དཔལ་ལྡན་ལྷ་མོའི་གསོལ་མཆོད་

ཡོང་ཁུངས་Wikipedia

ལོ་རེའི་བོད་ཟླ༡༠པའི་ཚེས༡༥ཉིན་བོད་ཀྱི་དད་ལྡན་མང་ཚོགས་རྣམས་ལྷ་སའི་གཙུག་ལག་ཁང་ལ་ཡོང་སྟེ་དཔལ་ལྡན་ལྷ་མོར་ཞལ་མཇལ་ཞུས་ནས་ལོ་གཅིག་དུས་གཅིག་གི་དཔལ་ལྡན་ལྷ་མོའི་གསོལ་མཆོད་དུས་ཆེན་གཏོང་བ་ཡིན་ཉིན་དེ་ནི་བོད་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ཏེ་དཔལ་ལྷ་མོའི་དུས་ཆེན་ཡིན་ལ།ལྷ་མོའི་དུས་ཆེན་ནམ་བུད་མེད་དུས་ཆེན་ཡང་ཟེར།ལོ་རེར་དུས་བཟང་འདི་ཐོན་དུས།བོད་ལྗོངས་ཀྱི་ས་གནས་ཁག་ནས་ཡོང་བའི་དད་ལྡན་མང་ཚོགས་སྤྱི་དང་།ནང་སྒོས་སུ་སྐྱེས་མ་རྣམས་ཀྱིས་གཟབ་འཆོར་རྒྱས་སྤྲས་གནང་ནས་གཅིག་རྗེས་གཉིས་འཕྲོར་ལྷ་སའི་ཇོ་ཁང་སོགས་དགོན་སྡེར་ཕྱིན་ནས་མཆོད་མཇལ་དང་གསོལ་སྨོན་རྒྱ་ཆེར་རྒྱག་སྲོལ་ཡོད། ཞོགས་པའི་ཆུ་ཚོད་ལྔའི་སྟེང་ལྷ་སའི་ཇོ་ཁང་གི་ཐང་ཆེན་དུ་མི་ཚོགས་གྲལ་བསྒྲིགས་ནས་མཉམ་གཅིག་ཏུ་དཔལ་ལྷ་མོ་དུས་ཆེན་གཏོང་བར་དགའ་སྤྲོས་ཡོངས་སུ་བརྟས་ཤིང་།བསང་ཁྲིའི་ལོགས་སུ་དད་ལྡན་མང་ཚོགས་གོ་རིམ་མ་འཁྲིགས་པར་བསྒྲིགས་ནས་དད་སེམས་རྣམ་དག་གིས་སྤོས་ངད་ལྡིང་བའི་དྲི་བསུང་ཁྲོད་སྐྱབས་འཇུག་གསོལ་འདེབས་ཞུ་བཞིན་ཡོད་ལ།ཐང་ཆེན་དུ་ལ་ལས་ལག་ཏུ་ལྷ་དར་ཐོགས་ཤིང་། ལ་ལས་ མ་ཎི་འཁོར་ལོ་བསྐོར་བཞིན་བར་སྐོར་གླིང་དུ་བསྐོར་བ་རྒྱག་བཞིན་མཆིས་པས།དགའ་སྤྲོས་འཛུམ་མདངས་ཤིག་དང་བཅས་བཀྲ་ཤིས་པའི་རྟགས་དང་མཚན་མས་ཡོངས་སུ་ཁྱབ།