དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་

ཡོང་ཁུངས་Wikipedia

ཐུབ་བསྟན་ཕུན་ཚོགས་

ཐུབ་བསྟན་ཕུན་ཚོགས་ལགས་ནི་སྤྱི་ལོ1955ལོའི་ཟླ2པའི་ཚེས7ཉིན་ཁམས་སྡེ་དགེའི་དཔལ་སྤུངས་ཤང་གི་དཔའ་འོག་འབྲོག་སྡེ་རུ་སྐུ་འཁྲུངས།ཕ་མ་གཉིས་ནི་གཞུང་དྲང་ཞིང་ཁོག་རྒྱ་ཆེ་བ་ཞིག་ཡིན་པས་ཁོ་ཚོའི་ཕྲུ་གུ་དུས་ནམ་ཡང་ཕྱུགས་རྫི་ཁོ་ན་བྱེད་མི་དགོས་པར་ཡི་གེ་དང་རིག་གནས་ཤེས་མཁན་ཞིག་ཏུ་གྱུར་ན་ཅི་མ་རུང་སྙམ་སྟེ་དཔོན་རུ་ཚེ་རིང་འགྱུར་མེད་ཟེར་བའི་མདུན་དུ་ཡི་གེ་བསླབ་ཏུ་བཅུག ཁོང་ནི་ཆུང་དུས་ནས་རྣམ་རིག་རྒོད་པས་ལོ་གཅིག་ཙམ་གྱི་རིང་ལ་ཀློག་འདོན་མཐར་ཕྱིན་པ་ཤེས་ཤིང་སྐབས་འགར་གྲོང་སྡེར་ཨ་མཆོད་དུ་སོང་བ་དང་ཡོན་ཏན་དཔལ་བཟང་གི་མདུན་ནས་གཏོ་མདོས་ཡས་གླུད་སྐོར་ཡང་བྱང་ཆུབ་པར་བསླབས།1964ལོར་དཔལ་སྤུངས་སུ་གྲོང་གསེབ་ཀྱི་སློབ་གྲྭ་ཞིག་བཙུགས་པས་དགེ་རྒན་ཕིང་ལགས་ཀྱི་དྲུང་ནས་རྒྱ་ཡིག་ཡིག་འབྲུ་བཅུ་ཕྲག་ཙམ་སྦྱངས་རྗེས་རིག་གནས་གསར་བརྗེའི་འགོ་ཚུགས་ནས་སློབ་གྲྭ་ཐོར།དེའི་རྗེས་ལྷ་རྗེ་ཡོན་ཏན་ཕུན་ཚོགས་དང་མཇལ་བས་ཁོ་རང་ལ་སྨན་སྦྱང་འདོད་ཆེན་པོ་ཞིག་སྐྱེས་ནས་སྨན་བསླབ་པའི་རེ་བ་ཡང་ཡང་ཞུས་པར་བརྟེན་ལྷ་རྗེས་ཀྱང་མོས་མཐུན་གནང་ཞིང་རྩ་མདོ་ཆུ་མདོ་སོགས་བསླབས།དེ་ནས་མུ་མཐུད་དུ་མཁས་དབང་ཐང་བླ་ཚེ་དབང་དང་སྐྱབས་ཆེན་ཕན་བདེ་སོགས་སློབ་དཔོན་མང་པོ་བསྟེན་ནས་སུམ་རྟགས་དག་གསུམ་དང་སྒྲ།བོད་ཀྱི་ལོ་རྒྱུས།སྙན་ངག ཚད་མ།མངོན་བརྗོད།སྡེབ་སྦྱོར།སྤྱོད་འཇུག དབུ་ཕར་འདུལ་མཛོད། བྲིས། རི་མོ་དང་གསང་སྔགས་ཀྱི་ཆོས་སྐོར་སོགས་བསླབས་ཏེ་ས་གནས་དེར་ཅུང་སྙན་གྲགས་ལྡན་པའི་མཁས་པ་ཆུང་ཆུང་ཞིག་དང་མི་དམངས་ལ་ཕན་ཐོགས་ཆེ་བའི་སྨན་པ་ཆུང་ཆུང་ཞིག་ཏུ་གྱུར། གསེར་ས་འོག་ན་ཡོད་ཀྱང་འོད་ནམ་མཁའ་ལ་ཁྱབ་ཅེས་པ་ལྟར་ཐུབ་བསྟན་ཕུན་ཚོགས་ལགས་ཀྱི་སྨན་པའི་ལག་རྩལ་དང་ནད་པར་བཅངས་པའི་རྣམ་འགྱུར། སྨན་གྱི་ཕན་ནུས་སོགས་ཤེས་རྗེས་ནད་པ་མང་པོ་ཉིན་ལམ་གཅིག་ཙམ་གྱི་རིང་ནས་ཁོང་གི་རྩར་སྨན་བསྟེན་པར་ཡོང་གིན་ཡོད། སྤྱི་ལོ1975ལོར་དཔལ་སྤུངས་ཤང་འཕྲོད་བསྟེན་ལས་ཁུངས་ཀྱི་མཉམ་འབྲེལ་སྨན་ཁང་བཙུགས་སྐབས་ཁོ་རང་རྐང་རྗེས་སྨན་པར་བཞག དེ་ནས་བཟུང་ཁོང་གིས་སྨན་པ་དངོས་ཀྱི་མིང་ཐོག་ནས་སྔོན་རྗེས་སུ་ལོ་བདུན་ཙམ་གྱི་རིང་ལ་ཤང་དེའི་གྲོང་སྡེ་ཁག་གི་ནད་པ་ཧ་ལམ་ཁྲི་གཅིག་ཙམ་ལ་སྨན་བཅོས་བྱས་པ་དང་ཞོར་དུ་རྒྱ་སྨན་ཡང་ཕྲན་བུ་བསླབས། སྤྱི་ལོ1982ལོ་ནི་ཁོང་གི་མི་ཚེའི་ཁ་ཕྱོགས་འགྱུར་བའི་ལོ་ཞིག་ཡིན།ལོ་དེར་སྡེ་དགེ་རྫོགས་ཆེན་དུ་བོད་ཀྱི་གནས་ལྔ་རིག་པ་སྦྱོང་སའི་སློབ་གྲྭ་ཞིག་འཛུགས་པའི་གཏམ་སྙན་ཐོས་པས་ཕྱོགས་མང་པོ་ནས་བཀག་འགོག་ཐེབས་ཀྱང་ཁོང་གིས་སྨན་པའི་ལས་དོན་བསྐྱུར་ཏེ་བོད་ཡིག་སློབ་གྲྭར་རིག་པ་དོན་དུ་གཉེར་བར་ཕེབས།ཐོག་མར་སློབ་གྲྭ་དེར་ཟུར་ཞུགས་ཟླ་བ་བཞི་ཙམ་བྱས་རྗེས།ལོ་དེའི་ཟླ་བདུན་པར་ཕུལ་ཏུ་བྱུང་བའི་སྦྱངས་འབྲས་ཀྱིས་སློབ་གྲྭར་དངོས་སུ་ཞུགས་པའི་རྒྱུགས་0འཕྲོད། སྐབས་དེར་སློབ་གྲྭ་དེ་ཐོག་མར་བཙུགས་པ་ཞིག་ཡིན་སྟབས་ཆ་རྐྱེན་ཧ་ཅང་ཞན་ཞིང་སྡོད་ས་གུར་དང་། ཟ་རྒྱུ་རྩམ་པ་ཁོ་ན་དང་ལོ་གཅིག་གི་ནང་ཚལ་ཚོད་མ་ཐེངས་གཅིག་ཀྱང་ཟ་རྒྱུ་རྙེད་དཀའ། གློག་སྒྲོན་མེད་ལ་སློབ་ཁང་ཡང་གུར་ཆུང་ཞིག་ལས་མེད་སྟབས་ནམ་རྒྱུན་ཁ་བའི་ནང་སྐྱིལ་ཀྲུང་དུ་བསྡད་ནས་སློབ་ཁྲིད་ལ་ཉན་དགོས་པའི་དུས་ཚོད་ཧ་ཅང་མང་། ཐུབ་བསྟན་ཕུན་ཚོགས་ལགས་སྔོན་མ་ནས་རིག་གནས་ཀྱི་རྨང་གཞི་བཟང་སྟབས་ཁོང་སློབ་གྲྭར་ཞུགས་ནས་ཡུན་རིང་མ་སོང་བར་ཟུར་ཁྲིད་པར་བརྐོས། སྐབས་དེར་ཁོང་གིས་ཉིན་ཕྱེད་ཙམ་གྱི་རིང་དུ་བློ་གསལ་མགུལ་རྒྱན་གྱི་རྩ་བ་བློར་བཟུང་བ་དང་།ས་སྐྱའི་ལེགས་བཤད་ཀྱི་ལུང་ཁོ་ན་དྲངས་ནས་སློབ་མ་སྒྲིག་འགལ་ཅན་ལ་གོ་བསྐོན་སློབ་གསོ་བཏང་ཚུལ་ནི་སློབ་གྲོགས་ཚང་མའི་ཡིད་སྨོན་ཤོར་ས་དང་མིག་དཔེ་ལྟ་སར་གྱུར་ཡོད། ལོ་བཞིའི་རིང་ལ་ཁོང་གིས་དགེ་བའི་བཤེས་གཉེན་བཅུ་ཕྲག་ཙམ་བསྟེན་ནས་བོད་ཀྱི་བཅུ་ཕྲག་རིག་གནས་ལ་འབད་པ་བྱས་པའི་མི་ཚད་རྒྱ་ཡིག་ལའང་སྦྱངས་བརྩོན་བྱས་པས་རིག་གནས་དང་སྤྱོད་ལམ་གང་གི་ཐད་ནའང་ཕུལ་དུ་བྱུང་བར་གྱུར། སྤྱི་ལོ1986ལོར་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་མཐར་ཕྱིན་ཏེ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ནང་ལས་བགོས་བྱས་པ་དེ་ནི་ཐུབ་བསྟན་ཕུན་ཚོགས་ལགས་ཀྱི་མི་ཚེའི་ཁ་ཕྱོགས་འགྱུར་མཚམས་ཤིག་དང་རྗེས་མའི་ལས་དོན་ལ་ཁ་ལོ་བསྒྱུར་བའི་གོ་སྐབས་ཤིག་ཏུ་གྱུར། སྐབས་དེ་དུས་འབྲིང་རིམ་ཆེད་གཉེར་སློབ་གྲྭ་ནས་མཐར་ཕྱིན་པའི་སློབ་མ་ཞིག་གིས་རྒྱལ་ས་པེ་ཅིན་སོགས་ཀྱི་སློབ་གྲྭ་ཆེན་མོའི་དགེ་རྒན་བྱེད་པ་ནི་ཕལ་ཆེར་རང་རྒྱལ་དུ་ཐེངས་དང་པོ་ཡིན་སྟབས་སྤྱི་ཚོགས་ནས་བཤད་སྲོལ་འདྲ་མིན་བྱུང་ཡོད་མོད། ཁོང་གིས་དེ་དག་བཏང་སྙོམས་སུ་བཞག་སྟེ་ནན་ཏན་གྱིས་སློབ་ཁྲིད་ཅི་ནུས་བྱས་པ་དང་ཞོར་དུ་རྒྱ་ཡིག་དང་དབྱིན་ཡིག་ལ་ནན་ཏན་གྱིས་སྦྱངས་ཤིང་བོད་ཀྱི་རིག་གནས་དང་ལོ་རྒྱུས་ལ་ཞིབ་འཇུག་བྱ་བའི་འགོ་བརྩམས་པ་དང་། ད་དུང་པེ་ཅིན་སློབ་གྲྭ་ཆེན་མོའི་ནང་དུ་གནའ་རྫས་རྟོག་དཔྱོད་རིག་པར་ཟབ་སྦྱོང་བཅས་བྱས་ནས་རང་ཉིད་ཀྱི་ཤེས་ཡོན་ཡར་རྒྱས་ཡོང་བར་བརྩོན་པ་ཆེན་པོ་བྱས།ཁོས་སློབ་མ་ཚོའི་འདོད་མོས་ལྟར་སྙན་ངག་དང་སུམ་རྟགས་དག་གསུམ།དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ།ཤེས་བྱ་ཀུན་ཁྱབ།སྨན་རྩིས་བཅས་བསླབས་ཏེ་ཡུན་རིང་མ་འགོར་བར་སློབ་གྲྭ་དེའི་བོད་ཡིག་དགེ་རྒན་གྱི་རྐང་འཛིན་པ་ཞིག་ཏུ་གྱུར་པར་མ་ཟད་སློབ་དཔོན་གཞོན་པ་དང་། ཞིབ་འཇུག་སློབ་མའི་སློབ་སྟོན་པ། བོད་སྨན་ཞིབ་འཇུག་ཁང་གི་འགོ་འཛིན་པ་བཅས་ཀྱི་འགན་ལྕི་དང་དུ་བླངས།

ཐུབ་བསྟན་ཕུན་ཚོགས་ལགས་ཀྱིས་ལོ་མང་པོའི་རིང་ལ་བོད་ཀྱི་ལོ་རྒྱུས་དང་རིག་གནས་སྤྱིའི་དོན་ཆེ་ཕྲ་གང་ཞིག་ཡིན་རུང་མངོན་སུམ་དང་རྗེས་དཔག་གི་ཚད་མའི་རིགས་ལམ་དྲང་མོས་ལེགས་ཉེས་ལ་བརྡར་ཤ་ནན་མོ་བཅད་པ་དང་།རིས་མེད་ཀྱི་ལངས་ཕྱོགས་བརྟན་པོའི་ཐོག་ནས་རང་ཉིད་ལ་ཐུན་མིན་གྱི་ལྟ་བ་ཞིག་ཆགས་ཡོད།ཁོང་གིས་བརྩམས་པའི་བོད་ཀྱི་ལོ་རྒྱུས་སྤྱི་དོན་པད་མ་ར་གའི་ལྡེ་མིག་ཅེས་པའི་ནང་དུ་ལོ་རྒྱུས་དང་སངས་རྒྱས་ཆོས་ལུགས་གཉིས་ལ་དབྱེ་བ་ནན་མོ་ཕྱེ་སྟེ། ལོ་རྒྱུས་ནི་སངས་རྒྱས་ཆོས་ལུགས་མ་དར་བའི་སྔོན་དུ་བྱུང་བ་ཞིག་ཡིན་པ་དང་།སྤྱི་ལོའི་སྔོན་གྱི་ལོ་སུམ་སྟོང་ཡན་ནས་བོད་ཀྱི་ལོ་རྒྱུས་ཀྱི་དུས་ཚོད་གསལ་བོར་བཀོད་ཡོད། རང་རེའི་བོད་ཀྱི་ལོ་རྒྱུས་དེབ་ཐེར་ནང་གནའ་རབས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་ཚན་རྩལ་བཅས་ཀྱི་སྐོར་གཙོ་གནད་བཟུང་སྟེ་བཤད་པ་དང་། ལྷག་པར་དུ་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་སྟངས་ཀྱི་དུས་རིམ་གྱི་ཆོས་ཉིད་དང་ལྡན་པ་ཞིག་གི་ལོ་རྒྱུས་ཧ་ཅང་ཉུང་བར་དགོངས་ནས་བསྐལ་བ་ཡ་ཐོག་གམ་གདོད་མའི་སྤྱི་ཚོགས་ཀྱི་དུས་ནས་བོད་ཁམས་སིལ་བུར་ཐོར་བའི་དུས་སྐབས་བར་གྱི་བོད་ཀྱི་ས་ཁམས་ཆགས་ཚུལ།ཡ་ཐོག་གི་བོད་མི་བྱུང་ཚུལ།ཡ་ཐོག་གི་བོད་མིའི་ཤེས་ཡོན། རྒྱལ་པོ་གཉའ་ཁྲི་བཙན་པོའི་གོང་དུ་བྱུང་བའི་མངའ་མཛད་གནོད་སྦྱིན་ནག་པོ་སོགས་གདུག་ཅིང་རྩུབ་པའི་དུས་རབས་བཅུ་རིམ་བཞིན་བྱུང་ཚུལ་དང་རྒྱལ་ཕྲན་སིལ་མ་བཅུ་གཉིས་དང་།སིལ་མ་བཞི་བཅུ་བཅས་ཀྱི་དུས་ཚོད་དང་མི་མིང་ས་མིང་སོགས་ཁ་གསལ་བོར་བཀོད་ཡོད།དེའི་རྗེས་སུ་སྤུ་རྒྱལ་གྱི་དུས་རབས་དང་ཆོས་ལྡན་རྒྱལ་རབས་དར་ཚུལ་དང་།བོད་སིལ་བུར་ཐོར་བ་ནས་ད་བར་གྱི་སྲིད་འབྱོར་རིག་གནས་དང་སློབ་གསོ།ཚན་རིག་ལག་རྩལ།དམག་དོན་བཅས་ཞིབ་པར་བཀོད་པ་ནི་ཁོང་གིས་དེབ་འདི་བརྩམས་པའི་དམིགས་ཡུལ་དང་ཐུན་མིན་གྱི་ཁྱད་ཆོས་གཙོ་བོ་ཞིག་ཀྱང་ཡིན།

གཞན་ཡང་ཁོང་གིས་གསོ་བ་རིག་པའི་སྐོར་དང་སྐར་རྩིས།འབྱུང་རྩིས་སོགས་རིག་གནས་གཞན་དག་ཐད་ལའང་ཞིབ་འཇུག་གི་འབྲས་བུ་གཡུར་དུ་ཟ་བ་ཐོབ་ཡོད།ཁོང་གིས་ལོ་བཅོ་ལྔ་ཙམ་གྱི་རིང་དུ་བསྟན་བཅོས་དེབ་མང་པོ་བརྩམས་ཡོད་པ་འདི་ལྟར་ཏེ།བོད་ཀྱི་ལོ་རྒྱུས་སྤྱི་དོན་པད་མ་ར་གའི་ལྡེ་མིག སྟོད་སྨད་གཉིས།རྩིས་གཞུང་རིན་ཆེན་སྙིང་བོ།སུམ་རྟགས་ཀྱི་དྲི་བ་དྲིས་ལན།གསོ་རིག་སྙིང་ནོར་གཅེས་བཏུས།གསོ་བྱ་ལུས་ཀྱི་རྣམ་བཤད།གསོ་བྱེད་ཐབས་ཀྱི་རྣམ་བཤད།ངོས་འཛིན་རྟགས་ཀྱི་རྣམ་བཤད།བསྒྱུར་རྩོམ།ཟླ་བའི་གོ་ལའི་སླ་གཟུགས་ཀྱི་རྣམ་བཤད།རྩོམ་སྒྲིག་གནང་བའི་རྩ་རླུང་འཕྲུལ་འཁོར།བཅས་ནི་ཀློག་པ་པོ་རྣམས་ཀྱིས་དགའ་བསུ་ཆེན་པོ་བྱེད་པའི་དཔེ་ཆ་རུ་གྱུར་ཡོད།སྤྱི་ལོ1973ནས1980ལོའི་བར་ཁོང་གིས་ལོ་ཐོ་ཐེངས་བདུན་ཕབ་པ་དང་།ཕྱིས་སུ་ལོ་ཐོ་ཐེངས་མང་ཕབ་ནས་ཁ་ཤས་དབྱིན་ཡིག་སོགས་ལའང་བསྒྱུར་ཡོད།ད་དུང་ལས་ཞོར་གྱི་དུས་ཚོད་སྤྱད་ནས་བོད་རྒྱ་དབྱིན་གསུམ་གྱི་ཐོག་ནས་བྲིས་པའི་རིག་གཞུང་དཔྱད་རྩོམ་སུམ་ཅུ་ལྷག་རྒྱལ་ཁབ་ཕྱི་ནང་གི་དུས་དེབ་དང་ཚགས་པར་ཐོག་བཀོད་ཡོད་ལ།རྩོམ་ཡིག་ཁ་ཤས་ལ་རྒྱལ་ཁབ་རིམ་པ་དང་རྒྱལ་སྤྱིའི་ཐོག་བྱ་དགའ་ཐོབ་ཡོད།ཁོང་གིས་བརྩམས་པའི་གསོ་རིག་སྐོར་གྱི་དཔེ་དེབ་ཚང་མ་ད་ལྟར་དབྱིན་ཡིག་དང་དབྱི་ཐ་ལིའི་ཡིག་ཐོག་ཏུ་བསྒྱུར་ཟིན་པས་ཕྱི་རྒྱལ་གྱི་ཀློག་པ་པོས་ཀྱང་དགའ་བསུ་ཆེན་པོ་བྱེད་བཞིན་ཡོད།

སྤྱི་ལོ2012ལོར་ལྷོ་ནུབ་མི་རིགས་སློབ་གླིང་དུ་ཕེབས་ནས་མུ་མཐུད་དུ་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་ལ་འབད་འབུངས་དང་སློབ་བུ་རྣམས་ལ་ཕྱི་ནང་རིག་པའི་བདུད་རྩི་གནང་བཞིན་ཡོད་པ་ལགས།