དན་ཏིག་དགོན

ཡོང་ཁུངས་Wikipedia

དན་ཏིག་དགོན་ནི་མདོ་སྨན་བཱ་ཡན་རྫོང་གི་ཤར་ནུབ་ཏུ་སྤྱི་ལེ་དྲུག་ཅུ་ལྷག་གི་མཚམས་སུ་གནས་ལ།ད་ལྟའི་གསེར་གཞོང་ཡུལ་ཚོའི་ཁོངས་སུ་གཏོགས།རྨ་ཆུ་བྱང་འགྲམ་གྱི་བྲག་རི་གཡང་གཟར་བརྗིད་ཆགས་ལྟ་ན་སྡུག་པའི་ཨ་མ་བྲག་མོ་ཆེ་ཡི་དབུས་སུ་བཞུགས།དེ་ནི་མཉམ་མེད་ཤཱཀྱའི་དབང་བོ་སྔོན་སློབ་པ་ལམ་གྱི་གནས་སྐབས་སུ་རྒྱལ་སྲས་སྤྱོད་པ་བྱ་དཀའ་བ་ཐུགས་ཉམས་སུ་བསྟར་བའི་སྒྲུབ་གནས་དང་།དམར་གཡོ་གཙང་གསུམ་དང་བླ་ཆེན་དགོངས་པ་རབ་གསལ་གྱིས་བསྟན་པའི་མེ་རོ་གང་ནས་གསོས་པའི་ཐིག་ལེ།རྒྱལ་བ་བསོད་ནམས་རྒྱ་མཚོ་སོགས་མཁས་ཤིང་གྲུབ་པའི་སྐྱེས་ཆེན་རིམ་བྱོན་དུ་མས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས་ཡིན་པས་གངས་ལྗོངས་ཡུལ་གྲུ་ཀུན་ན་སྙན་གྲགས་ཆེ་པའི་དགོན་སྡེ་ཞིག་ཡིན་ནོ།།

ཐོག་མར་རྒྱལ་བུ་གཞོན་ནུ་དོན་གྲུབ་ཀྱིས་བྱ་དཀའ་བའི་བྱ་དཀའ་བའི་རྒྱལ་སྲས་ཀྱི་སྤྱོད་པ་ཐུགས་ཉམས་སུ་བཞེས་ནས་གནས་འདི་བྱིན་གྱིས་བརླབས་པའི་ཚུལ་རྣམ་ས་ཞིབ་ཏུ་བཤད་ན།རྒྱལ་བུ་དོན་གྲུབ་གྱི་མདོ་ལས།ཡུལ་ཡ་བའི་རྒྱལ་བོ་དགེ་བའི་སྲས་རྒྱལ་བུ་དོན་གྲུབ་ཀྱིས་བལ་གྱི་གླང་བོ་ཆེ་རང་གི་དགྲ་ཟླའི་རྒྱལ་བོ་ལ་སྦྱིན་པར་བཏང་བའི་ཡབ་རྒྱལ་པོས། རྒྱལ་བུ་དང་བཙུན་མོ། སྲས་སྲས་མོ་བཅས་ལོ་བཅུ་གཉིས་ཀྱི་བར་དུ་དན་ཏིག་གནས་སུ་སྤྱུགས། གནས་དེ་ནི་རྒྱལ་བུ་ས་རང་གི་བཙུན་མོ་དང་སྲས་སྲས་མོ་དང་བཅས་པ་པ་སྦྱིན་པར་བཏང་པའི་གནས་སུ་ངོས་འཛིན།ད་ལྟའི་རཱ་ཛ་ཕུག་ལྷ་ཁང་འདི་ནི་རྒྱལ་བུའི་ལོ་བཅུ་གཉིས་ལ་སྒྲུབ་པ་མཛད་པའི་གནས་ཡིན།ལྷ་ཁང་དུ་བདེ་མཆོག་དང་རྒྱལ་བུ། བཙུན་མོ། སྲས་སྲས་མོའི་སྐུ་བརྙན། གྲུབ་ཆེན་བརྒྱད་ཅུའི་གྱན་ཐང་སོགས་རྟེན་བཞེངས་མི་ཉུང་ཙམ་དང་།བྲག་ངོས་སུ་འཇིགས་བྱེད་རང་བྱོན་།རྒྱལ་བུ་ཕེབས་དུས་རང་གྲགས་བྱུང་པའི་རྔ་དང་དུང་ཆེན་སོགས་ཀྱི་བྲག་ཕུག་མང་པོ་ཡོད།།རྒྱལ་བུ་ཕེབས་སྐབས་ཞབས་ཕྱལ་གཉིས་རྗེས་དྲན་གྱི་རྟེན་སྐལ་བཞག་པའི་སྡེ་ངོ་མཚར་ད་ལྟ་འུ་ཁང་རྟེན་ཁྲོད་དུ་བཞུགས། རྒྱལ་བུ་དན་ཏིག་དུ་ཕེབས་སྐབས་དེར་བྲག་སྐྱིབས་ཤིག་ཏུ་སྒོམ་མཛད་པའི་་དགེ་སློང་ཨ་ཆུ་ཏ་ཟེར་བ་ཞིག་བཞུགས་པའི་དྲུང་དུ་ཕེབས་ནས་ཆོས་ཀྱི་བགྲོ་བ་མཛད་པར་གྲགས།ད་ལྡ་བྲག་སྐྱིབས་དེར་ཨ་ཆུ་ཏ་ལྷ་ཁང་དུ་འབོད། ལྷ་ཁང་དུ་ཨ་ཆུ་ཏའི་སྐུ་བརྙན་བཅས་རྟེན་བཞེངས་མང་པོ་ཡོད། དུས་རབས་དགུ་བའི་དཀྱིལ་ལ་རྒྱལ་བོ་འུ་དུམ་བཙན་གྱིས་ནང་ཆོས་བསྣུབས་པའི་རྗེས་སུ་གྲུབ་ཆེན་ལྷ་ལུང་དཔལ་རྡོར་གྱིས་རྒྱལ་བོ་བཀྲོངས་རྗེས་རིམ་གྱི་དན་ཏིག་ཏུ་ཕེབས་སན་ཤར་སྟོང་རིའི་སྒྲུབ་ཕུག་ནས་སྒྲུབ་པ་ལ་བཞུགས་སོ།། ལྷ་ལུང་དཔལ་རྡོར་གནས་དེར་སྒྲུབ་པ་མཛད་སྐབས་དམར་གཡོ་གཙང་གསུམ་གྱིས་ཆོས་བསྣུབས་པའི་ལོ་རྒྱུས་ཤེས་ཏེ་འདུལ་བའི་དཔེ་ཆ་དྲེལ་ཁལ་གཅིག་བཀལ་ནས་རིམ་གྱིས་དན་ཏིག་ཏུ་ཕེབས་ནས་ཡུན་རིང་བོར་བཞུགས་རིང་ དེ་ཀའི་རྒྱལ་ཞུར་གྱི་ཁྱེའུ་ཞིག་ཁོང་རྣམ་པ་གསུམ་ལ་དད་པ་འཁྲུངས་ནས་་རབ་ཏུ་བྱུང་འདོད་ཞུས་པས། དེར་གཙང་གིམཁན་པོ་དང་གཡོས་སློབ་དཔོན་བྱས་ཏེ་རབ་ཏུ་བྱུང་། མཁན་སློབ་ཀྱི་མཚན་ནས་དྲངས་ཏེ་དགེ་བ་རབ་གསལ་དུ་བཏགས། ཕྱིས་སུ་ཐུགས་ཟབ་པས་དགོངས་པ་རབ་གསལ་དུ་གྲགས། དེའི་ཚེ་དཔོན་སློབ་ཀྱི་མཚན་སྙན་ཡུལ་གྲུ་གང་སར་ཁྱབ་ཏེ་དབུས་ནས་ཀླུ་མེས་ཚུལ་ཁྲིབས་ཤེས་རབ་སོགས་མི་བཅུ་དན་ཏིག་དུ་ཕེབས་ནས་མཁས་པ་མི་གསུམ་གྱི་མདུན་ནས་དམ་ཆོས་ནང་བྱན་ཆུད་པ་སྦྱངས། དེ་ནས་དབུས་གཙང་མཁས་པ་མི་བཅུ་སླར་དབུས་སུ་ཕེབས་ཏེ་བསྟན་པ་ཕྱི་དར་གྱི་ལྟེང་ཀ་བརྟོལ་བ་ཡིན། དེའི་ཕྱིར་བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་གསོས་ཞེས་པའི་མིང་དོན་མཚུངས་པའི་སྔགས་བརྗོད་འདི་ཡང་འདི་ལ་བརྟེན་པ་ཡིན། ད་ལྟའི་སྒོམ་ཆེན་ལྷ་ཁང་དུ་གྲགས་པ་དེ་ནི་མཁས་པ་མི་གསུམ་དང་བླ་ཆེན་དགོངས་པ་རབ་གསལ། དབུས་གཙང་མཁས་པ་མི་བཅུ་སོགས་བཞུགས་པའི་གནས་ཡིན། ལྷ་ཁང་ནང་དུ་བྱམས་སྐུ་དང་དམར་གཡོ་གཙང་གསུམ། བླ་ཆེན་པོ་དང་དབུས་གཙང་མཁས་པ་མི་བཅུ་བོའི་སྐུ་བརྙན་བཅས་རྟེན་མང་པོ་བཞུགས་སོ། དེའི་ཕྱིས་སུ་རྒྱལ་བ་བསོད་ནམས་རྒྱ་མཚོ་སོགས་མཁས་གྲུབ་རིམ་བྱོན་གནས་འདིར་བྱོན་ནས་ལ་ལས་ལོ་ཟླ་མང་པོར་བསྙེན་སྒྲུབ་མང་པོར་མཛད་པ་དང་། ལ་ལས་དབང་ལུང་རྗེས་གསུམ་གྱི་ཆོས་བཀའ་མང་དུ་སྤེལ་བ་དང་།ལ་ལས་ཕྱག་མཆོད་ཞབས་སྐོར་གྱིས་གནས་འབྲེལ་མཛད་པ་སོགས་གནས་བྱིན་གྱིས་བརླབས་པའི་ཚུལ་མང་ལ། ཁྱད་པར་རྒྱལ་བ་བསོད་ནམས་རྒྱ་མཚོ་ད་ལྟ་གྲུབ་ཆེན་ཟེར་བའི་གནས་ཁང་གི་སྒྲུབ་ཕུག་ཏུ་ཕེབས་ནས་ཡུན་རིང་སྒྲུབ་པ་མཛད།དབུ་ཐོག་གི་བྲག་ལ་ཕྱག་མཛུབ་གྱི་རྗེས་དང་།སྐུ་རྒྱབ་གྱི་བྲག་ལ་བརྟེན་པས་སྐུ་རྒྱབ་དང་།དབུ་དང་། དབུ་ཞྭ་བཅས་ཀྱི་རྗེས་འདམ་ལ་ཟུག་པ་བཞིན་བཏོད་པ། དཔལ་ལྡན་ལྷ་མོའི་དྲེའུ་འི་རྨིག་རྗེས་ཀྱི་རྡོ་བཅས་ད་ལྟ་མཇལ་དུ་ཡོད་པ་འདི་ཡིན། སྤྱི་བའམ་ཨ་མྱེས་ཀླུ་རྒྱལ་ལྷ་ཁང་དུ་རྟེན་བཞེངས་མི་ཞུང་ཙམ་དང་། ཁྱད་པར་དུ་རྒྱབ་ཀྱི་སྒྲུབ་ཕུག་ཏུ་ཨ་མྱེས་ཀླུ་རྒྱལ་རྒྱུན་དུ་ཞལ་མཇལ་མེད་པའི་་གཙིགས་ཆེན་དེ་ཉིད་ཀྱི་ལྷ་ཁང་དང་། ཀླུའི་དངོས་གྲུབ་མཚོན་པའི་ཆུ་རྒྱུན་གྱི་ཐིགས་ཕྲེང་རྒྱུན་ཆད་མེད་པར་འབབ་བཞིན་་པའི་བྲགས་སྐྱིབས་སྦུབས་རིང་བོ་བཅས་ཡོད། གོང་མ་ཆན་ལུང་ཁྲི་ལོ་སོ་གཅིག་པ་མེ་ཕག་ལོར་གསར་དུ་བཞེངས་པའི་འདུ་ཁང་ཆེན་མོར་སྔ་ཕྱིར་བཞེངས་པའི་སྐུ་གསུངས་ཐུགས་རྟེན་མནོག་ཆེ་བ་བཞུགས་པ་སང་།ཁྱད་པར་དུ་རྒྱལ་དབང་བཅུ་གསུམ་ཐུབ་བསྟན་རྒྱ་མཚོ་ས་ཉིན་བདུན་ལ་རབ་གནས་དང་། ཐང་ག་རེ་རེར་ཕྱག་དཔར་ཕྱག་ཞམ་གནང་པའི་ཐང་ག་བྱིན་ཅན་བཅུ་ལྷག་བཞུགས་སོ། བར་སྐབས་གྲ་གྲངས་བརྒྱ་ལ་ཉེ་བར་བཞུགས་པར། གཞི་གསུམ་གྱི་ཕྱག་ལེན། བདེ་མཚོག་དང་ཀུན་རིག་གི་སྒྲུབ་མཆོད། སྨན་ཆོག་ཆེན་མོ་། དུས་ཆེན་བཞིའི་སྨོན་ལམ་ཟླ་ཆོས་།ལོརེའི་མ་ཎི་བུམ་སྒྲུབ་། འགྲིག་ལམ་ཀུན་སྤྱོདཞ འདིན་རྟ་དབྱངས། ཐིག་རྡུལ་མཚོན། རིག་གནས་ལག་རྩལ་གྱི་ཆ་ཡན་ལག་བཅས་ཡར་ལྡན་དུ་ཚང་པའི་བསྔགས་པར་འོས་པའི་སྒྲུབ་སྡར་ཞིག་ཏུ་ཡོངས་ལ་གྲགས་སོ།།

                                      མཐུ་བ་རྟ་མགྲིན་ནས་རྩོམ་སྒྲིག་བྱས། རྣམ་པ་ལྷན་རྒྱས་ནས་ཡོ་བསྲང་ལེགས་བཅོས་གནང་རོགས། བཀའ་དྲིན་ཆེ། གཞན་ཡང་བོད་པ་ཀུན་གྱིས་ཚིག་མཛོད་འདིར་ཞུགས་                                           ནས་མིང་ཚིག་ཁ་སྣོན་བྱེད་རྒྱ་ཤིན་ཏུ་ནས་ཀྱང་གལ་ཆེན་པོ་རེད།