དཔལ་སྤུངས་དགོན།
དཔལ་སྤུངས་ནི་བོད་ཀྱི་གྲུབ་མཐའི་བཀའ་བརྒྱུད་པའི་དགོན་སྡེ་གཅིག་རེད།
ལོ་རྒྱུས།
[རྩོམ་སྒྲིག]ཆོས་ལུགས།
[རྩོམ་སྒྲིག]ཟིན་ཐོ་འམ་དཔྱད་གཞི།
[རྩོམ་སྒྲིག]དཔལ་སྤུངས་དགོན་པ། ཐུབ་བསྟན་ཕུན་ཚོགས་ཀྱིས།
དཔལ་སྤུངས་དགོན་པ་ནི། རབ་བྱུང་བཅུ་གཉིས་པའི་མེ་ལུག་སྤྱི་ལོ་1727ལོར་སྡེ་དགེ་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་སྦྱིན་བདག་དང༌། བཀའ་མངགས་འོག་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་ཕྱག་བཏབ། ལོ་དེའི་ཟླ་བ་གསུམ་པའི་ཚེས་གསུམ་ཉིན་ས་སློང་དང་ས་འདུལ་མཛད། ཚེས་བདུན་ཉིན་སྡེ་དགེའི་གཉེར་ཆེན་ཆོས་སྐྱོང་བཀྲ་ཤིས་སྐུ་དངོས་ཕེབས་ནས་གཙུག་ལག་ཁང་རྨང་གཏིང་བའི་ལས་དཔོན་མཛད། དེ་ནས་ལོ་ངོ་གསུམ་གྱི་རིང་འདུ་ཁང་གཙོ་བོ་དང༌། གྲྭ་ཁང་ཉེར་ལྔ་ཙམ་གྲུབ་ཅིང་དེ་དག་ལ་ལྡེབས་བྲིས་དང་ཚོན་རྩི་སོགས་ལེགས་པར་གྲུབ། ས་བྱ་ལོའི་ཟླ་བ་བརྒྱད་པའི་ཚེས་བཅུ་ཉིན་ཆོས་རྒྱལ་བསྟན་པ་ཚེ་རིང་རྒྱལ་བློན་སྐུ་འཁོར་རྣམས་དཔལ་སྤུངས་དགོན་དུ་ཕེབས་ནས་དགོན་པ་སྒོ་འབྱེད་ཀྱི་མཛད་སྒོ་དང༌། ལེགས་སྐྱེས་རྒྱ་ཆེན་པོར་གནང་བ་དང༌། དུས་མཚུངས་ཕྱི་འབྲོག་པདྨ་རུ་བའི་དཔོན་ཁག་རྣམས་དང༌། ཨ་ལོ། སེ་ཚ། དཔེ་ཝ། ལྷ་རུ་བཅས་ཀྱི་གྲྭ་བཙུན་ལྔ་བརྒྱའི་གྲྭ་ཁྲལ་དང༌། སྡེ་འབངས་མང་པོ་བཅས་ཀྱི་སྐྱེས་ཆེན་གནང་སྦྱིན་མཛད། བོད་འདིར་བཀའ་བརྒྱུད་པའི་གདན་ས་གོང་འོག་བར་གསུམ་ཞེས་གདན་ས་ཆེན་པོ་གསུམ་དུ་བགྲངས་པའི་ཡ་གྱལ་གདན་ས་འོག་མར་གྱུར། དེ་ནས་གདན་རབས་དང་པོ་སི་ཏུ་ཆོས་ཀྱི་འབྱུང་གནས་(1700་1774A.D)ཀྱིས་དགོན་བདག་གཙོ་བོ་གནང་ཞིང༌། ཁོང་གི་སྐུའི་གཅུང་པོ་དབོན་པོ་ཀརྨ་བསམ་འཕེལ་དང༌། དབོན་ཀརྨ་ངེས་ལེགས། དབོན་ཀརྨ་བསམ་གཏན་བཅས་ཐམས་ཅད་སྔ་རྗེས་སུ་དཔལ་སྤུངས་དགོན་དུ་སྤྲུལ་སྐུ་ངོས་འཛིན་བྱས་ནས་ཆོས་དང་རིག་གནས་དར་སྤེལ་གནང་བའི་ཕྲིན་ལས་པ་གཙོ་བོ་གྱུར། སྤྱི་ལོ་1731པའི་ལྕགས་ཕག་ལོར་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་ཆོས་རྒྱལ་བསྟན་པ་ཚེ་རིང་གི་བཀའ་ལུང་བཞིན་སྡེ་དགེའི་བཀའ་འགྱུར་སྤར་ཤིང་བརྐོ་རྒྱུའི་མ་ཕྱི་དག་སྒྲིག་དང༌། ཞུ་དག་བཅས་ཀྱི་ཕྱག་འགན་བཞེས། སྤྱི་ལོ་1738པའི་ས་རྟ་ལོར་ཆོས་རྒྱལ་ཕུན་ཚོགས་བསྟན་པ་ཁྲིར་འཁོད་པའི་དབུ་བླ་གནང༌། སྤྱི་ལོ་1751ལོར་ཆོས་རྒྱལ་བློ་གྲོས་ཕུན་ཚོགས་ཁྲིར་འཁོད་པ་དང་ཆོས་སྲིད་གང་ཐད་ཕྱག་རོགས་རྒྱལ་ཆེན་གནང་བས་སྡེ་དགེའི་བསྟན་སྲིད་སྔར་ལས་རྒྱས་པར་བྱུང༌། རབ་བྱུང་བཅུ་གསུམ་པའི་ཤིང་ཁྱི་སྤྱི་ལོ་1754ལོར་དཔལ་སྤུངས་ལྔ་རིག་སློབ་གླིང་བཙུགས་ནས་མདོ་སྔགས་རིག་གནས་དང་བཅས་པ་འཆད་གཉེར་གནང༌། ཁྱད་པར་སྨན་རྩིས་དང༌། སྒྲ་རིག་པའི་འཆད་ཉན་ལ་གངས་ལྗོངས་ཡོངས་ལ་སྙན་གྲགས་ཆེ་བར་བྱུང་ཡོད། རྗེ་འདི་ཉིད་ཆོས་དང་རིག་གནས་གང་ཅི་ཐད་ནས་ཧ་ཅང་མཁས་སྟབས་ཡུལ་གང་དུ་ཕེབས་པ་དེའི་རྒྱལ་པོ་རྣམས་ཀྱིས་གཟིགས་བཀུར་ཆེན་པོ་ཐོབ་ཡོད་པ་ནི། བལ་ཡུལ་དུ་ཕེབས་སྐབས་བལ་པོ་ཡམ་བུ་རྒྱལ་པོས་བསྙེན་བཀུར་ཆེན་པོ་གནང་བ་དང༌། འཇང་ཡུལ་དུ་ཕེབས་སྐབས་འཇང་ས་དམ་རྒྱལ་པོས་དད་གུས་ཆེན་པོ་གནང་བ་མ་ཟད་འཇང་དགོན་ཁག་བཅུ་གསུམ་ཞེས་པ་གསར་སྤེལ་གནང༌། རྒྱལ་རོང་ཁུལ་དུ་ཕེབས་སྐབས་ཁྲོ་སྐྱབས་རྒྱལ་པོ་དང༌། ཆུ་ཆེན་རབ་བརྟན་རྒྱལ་པོ་སོགས་ཡུལ་དེ་དག་གི་དཔོན་རིགས་རྣམས་ཀྱིས་དད་གུས་ཆེན་པོར་ཐོབ། ལྷག་པར་སྤྱི་ལོ་1774ལོར་རྒྱ་དང་རྒྱལ་རོང་དམག་འཁྲུགས་སྐབས་རྒྱ་ནག་གོང་མས་དཔལ་སྤུངས་སུ་བང་མི་བཏང་ནས་སི་ཏུ་ཆོས་འབྱུང་རྒྱ་དང་རྒྱལ་རོང་བར་འདུམ་གཏམ་སར་ཕེབས་དགོས་པ་བཀའ་ཤོག་འབྱོར་བར། དགུང་ལོ་བགྲེས་པ་དང༌། སྐུ་ཡི་སྣང་ཚོར་ལ་གཞིག་ན་ཕྱིར་རང་དགོན་དུ་ཕེབས་མི་ཐུབ་པའི་ཉམས་ཚོར་ཡོད་ནའང༌། གལ་སྲིད་མ་ཕེབས་ན་སྡེ་དགེའི་བསྟན་ཆུས་ལ་རྒྱ་ནག་གིས་གནོད་པར་དོགས་ནས་རྒྱ་ནག་ཏུ་ཕེབས་པའི་ལམ་བར་ཏྲེ་ཧོར་ཁ་ས་མཚོ་ཁར་སྐུ་གཤེགས། ཉིད་ཀྱི་ཞལ་སློབ་འབེ་ལོ་ཚེ་དབང་ཀུན་ཁྱབ་ཀྱིས་སྐུ་གདུང་ཕྱིར་དཔལ་སྤུངས་སུ་གདན་དྲངས་པ་དང༌། དགྲ་བླའི་གུ་རུ་རྒྱ་ནག་ཏུ་ཕེབས་པར་རྒྱ་ནག་གོང་མའི་གཟིགས་གཟེངས་དང༌། ཐོབ་ཐང་གི་ལས་རྟགས་གོས་ཆེན་ཐོག་བྲིས་པའི་བཀའ་ཤོག་ཅིག་ཐོབ་པ་དུས་ཕྱིས་བར་དཔལ་སྤུངས་ཤང་སྲིད་གཞུང་གི་གཞུང་ལས་ཁང་དུ་བདག་གཉེར་བྱས་ཡོད་པ་རེད། སི་ཏུ་ཆོས་འབྱུང་གི་ཡང་སྲིད་སི་ཏུ་པདྨ་ཉིན་བྱེད་དང༌། སི་ཏུ་པདྨ་ཀུན་བཟང༌། སི་ཏུ་པདྨ་དབང་མཆོག སི་ཏུ་པདྨ་དོན་ཡོད་རྣམས་ཡིན་ལ། དེ་དག་གིས་ཀྱང་སྡེ་དགེའི་རྒྱལ་རབས་རིམ་བྱོན་གྱི་བསྟན་སྲིད་གཉིས་ལ་ཞབས་འདེགས་རྒྱ་ཆེན་གནང༌། ཁྱད་པར་དུ་སི་ཏུ་པདྨ་དབང་མཆོག་(18861952A.D) གིས་སྤྱི་ལོ་1919 ལོར་སྡེ་དགེ་རྒྱལ་པོ་ཨ་ཇ་རྡོ་རྗེ་སེང་གེ་སྐུ་གཤེགས་པ་དང༌། སྡེ་དགེའི་རྒྱལ་ཚབ་ཀྱི་ཐུགས་འགན་བཞེས་ཏེ་བསྟན་སྲིད་གཉིས་ཀར་དབང་དུ་བྱས་ཤིང༌། འདུན་སྐོར་རྣམས་ཀྱི་རྩོད་གཞི་སྡུམ། སྲས་ཚེ་དབང་བདུད་འདུལ་གསོ་སྐྱོང་གནང་ཞིང་སྲིད་ཁྲིར་བཀོད། སྤྱི་ལོ་1942 ལོར་སྡེ་དགེའི་རྒྱལ་མོ་འཇམ་དབྱངས་དཔལ་མོས་སྲིད་བཟུང་བའི་སྐབས་སུ་སྡེ་དགེའི་འདུན་སྐོར་རྣམས་ཁག་གཉིས་སུ་གྱེས་ཏེ་སྲིད་དབང་ཐོབ་རྩོད་བྱེད་པའི་སྐབས་སུ། སི་ཏུ་པདྨ་དབང་མཆོག་གིས་ལུགས་གཉིས་ཀྱི་སྒོ་ནས་སྡེ་དཔོན་ཡོངས་ལ་མངའ་དབང་བསྒྱུར་ཞིང་འཁྲུགས་རྩོད་ལྷིང་འཇགས་དང༌། སྲིད་དབང་སྲ་བརྟན་དུ་བཏང་བ་སོགས་སྡེ་དགེའི་བསྟན་ཆུས་ལ་མཛད་རྗེས་ཧ་ཅང་ཆེ། ཁོ་བོར་ཕ་མེས་སོགས་རྒན་རབས་རྣམས་ཀྱིས་གསུངས་པར། སྐབས་དེར་དཔལ་སྤུངས་སི་ཏུ་རིན་པོ་ཆེས་སྡེ་དགེ་རྒྱལ་པོའི་རྒྱལ་ཚབ་གནང་ནས་སྡེ་དགེའི་ཇུས་སྲིད་ལ་ཐེ་གཏོགས་གནང་དྲག་པ་དང༌། བླ་ཆེན་དང༌། དཔོན་རིགས་རྣམས་ལ་བཀའ་བཙན་གནང་དྲག་པས་དགོན་ཆེན་དགོན་པའི་གྲྭ་པ་རྣམས་ཀྱིས་ཁོང་ལ་མི་དགའ་བའི་རྣམ་འགྱུར་གྱིས་ལྐོག་ཏུ་དཔལ་སྤུངས་མདའ་དཔོན་ཞེས་ལྐོག་ལབ་བྱེད་ཅིང་ཡོད་པ་རེད། ཅེས་གསུངས། དཔལ་སྤུངས་དགོན་པའི་བླ་མ་གདན་ཐོབ་གཉིས་པ། འཇམ་མགོན་ཀོང་སྤྲུལ་སྐུ་ཕྲེང་རིམ་བྱོན་རྣམས་ཡིན་ལ། དེ་ལས་དང་པོ་འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་སྤྱི་ལོ་1860ཉག་རོང་མགོན་པོ་རྣམ་རྒྱལ་གྱིས་གདན་ཞུས་ལྟར་ཉག་ཁོག་ཏུ་ཕེབས་ནས་ཉག་དཔོན་གྱི་བུ་ཤི་བའི་འདས་ཆོག་བསྒྲུབས་པ་དང༌། རྗེས་གནང་བྱིན་རླབས་བཅས་མཛད་དེ་ཡུལ་ཁམས་ཞི་བདེའི་ཐབས་ལམ་བརྩོན། དེའི་ཡང་སྲིད་རིམ་བྱོན་དཔལ་ལྡན་མཁྱེན་བརྩེའི་འོད་ཟེར་དང༌། བློ་གྲོས་ཆོས་ཀྱི་སེང་གེ བློ་གྲོས་ཆོས་ཀྱི་ཉི་མ་རྣམས་ཡིན། དཔལ་སྤུངས་དགོན་པའི་བླ་མ་གདན་ཐོབ་གསུམ་པ། དབོན་རྒན་སྤྲུལ་སྐུའི་ཡང་སྲིད་རིམ་བྱོན་རྣམས་ཡིན་ལ། འདི་ནི་སི་ཏུ་ཆོས་འབྱུང་གི་དབོན་པོ་ཆུང་ཤོས་དབོན་ཀརྨ་བསམ་གཏན་གྱི་ཡང་སྲིད་རིམ་བྱོན་བྱུང་བ་རྣམས་ལ་ཟེར། འདི་སྐུའི་གཅུང་ཆུང་ཤོས་དབོན་རྒན་ཞུ་བའི་རྒྱུ་མཚན་གང་ཞེ་ན། སྐུའི་གཅུང་དང་པོ་ཀརྨ་བསམ་འཕེལ་དགུང་གྲངས་ལྔ་བཅུ་ལྷག་བཞེས་པ་དང་སྐུ་གཤེགས། དབོན་གཉིས་པ་ཀརྨ་ངེས་ལེགས་ཡང་དགུང་ལོ་ང་ལྔ་པར་སྐུ་གཤེགས། དབོན་ཆུང་ཤོས་ཀརྨ་བསམ་གཏན་དགུང་ལོ་དོན་བཞིའི་བར་བཞུགས་ཤིང༌། སི་ཏུ་ཆོས་འབྱུང་སྐུ་གཤེགས་རྗེས་དཔལ་སྤུངས་དགོན་པའི་བསྟན་པའི་གུང་ཤིང་མཛད་ནས་བཞུགས་པར་དབོན་རྒན་རིན་པོ་ཆེ་ཞེས་འབོད་སྲོལ་དེ་བྱུང་འདུག དེའི་ཡང་སྲིད་རིམ་བྱོན་ཀརྨ་ཐེག་མཆོག་བསྟན་འཕེལ་དང༌། ཀརྨ་ངེས་དོན་བསྟན་འཕེལ། ཀརྨ་བསམ་གཏན་བློ་གྲོས། ཀརྨ་བློ་གྲོས་རིན་ཆེན་རྣམས་བྱུང་ཡོད།
དཔལ་སྤུངས་དགོན་པའི་བླ་མ་གདན་ཐོབ་བཞི་པ། བེ་རི་མཁྱེན་བརྩེ་སྐུ་ཕྲེང་གསུམ་བྱོན་པ་དེ་རྣམས་ཡིན་ཞིང༌། སྐུ་ཕྲེང་དང་པོ་ཀརྨ་འཇམ་དབྱངས་མཁྱེན་བརྩེའི་འོད་ཟེར། དེ་ལ་བེ་རི་འཇམ་དབྱངས་མཁྱེན་བརྩེ་ཞེས་མཚན་གསོལ་བའི་རྒྱུ་མཚན་ནི། འཁྲུངས་ཡུལ་དཀར་མཛེས་བེ་རི་རྒྱལ་པོའི་སྲས་སུ་འཁྲུངས་པས་ན་བེ་རི་ཞེས་པ་ཁྱིམ་ཚང་གི་མིང་དང༌། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེས་རྫོང་གསར་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་བཞུགས་པའི་སྐབས་སུ་དེའི་གསུང་གི་སྤྲུལ་པར་ངོས་འཛིན་གནང་བས་ན་མཚན་དེ་ལྟར་ཐོགས། འོན་ཀྱང་རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་ནི་གྲུབ་མཐའ་ས་སྐྱ་པ་ཡིན་ལ། བེ་རི་འཇམ་དབྱངས་མཁྱེན་བརྩེ་ནི་བཀའ་བརྒྱུད་པ་ཡིན།
དགོན་པ་འདིའི་བཤད་སྒྲུབ་ཀྱི་སྐོར་ལ། སྒྲུབ་མཆོད་ནི་ནག་རྒྱལ་ཕག་གསུམ་དང༌། མར་ལུགས་རྒྱུད་སྡེ་རྣམས་ཀྱི་སྒྲུབ་པ་འཆར་ཅན་མ་བཀའ་བརྒྱུད་སྤྱི་ལུགས་ལྟར་འདིར་གསལ་བཤད་ཀྱི་དགོས་གལ་མ་མཐོང༌། ཁྱད་ཆོས་གཙོ་བོ་ནི་གོང་གསལ་ལྟར་སྤྱི་ལོ་1754ལོར་སི་ཏུ་ཆོས་འབྱུང་གིས་ལྔ་རིག་སློབ་གླིང་བཙུགས་པར་མདོ་སྔགས་རིག་གནས་དང་བཅས་པའི་བཤད་སྲོལ་ཧ་ཅང་དར། ཁམས་ཕྱོགས་འདིར་རིག་གནས་སློབ་གཉེར་བྱེད་ཡུལ་གྱི་ལྟེ་བ་ལྟ་བུ་ཞིག་ཆགས་པ་མ་ཟད། སྨན་རྩིས་དང༌། སྒྲ་རིག་པའི་ཁྲིད་རྒྱུན་རྣམས་བོད་གངས་ཅན་ཡོངས་ལ་ཁྱབ་གདལ་ཕྱིན་ཡོད་པ་རེད། སྤྱི་ལོ་1780 ལོ་ཡས་མས་ཙམ་ན་དབོན་ཀརྨ་བསམ་འཕེལ་གྱི་ཡང་སྲིད་དབོན་སྤྲུལ་དབང་གི་རྡོ་རྗེས་དཔལ་སྤུངས་དགོན་དུ་ན་རོ་ཆོས་དྲུག་གི་སྒྲུབ་ཁང་གསར་འཛུགས་གནང༌། དེར་ལོ་གསུམ་ཟླ་གསུམ་མཚམས་བཞུགས་ནས་ན་རོ་ཆོས་དྲུག་དང༌། མར་ལུགས་རྒྱུད་སྡེ་རྣམས་ཉམས་ལེན་དང་བསྙེན་སྒྲུབ་གནང་བའི་སྲོལ་བཙུགས། སྤྱི་ལོ་1866ལོར་ཙམ་ལ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཡང་ཁྲོད་དུ་ནི་གུ་ཆོས་དྲུག་གི་སྒྲུབ་པ་ཐོག་མར་བཙུགས། ལོ་གསུམ་ཟླ་གསུམ་རིང་ལ་ནི་གུ་ཆོས་དྲུག་དང༌། ཤང་ལུགས་རྒྱུད་སྡེ་རྣམས་ཀྱི་བསྙེན་སྒྲུབ་དགོས་པའི་སྲོལ་གཏོད། དེ་ལྟར་དགོན་འདིར་མདོ་སྔགས་རིག་གནས་དང་བཅས་པ་སློབ་གཉེར་བྱེད་ཡུལ་གཙོ་བོ་ཞིག་ཆགས་པ་མ་ཟད། མར་ཤང་གཉིས་ཀྱི་བཀའ་བརྒྱུད་པའི་གདམས་ངག་ཐམས་ཅད་འཆད་ཉན་སྒོམ་སྒྲུབ་བྱེད་ཡུལ་གཙོ་བོ་ཞིག་ཆགས་སྟབས། སྡེ་དགེའི་མངའ་ཁོངས་ཀྱི་ཕྱི་ཕྱོགས་ཡུལ་གྲུ་མང་པོའི་བླ་དཔོན་རྣམས་ཀྱིས་དབུ་བླ་དང་མཆོད་གནས་སུ་གྱུར་ཡོད་པ་རེད། དཔལ་སྤུངས་དགོན་པའི་བྱེས་བགྲོད་པ་རྣམས་ཀྱིས་སྒར་འབོད་བྱེད་པར། ཤར་རྒྱལ་བ་དཔལ་སྤུངས་དགོན་པ། བཀའ་དགོན་བརྒྱ་དང་བརྒྱད་ཅུའི་མ་དགོན། ས་དགོན་ཉི་ཤུ་རྩ་ལྔས་སྨོན་ཡུལ། རྒྱ་བོད་ཧོར་གསུམ་འདུས་ས། རྒྱ་ནག་པོའི་ཡུལ་དུ་ཇ་ཞིང༌། འཇང་ཁྲ་མོའི་ཡུལ་དུ་འབྲས་ཞིང༌། བྱང་གདམ་རེ་མདོ་རུ་ཚྭ་ཞིང༌། གནམ་ས་ཕྱེད་བགོས་ཀྱི་བདག་པོ། འཛམ་གླིང་གཡས་བཞག་གི་བདག་པོ། སྡེ་རྫོང་ཁག་དགུ་ནས་ས་བོགས་དང་འབྲུ་ཁྲལ་ལེན་མཁན་ཡིན་ནོ། ཞེས་འབོད་སྲོལ་ཡོད་འདུག དཔལ་སྤུངས་དགོན་པའི་གྲྭ་རྩ་དང་དགོན་ལག་སྐོར་ལ། གྲྭ་རྩ་ཤོག་བཞི་ནི། ① སེ་ཚ་ཨ་ལོ་གཉིས་ཀྱི་གྲྭ་པ་ལ་སེ་ལོ་ཤོག ② ཕྱི་འབྲོག་པདྨ་རུ་བ་དང༌། འཛི་ཆུང་ཤོག་པ་གཉིས་ཀྱི་གྲྭ་པ་ལ་ཕྱི་འབྲོག་ཤོག ③ དཔེ་ཝར་ཆུ་ཉིན་སྲིབ་དང༌། དཔེ་ཁ། ཀཿ་ཐོག་བཅས་ཀྱི་གྲྭ་པ་ལ་དཔེ་ཝར་ཤོག ④ རྨེ་ཤོད། འཛིན་པ། གཏེར་ལྷུང༌། རྩམ་མདོ། ཧོར་པོ་སོགས་ཀྱི་གྲྭ་པ་ལ་ལྷ་རུ་ཤོག་ཟེར། དགོན་འདི་ཐོག་མར་འདེབས་སྐབས་སྡེ་དགེ་རྒྱལ་པོས་བཀའ་ཡི་གནང་བ་ཐོབ་པའི་གྲྭ་ལྔ་བརྒྱ་ཡིན་ཡང༌། དུས་ཕྱིས་ཀྱི་ཡིག་ཆའི་ནང་དུ་འདུས་པའི་འཁོར་ནི་སུམ་སྟོང་དྲུག་བརྒྱ་ལྔ་བཅུ་ཡོད། ཅེས་གསལ་བས་དཔྱད་དགོས་པར་སྣང༌།
དགོན་ལག་སྐོར་ལ། སྤྱིར་གོང་དུ་བཤད་པ་ལྟར་བཀའ་དགོན་བརྒྱ་དང་བརྒྱད་ཅུའི་མ་དགོན་ཡིན་ཞེས་དགོན་ལག་བརྒྱ་དང་བརྒྱད་ཅུ་ཡོད་པ་ཡོངས་གྲགས་ཡིན་ཀྱང་དེ་དག་ཡུལ་གང་དང་དགོན་པ་གང་ཡིན་གསལ་པོར་འཁོད་པའི་ཡིག་ཆ་མ་རྙེད། སྡེ་དགེ་རྒྱལ་པོའི་མངའ་ཁོངས་ཀྱི་ཕྱི་ལོག་ཏུ་ཡོད་པའི་དགོན་པ་དཔལ་སྤུངས་རང་ནས་བླ་བསྐོས་བཏང་སྟེ་འཛིན་སྐྱོང་དགོས་པ་ནི། སྤུ་བོ་དགོན་ཁག་གཉིས། རྡོ་སྟོད་སྨད་གཉིས། མགོ་ལོག་རྒྱུད་སྡེ་དགོན་བཅས་ཡིན་ལ། གཞན་ཡང་རྒྱལ་རོང་དང༌། ནང་ཆེན་ཕྱོགས་སུ་དགོན་ལག་མང་པོ་ཡོད་འདུག སྡེ་འཁོར་དུད་ནི། སྡེ་དགེ་རྒྱལ་པོའི་མངའ་ཁོངས་སུ་ཡོད་པའི་དཔལ་སྤུངས་དགོན་པའི་སྡེ་དུད་དཔལ་སྤུངས་རང་ནས་སྐུ་ཚབ་གཏོང་དགོས་པའི་སྡེ་པ་ལ། ཨ་ལོ་སྐུ་ཚབ་གཉིས། སེ་ཚ་སྐུ་ཚབ་གཅིག ཧོར་པོ་དང༌། རག་ཆབ། རྩམ་མདོ་གསུམ་ལ་སྐུ་ཚབ་གཅིག འཛིན་པ་དང་གཏེར་ལྷུང་གཉིས་ལ་སྐུ་ཚབ་གཅིག ཟུར་མང་རྣམ་རྒྱལ་གླིང་ལ་སྐུ་ཚབ་གཅིག འདན་དྲན་ཐང་ལ་སྐུ་ཚབ་གཅིག མདོ་གཞུང་རྒྱུད་ལ་སྐུ་ཚབ་གཅིག རི་མདའ་ལ་སྐུ་ཚབ་གཅིག དབོན་སྟོད་ལ་སྐུ་ཚབ་གཅིག་བཅས་དང༌། འབྲོག་ཁུལ་དུ་གོ་ཆེ་ལ་ཤེ་དཔོན་དཔོན་གཡོག་གསུམ། ཕྱི་འབྲོག་ནོར་མ་ཁག་གསུམ་ལ་དཔོན་རེ་རེ། རྟ་དཔོན་གཅིག་བཅས་བཏང་དགོས་ཤིང་ཡོད་པ་དང༌། གཞན་ཡང་ཕྱི་འབྲོག་ནང་དུ་ཤེར་སྡུད་དཔོན་གཡོག་ཁ་ཤས་དང༌། ཨ་ལོ་དང་རྣམ་རྒྱལ་གླིང་གཉིས་ལ་ཐོག་སྡུད་དཔོན་གཡོག་ཁ་ཤས་རེ་བཏང་ཞིང་ཡོད་པ་རེད། དེ་ཡང་སྐུ་ཚབ་རྣམས་ཀྱིས་འགན་རེས་ལོ་གསུམ་རེ་ཡིན་པ་དང༌། ཤེར་སྡུད་དང་ཐོག་སྡུད་ཀྱི་འགན་རེས་ནི་ཟླ་བ་དྲུག་རེ་ཡིན།