འགྲེལ་བ་འདར་ལོས་མཛད་པ། བུ་སྟོན་གྱི་སངས་རྒྱས་རྣམ་ཐར་ཆེན་མོ། ཞྭ་དམར་གར་དབང་ཆོས་ཀྱི་དབང་ཕྱུག་གི་སྟོན་པའི་མཛད་པ་བཅུ་གཉིས་ཀྱི་རྟོགས་བརྗོད། དགེ་ཡེ་ཚུལ་ཁྲིམས་སེང་གེའི་སངས་རྒྱས་ཉན་ཐོས་བཅས་ཀྱི་རྣམ་ཐར། མདོ་མཁར་པ་ཚེ་རིང་དབང་རྒྱལ་གྱི་སངས་རྒྱས་ཀྱི་རྟོགས་པ་བརྗོད་པ་ལྔ་བརྒྱ་པ་སྐད་གཉིས་ཤན་སྦྱར། ཆག་ལོ། སྣར་ཐང་པ། ལྔ་བ་ཆེན་པོ། མཁར་ནག་ལོ་ཙཱ་པ། སྡིངས་པོ་ཆེའི་སྤྲུལ་སྐུ་ངག་དབང་སྙན་གྲགས་རྣམས་ཀྱི་གནས་བཅུའི་རྟོགས་བརྗོད། བཀའ་གདམས་ཕ་ཆོས་བུ་མཆན་མ། ཇོ་བོའི་རྣམ་ཐར་ཆེ་ཆུང་། ཟང་ཟིང་ནི་རིང་པ་འཆི་མེད་རབ་རྒྱས། ལྷུ་ལ་བཀའ་བཅུ་བ། ཇོ་གདན་བསོད་ནམས་ལྷུན་གྲུབ། ལེགས་བཟང་པ་༑ གནས་རྙིང་ཀུན་དགའ་བདེ་ལེགས། ཀུ་ཅོར་རྟོགས་ལྡན་པ། མངའ་རིགས་པ་ངག་དབང་འཇམ་དབྱངས་ཉི་མ་བསྟན་པའི་རྒྱལ་མཚན། སྨར་ཁམས་འོད་ཟེར་བླ་མ་དཀོན་མཆོག་རྒྱལ་མཚན། མཁས་པ་ཤེས་རབ་རིན་ཆེན། རྟ་ཚག་རྗེ་དྲུང་ངག་དབང་ཆོས་ཀྱི་དབང་ཕྱུག གསེར་ཁང་ཆོས་རྗེ་གུ་ན་མ་ཏི། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། འབྲུག་རྒྱལ་དབང་སྤྲུལ་སྐུ་རྣམས་ཀྱིས་མཛད་པའི་རྗེའི་རྣམ་ཐར། བྲག་སྒོ་རབ་འབྱམས་པ་ཕུན་ཚོགས་རྒྱལ་མཚན་གྱི་རྗེའི་རྣམ་ཐར་དང་། སངས་རྒྱས་ཀྱི་རྣམ་ཐར་རྒྱས་པ། གུང་རུ་རྒྱན་བཟང་གི་རྟོགས་བརྗོད་འདུན་ལེགས་མའི་ཊིཀྐ། བྲག་ཡབ་བློ་བཟང་བསྟན་པས་མཛད་པའི་རྗེ་ཡབ་སྲས་གསུམ་གྱི་རྣམ་ཐར། མཁས་གྲུབ་རྗེའི་རྣམ་ཐར་ཆོས་ལྡན་རབ་འབྱོར། སེ་ར་རྗེ་བཙུན་པ། བདེ་ལེགས་ཉི་མ་རྣམས་ཀྱིས་མཛད་པ། གཙང་སྟོན་ཀུན་དགའ་རྒྱལ་མཚན་དང་། བློ་གྲོས་རིན་ཆེན་སེང་གེ་གཉིས་ཀྱིས་མཛད་པའི་འཇམ་དབྱངས་ཆོས་རྗེའི་རྣམ་ཐར། པྲ་ཏི་དགེ་བཤེས་ཀྱི་བྱམས་ཆེན་ཆོས་རྗེའི་རྣམ་ཐར་ཚིགས་བཅད་མ། བ་སོ་ཆོས་རྒྱན་གྱི་རྣམ་ཐར་འབྲོང་རྩེ་ལྷ་བཙུན་གྱིས་མཛད་པ། རྗེ་ཤེས་རབ་སེང་གེའི་རྣམ་ཐར་ནོར་བུའི་དོ་ཤལ། རྗེ་དགེ་འདུན་གྲུབ་ཀྱི་རྣམ་ཐར་པཎ་ཆེན་ཡེ་ཤེས་རྩེ་མོ་དང་། ལས་ཆེན་ཀུན་རྒྱལ་པས་མཛད་པ། རྗེ་དགེ་འདུན་རྒྱ་མཚོའི་རྣམ་ཐར་རང་རྩོམ། ཡང་དེ་ཉིད་ཀྱི་རྣམ་ཐར་དཔག་བསམ་ལྗོན་ཤིང་གཡང་བ་ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་གྱིས་མཛད་པ་ལྷ་རྗེ་དཀོན་མཆོག་སྐྱབས་ཀྱི་ཁ་སྐོང་བཅས་དང་། པཎ་ཆེན་བསོད་གྲགས་པས་མཛད་པའི་རྣམ་ཐར། རྒྱལ་བ་བསོད་ནམས་རྒྱ་མཚོའི་རྣམ་ཐར་སྐལ་ལྡན་ཤིང་རྟ་དང་། དགུང་ལོ་བཅོ་ལྔ་པ་ཡན་གྱི་རྣམ་ཐར་ཚིགས་བཅད་མ། ཡང་དེ་ཉིད་ཀྱི་རྣམ་ཐར་རྒྱལ་དབང་ལྔ་པ། མཁར་ནག་པ། གཞུ་ཁང་པ་དགེ་ལེགས་ལྷུན་གྲུབ། དྲུང་ཡིག་འཇམ་སྲས་པ་རྣམས་ཀྱིས་མཛད་པ། རྒྱལ་བ་ཡོན་ཏན་རྒྱ་མཚོའི་རྣམ་ཐར་གཞུ་ཁང་པ་དང་། མཁར་ནག་ལོ་ཙཱ་པས་མཛད་པ། ཟུར་ཆོས་དབྱིངས་རང་གྲོལ་དང་། སྨོན་འགྲོ་འཇམ་དབྱངས་དབང་རྒྱལ་རྡོ་རྗེས་མཛད་པའི་ལྔ་པ་ཆེན་པོའི་རྣམ་ཐར། དེ་ཉིད་ཀྱི་འཁྲུངས་རབས་རྣམ་ཐར་བདུད་རྩིའི་ཐིགས་པ་ཕ་བོང་ཁ་པ་འཇམ་དབྱངས་གྲགས་པས་མཛད་པ། སྡེ་སྲིད་ཀྱི་དུ་ཀཱུ་ལའི་ཁ་སྐོང་པོཏ་གསུམ་དང་༑ ཚངས་རྣམ་གསེར་གྱི་སྙེ་མ། དར་རྒྱས་ནོ་མོན་ཧན་གྱི་ཚངས་དབྱངས་པའི་རྣམ་ཐར། རྒྱལ་དབང་བདུན་པའི་རྣམ་ཐར་ལྕང་སྐྱ་རོལ་བའི་རྡོ་རྗེས་མཛད་པ། རྟ་ཚག་རྗེ་དྲུང་གིས་མཛད་པའི་རྒྱལ་བ་འཇམ་དཔལ་རྒྱ་མཚོའི་རྣམ་ཐར་འཛམ་གླིང་མཐའ་གྲུ་ཡངས་པའི་རྒྱན། རྒྱལ་དབང་ལུང་རྟོགས་རྒྱ་མཚོ་འཁྲུལ་མེད་ངེས་པ་རྙེད་པའི་ལོ་རྒྱུས་འཕྲིན་ལས་ཉིན་བྱེད་འདྲེན་པའི་སྐྱ་རེངས། དེའི་རྣམ་ཐར་དད་པའི་ཡིད་འཕྲོག་དེ་མོ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོས་མཛད་པ། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པའི་དབེན་ས་པ་སོགས་མཁས་གྲུབ་ཆེན་པོ་གསུམ་གྱི་རྟོགས་བརྗོད་། དགེ་ལྡན་དཀའ་རྒྱུད་རིན་པོ་ཆེའི་ཟབ་ལམ་བརྒྱུད་པའི་རྣམ་ཐར་མདོར་བསྡུས། རྗེ་ཉིད་ཀྱི་གསང་རྣམ་བ་སོ་སྤྲུལ་སྐུ་ལ་གནང་བ་དང་། འོད་ཟེར་སྐུ་སྐྱེ་ལ་གནང་བའི་འཁྲུངས་རབས། རྣམ་ཐར་རྒྱས་པ་མཁར་ནག་ལོ་ཙཱ་པས་མཛད་པ། རྟོགས་བརྗོད་སྙན་ངག་དབྱངས་ཅན་ངག་གི་རོལ་མཚོ་ཁ་སྐོང་དང་བཅས་པ། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་རྣམ་ཐར་དཔོན་ཚང་དགེ་འདུན་དོན་གྲུབ་ཀྱིས་མཛད་པ། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་རྣམ་ཐར་ཉི་མའི་འོད་ཟེར། པཎ་ཆེན་བསོད་གྲགས་པའི་རང་རྣམ་མགུར་མ་དང་བྱ་བྲལ་ལྷ་དབང་རྒྱ་མཚོས་མཛད་པའི་རྣམ་ཐར་ངོ་མཚར་རྨད་བྱུང་རོལ་རྩེད། གཙང་ནག་པས་མཛད་པའི་ཆ་བ་ཆོས་སེང་གི་རྣམ་ཐར་དད་པའི་འོད་ཟེར་ཕྱོགས་བརྒྱར་འའགྱེད་པ། ཁ་ཆེའི་པཎ་ཆེན་ཤཱཀྱ་ཤྲཱིའི་རྣམ་ཐར། ལོ་ཆེན་རིན་ཆེན་བཟང་པོའི་རྣམ་ཐར་དེའི་སློབ་མ་མངའ་རིས་ཁྲི་སྟེང་བ་ཤྲཱི་ཛྙཱ་ནས་བཀོད་པ་དང་། རྟོགས་བརྗོད་ཞང་ཞུང་ཆོས་དབང་གྲགགས་པས་མཛད་པ། འུ་ཡུག་པའི་རྭ་ལོའི་རྣམ་ཐར་དད་པའི་འོད་ཟེར་ཕྱོགས་བཅུར་འཕྲོ་བ་དང་། རྭ་ཡེ་ཤེས་སེང་གེས་མཛད་པ་ལྷན་ཐབས་དང་བཅས་པ། སློབ་དཔོན་པདྨའི་རྣམ་ཐར་ཏཱ་ར་ནཱ་དང་། སྔགས་འཆང་ཀུན་རིན་གྱི་སྲས་བསོད་ནམས་དབང་བོས་མཛད་པ། པདྨ་བཀའ་ཐང་ཚིགས་བཅད་ལྷུག་གཉིས། པག་ཤི་གནས་བརྟན་གྱི་ཀླུ་མེའི་རྣམ་ཐར། པག་ཤི་གནས་བརྟན་གྱི་ཀླུ་མེའི་རྣམ་ཐར། ཞྭ་དམར་བཞི་པ་ཆོས་ཀྱི་གྲགས་པས་མཛད་པའི་ཁྲིམས་ཁང་ལོ་ཙཱ་པ་བསོད་ནམས་རྒྱ་མཚོའི་རྣམ་ཐར་དང་། དེའི་བསྟོད་ཆེན། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་རོང་ཊིཀ་པའི་རྣམ་ཐར། ས་སྐྱ་པཎྜི་ཏའི་རྟོགས་བརྗོད་སྐལ་བ་བཟང་པོའི་ལེགས་ལམ། དེ་ཉིད་ཀྱི་སློབ་མ་ལྷོ་པ་རིན་ཆེན་དཔལ། ཆོས་རྒྱལ་འཕགས་པ། འུ་ཡུག་པ་རིགས་པའི་སེང་གེ རིན་སྤུངས་ངག་དབང་འཇིགས་གྲགས་རྣམས་ཀྱིས་མཛད་པའི་ས་པཎ་གྱི་རྣམ་ཐར། འཕགས་པའི་རྣམ་ཐར་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པ། གཉག་སྙིང་པོ་རྒྱལ་མཚན་གྱི་ཚོགས་སྒོམ་རིན་པོ་ཆེའི་རྣམ་ཐར། དཀར་བོ་བྲག་པའི་རང་རྣམ་དང་། དེས་མཛད་པའི་ཉན་ཆེན་བསོད་ནམས་བརྟན་པའི་རྣམ་ཐར། དགེ་སློང་དཔལ་ལྡན་གྱི་ཞང་དཀོན་མཆོག་དཔལ་པའི་རྣམ་ཐར། བློ་བརྟན་གྱི་ན་བཟའ་བྲག་ཕུག་པའི་རྣམ་ཐར། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་རྣམ་ཐར་དཔལ་ལྡན་ཚུལ་ཁྲིམས་དང་ལོ་ཆེན་བྱང་ཆུབ་རྩེ་མོས་མཛད་པ་གཉིས། བུངྔྷ་ཤྲཱིའི་རྣམ་ཐར་ངོར་བས་མཛད་པ། རི་ཁྲོད་པ་བློ་བརྟན་གྱི་རྣམ་ཐར་དཔལ་ལྡན་ཚུལ་ཁྲིམས་ཀྱིས་མཛད་པ། གུང་རུ་ཤེར་བཟང་གི་མུས་ཆེན་དཀོན་མཆོག་རྒྱལ་མཚན་གྱི་རྣམ་ཐར། རྗེ་མུས་པའི་རྣམ་ཐར་རྒྱས་པ་ངོ་མཚར་རྒྱ་མཚོ་ཁ་སྐོང་བཅས་བསོད་ནམས་སེང་གེས་མཛད་པ། གོ་རམས་པའི་རྣམ་ཐར། ཚར་ཆེན་གྱིས་མཛད་པའི་བདག་ཆེན་བློ་གྲོས་རྒྱལ་མཚན། རྡོ་རིང་བ། རྗེ་བཙུན་སྡིངས་མ་པ་ཆེན་པོ་རྣམས་ཀྱི་རྣམ་ཐར། བྱ་བྲལ་སངས་རྒྱས་ཕུན་ཚོགས། གུ་གེ་དཔོན་པོ་ནམ་མཁའ་བློ་གསལ། ཆོས་དཔལ་བཟང་པོ་རྣམས་ཀྱིས་མཛད་པའི་ངོར་བ་ཀུན་བཟང་གི་རྣམ་ཐར། ངོར་པའི་རྣམ་ཐར་མུས་ཆེན་གྱིས་མཛད་པ། འཇམ་མགོན་ཀུན་བསོད་པའི་རྟོགས་བརྗོད་ངོ་མཚར་རྒྱ་མཚོའི་རྦ་རླབས་དང་ཁ་སྐོང་དད་པའི་ཆུ་རྒྱུན། ཚར་ཆེན་རྣམ་ཐར་ལྔ་བས་མཛད་པ། ཚར་ཆེན་ལམ་གླུ། འཇམ་དབྱངས་མཁྱེན་བརྩེའི་རང་རྣམ་ཐུན་མོང་དང་ཐུན་མོང་མ་ཡིན་པང་དབང་ཕྱུག་རབ་བརྟན་གྱི་ཁ་སྐོང་ཅན། སྔགས་འཆང་ཀུན་རིན་པའི་རྣམ་ཐར་ངོ་མཚར་རྒྱ་མཚོ། བཞད་པ་མཁྱེན་བརྩེས་མཛད་པའི་སྒོ་རུམ་པ་ཀུན་དགའ་ལེགས་པའི་རྣམ་ཐར། རེད་མདའ་བའི་རྣམ་ཐར་མངའ་རིས་པ་བསོད་ནམས་རྩེ་མོ་དང་། འདུལ་འཛིན་གྲགས་པ་རྒྱལ་མཚན་གྱིས་མཛད་པ། བུ་སྟོན་རྣམ་ཐར་རིན་ཆེན་ཕྲེང་བ། དེའི་རྟོགས་བརྗོད་ཁྲོ་ཕུ་བསོད་ནམས་སེང་གེས་མཛད་པ། སྙེ་མོ་སྐུ་ཞང་ཆོས་རྗེའི་རྣམ་ཐར་དུས་ཞབས་པ་ཤཱཀྱ་དབང་ཕྱུག་གིས་མཛད་པ། སྐུ་ཞང་བསོད་ནམས་མཆོག་གྲུབ་ཀྱི་རྣམ་ཐར་གྲྭ་ལྔ་རྡོ་རྗེས་མཛད་པ། ཞྭ་ལུ་ཆོས་རྗེ་རིན་ཆེན་མཁྱེན་རབ་མཆོག་གྲུབ་ཀྱི་རྣམ་ཐར་མཐོང་བ་དོན་ལྡན་དང་། ཁ་སྐོང་སྐལ་བཟང་གདུལ་བྱའི་གཉེན། སྐྱོག་སྟོན་རིག་འཛིན་རྒྱལ་པོའི་རྣམ་ཐར་སྐྱོག་སྟོན་བསོད་ནམས་རྒྱལ་མཚན་གྱིས་མཛད་པ། པཎ་ཆེན་འབུམ་ཕྲག་གསུམ་རིན་ཆེན་ཆོས་དབང་དང་། སྐྱོག་སྟོན་རིན་ཆེན་བཀྲ་ཤིས་རྒྱལ་མཚན་གྱིས་མཛད་པའི་ཞྭ་ལུ་ལོ་ཙཱ་པ་ཆོས་སྐྱོང་བཟང་པོའི་རྣམ་ཐར། ཡང་དེ་ཉིད་ཀྱི་རྣམ་ཐར་ཚིགས་བཅད་བྱང་བ་ལོ་ཆེན་རཏྣ་བྷ་དྲས་མཛད་པ། མར་མི་རས་ཆུང་གི་རྣམ་མགུར། མི་ལའི་རྣམ་ཐར་མཛོད་ནག་མ། དཔོན་པོ་བསོད་ནམས་ལྷུན་གྲུབ་ཟླ་འོད་རྒྱལ་མཚན་གྱིས་མཛད་པའི་སྒམ་པོའི་རྣམ་ཐར། ཚལ་བ་སི་ཏུ་དགེ་བློའི་བླ་མ་ཞང་གི་རྣམ་ཐར། བདེ་གཤེགས་ཕག་མི་གྲུ་པའི་རྣམ་ཐར་ཆོས་སྒོ་པ་བསོད་ནམས་དཔལ་གྱིས་མཛད་པ། གཙང་བ་རྒྱ་རས་ཀྱི་རྣམ་ཐར་དད་པའི་རླབས་ཕྲེང་དང་མགུར་འབུམ། གཙང་སྨྱོན་ཧེ་རུ་ཀ་དང་ལོ་རས་ཀྱི་རྣམ་ཐར་རྒོད་ཚང་པས་མཛད་པ༑ སྟག་ལུང་མ་ཐང་གི་རྣམ་ཐར་མུ་ཏིག་ཕྲེང་བ། སྟག་ལུང་ངག་དབང་རྣམ་རྒྱལ་གྱི་འཁྲུངས་རབས་རྣམ་ཐར༑ འབའ་ར་བ་རྒྱལ་མཚན་བཟང་པོའི་རྣམ་མགུར། འབའ་རའི་རྒྱུད་འཛིན་ངག་དབང་ཡེ་ཤེས་ཀྱི་རྣམ་ཐར་ཆོས་དབྱིངས་རྡོ་རྗེས་མཛད་པ། ཞྭ་དམར་གར་དབང་ཆོས་ཀྱི་དབང་ཕྱུག་གི་རྟོགས་བརྗོད་འདོད་འཇོའི་བ་མོ༑ དོལ་བོ་པ་ཤེས་རབ་རྒྱལ་མཚན་གྱི་རྣམ་ཐར་ཉིད་ཀྱི་སློབ་མ་འགའ་རོང་བ་དང་། ཞྭ་ལུ་ལོ་ཙཱ་པས་མཛད་པ༑ ཕུར་ལྕོག་སྐུ་ཚ་དཀའ་བཅུ་བྱམས་པ་བློ་གྲོས་ཀྱིས་མཛད་པའི་འཕགས་པ་ལྷ་རིམ་བྱོན་གྱི་རྣམ་ཐར། ཞྭ་ལུང་ལོ་ཙཱ་པའི་དཔང་ལོའི་རྣམ་ཐར། བློ་བརྟན་གསུམ་པའི་རྣམ་ཐར་དབོན་པོ་ལོ་ཆེན་བྱང་ཆུབ་རྩེ་མོས་མཛད་པ། ལོ་ཆེན་བྱང་རྩེའི་རྣམ་ཐར་ཞྭ་ལུ་གྲགས་པ་རྒྱལ་མཚན་གྱིས་མཛད་པ། དེའི་དབོན་པོ་བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱི་རྣམ་ཐར་ངོ་མཚར་དགའ་སྟོན། ཡང་དེ་ཉིད་ཀྱི་རྣམ་ཐར་ངག་དབང་མ་དང་། དབོན་ཡིག་པ་དཀོན་མཆོག་རྒྱལ་མཚན་གྱི་ཟིན་བྲིས་མ། ཀུན་དགའ་གྲོལ་མཆོག་གི་འཁྲུངས་རབས་རྣམ་ཐར། མང་ཐོས་ཀླུ་སྒྲུབ་པའི་སྐྱིད་གཤོང་བ་སངས་རྒྱས་འོས་ཟེར་གྱི་རྟོགས་བརྗོད། སྙེ་མདོ་ཐམས་ཅད་མཁྱེན་པ་ཀུན་དགའ་དོན་གྲུབ་ཀྱི་རྣམ་ཐར་སློབ་དཔོན་ཧཱུཾ་ཀ་རས་མཛད་པ། རྒྱལ་ཁང་རྩེ་པ་དཔལ་འབྱོར་རྒྱ་མཚོའི་རྣམ་ཐར་ཆོས་རྗེས་སྐུ་སྐྱེ་ཚེ་རིང་མགོན་པོས་མཛད་པ་སོགས་གསུམ། ཡང་དགོན་པའི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར། དྲན་མཆོག་དོན་ཡོད་རྒྱལ་མཚན་གྱི་རྣམ་ཐར་ཡབ་རྗེ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པ། རྗེའི་སློབ་མ་སྨར་ཁམས་པ་གྲགས་པ་བཟང་པོའི་རྣམ་ཐར་སྟག་ཚང་ལོ་ཙཱ་པ་དང་། པཎ་ཆེན་ཆོས་རྒྱལ་གྱིས་མཛད་པ། བློ་གྲོས་རིན་ཆེན་གྱི་སེམས་དཔའ་ཆེན་པོ་དཔལ་ལྡན་སེང་གེའི་རྣམ་ཐར། སེ་ར་རྗེ་བཙུན་པའི་གནས་རྙིང་ཀུན་དགའ་བདེ་ལེགས་ཀྱི་རྣམ་ཐར༑ སེམས་དཔའ་ཆེན་པོ་གཞོན་དུ་རྒྱལ་མཆོག་གི་རྣམ་ཐར་མུས་ཆེན་གྱིས་མཛད་པ། རིན་ཆེན་ཚུལ་ཁྲིམས་ཀྱིས་མཛད་པའི་འབྲོང་རྩེ་ལྷ་བཙུན་གྱི་རྣམ་ཐར། འབྲོམ་སེང་གེ་རྒྱལ་མཚན་གྱི་རྟོགས་བརྗོད་སྟག་ལོས་མཛད་པ༑ སྤོས་ཁང་བློ་བཟང་མཆོག་གྲུབ་ཀྱི་ཐང་སག་པ་དངོས་གྲུབ་རྒྱ་མཚོའི་རྣམ་ཐར། དེ་མོ་སྤྲུལ་སྐུ་དབང་རྒྱལ་དོན་གྲུབ་ཀྱི་རང་གི་སྐྱེ་རབས་དྲང་ཐིག་གསལ་བར་སྟོན་པའི་མེ་ལོང། འོལ་ཁ་བློ་བཟང་འཕྲིན་ལས་ཀྱི་རང་རྣམ་མཁས་པའི་དགའ་སྟོན་དང་། དགེ་རྒན་འོལ་ཁ་པ་ཟངས་རི་དམ་ཆོས་རྒྱལ་མཚོའི་རྣམ་ཐར་ངོ་མཚར་རོལ་མོ། རྗེ་དྲུང་སྤྲུལ་སྐུ་དགེ་འདུན་ཆོས་རྒྱལ་དབང་ཕྱུག་གི་རྣམ་ཐར་གྲུབ་དབང་དགྱེས་པའི་རོལ་མཚོ། གཙང་བ་ཡེ་ཤེས་དཔལ་འབྱོར་གྱི་རྣམ་ཐར་མཚོ་སྣ་རྒོད་རྩེ་སྤྲུལ་སྐུས་བསྒྲིགས་པ། སེར་བྱེས་བླ་ཟུར་བྱམས་ཆེན་མཁན་པོ་བློ་བཟང་ནོར་བུའི་རྣམ་ཐར་དད་པའི་སྒོ་འབྱེད་བྱིན་རླབས་ཀྱི་རོལ་མཚོ། སྐལ་ལྡན་རྒྱ་མཚོའི་སྐྱིད་ཤོད་བསྟན་འཛིན་བློ་བཟང་རྒྱ་མཚོའི་རྣམ་ཐར། ལྕང་སྐྱ་རོལ་པའི་རྡོ་རྗེས་མཛད་པའི་རྭ་སྒྲེང་ཁྲི་ཆེན་གྱི་རྣམ་ཐར། རྟ་ཚག་རྗེ་དྲུང་བློ་བཟང་བསྟན་པའི་མགོན་པོའི་རྣམ་ཐར་འབྲུག་རྒྱལ་དབང་སྤྲུལ་སྐུས་བསྒྲིགས་པ། ན་ཁ་པ་ཐར་པའི་རྒྱལ་མཚན་གྱི་རྣམ་ཐར་ཟུང་འཇུག་རིན་ཆེན་འདྲེན་པའི་ཤིང་རྟ་ཉིད་ཀྱི་སློབ་མ་དྭགས་ཟུར་བློ་བཟང་མཁས་བཙུན་གྱིས་མཛད་པ་དང་། རྣམ་ཐར་བསྡུས་པ་བིཀྵུག་ག་སྭ་ག་རས་མཛད་པ། འཇོག་རི་པོ་རང་རྣམ་དྭངས་ཤེལ་ནོར་བུའི་འཕྲེང་བ། མུ་ལི་བཙུན་ར་དགེ་བཤེས་བློ་གྲོས་བསྟན་འཛིན་གྱི་རྣམ་ཐར་རང་རྩོམ། གཟིམས་ཤག་མཁན་པོའི་རྣམ་ཐར་དེའི་སློབ་མ་དྲུང་རམས་པ་ངག་དབང་ཆོས་གྲགས་ཀྱིས་མཛད་པ། སྡིངས་པོ་ཆེ་བ་ངག་སྙན་གྲགས་ཀྱི་རྣམ་ཐར་ཕུག་མོ་ཆེ་བས་མཛད་པ། དབུས་སྨྱོན་ཀུན་དགའ་བཟང་པོའི་རྣམ་ཐར་སྟོད་ཆ་གཉུག་ལ་པཎ་ཆེན་ངག་དབང་གྲགས་པ་དང་། སྨད་ཆ་ལྷ་མཐོང་ལོ་ཙཱ་པས་མཛད་པ། གཟིམས་ཤག་མཁན་པོའི་སློབ་མ་མཁའ་སྤྱོད་བླ་མ་ངག་དབང་བསྟན་པ་དར་རྒྱས་ཀྱིས་མཛད་པའི་གཟིམས་ཤག་ལྷོ་པ་མཁན་པོའི་རྣམ་ཐར་དང་། ཡེར་པ་ཕུན་ཚོགས་རྒྱ་མཚོའི་རྣམ་ཐར། ཡང་ཡེར་པ་བའི་གསང་རྣམ་དང་མགུར་འགྲེལ་ཁྱད་འཕགས༑ སྟག་ཕུ་ཀུ་ཤྲི་དཔལ་ལྡན་དོན་གྲུབ་ཀྱི་རྣམ་ཐར་འབྲུག་པ་ཀུན་ལེགས་ཀྱི་སྤྲུལ་སྐུའི་ཁ་སྐོང་ཅན། འབྲུག་པ་ཀུན་ལེགས་ཀྱི་རང་རྣ། འབྲུག་པ་དང་དབང་རྣམ་རྒྱལ་གྱི་རྣམ་ཐར་ཆོས་ཀྱི་སྤྲིན་ཆེན་པོའི་དབྱངས། འབྲུག་པ་པད་དཀར་གྱི་རྣམ་ཐར་རང་རྩོམ་ཐུགས་རྗེ་ཆེན་པོའི་ཟློས་གར་དང་། སངས་རྒྱས་རྡོ་རྗེས་མཛད་པའི་རྣམ་ཐར་ཁ་སྐོང་སོགས་འབྲུག་པ་རིམ་བྱོན་ལ་རྣལ་ཐར་པོ་ཏ་རེ་རེ། སྤྱན་སྔ་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་སངས་རྒྱས་རིན་ཆེན་སྒང་པ་ཁུ་དབོན་གྱི་རྣམ་ཐར། ལྔ་པའི་ཟུར་ཆེན་གྱི་རྣམ་ཐར། དོན་གྲུབ་རྒྱལ་པོའི་གཏེར་སྟོན་རཏྣ་གླིང་པའི་རྣམ་ཐར། ཀརྨ་དུས་གསུམ་མཁྱེན་པའི་རྣམ་ཐར་རེའུ་མིག་མ་གཞོན་ནུ་བྱང་ཆུབ་ཀྱིས་མཛད་པ། སྒང་ལོ་ཙཱ་པས་མཛད་པའི་རྣམ་ཐང་གསེར་གླིང་མ། ར་ག་ཨ་སྱེའི་རྣམ་ཐར་པོཏ་གཅིག ལྷ་རྩེ་ངག་དབང་བཟང་པོའི་རྣམ་ཐར་ངག་དབང་སངས་རྒྱས་རྡོ་རྗེས་ཟིན་བྲིས་སུ་བཏབ་པ། ངག་དབང་བསོད་ནམས་དབང་ཕྱུག་གི་རྣམ་ཐར་སྲས་ངག་དབང་ཀུན་དགའ་བཀྲ་ཤིས་ཀྱིས་མཛད་པ། འཇམ་དབྱངས་ཆོས་རྗེའི་དངོས་སློབ་ཀོང་པོ་ཟ་ཡུལ་པ་རིན་ཆེན་རྣམ་རྒྱལ་གྱི་རྣམ་ཐར་པད་དཀར་ཆུན་པོ་ཉིད་ཀྱི་སློབ་མ་ཚུལ་ཁྲིམས་བཟང་པོས་མཛད་པ། མི་ཉག་རྒྱུད་ཟུང་བློ་བཟང་རིན་ཆེན་གྱི་རྣམ་ཐར་རང་རྩོམ་མཇུག་མ་ཚང་བ། སྟག་ལུང་ཞབས་དྲུང་ངག་དབང་བཀྲ་ཤིས་དཔལ་གྲུབ་ཀྱི་རྣམ་ཐར་རྒྱས་པ་པོཏ་གཅིག དཀྱིལ་ཁང་དཔོན་སློབ་གུ་གེ་བརྩོན་འགྲུས་རྒྱལ་མཚན་གྱི་རྣམ་ཐར་རྒྱལ་སྲས་བློ་བཟང་བསྟན་འཛིན་གྱིས་མཛད་པ་དང་། འཕྱོར་རྒྱས་པཎྜི་ཏ་བློ་བཟང་བསྟན་འཕེལ་གྱིས་མཛད་པ་གཉིས། ལྷ་རྩེ་ཡེ་ཤེས་བསྟན་འཛིན་གྱི་རྣམ་ཐར་རྣམ་གྲོལ་འབྲས་བཟང་གྲུབ་པའི་དགའ་སྟོན། དྭགས་ཉག་རིག་རལ་གྱི་སྤྲུལ་སྐུ་ཨེ་ལུམ་པ་བྱམས་པ་བསྟན་པའི་རྟོགས་བརྗོད་རང་རྩོམ་དཔག་བསམ་འཁྲི་ཤིང་། རྗེ་བཀྲ་ཤིས་རྣམ་རྒྱལ་པའི་རྣམ་ཐར་ངོ་མཚར་རྒྱ་མཚོ་ཀརྨ་འཕྲིན་ལས་ཀྱིས་མཛད་པ། འབྲུག་རྒྱལ་དབང་སྤྲུལ་སྐུའི་རྣམ་ཐར་རང་རྩོམ། སྟག་ཕུ་གར་དབང་ཆོས་ཀྱི་དབང་ཕྱུག་གི་རང་རྣམ་དྭངས་ཤེལ་མེ་ལོང། རྒྱལ་རོང་པ་རོང་སྟོན་ཤཱཀྱ་རྒྱལ་མཚན་གྱི་རྣམ་ཐར་ནམ་མཁའ་དཔལ་བཟང་དང་། ཤཱཀྱ་མཆོག་ལྡན་གྱིས་མཛད་པ་གཉིས། ཀུན་མཁྱེན་གྱི་བླ་མ་ཨེ་གཟིམས་ཤག་པ་བློ་བཟང་མཁས་བཙུན་གྱི་རྣམ་ཐར་དྲུང་རམས་པ་ངག་དབང་ཆོས་གྲགས་དང་། མཁའ་སྤྱོད་པ་ངག་དབང་བསྟན་པ་དར་རྒྱས་ཀྱིས་མཛད་པ་གཉིས། དཔོན་སློབ་དབུ་མཛད་ཆོས་འཕེལ་རྒྱལ་མཚན་གྱིས་བསྒྲིགས་པའི་བདེ་ཆེན་པ་ཡེ་ཤེས་སྦྱིན་པའི་རྣམ་ཐར་སྐལ་བཟང་རྣ་བའི་བདུད་རྩི་ཏམྦུ་རའི་སྒྲ་དབྱངས། མི་ཉག་ལྷ་འབྲི་སྟོན་པ་ཤེས་རབ་རྡོ་རྗེའི་རྣམ་ཐར་དེའི་སློབ་མ་རྒྱལ་རོང་པ་རོང་སྟོན་བློ་གྲོས་མཚུངས་མེད་ཀྱིས་མཛད་པ་འཕྲོ་ཅན། མི་ཉག་ལྷ་འབྲི་སྟོན་པ་ཤེས་རབ་རྡོ་རྗེའི་རྣམ་ཐར་དེའི་སློབ་མ་རྒྱལ་རོང་པ་རོང་སྟོན་བློ་གྲོས་མཚུངས་མེད་ཀྱིས་མཛད་པ་འཕྲོ་ཅན། ཤེའུ་ལོའི་སྤྱན་སྔ་དག་དབང་ཆོས་གྲགས་རྒྱལ་མཚན་གྱི་རྣམ་ཐར་རྩོམ་འཕྲོ། ཁྲི་ངག་དབང་ཆོས་འཕེལ་གྱི་རྣམ་ཐར་རང་རྩོམ་དགེ་ལྡན་རིང་ལུགས་རྒྱས་བྱེད་དཀར་ཆེན་དགེ་ལེགས་རྒྱལ་མཚན་གྱི་ཁ་སྐོང་བཅས། ཁྲི་བྱང་ཆུབ་ཆོས་འཕེལ་གྱི་རྣམ་ཐར་དགེ་ལྡན་བསྟན་པའི་མཛེས་རྒྱན་མཁན་སྤྲུལ་བློ་བཟང་འཕྲིན་ལས་རྣམ་རྒྱལ་གྱིས་མཛད་པ། ཏཱ་ར་ནཱ་ཐའི་གྲུབ་ཆེན་བུངྔྷ་གབ་ཏ་དང་༑ སློབ་དཔོན་སྤྱོད་འཆང་དབང་པོའི་རྣམ་ཐར། རིན་ཆེན་རྣམ་རྒྱལ་གྱི་རྒྱལ་དབང་ཆོས་རྗེ་ཀུན་དགའ་དཔལ་འབྱོར་གྱི་རྣམ་ཐར་ངོ་མཚར་བདུད་རྩིའི་ཐིགས་པ། གཡུ་བྲག་པ་ཞང་བརྩོན་འགྲུས་གྲགས་པའི་རང་རྣམ་དགེ་སློང་ཤེས་རབ་གྲུབ་པའི་ངོར་གནང་བ། རྣམ་ཐར་བསམ་ཡས་བཀའ་རྒྱ་མ་ལེ་ཚན་གཉིས། གསང་སྔགས་རྡོ་རྗེ་ཐེག་པའི་རྣམ་ཐར་གསང་ལམ་རྡོ་རྗེ་ཐེག་པའི་སྦས་པ་བཀའ་རྒྱ་མ། ཀོང་པོ་ཆོས་མཛད་བགྲེས་པ་སྐལ་བཟང་བསྟན་འཛིན་གྱི་རྣམ་ཐར་ངོ་མཚར་འབུམ་ཕྲག་འཆར་བའི་དྭངས་ཤེལ་ཆོས་མཛད་གཞོན་པ་ཡེ་ཤེས་བརྩོན་འགྲུས་ཀྱིས་མཛད་པ། མང་ཐོས་ཀླུ་སྒྲུབ་པའི་རང་རྣམ། མདོ་མཁར་པ་མེ་ཏྲི་དོན་གྲུབ་རྒྱལ་མཚན་གྱི་རྣམ་ཐར་སྤྱན་སྔ་མི་ཕམ་ཆོས་རྒྱ་མཚོས་མཛད་པ། ཡོལ་བླ་ཆེན་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་གཞོན་ནུ་བློ་གྲོས་ཀྱི་རྣམ་ཐར། སྔགས་འཆང་བསོད་ནམས་ཆོས་འཕེལ་གྱི་རྣམ་ཐར་རང་རྩོམ་མཆོད་དཔོན་དཀོན་མཆོག་རྡོ་རྗེའི་ཁ་སྐོང་བཅས། བསླབ་གསུམ་རྒྱལ་མཚན་གྱི་རྣམ་ཐར་དབང་ཕྱུག་རབ་བརྟན་གྱིས་མཛད་པ། ལྔ་པ་ཆེན་པོས་མཛད་པའི་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། བཀའ་འགྱུར་པ་མགོན་པོ་བསོད་ནམས་མཆོག་ལྡན། ཞྭ་ལུ་པ་རིན་ཆེན་བསོད་ནམས་མཆོག་གྲུབ་གསུམ་གྱི་རྣམ་ཐར། གྲུབ་ཆེན་ཀུན་དགའ་བློ་གྲོས་ཀྱི་རྣམ་ཐར་འཇམ་དབྱངས་དཀོན་མཆོག་བཟང་པོས་མཛད་པ། ལྷོ་བྲག་ཕྱག་རྡོར་བས་མཛད་པར་གྲགས་པའི་སྔགས་འཆང་ཀུན་བློའི་རྣམ་ཐར། ཡོན་བདག་བཀྲ་ཤིས་སྐྱིད་དང་། ནམ་མཁའི་ཆོས་གྲགས་ཀྱི་སྐྱེ་རྒྱུས། ཤུད་བུའི་ཞལ་ངོ་འགའ་ཞིག་གི་སྐྱེས་རབས་ལུང་བསྟན། རྗེ་རང་གི་རྣམ་ཐར་ཕྱི་ནང་གསང་གསུམ། ཕྱིའི་རྣམ་ཐར་བདུད་རྩིའི་ཕྲེང་བ་འབྲིང་པོ། ཕྱིའི་རྣམ་ཐར་གདུང་རབས་དང་བཅས་པ། རྣམ་ཐར་སྐྱེས་རབས་བསྡུས་པ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་གྲུབ་དབང་བློ་བཟང་རྣམ་རྒྱལ་གྱི་རྣམ་ཐར་ཐུབ་བསྟན་མཛེས་རྒྱན་དང་གསང་རྣམ། གནས་བརྟནབཅུ་དྲུག་དང་སེང་གེ་བཟང་པོའི་རྟོགས་བརྗོད། རྒྱལ་བ་འཇམ་དཔལ་རྒྱ་མཚོས་མཛད་པའི་ཡོངས་འཛིན་རྣམ་ཐར་ཐུབ་བསྟན་པདྨོ་འབྱེད་པའི་ཉིན་བྱེད་དང་། གསོལ་འདེབས་གསང་རྣམ་དང་འབྲེལ་བ། སྟག་ཕུ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་རང་གི་སྐྱེས་རབས་ཕན་བདེའི་ལྗོན་པ་བསྐྱེད་པའི་ས་བོན། རྟ་ཚག་རྗེ་དྲུང་བློ་བཟང་བསྟན་པའི་མགོན་པོས་མཛད་པའི་ཀློང་རྡོལ་བླ་མའི་རྣམ་ཐར་རྒྱལ་སྲས་སྤྱོད་པའི་མཛེས་རྒྱན་དང་། འཁྲུངས་རབས་སྟག་ཕུས་མཛད་པ། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་མཛད་པའི་གནས་བཅུའི་རྟོགས་བརྗོད། བླ་མ་བྱམས་པའི་རྣམ་ཐར། རྗེ་བློ་བཟང་བཟོད་པའི་རྣམ་ཐར་ངོ་མཚར་དཔག་མེད་གསུམ། ངག་དབང་ཆོས་གྲགས་ཀྱི་རྣམ་ཐར་ངག་དབང་བསོད་ནམས་ཀྱིས་མཛད་པ། ཏྲི་བོ་བློ་བཟང་ནོར་བུའི་རྣམ་ཐར་དེའི་སློབ་མ་སེ་ར་རྒྱལ་བྱེད་ཁམ་ཚན་གྱི་རིགས་རམས་པ་ཞིག་གིས་བསྒྲིགས་པ། ཞིབ་ལྷ་གོང་མ་འཕགས་པ་དགེ་ལེགས་རྒྱལ་མཚན་གྱིས་མཛད་པའི་དེ་མོ་ངག་དབང་འཇམ་དཔལ་གྱི་རྣམ་ཐར། ཕོ་གང་བཀའ་འགྱུར་པ་བློ་བཟང་ཆོས་འཕེལ་གྱི་རྣམ་ཐར་བསྟན་པའི་མཛེས་རྒྱན། ཆོས་མཛད་བློ་བཟང་བཀྲ་ཤིས་ཀྱིས་བསྒྲིགས་པའི་ཀེའུ་ཚང་བླ་མ་རྣམ་གྲོལ་གྱི་རྣམ་ཐར། པཎ་ཆེན་ཤནྟི་བ་བློ་གྲོས་རྒྱལ་མཚན་གྱི་རྣམ་ཐར་རྟོགས་བརྗོད་སྙན་ངག་ཕན་བདེའི་འབྱུང་གནས་མངའ་རིས་ཞང་ཞུང་པ་ངག་དབང་བསོད་ནམས་རྒྱ་མཚོས་མཛད་པ། གཙུག་ལག་ཆོས་ཀྱི་སྣང་བའི་རང་ཚུལ་དྲང་པོར་བརྗོད་པ་དྲི་བྲལ་ཤེལ་གྱི་མེ་ལོང་ཀརྨ་ཀུན་ཁྱབ་ཀྱི་ཁ་སྐོང་ཅན། ཡང་དེ་ཉིད་ཀྱི་རྟོགས་བརྗོད་སྙན་ངག་ཡིད་འོང་ལྕུག་ཕྲན་གཞོན་དུ་ཀརྨ་ངེས་ལེགས་ཀྱིས་བསྒྲིགས་པ༑ གཞུང་ཤེས་དཔོན་དྲུ་ང་པ་ཚེ་བརྟན་གྱིས་བསྒྲིགས་པའི་གཏམ་རྒྱུད་ལྷ་མི་དགྱེས་པའི་རོལ་མོ། ཟླ་འོད་གཞོན་ནུའི་གཏམ་རྒྱུད་ལྕང་གྲོང་པ་སྐལ་བཟང་འཕྲིན་ལས་དབང་ཕྱུག་གིས་བསྒྲིགས་པ། ཞབས་དྲུང་མདོ་མཁར་པ་ཚེ་རིང་དབང་རྒྱལ་གྱིས་བསྒྲིགས་པའི་གཞོན་ནུ་ཟླ་མེད་ཀྱི་རྟོགས་བརྗོད་དང་། མི་དབང་རྟོགས་བརྗོད་འཇིག་རྟེན་ཀུན་ཏུ་དགའ་བའི་གཏམ། རི་བོ་བདེ་ཆེན་པ་འབྲས་སྤུངས་དགེ་བཤེས་ཡར་འབྲོག་པར་གྲགས་པ་ལེགས་བཤད་རྒྱ་མཚོའི་རྒྱལ་རབས་ལོ་རྒྱུས་མེས་པོའི་དྲང་ཐིག གོང་དཀར་བ་དཔོན་སློབ་པོ་ཏ་ལ་པ། ལྷོ་བྲག་མཁར་ཆུ་པ་དགེ་སློང་བློ་བཟང་ལྷ་མཆོག རྟ་ནག་མཁན་ཆེན་བྲག་ཡབ་པ་བཟང་པོ་རྒྱལ་མཚན་། རྩེ་དང་ལས་ཆེན་གྱི་སློབ་མ་ཀུན་དགའ་རྒྱལ་མཚན། དགེ་བཤེས་གྲྭ་བ། འགྲོ་མགོན་བསོད་ནམས་རྒྱལ་མཚན། རྡོ་རྗེ་གདན་པ་ཀུན་དགའ་རྒྱལ་མཚན། རྗེ་དྲུང་བསོད་ནམས་དབང་བོ། མཁའ་འགྲོ་མ་བསོད་ནས་དཔལ་འདྲེན། དགེ་བཤེས་སྟོད་ལུང་པ། གྲུབ་དབང་དཔལ་འབྱོར་བཟང་པོ། འཕགས་པ་སངས་རྒྱས། ཡོངས་འཛིག་ངག་དབང་ཀུན་དགའ་ལྷུན་གྲུབ། ཞྭ་དམར་ལྔ་པའི་སློབ་མ་ཁྱབ་བདག་གྲུབ་མཆོག་དབང་པོ། ཁམ་འབྲོག་ལུང་པ་བློ་བཟང་རིན་ཆེན། གླང་ཐར་པ་བྲག་ཡག་བྱ་བཏང་རིན་ཆེན་ཕུན་ཚོགས། ཧོར་ཚང་ཆོས་རྗེ་ངག་དབང་ཕུན་ཚོགས། འབྲི་དཔོན་ལྷ་རྒྱལ་གྱི་རྒྱུད་པ་བླ་མ་ཆོས་འབུམ། སྐྱིད་གྲོང་བླ་མ་དགེ་བཤེས་བློ་བཟང་ཆོས་འཁོར། ས་བཟང་བླ་མ་ངག་དབང་བསྟན་འཛིན། ཀློང་ཆེན་གསུམ་པ་འཇིགས་མེད་གླིང་པ་མཁྱེན་བརྩེ་འོད་ཟེར། སྔགས་ཆེན་བློ་བཟང་ཆོས་འཕེལ། མཁར་རྡོ་བཟོད་པ་རྒྱ་མཚོ། བློ་བཟང་འཕྲིན་ལས་དབང་པོ། མོ་ལྷ་པ་དགའ་ལྡན་བྱང་རྩེ་ཕུན་ཚོགས་རྒྱ་མཚོ། ཀརྨའི་ཉེ་བ་ཡོར་གཤིས་པ་བྱང་སེམས་ཤེས་རབ་བཟང་པོ། ཁྱུང་པོ་ཟླ་ཐང་ངམ་རྒྱང་ཤོད་དིལ་མགོ་པ་སེར་བྱེས་པོ་ཏི་བླ་མ་རྗེ་དྲུང་ཤེས་རབ་དབང་པོ། དྭགས་པོ་འབྲུམ་མདའ་པ་བཀྲ་ཤིས་རྣམ་རྒྱལ། ཐང་སག་མཁན་པོ་རྩེ་དང་བ་དངོས་གྲུབ་རྒྱ་མཚོ། མི་ཉག་རི་ཁུད་བསམ་གྲུབ་ཆོས་གླིང་གི་མཁན་པོ་གཙང་གསེར་མདོག་ཅན་དང་ཉེ་བ་དཀར་བོ་བྲག་པ་འཇམ་དབྱངས་བསམ་འགྲུབ་བཟང་པོ། སྤོས་སྟོད་ཤཱཀྱ་ཀུན་དགའ་སྤྲུལ་སྐུ་ཤཱཀྱ་དར་རྒྱས། སྤོས་དཀར་དཔོན་སློབ་བློ་བཟང་མཆོག་གྲུབ། དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས། བླང་གླང་མཁན་པོ་རས་ཆེན་ཟླ་བ་རྒྱལ་མཚན། པཎ་ཆེན་ཡེ་ཤེས་རྩེ་མོ། ཁྲ་ཚང་པ། གསེར་ཁང་ཆོས་རྗེ་གུ་ཎ་མ་ཏི། ཨེ་ཅུང་དགའ་མཐོ་ཡོར་བ་རྒྱུད་སྨད་བླ་མ་དང་དབུ་མཛད་བྱམས་པ་ཆོས་ལྡན། སྔགས་ཆེན་རྡོ་རྗེ་འཆང་བློ་བཟང་བསྟན་འཛིན་དཔལ་འབྱོར་རམ་འཇམ་དབྱངས་སྨོན་ལམ། རྒྱལ་རྩེ་རབ་བརྟན་ཀུན་བཟང་འཕགས་རྣམས་ཀྱི་རྣམ་ཐར། གཞན་ཡང་མི་ཉག་གི་མཁས་པ་རེ་རེར་རྣམ་ཐར་པོ་ཏི་རེ་རེ་དང་། ཞི་འཕགས་སྐུ་ཕྲེང་། བྲག་ཡབ་ཆེ་ཆུང་སྐུ་ཕྲེང་། རྒྱལ་སྲེས་སྐུ་ཕྲེང་སོགས་ཀྱི་རྣམ་ཐར་པོཏ་ལོངས་པ་དུ་མ་བཞུགས་ཤིང་། འདི་དག་ནི་རང་གི་མཐོང་ཐོས་ཀྱི་ཡུལ་དུ་གྱུར་བ་རགས་རིམ་བཀོད་པ་ཡིན་ལ་འགའ་ཞིག་འོག་ཏུ་འབྱུང་ངོ།། ཆོས་འབྱུང་དང་རྣམ་ཐར་གྱི་ཐོ་བཀོད་པའི་སྐབས་སོ།།།།