དམུ་དགེའི་ཁེ་ཚང་བླ་མ་རིམ་བྱོན།
ཁེ་ཚང་བླ་མ་རིན་པོ་ཆེ་ནི། རྒྱལ་རོང་སྒོམ་ཆེན་པའི་ཡང་སྤྲུལ་ཡིན། རྒྱལ་རོང་བླ་མ་སྒོམ་ཆེན་པ་ནི་ཀརྨ་ཆགས་མེད་ཀྱི་དངོས་སློབ་སྒོམ་ཆེན་རྣམ་གསུམ་གྱི་ཡ་གྱལ་ཡིན། ཁོང་གིས་ཁྲོ་ཆུའི་སྟོད་དུ་ཕེབས་ནས་ས་སྟོད་དགོན་པ་བཏབ། །
སྐུ་ཕྲེང་དང་བོ། བློ་གྲོས་རྒྱ་མཚོ།
[རྩོམ་སྒྲིག]དེའི་ཡང་སྤྲུལ་ཞིག་དམུ་དགེའི་ཁེ་ཚང་སང་ཞེས་པའི་ཁྱིམ་ཆེན་ཞིག་ལ་འཁྲུངས། དེ་འཁྲུངས་པའི་སྔ་ལྟས་སུ་མཆོད་ཁང་ནང་དུ་དུས་གསུམ་སངས་རྒྱས་ཀྱི་སྐུ་ཡོད་པའི་མར་མེ་མཛད་ཀྱི་ཐུགས་ཀ་ནས་མེ་ཏོག་ཆེན་པོ་རྒྱ་མེན་ལྟ་བུ་ཞིག་འཁྲུངས། དེ་རྗེས་སྤྲུལ་སྐུ་བློ་གྲོས་རྒྱ་མཚོ་འཁྲུངས་ནས། སོ་མང་རྒྱལ་བོའི་སྐུ་ཚབ་དང་། ས་སྟོད་དགོན་པ་འོངས་ནས་སྤྲུལ་སྐུ་བླུ་རྒྱུ་བཤད་པས། ཕ་རྒན་གྱིས། བུ་བཙོང་དགོས་དོན་མེད་ཟེར་ནས་བླུ་ཁ་མ་གཏད། དེ་ནས་གྱོད་བཤད་དེ། དམུ་དགེའི་དགོན་དུ་གྲྭ་སར་འཇོག་རྒྱུ་བྱས་ནས་གྲྭ་སར་ཞུགས། དེ་ནས་ཁེ་ཚང་བླ་མ་ཞེས་མཚན་སྙན་གྲགས། ཁྲིམས་ཆོས་མཛད་བསོད་ནམས་བཀྲ་ཤིས་བླ་མར་བསྟེན་ནས་ཆོས་བཀའ་མང་བོ་ཞུས། བྲག་ར་དགོན་སྤོར་རྒྱུ་སོགས་ཞབས་འདེགས་བླ་ན་མེད་པ་བསྒྲུབས་པས་བླ་མའི་ཐུགས་མཉེས། རང་དགོན་གྱི་ཁྲིར་བཞུགས། ས་སྟོད་ཀྱི་དགོན་པ་ཡང་སྐྱོང་བཀུར་མཛད། བསྡུས་གྲྭའི་དཔར་ཤིང་སྨོན་ཚིག་ཀྱང་ཁོང་གིས་མཛད་པ་ཡིན་འདུག ཆོས་སྐྱོང་རང་འཁོར་དུ་ཡོད་ཟེར། ཕྱིས་སུ་ཁམས་དཔལ་ཡུལ་དུ་བྱོན། འཚམས་རྟགས་ལ་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཁྱེར་ནས་ཕུལ། ཆོས་བཀའ་འགའ་ཞིག་གསན། ཕྱིར་ཕེབས་ནས་ས་སྟོད་དགོན་དང་། རང་དགོན་དམུ་དགེ་བཞུགས་ནས་འདས།
སྐུ་ཕྲེང་གཉིས་པ། འཇམས་དབྱངས་མཁས་གྲུབ་རྒྱ་མཚོ།
[རྩོམ་སྒྲིག]དེའི་སྤྲུལ་སྐུ་འཇམས་དབྱངས་མཁས་གྲུབ་རྒྱ་མཚོ་ནི་བྱམས་མེར་འཁྲུངས། ཚ་ཆེན་སོ་མང་ཚང་དང་། དམུ་དགེ་དགོན། བྲག་ར་དགོན་གསུམ་གྱིས་གྲོས་ཐོག་ནས་བླུས་ཏེ་གདན་སར་བཀོད། དམུ་དགེ་བཀྲ་ཤིས་འཁོར་ལོ་དགོན་གྱི་ཆོས་གྲྭར་ཞུགས། ཡིག་ཆ་རྣམས་ཐུགས་འཛིན་གནང་སྟེ་སློབ་གཉེར་མཐའ་ཆོད་པ་གནང་བའི་མཁས་པ་ཆེན་པོར་གྱུར། རང་དགོན་གྱི་ཁྲི་ཐོག་པ་བླ་ཁོ་བླ་སར་འཇམ་དབྱངས་རྒྱ་མཚོ་སོགས་བླ་མར་བསྟེན་ནས་ཆོས་བཀའ་དུ་མ་གསན། རྟ་མགྲིན་གསང་སྒྲུབ་ཀྱི་བསྙེན་མཚམས་ལ་བཞུགས་པས། དམ་སྲི་འགའ་ཞིག་གི་སྐེད་པ་བཅད་པའི་ཉམས་སྣང་ཤར་གསུངས། སྐུ་ཞབས་ཤིང་བཟའ་རིན་པོ་ཆེའི་མདུན་ནས་མི་ཏྲ་རྡོར་ཕྲེང་སོགས་གསན། དེ་ནས་དཔལ་ཡུལ་དུ་ཕེབས། དཔལ་སྤྲུལ་སྐལ་བཟང་རྒྱ་མཚོ་རྩ་བའི་བླ་མར་བསྟེན་ཏེ། ཕུར་བ་ཡང་གསང་སོགས་ཆོས་མང་བོ་ཞུས། གཞན་དཔལ་ཡུལ་བླ་མ་གཞན་དང་། འཇམ་དབྱངས་མཁྱེན་བརྩེའི་དབང་བོའི་མདུན་ནས་བཀའ་ཆོས་མང་བོ་གསན། གསན་ཡིག་དེབ་བཞི་ཙམ་ཡོད། སྔ་འགྱུར་གྱི་གསན་ཡིག་གི་རྒྱབ་ཤོག་ལ།
- གསང་སྔགས་སྔ་འགྱུར་ཐེག་པ་ཡི།།
- སྨིན་གྲོལ་ཆ་ཙམ་མནོས་པའི་ཐོ། །
ཞེས་བྲིས་ཡོད། ཕྱག་བྲིས་ཤིན་ཏུ་ལེགས། དཔལ་ཡུལ་དུ་ལན་གཉིས་བྱོན། ཕྱིར་ཕེབས་ནས་དགུ་ཁོག་ཏུ་འབྲོག་རུ་བྱས་ནས་བཞུགས། སྐྱབས་གནས་པ་མང་བོ་འདུས་པས་དགུ་རུ་མ་ཞེས་འབྲོག་སྡེ་ཆེན་པོ་ཁྱིམ་བརྒྱ་ལྷག་ཡོད། ཁྲོ་ཆུའི་སྨད་དུ་སོ་མང་རྒྱལ་བོའི་སྐུ་ཚབ། ངར་རྩདང་། ནང་སོ་སྤུན་གཉིས་དབང་ཐང་ཆེན་པོར་གྱུར་ནས། མི་སེར་ལ་མནར་གཅོད་དང་། དགེ་རྙིང་གི་དགོན་པ་བཅུ་གསུམ་མེད་པར་བཏང་། བླ་སྤྲུལ་རྣམས་ལ་གྲུབ་རྟགས་སྟོན་བཅུག ཧ་མཐའ་སྤྲུལ་སྐུས་མེ་མདའ་ལ་མདུད་པ་བརྒྱབ། ཁེ་ཚང་ ཁོང་གིས་ཁྲོ་བོ་རྨེ་བརྩེགས་ཀྱི་སྐུ་གཏེར་ནས་བཞེས་པ་དང་། རྡོ་དཀར་ནག་འཆིང་བུར་བཅིངས་པ་སོགས་གྲུབ་རྟགས་སྣ་ཚོགས་བསྟན། སྟོན་རྒྱུ་མེད་པ་རྣམས་ལ། རྒྱབ་ཏུ་སྒ་བསྟད། མགོ་ལ་སྲབ་བསྐོན་པ་སོགས་ངན་ལས་བྱས། ཁེ་ཚང་རིན་པོ་ཆེའི་ཞལ་ནས། འདི་དམ་སྲིའི་སྐྱེ་བ་ཡིན་པས་མ་བསྒྲལན་འདི་ཕྱོགས་ཀྱི་བསྟན་པ་ལྷག་མེད་དུ་འཇོམས་རྒྱུ་རེད་བསམ་ནས་ཕུར་བའི་བསྙེན་སྒྲུབ་དང་འབྲེལ། དྲག་པོའི་ལས་སྦྱོར་ཚད་ལྡན་བྱས་པས། དགུན་ལིངྒ་ལ་རླངས་པ་འཐུལ། གཏོར་རྒྱག་བྱས་པས་གཏོར་སྣེ་ས་འོག་འཛུལ་བ་སོགས་དྲག་པོའི་ལས་འགྲུབ་པའི་རྟགས་མངོན་དུ་གྱུར། དེ་དང་མཉམ་དུ་བསྟན་དགྲ་ངར་རྩ་ནང་སོ་གཉིས་གཙོར་བྱས་པའི་བསྟན་དགྲ་དྲུག་ཅུ་ལྔ་ལམ་དུ་བསྐྱལ་ཞེས་གསུངས་སོ། །
ཁོང་གིས་རང་གི་གསང་རྣམ་བརྩམས། སློབ་དཔོན་གཡུ་སྒྲ་སྙིང་བོའི་སྐྱེ་བ་ཡིན་པར་ཞལ་གྱིས་བཞེས། ལུང་བསྟན་ལ་ཐོགས་པ་མེད། ལྷས་སྒོམ་ཐང་དུ་འབྲོག་སྡེ་ཆེན་པོ་ཞིག་ཆགས་ནས་རང་དགོན་གྱི་སྦྱིན་བདག་ཏུ་འགྱུར་ཞེས། དབལ་ཤུལ་རྨེ་བ་ཆགས་རྒྱུའི་ལུང་བསྟན། གཞན་ཡང་།
- རྒྱལ་བོ་རྒྱལ་སར་ཡོད་དུས། །
- རྒྱལ་བོའི་རྒྱལ་ཚུགས་མེད་ན། །
- རྒྱལ་བོ་ཁྲོམ་ལ་འཁྱར་དུས། །
- སྤྲང་བོས་འཁྱར་ཁ་གཏོང་ཡོང་། །
ཞེས་ཆིན་གོང་མའི་རྒྱལ་ས་ཤོར་རྒྱུ་ལུང་བསྟན་པ་དང་།
- ཁྲོ་ཆུའི་ཡུལ་གྱི་མཁར་བདག །
- ཁ་དང་ཁོག་པ་འཛོལ་ན། །
- བུ་རྒྱུད་འཁྲུགས་པས་གཅོད་ཡོང་། །
ཞེས་ཁྲོ་ཆུའི་ནང་འཁྲུགས་ལུང་བསྟན་པ་དང་། རྒྱ་གར་ཡུལ་གྱི་རྨ་བྱ། །
- རྒྱ་ནག་ཡུལ་གྱི་ཀུ་ཤ །
- ལས་དང་སྨོན་ལམ་འཛོམ་ན། །
- བུམ་པའི་ཁ་ལ་འདུ་ཡོང་། །
ཞེས་ལྷ་རམས་པ་ཚང་ལྷ་ས་ནས་རང་དགོན་དུ་ཕེབས། དགེ་རྒན་རིན་པོ་ཆེ་བསམ་གཏན་རྒྱ་མཚོ་རྒྱ་ནག་ནས་རང་དགོན་དུ་ཕེབས་ཏེ། རྣམ་གཉིས་ཀྱིས་འཆད་ཉན་དགེ་རྒན་གནང་ནས། དགོན་པ་སྐྱོང་བཀུར་མཛད་པ་ལུང་བསྟན་པ་དང་།
- སྟོད་ཀྱི་རྒྱ་གར་ཡུལ་དུ། །
- རྒྱ་སེ་མགོ་དཀར་སླེབས་སོང་། །
- སྨད་ཀྱི་རྒྱ་ནག་ཡུལ་དུ། །
- རྒྱ་མི་ཁ་སེར་སླེབས་སོང་། །
- མི་ཚེ་གཅིག་དང་གཉིས་ནས། །
- བོད་ཡུལ་བསྟན་པ་ནུབ་འགྲོ།།
ཞེས་རྒྱ་གར་དུ་དབྱིན་ཇི་སླེབས་པ་དང་། རྒྱ་ནག་ཏུ་ཨུ་རུ་སུ་སླེབས་པ་དང་། མི་ཚེ་གཅིག་དང་གཉིས་ནས་བོད་ཡུལ་དུ་བསྟན་པ་ནུབ་པར་ལུང་བསྟན་པ་དང་།
- ཤར་གྱི་མགོན་པོ་རང་བྱོན། །
- དམར་བོའི་བུ་སྣ་བཟློག་དུས། །
- དགེ་འདུན་ངང་བའི་ཚོགས་རྣམས། །
- དམ་ཆོས་མཚོ་ལ་འདུ་ཡོང་། །
ཞེས་དམར་དམག་ཕྱིར་ལོག་པའི་རྗེས་སུ། དགོན་སྡེ་སླར་ཆགས་པར་ལུང་བསྟན་པ་སོགས་ལུང་བསྟན་སྣ་ཚོགས་ཡོད། གསུང་རྩོམ་ཡང་། ཕུར་བའི་སྒོམ་ཁོག་སོགས་པོད་ཁ་ཤས་ཡོད། བླ་བྲང་གི་ཨ་ལགས་ཆོས་རྫོང་ཚང་གིས་གསུང་འབུམ་བླ་བྲང་ནས་དཔར་ཕུད་རྒྱུ་ཡིན་ཟེར་ནས་ཆ་ཚང་ཁྱེར། ཆོས་རྫོང་ཚང་གི་ཁང་བ་ལ་མེ་ཤོར་ནས་ཐམས་ཅད་བསྲེགས། དམུ་དགེ་དགོན་དུ་གྲྭ་ཚང་ལ་གསང་འདུས་ཀྱི་དབང་དང་། སེམས་བསྐྱེད་མཆོད་པ་གནང་། ཕྱོགས་གཞན་དུའང་བཀའཆོས་དུ་མ་གནང་། དགོན་པའི་ཁྲིར་བསྐོས་ཀྱང་དགོངས་པ་ཞུས་ཏེ་མ་བཞུགས། ཀིརྟི་བློ་བཟང་འཕྲིན་ལས་སྐུ་བསྙུན་སྐབས་འདི་བ་གདན་དྲངས་ཕུར་བའི་སྒྲུབ་པ་བཙུགས། བསྒྲལ་ཆོག་གི་སྐབས་སུ་ཧོམ་ཁུང་ནང་དུ་ཀླུ་ཐེ་ནག་པོ་སྦྲུལ་རྭ་ཅན་གྱི་གཟུགས་སུ་དངོས་སུ་བཀུག་སྟེ། ཕུར་བུས་སྐེད་པ་དུམ་བུར་བཅད་དེ་བསྒྲལ། སྦྲུལ་རོའི་རྭ་བཅད་དེ། བྱང་ཆུབ་རྒྱ་ཅོག་ཟེར་བའི་གའུའི་ནང་དུ་ཡོད་འདུག སྦྲུལ་རོའི་མནན་རྫས་བྱས་ཏེ་སྲི་མནན་བརྒྱབ། ཀིརྟི་རིན་པོ་ཆེའི་སྐུ་བསྙུན་དྭངས། འབུལ་བ་གཏོས་ཆེན་ཕུལ། དམུ་དགེ་དགོན་གྱི་ནུབ་ཕྱོགས་ཀྱི་མཆོད་རྟེན་ཆེན་པོ་དེ་ཡང་ཁོང་གིས་བཞེངས་པ་དང་། གནས་ཆུང་ལྷ་ཁང་རྙིང་བ་ཡང་ཁོང་གིས་བཞེངས། ཁོང་གི་རྩ་བའི་བླ་མ་དཔལ་ཡུལ་དཔལ་སྤྲུལ་སྐལ་བཟང་རྒྱམཚོས། མགོ་ལོག་དཔལ་ཡུལ་འདར་ཐང་དགོན་ཕྱག་འདེབས་མཛད་སྐབས་ཕེབས་ནས་འབུལ་བ་དང་མཐུན་རྐྱེན་བླ་ན་མེད་པ་གནང་། དགང་ལོ་ཞེ་ལྔའི་ཐོག་ཚ་ཁོའི་ཆག་སྒོ་ཟེར་བའི་ས་ཐོག་ཏུ་སྐུ་བསྙུན་བཞེས། ཉིན་གཅིག་ཁོང་གི་ཞལ་ནས། ད་ཐེངས་ང་དྲག་རྒྱུ་མ་རེད། མདང་ནམ་མཁའ་ནས་མཁའ་འགྲོ་མ་བཞི་ཕེབས་ནས། ། གདན་ས་གོང་སྟོང་སོང་བས་ཁྱོད་འགྲོ་དགོས་ཟེར། ངས་མི་འགྲོ་སྨྲས་པས། ངེད་ཀྱི་འབོལ་གདན་ཐོག་གི་གོས་བེར་ཕར་འཕངས་ནས། འབོལ་གདན་ཁྱེར་སོང་བ་རྨིས། གསུངས། དམུ་དགེའི་ཁྲི་བ་བླ་བྲང་གི་ཨ་ལགས་རྭ་རྒྱ་ཚང་ཟེར་བའི་མཁས་གྲུབ་ཆེན་པོ་དེས་བརྟན་བཞུགས་ཀྱི་ཡི་གེ་ཕུལ་བའི་ལན་དུ་གསུངས་པ། ངའི་ལུས་ཀྱི་ནང་ཐམས་ཅད་དུ་རྒྱ་ཁབ་གྱི་རྩེ་མོ་གྱེན་བསླང་རྩེ་མོ་རེ་ལ་ཐིག་ལེ་ཡུངས་འབྲུ་ལྟ་བུ་ཡོད་པས་གང་འདུག་གསུངས།
ཨ་ལགས་རྭ་རྒྱ་ཚང་ནས། འོ་སེམས་དབེན་གྱི་རྟོགས་པའི་མཚམས་ལ་སླེབས་འདུག ཕྱིའི་རྐྱེན་རིག་མ་བསྟེན་པའི་དུས་ལ་བབ་མོད། རྗེ་བླ་མས་བར་དོའི་རྟེན་ལ་འཚང་རྒྱ་ཚུལ་བསྟན། ཁོང་ཡང་རྗེ་བླ་མའི་བསྟན་པ་ལ་ཞུགས་པས། སྐུ་འདའ་རྒྱུ་རེད། བར་དོའི་རྟེན་ལ་འཚང་རྒྱ་རྒྱུ་རེད་གསུང་གསུངས། དེ་ནས་ས་དེ་ནས་སྐུ་འདས། སྐུ་གདུང་རིན་པོ་ཆེ་རས་གུར་གྱི་ནང་དུ་སྟེགས་ཀྱི་ཁར་བཞུགས་སུ་གསོལ་ནས། གྲྭ་བ་མང་བོས་ཆོག་སྒྲུབ་གསུངས། ནུབ་ཅིག་སྐུ་གདུང་གི་ཐུགས་ཀ་ནས་མེ་འབར་ཏེ་སྐུ་གདུང་དང་མཆོད་ཆ་ཡོ་བྱད་རས་གུར་དང་བཅས་ཚིག རས་གུར་ཚིག་པའི་ཐལ་བའི་ནང་དུ། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །ཞེས་སོགས་བཀྲ་ཤིས་ཀྱི་ཚིགས་བཅད་ཁྲ་ལམ་མེ་བབ་འདུག་ཟེར། གདུང་རུས་གཟུངས་འཇུག་བྱས་པའི་མཆོད་རྟེན་འདུ་ཁང་གྲལ་མགོར་བཞུགས་མོད། དམར་དམག་རྒྱང་བསྐྱོད་སྐབས་གོ་གུང་དམག་འཁྲུག་གིས་བརླག
སྐུ་ཕྲེང་གསུམ་པ།
[རྩོམ་སྒྲིག]དེའི་སྤྲུལ་སྐུ་ཚ་ཁོའི་མཁར་བདག་ཟག་ལ་ཚང་ལ་འཁྲུངས། ཆུང་དུས་ནས་ཤ་མི་གསོལ། རང་དགོན་དུ་ཆོས་གྲྭར་ཞུགས་ནས་སློབ་གཉེར་གནང་། དཔལ་ཡུལ་དུའང་ཕེབས། རང་དགོན་དུ་གནས་ཆུང་བརྩན་ཁང་གསར་བ་ཁྱད་མཚར་བཞེངས། དམུ་དགེ། ཚ་ཁོ། རྔ་བ་སོགས་སུ་འགྲོ་དོན་རྒྱ་ཆེར་མཛད། དབུ་ལ་ཐོག་བབ་པ་བཟུང་། དགུང་ལོ་བཞི་བཅུའི་ཐོག་རྔ་བའི་ཁཱ་ཤི་དགོན་ནས་སྐུ་འདས། གདུང་ལ་འཇའ་ཟུག
སྐུ་ཕྲེང་བཞི་བ། བློ་བཟང་ཚུལ་ཁྲིམས་རྒྱ་མཚོ།
[རྩོམ་སྒྲིག]དེའི་སྤྲུལ་སྐུ་གནམ་མཚོ་མའི་དཔོན། དབལ་ཤུལ་འཇིགས་རྒྱམ་ཚང་ལ་འཁྲུངས། རང་དགོན་དུ་གྲྭ་སར་ཞུགས། ནག་ཚང་དགེ་འདུན་ཞེས་པའི་དགེ་བཤེས་ཆེན་པོ་དགེ་རྒན་བསྟེན་ནས་སློབ་གཉེར་གནང་། བླ་མ་དུ་མ་བསྟེན་ནས་ཆོས་བཀའ་མང་བོ་གསན། གང་བློ་མ་དང་ཨ་ར་པ་ཙ་རྒྱུན་དུ་གསུངས། དཔལ་ལྡན་ལྷ་མོའི་ཞལ་གཟིགས། ཁང་དམར་དགོན་གྱི་ཁྲིར་བཞུགས། ཚ་ཁོ་ཁྲོ་ཆུ་དང་ཟངས་དཀར་ནས་མནན་གཏད་བཏོན། ཟངས་དཀར་ཁྲོ་ཆུ་དམུ་དགེ་སོགས་སུ་འགྲོ་དོན་མཛད། རབ་རྒྱལ་ཤིང་གླང་(1985)ལོར་རྔ་བའི་རྨེ་རུ་མ་ནས་སྐུ་འདས་སོ། ། འདི་ཡན་དམུ་དགེ་བཀྲ་ཤིས་འཁོར་ལོའི་དགོན་གྱི་བྱུང་བ་བཤེས་གཉེན་དམ་པའི་ཞལ་ལུང་གི་ཤོག་གྲངས་༤༧ པའི་ཐིག་ཕྲེང་༣ ནས་གསལ། ཁེ་ཚང་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་ཚང་ནི། རྔ་བའི་གནམ་མཚོ་མ་སྡེ་བའི་ནང་དུ་ཡབ་འཇིགས་རྒྱམ་དང་། ཡུམ་སྒྲོལ་མ་བྱ་བ་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་དམུ་དགེར་གྲྭ་སར་ཞུགས་ནས་དཔེ་ཆར་སྦྱངས། ཁོང་ཡིན་པ་ཁྲོ་ཆུ་རྫོང་ས་སྟོད་དགོན་གྱི་དགོན་བདག་ཡིན། དགུང་གྲངས་དྲུག་བཅུ་རེ་གསུམ་ཐོག་༡༩༨༥ ལོར་དག་ཞིང་གནང་བ་སོགས་གནས་ཚུལ་རགས་ཙམ་བཀོད་པ་ལགས་སོ།། ༡༩༩༦ ལོའི་ཧོར་ཟླ་༨ པའི་ཚེས་༢༠ ཉིན་བྲིས། སྐུ་བདག་ཚེ་རིང་དོན་གྲུབ་ཀྱིས་མཁོ་སྤྲོད་བྱས་པའི་ཤོག་དྲིལ་ཞིག་ནས་བཤུས།
རྩོམ་ཁུངས།
[རྩོམ་སྒྲིག]དམུ་དགེ་བཀྲ་ཤིས་འཁོར་ལོའི་དགོན་གྱི་བྱུང་བ་བཤེས་གཉེན་དམ་པའི་ཞལ་ལུང་། རྩོམ་པ་བོ། དམུ་དགེ་ཤེས་རབ་རྒྱ་མཚོའམ་མིང་གཞན་དབྱངས་ལྡན་གྲུབ་པའི་གོ་ཆ།