དངོས་བྱུང་གི་གཏམ་རྒྱུད་ཚན་པ་ལྔ། (སྒྲུང་རྩོམ) བེ་རི་འཇིགས་མེད།

ཡོང་ཁུངས་Wikipedia

དངོས་བྱུང་གི་གཏམ་ཚོགས་ཚན་པ་ལྔ༌།

གཅིག་ ཕམ་ཁ།

གཏན་ཚིགས་རིག་པ་ལ་ཤིན་ཏུ་མཁས་པའི་དགེ་བཤེས་ཤིག་གིས་ཧུན་སོར་(J)གྲོང་སྡེ་བདུན་པའི་ཚན་རིགས་ཚོང་ཁྲོམ་དུ། ཞོག་ཁོག་ཀི་ལོ་གང་རེ་ལ་གོང་ཚད་དུ་རེད་དྲིས་པས། ཧིན་སྒོར་ལྔ་རེད་ཟེར། འོ་ན་གུ་རུ་བྷུ་རའི་ཚལ་རིགས་ཚོང་ཁྲོམ་དུ་་་་་་་ བཞི་རེད་ཟེར། དགེ་བཤེས་དེས་སྒོར་མོ་གཅིག་གིས་རིན་གོང་ཆུང་བའི་ཞཽག་ཁོག་ཀི་ལོ་གང་ཉོ་བའི་ཆེད་དུ། རི་ཤལ་ལ་སྒོར་མོ་ལྔ་གླ་ཆ་སྤྲད་དེ་གུ་རུ་བྷུ་ར་ལ་གཤེགས།།

གཉིས། རྫུན་རྐུབ།

གསེར་མཁར་རུ་ཁག་ལྔ་པ་བེ་རིའི་ངལ་རྩོལ་བ་པདྨ་འཚོས་རང་གི་བུ་ལ། ཁྱོད་སོང་ནས་རུ་ཁག་འགོ་འཁྲིད་ཅཱ་ཅིང་ལ་ཨ་མ་ན་གི་འདུག་ཉིན་གུང་རྒྱབ་ནད་དགོངས་གནང་རོགས་ཞུས་ཤོག ཨ་མ་ན་ནས་ཡོས་བརྔོ་དགོས་ཀྱི་འདུག་ ཅེས་མངགས། བུ་འགོ་འཁྲིད་སར་སོང་ནས་ ཨ་མ་ཉིན་གུང་རྒྱབ་ནད་དགོངས་གནང་རོགས། ཡོས་བརྔོ་དགོས་ཀྱི་འདུག ཅེས་ཇི་མ་ཇི་བཞིན་ལབ།

གསུམ། སླུ་བྲིད།

ལྔ་བཅུ་ལོར་ཀྲོའུ་ཏེན་གྱིས་སྤར་བའི་དམར་དམག་གི་མེ་ལྕེ་དེ་ཁམས་དཀར་མཛེས་ཁུལ་དུ་འབར་མགོ་ཐོག་མར་ཚུགས་པར། ས་གནས་དེའི་ཡུལ་དགོན་གྱི་བླ་དཔོན་སེར་སྐྱ་ཟུང་འབྲེལ་གྱིས་ཞི་དྲག་གིས་འགོག་ཐབས་ཅི་དྲག་བྱས་པའི་ཐ་མར། གནས་སྐབས་ཀྱི་གནས་གཡར་ཙམ་ལས་ས་གནས་ལ་ཇུས་གཏོགས་དང་བརྡབས་བསིག་མི་བྱེད་ཅིང༌། རྒྱ་རིགས་སུ་ཞིག་གིས་དེ་ལས་བརྒལ་ན། ཏར་འཕྲིན་རྒྱུད་ནས་ཀྲོའུ་ཏན་རང་ལ་ཐད་ཀར་འབྲེལ་གཏུགས་བྱས་ན་ཉེས་ཅན་པ་དེར་ཆད་ཁྲིམས་གཅད་རྒྱུའི་གྲོས་མཐུན་རྒྱ་བོད་གཉིས་ཀའི་ཡི་གེ་ཐོག་བཀོད་པའི་བསླུ་དྲིད་ཀྱི་རི་མོ་རིང་པོ་དེས། ཨ་ཁུ་ཕྱག་མཛོད་ཚུལ་ཁྲིམས་རྨོངས་གཉིད་ཀྱི་ཞིང་ཁམས་སུ་རྨི་ལམ་སྒྱུ་མའི་ལྟད་མོ་ལ་བསྐྱལ། ལྔ་བཅུ་ང་དྲུག་ལོར་ཡུལ་དགོན་གཉིས་ཀའི་རྩ་ཆེན་དངོས་རིགས་ཡོངས་རྫོགས་རྒྱ་མིས་བསྡུ་རུག་བྱས། ཨ་ཁུ་ཚུལ་ཁྲིམས་ཀྱིས་གོས་ཆེན་ནང་དུ་སྒྲིལ་ཡོད་པའི་གྲོས་མཐུན་ཤོག་ལྷེ་ནར་མོ་དེ་ཁུར་ནས། དཔའ་བོ་དུར་ཁྲོད་ཀྱི་མདུན་ངོས་ནམ་མཁའི་མཐོངས་ལ་ཀྲོང་ངེར་ལངས་བསྡད་ཡོད་པའི་གློག་ཀ་རིང་པོ་ཞིག་གི་འགྲམ་དུ། ལག་གཡས་པས་ཤོག་དྲིལ་དེ་ཁ་ཕྱེས། གཡོན་པས་གློག་ཀ་དེར་དམ་པོར་འཆང་ནས་སྐད་སྲོང་མཐོན་པོས། ཝ་ཡེ། ཀྲོའུ་ཏེན། ངོ་ཚ་མེད་པ་ཁྱོད། གྲོས་མཐུན་གྱྀ་ཡི་གེ་འདི་ཁྱོད་ཀྱིས་ཨེ་དྲན། ང་ཚོའི་ཡུལ་དགོན་གཉིས་གའི་ཅ་དངོས་ཡོངས་རྗོགས་བསྡུ་རུག་བྱས་སོང་་་་་་༌། གོས་ཆེན་ནང་བསྒྲིལ་བའི་གྲོས་མཐུན་གྱི་ཡི་གེ་དེ་ཐེངས་ཁ་ཤས་བཀླགས།།

བཞི། རྨོངས་ཞེན།

རླུང་བསིལ་གྱིས་ཡོམ་ཡོམ་གཡོ་བའི་ལྗང་ལོ་རྣམས་གཡུ་མཚོ་སྔོན་མོའི་རྦ་རླབས་རྩེན་པ་དང་འདྲ་བའི་དབྱར་གཞུང་གི་ནམ་ཟླའི་ལང་ཚོའི་འཛུམ་ཞལ་ལྷུམ་མེར་གསལ་བའི་ཉིན་དེར། ཚེ་རིང་གི་ནང་མིས་དུས་རབས་ཀྱི་སྒྲ་སྡུད་རླུང་འཕྲིན་ལས་འཛམ་གླིང་གི་གསར་འགྱུར་ཉན་ནས་རང་ཁྱིམ་དུ་སྡོད་ཡོད། ཅུང་མ་འགོར་བར་ཨ་ཁུ་རྒྱ་མཚོ་བཀྲ་ཤིས་ཧད་དེ་ནང་ལ་འཛུལ་བྱུང༌། ཨ་ཧ། ཐན་ཕྲུག འདྲེ་ཕྲུག་ཚོ། འདི་འདྲེ་མ་རེད་དམ། ཁ་མེད་མགོ་མེད་གཅིག་གིས་མི་སྐད་ཧྲག་ཧྲག་རྒྱག་པ་འདི་གདུག་འདྲེ་གསོན་པོ་མིན་ན་ཅི་རེད། མགྱོག་པར་ཕར་ཞོགས། ལྷ་མོ་ལ་ཕོག་ཐུག་འགྲོ་འོང༌། ཨ་རོ། ཕྱིན་ཆད་འདི་ངའི་མཐོང་དང་ཐོས་ས་ཁུར་མ་འོང་མ་གཏོགས། ངས་ཇོ་བོ་རིན་པོ་ཆེ་ལ་ཚད་བཙུགས། ཧྲུག་ཧྲུག་བཟོ་རྒྱུ་ཡིན་ ཟེར། ཨ་ཁུ་རྒྱ་མཚོ་བཀྲ་ཤིས་སྐུ་རླུང་ཚ་བ་དང་ཁོང་ཚོའི་ཨ་ཁུ་དངོས་ཡིན་སྟབས་ཁ་ལན་སློག་མ་ནུས་པར་འཇམ་ཐིང་མེར་བསྡད། ཨ་ཁུ་བཀྲ་རྒྱམ་སྣ་གཉེར་ཞིག་དང་འབྲེལ་གཉེར་མའི་ཁ་རག་ཆེན་པོ་གཉིས་སྨིན་མཚམས་སུ་བསྡུས་ཏེ། མགོ་བོ་འཕྲེད་དུ་གཡུག་གཡུག་བྱེད་ཀྱིན་ཇི་མི་སྙམ་པའི་རྙིང་ཞེན་དང་རྣམ་རྟོག་གི་སྣ་ཐག་རིང་པོ་ཞིག་གིས་འཁྲིད་དེ་ཕྱི་ལ་འཐོན་སོང༌།

ལྔ། ལམ་སྲོལ།

ཁུ་བྱུག་སྔོན་མོས་མཐའ་མཇུག་གི་རྒྱང་གླུ་ལྷང་ལྷང་སྒྲོག་པའི་དབྱར་མཐའི་མར་ངོས་ཞོགས་པ་ཞིག་ལ། གོ་ལོ་ནང་པའི་ཨ་ཕ་དད་ལྡན་མགོན་པོའི་གདོང་ངོས་ནས་འཛུམ་ཞིག་ལངས་ནས་ཨ་ལགས་བྱང་འདྲེན་སར་འཛུལ་བྱུང༌། ཁ་རྩང་གནང་བརྡ་བཞེས་པ་ལྟར་དེ་རིང་ཨ་ཁུ་ང་ཚོའི་ཁྱིམ་ལ་ཕེབས་རོགས། ཞུས། བྱང་འདྲེན་གྱིས་ ཡྀན་དང་ཡིན་ གསུངས་ནས་རྟ་ཐོག་ཏུ་ཨ་ཕ་དད་ལྡན་གྱི་ཁྱིམ་དུ་ཕེབས། ཞབས་རིམ་གྱི་མགོ་འཛུགས་ཁར་ཨ་ཕ་དད་ལྡན་གྱིས ་ཨ་ཁུ་བྱང་འདྲེན་དབྱར་གནས་ལ་བཞུགས་ཡོད་བཞིན་དུ་ང་ཚོས་ཚོགས་ངན་བསགས་སོང་ ཞུས་པས། བྱང་འདྲེན་འཚབ་འཚུབ་ངང༌། སྐྱོན་མེད། སྐྱོན་མེད། ངས་ད་ནངས་དབྱར་སྡོམ་ཀ་བ་ལ་བཅོལ་ཡོདཅེས་ལན་བཏབ། དབྱར་སྡོམ་་་༌། ཀ་བ་་་་༌། བཅོལ་་༌། ཨ་ཅི་་་༌། ཇི་ལྟ་་་་ ཨ་ཕ་དད་ལྡན་མགོན་པོ་སེམས་ཁམས་ཀྱི་མེ་ལོང་ངོས་སུ་ཤོང་ཐབས་མེད་པའི་དྲི་རྟགས་ཆེན་པོ་ཞིག་ཤར།