དམངས་གཙོ་

ཡོང་ཁུངས་Wikipedia

【མང་གཙོ】དང【དམངས་གཙོ】རང་རེའི་བོད་ཀྱི་སྐད་དུ་མང་གཙོ་དང་དམངས་གཙོ་ཞེས་འབྲི་སྲོལ་གཉིས་བྱུང་འདུག སྔ་མ་བྱེས་བོད་རྣམས་ཀྱིས་སྤྱོད་ཅིང་། ཕྱི་མ་གཞིས་བོད་རྣམས་ཀྱིས་སྤྱོད། བྱེས་གྱར་མཁས་དབང་ཟམ་གདོང་རིན་པོ་ཆེ་དང་། རག་ར་རིན་པོ་ཆེ། ལ་དྭགས་འཇམ་དཔལ་ སོགས་ཀྱིས། མང་གཙོ་ཞེས་བྲིས་ན་ལེགས་ཚུལ་གྱི་ལྗགས་རྩོམ་མཛད་དེ། གཞུང་དང་གཞུང་འབྲེལ་མིན་པའི་ཚགས་དེབ་དྲ་གསུམ་སྟེང་། དེ་ལུགས་ཀྱིས་འབྲི་སྲོལ་ཞིག་དར་འདུག་མོད། ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱིས། བྱེས་བོད་དག་གིས་སྤྱོད་པའི་མང་གཙོ་ཞེས་པའི་འབྲི་སྲོལ་དེར་མི་འཐད་པའི་ལྟ་ཚུལ་བཏོན་འདུག མི་མང་གི་དབང་སྒྱུར་བྱེད་པའི་སྲིད་ལུགས་འདི་གནའ་བོའི་ཀེ་རི་སེའི་ཤེས་རིག་གི་མངལ་ལས་འཁྲུངས་པ་ཡིན་སྟབས། དེའི་བརྡ་འགྲེལ་ཡང་ཆུ་ལ་ཆུ་བཞག་གིས་མཛད་དགོས་པ་ཆོས་ཉིད་རེད། ཀེ་རི་སེའི་སྐད་དུδημοκρατία (dēmokratía)ཟེར་ཞིང་། དབྱིན་ཡིག་ཏུ་ཆུ་ལ་ཆུ་བཞག་གིས་སྦྲེ་མོའོ་ཁི་ར་སེ(Democracy)ཞེས་བཀོལ་སྤྱོད་བྱས་དང་བྱེད་ཀྱིན་ཡོད། རྒྱུ་མཚན་ནི། Demo ཞེས་པ་ནི་མི་མང་དངcracyཞེས་པ་ནི་དབང་སྒྱུར་གྱི་དོན་ཡིན་སྟབས། མི་དམངས་གི་དབང་སྒྱུར rule of the people བྱེད་པའི་སྲིད་ལུགས་ཤིག་གི་གོ་དོན་དེ་བཞིན་ཆགས་ཡོད་པ་རེད། ཡིན་ནའང་། ནུབ་གླིང་གི་རིག་གནས་འཕེལ་བའི་ལོ་རྒྱུས་ཁྲོད་སྦྲེ་མོའོ་ཁི་ར་སེ་ཞེས་པའི་སྒྲ་དེ་སོར་བཞག་གིས་གནས་ཡོད་ཀྱང་། བློ་འབྱེད་ལས་འགུལ་གྱི་སྒུལ་སྐྱོམ་དེས། མི་མང་གི་དབང་སྒྱུར་བྱེད་པའི་དོན་དེ་འགྱུར་བ་བཏང་སྟེ། ཡོད་ཚད་ཁྲིམས་ཀྱི་དབང་སྒྱུར rule of lawབྱེད་དགོས་པའི་སྐད་འབོད་བསྒྲགས་ནས། དེང་སྐབས་སྦྲེ་མོའོ་ཁི་ར་སེ(Democracy)ཞེས་པ་འདི་ནུབ་ཕྱོགས་པའི་རྣ་ལམ་དུ་གྲགས་ཚེ། དེ་ནི་ཁྲིམས་ཀྱི་དབང་སྒྱུར་བྱེད་པའི་སྲིད་ལུགས་ཤིག་ལས། མི་མང་གི་དབང་སྒྱུར་བྱེད་པའི་སྲིད་ལུགས་ཤིག་ཏུ་ཡེ་ནས་ལྟ་བར་མི་བྱའོ།། དེར་བརྟེན། ཆབ་སྲིད་མཚན་ཉིད་རིག་པའི་ལོ་རྒྱུས་ལ་ཕྱིར་རྟོག་བྱས་ཚེ། སྦྲེ་མོའོ་ཁི་ར་སེ(Democracy)ཞེས་པ་འདི་ལ་གནའ་རབས་སྐད་ཀྱིས་མི་མང་གི་དབང་སྒྱུར་དང་། དེང་རབས་སྐད་ཀྱིས་ཁྲིམས་ཀྱི་དབང་སྒྱུར་ཞེས་པའི། གནའ་དེང་སྐད་ཁྱད་ཀྱི་གོ་དོན་མི་འདྲ་བ་གཉིས་བྱུང་འདུག་པས། ཁོ་བོས་སེམས་ནའང་། དེ་གཉིས་ལ་གནའ་དེང་གི་རྫས་རྒྱུན་སྔ་ཕྱིའི་ཁྱད་པར་བདོག་པར་མ་ཟད། ཐད་སྐྱོང་དང་ངོ་ཚབ་ཀྱི་ལྡོག་ཆོས་ཀྱང་གཅིག་ཏུ་མ་སྣང་བས། “མང་གཙོ”དང “དམངས་གཙོ”གཉིས་ལ་ཧེ་བག་ཆེན་པོ་ཡོད་པར་སེམས། དེའི་ཕྱིར་ན། “གནའ་རབས་མང་གཙོ”དང“དེང་རབས་དམངས་གཙོ”ཞེས་བསྙད་པ་ཡིན། འོ་ན། གནའ་རབས་མང་གཙོ་དང་། དེང་རབས་དམངས་གཙོ་གཉིས་ཀྱི་ཁྱད་པར་གཙོ་བོ་ག་འདྲ་ཡིན་ཟེར་ན། གནའ་རབས་མང་གཙོ་ནི་མི་མང་གི་དབང་སྒྱུར་དང་མི་གཅིག་གི་དབང་སྒྱུར། ཉུང་ཤས་ཀྱི་དབང་སྒྱུར་བཅས་ཀྱི་ལྡོག་པ་དུ་མས་གྲུབ་པའི་སྲིད་ལུགས་ཤིག་རེད་ལ། དེང་རབས་དམངས་གཙོ་ནི་ཁྲིམས་ཀྱི་དབང་སྒྱུར་དང་ཁྲིམས་ཀྱིས་སྐྱོང་བའི་སྲིད་ལུགས་ཤིག་རེད། ཡིན་ཀྱང་། ཤར་ཕྱོགས་པའི་སྐད་དུ་མི་མང་གི་དབང་སྒྱུར་དང་ཁྲིམས་ཀྱི་དབང་སྒྱུར་ཞེས་པའི་སྐད་དོད་འདིའི་ཟུར་དུ“གཙོ”ཞེས་པའི་ཐ་སྙད་ཅིག་འཐོན་ཡོད་འདུག་ལ། དེ་ཡང་ཞིབ་ཀྱིས་བརྟགས་ན། རྒྱ་ནག་གི་སྐད་ལས་འགྱུར་བར་སྙམ། ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱིས་མཁས་པ་འགའ་ཤས་བཞེད་པར་སྦྲེ་མོའི་ཁི་ར་སེ་ཞེས་པ་འདི། ཉི་ཧོང་མཁས་པས་སྐད་དོད་ལ་མིང་ཤུ་ཞེས་པའི་ཐ་སྙད་བཟོས་པའི་ཡི་གེ་དེ། རྒྱ་ནག་ཏུའང་དར་ཟེར། མིང་ཤུ(民主)ཞེས་པའི་མིང་གི་ཡེ་གེ་ལ་མང་བའི་དོན་མེད་ཀྱང་ཤུ་ཞེས་པར་གཙོ་བོའི་དོན་ཡོད་པས། དེ་དག་གི་འབྱུང་ཁུངས་ལ། བརྟག་དཔྱད་གནང་རྒྱུ་ཡང་གལ་ཆེ་ཞེས་གསུངས་འདུག་པས། སྦྲེ་མོའི་ཁི་ར་སེ་ཞེས་པའི་རང་ཅག་བོད་ཀྱི་སྐད་དོད་ཀྱི་ཟུར་དུ་འཐོན་པའི་གཙོ་ཞེས་པ་དེ། མའོ་ཡིི་གསུང་རྩོམ་གཅེས་བཏུས་བོད་སྒྱུར་སྐབས་གསར་དུ་བསྒྱུར་པ་ཞིག་ཡིན་པར་ཚད་མས་ངེས། ཉི་ཧོང་གི་མཁས་པས་སྦྲེ་མོའི་ཁི་ར་སེ་ཞེས་པའི་སྐད་དོད་ཀྱི་ཐ་སྙད་བཟོ་སྐབས། ཚིག་ཟུར་དུ་གཙོ་བོའི་དོན་སྟོན་པའི་ཡི་གེ་ཞིག་སྦྱར་བ་དེ། ཧ་ཅང་སྟབས་ལེགས་པ་ཞིག་རེད་འདོད། མཁས་དབང་ཟམ་གདོང་སོགས་ཀྱིས། ཆབ་སྲིད་མཚན་ཉིད་རིག་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་བལྟོས་མེད་ཀྱིས། དམངས་ནི་བྲན་གྱི་དོན་ཡིན་ཅེས་པའི་འགྲེལ་ཚིག་ཉི་ཚེ་བར་བསྟུན་ནས། མང་གཙོ་ལས་དམངས་གཙོ་མི་བཞེད་པའི་གནས་ལུགས་འཆད་པ་ནི། སྔོན་དུ་དར་བའི་བརྡ་སྐད་ཀྱི་རྩ་བའི་འབྱུང་ཁུངས་དང་། དབར་དུ་འཕེལ་འགྱུར་བྱུང་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་བཅས་ལ་མ་དཔྱད་པར། རང་གིས་གཟིགས་པའི་རྒྱུ་མཚན་རེ་ལ་བརྟེན་ནས་བཅོས་སྒྱུར་བཏང་ན་མི་འགྲིག་པའི་དཔེ་གཞི་གསོན་པོ་མང་དུ་བདོག་པས་ཀུན་གྱིས་དཔྱད་པར་འཚལ། ཡིན་ཀྱང་། ངེས་པར་ཤེས་གལ་ཆེ་བ་གཅིག་ནི། དམངས་གཙོ་ཞེས་པའི་ཚིག་ཟུར་གྱི་དམངས་ནི་དཀྱུས་དམངས་ཀྱི་དམངས་ཡིན་པ་ལས། བྲན་གྱི་འབངས་དང་བཟོ་ཞིང་གྲལ་རིམ་གྱི་ཚད་ཤིང་གིས་བཅད་པའི་མི་དམངས་མ་ཡིན། རྒྱུ་མཚན་ནི། དེང་རབས་ཀྱི་དམངས་གཙོའི་རྩོམ་གཞུང་ཁག་ཏུ། གོང་དུ་བསྙད་པའི་ཐ་སྙད་ཀྱི་གོ་དོན་དག་རྒྱང་ཕུད་དུ་བཏང་ཟིན་པས་སོ།། ཡང་གཅིག་བཤད་ན། དམངས་གཙོ་ཡིན་ན། སྲིད་ལུགས་ཤིག་ཡིན་པའི་ཁྱབ་པ་ངེས་དགོས་པ་ནི་གནད་ཀྱི་གཙོ་བོ་ཡིན། དེ་མིན་སྔར་དགེ་སློང་དག་གིས་དགེ་འདུན་གྱི་ལས་བྱེད་ཆོག་དུས་གྲྭ་གྲངས་འདྲེན་བྱེད་འོམ་བུ་ཤིང་ལས་བཟོས་པའི་ཐུར་མ་ཞིག་སྟེ“ཚུལ་ཤིང”བླངས་ཏེ་གྲོས་ཐག་གཅོད་ཕྱོགས་དེ་དང་། གནའ་རབས་སུ་རྒྱ་ནག་གི་མུན་ཙིས་རྒྱལ་པོ་ལས་ཀྱི་མཐའ་དང་དམངས་ནི་ཀུན་གྱི་གཙོ་ཞེས་པ་དག་ནི། དམངས་གཙོའི་བསམ་བློའི་འགོ་ཁུངས་སུ་བཙན་སྦྱོར་བྱེད་པ་ནི། ཐག་ཕྲ་སྦྲུལ་སྣང་གི་འཁྲུལ་ཤེས་ལས་སྐྱེས་པའི་ཚོར་པ་ལྟ་བ་ཞིག་ལས། ཆབ་སྲིད་མཚན་ཉིད་རིག་པའི་ལོ་རྒྱུས་ཀྱི་འགྲོས་ལ་མཐུན་པའི་ཁུངས་བཙན་ཡང་དག་གི་བློ་ཞིག་ག་ལ་ཡིན་གཏན་ནས་མིན་ནོ།།