དང་སྒྲ་

ཡོང་ཁུངས་Wikipedia

སྡུད་པ། འབྱེད་པ། རྒྱུ་མཚན། ཚེ་སྐབས། གདམས་ངག་སྟེ་ལྔ་ལ་འཇུག་པ་ལས། དང་པོ་སྡུད་པ་ལ་འཇུག་པ་ནི། གམ་ལ་སོགས་པའི་སྐབས་ལྟར་ཕྱོགས་གཅིག་ཏུ་སྡུད་པ་དང་། སྔ་མར་སྦྱར་བའི་ཆོས་ཕྱི་མར་སྦྱོར་བ་སྡུད་པ་དང་། ཕྱི་མར་སྦྱར་བའི་ཆོས་སྔ་མར་སྦྱོར་བ་སྡུད་པ་གསུམ་ལས་དང་པོ་ནི། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་རྣམས་ནི་དབང་བོའོ། ལྟ་བུ། གཉིས་པ་ནི། ཉི་མ་ནི་འོད་དང་ལྡན་ཏེ། གློག་སྒྲོན་དང་ཟླ་བ་ཡང་ངོ་། ལྟ་བུ། གསུམ་པ་ནི། ཉི་མ་དང་ཟླ་བ་དང་ནོར་བུ་ལས་ཀྱང་འོད་འཕྲོའོ། ལྟ་བུ།

གཉིས་པ་འབྱེད་པ་ལ་འཇུག་པ་ནི། དཔེར་ན། དབང་བོ་ནི་ལྔ་སྟེ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་རྣམས་སོ། ལྟ་བུ་སྟེ། གཞི་གཅིག་ལས་རྣམ་གྲངས་ཐ་དད་པའམ། རྣམ་གྲངས་དུ་མ་འབྱེད་པ་གམ་ལ་སོགས་པ་བཞིན་ནོ།

གསུམ་པ་རྒྱ་མཚན་ལ་འཇུག་པ་ནི། གཏན་ཚིག་སྟོན་པ་སྟེ། ན་ཡིག་གི་འཇུག་པ་དང་དོན་འདྲ་བ་ཡིན་སྟེ། དཔེར་ན། དུ་བ་མཐོང་བ་དང་མེ་ཡོད་པར་ཤེས་སོ། བརྩོན་འགྲུས་བརྩམས་པ་དང་མཐར་ཕྱིན། ལྟ་བུ། རྒྱུ་ཡོ་པ་དང་འབྲས་བུ་འབྱུང་ལྟ་བུ་དུས་དང་རྒྱུ་མཚན་ལྷན་གཅིག་ཏུ་སྟོན་པའང་ཡོད་དོ།

བཞི་བ་ཆེ་སྐབས་ལ་འཇུག་པ་ནི། ཉི་མ་ཤར་བ་དང་ཚོགས་འདུ་འཚོགས། སྒོ་ཕྱེས་བ་དང་ནང་དུ་སོང་། འཁོར་ལོ་བསྐོར་བ་དང་མཉམ་དུ་སྒྲ་གྲགས། ལྟ་བུའོ། །

ལྔ་བ་གདམས་ངག་ལ་འཇུག་པ་ནི། དཔེར་ན། འདི་གྱིས་དང་། ཉོན་དང་། སློབས་དང་། བརྩོན་འགྲུས་རྩོམས་དང་མཁས་པར་འགྱུར། ཡིད་ལ་ཟུངས་དང་རང་ལ་ཕན། ལྟ་བུ་སྟེ། བྱ་བ་ལ་བསྐུལ་བའི་ཕྱིར་ན་ཡིག་གི་འཇུག་པ་དང་དོན་འདྲ་བར་གདམས་ངག་འདོམས་པའོ།