དགུ་ཐུག་
| Subclass of | festive meal, Thukpa |
|---|---|
| ཁོངས་གཏོགས། | བོད་ཀྱི་ཟ་ཆ། |
| ཐོན་ཁུངས་རྒྱལ་ཁབ། | བོད་ཡུལ། |
| རྒྱུ་ཆ། | dough, ཤ, legume, སྔོ་ཚལ་ |
| ཁ་ལག་བཟོ་སྟངས། | བོད་ཀྱི་ཟ་ཆ། |
| Serving temperature | hot |
| Course | main course |
དགུ་ཐུག
[རྩོམ་སྒྲིག]ལོ་རྙིང་པའི་ཟླ་བ་མཐའ་མའི་ཚེས་༢༩ཡི་དགོང་མོ་དགུ་ཐུག་ཅེས་པའི་བག་ཚྭ་རྫས་དགུ་ཚང་བ་ཞིག་སྐོལ་བ་སྟེ་རྫས་དགུ་ནི་ཤ་དང་ཕྱུར་བ། གྲོ་མ། སྔོ་ཚོད། གྲོ། ནས། སྲན། ཚྭ་བཅས་ཡིན་ཅིང་། དགུ་ཐུག་ཅེས་པ་ཚེས་ཉི་ཤུ་དགུའི་ཐུག་པ་ཡིན་པས་དགུ་ཐུག་ཅེས་དང་རྫས་དགུ་ལྡན་གྱི་ཐུག་པ་ཡིན་པས་ཀྱང་དེ་ལྟར་བརྗོད་པའོ། །
བག་ཚྭའི་བཟོ་དབྱིབས་དང་ཁོག་རྫས།
[རྩོམ་སྒྲིག]དགུ་ཐུག་གི་བག་ཚྭའི་ནང་དུ་བག་ཚྭ་གཞན་ལས་ཅུང་ཆེ་ཙམ་གྱི་ཉི་མ་དང་ཟླ་བ་སོགས་དབྱིབས་མི་འདྲ་བ་འགའ་ཞིག་དང་ཡང་དབྱིབས་བག་ཚྭ་གཞན་དང་མཚུངས་པ་ལས་གཞན་ལས་ཅུང་ཆེ་བ་ཁོག་པར་བལ་དང་དཀར་ཡོལ་ཆག་དུམ་སོགས་སྣ་རེ་བླུགས་པའི་བག་ཚྭ་ཡང་ཁག་གཅིག་བཟོས་ཏེ་དགོང་མོ་བག་ཚྭ་དེ་དག་ལས་གང་དང་གང་ཞིག་མི་སུའི་ཕོར་པའི་ནང་ཐོན་པ་དེ་དང་དེའི་རང་གཤིས་དང་སྤྱོད་ལམ་སོགས་མཚོན་པར་ངོས་འཛིན་བྱེད་ཀྱིན་ཡོད་པས་ཐུག་པ་བླུག་མཁན་གྱིས་ཀྱང་ཟ་རུའམ་ཐུག་ཀྱོག་གི་ཐུག་པ་གཅུ་སྐབས་མིག་མ་བལྟས་པར་གཅུས་ནས་བླུགས་ཀྱིན་ཡོད།
མཚོན་དོན་ཁག་གཤམ་གསལ།
[རྩོམ་སྒྲིག]- ཁམ་བུ་དོན་ན་མི་ལ་ལོ་གསར་པའི་ནང་ཁམས་བཟང་པོ་ཡོང་བ།
- བལ་ཐོན་ན་ངང་རྒྱུད་རིང་བ།
- སྐུད་པ་ནང་སྒྲིམ་ནི་སེམས་ནང་བཅངས་པ་སྟེ་ནང་ལ་ཤ་ཚ་ཆེ་བ།
- སྐུད་པ་ཕྱི་སྒྲིམ་ཐོན་ན་བློ་ཕྱི་ལ་གཏད་གྲོད་པ་ནང་ལ་གཏད་པ་ཡིན་ཟེར་བ།
- དམ་ཆོས་པོ་ཏི་ཐོན་ན་ཆོས་སེམས་ཆེ་ཞིང་ཤེས་རིག་ཡོན་ཏན་ལྡན་པ་མཚོན།
- ཌ་མ་རུའི་དབྱིབས་ཅན་ཐོན་ན་མི་དེ་མགོ་བདེ་པོ་ཡིད་རྟོན་མི་རུང་བ་ཡིན་པ།
- ཉི་མ་ཐོན་ན་གཟི་བརྗིད་ཆེ་བ།
- ཟླ་བ་ནི་གྲགས་དཀར་ཕྱོགས་ཀུན་ཁྱབ་པ།
- དཀར་ཡོལ་ནི་ལྟོ་ལ་དཀར་༼དགའ་༽ལས་ལ་གཡོལ་བ་ཟེར་བའི་དོན།
- ཆེ་བ་གཅིག་སྟེང་དུ་ཆུང་བ་ཞིག་སྦྱར་ནས་ཡོད་པ་ནི་ལས་ཆགས་རྒྱབ་ཁུར་༼ན་ལེ་རྒྱབ་ཁུར༽ཞེས་ཕྲུ་གུ་ཡོང་བར་བཤད་པ།
- སུར་པན་ནི་ཁ་ཚ་པོ་སྟེ་མི་ལ་ཁ་གཟན་པ།
- ཟེ་མ་ར་མགོ་ནི་རླུང་ལངས་པོ།
- ཚྭ་ནི་རྐུབ་ལྗིད་པོའམ་སྒྱིད་ལུག་ཅན།
- ཙོང་ངམ་སྒོག་པ་ནི་རྟུག་དྲི་ཚ་པོ།
- སོལ་བ་ནི་མི་དེ་སེམས་ནག་པོ་ཡིན་པ།
- རྡོ་དཀར་གོང་སེམས་པ་བཟང་པོ་ཡོད་པ་མཚོན།
- བླ་མ་དཀོན་མཆོག་ནི་དྲང་བདེན་དང་སྙན་གྲགས་ལྡན་པ་མཚོན།
- གདན་ཆུང་གྲུ་བཞི་ནི་དལ་དལ་ལྷོད་ལྷོད་ཡོང་བ་མཚོན།
- ཤོག་བུ་ནི་རྐུ་མ་ཤུག་ཤུག་རྐུ་བ་མཚོན།
- སྲན་རིལ་ནི་མགོ་བདེ་པོ་ཡོད་པ་མཚོན།
- ཁུ་ལུ་ནི་བློ་སྣ་ཐུང་བ་སྟེ་གཤིས་ཀ་ངན་པ་མཚོན་པ་བཅས་སོ།།
འཆང་བུ་དང་གཏོ་བཅོས་ཀྱི་རིམ་པ།
[རྩོམ་སྒྲིག]ཚང་མའི་ཕོར་པ་སྟོང་པ་མ་བཟོས་པར་ཟ་འཕྲོ་ཏོག་ཙམ་རེ་བཞག་ནས་ཁོག་མ་ཆག་རོ་ཞིག་གི་ནང་དུ་བླུགས། དེ་ནས་རྩམ་པའི་སྤགས་ལྕི་གཡོས་ཏེ་ནང་མི་ཚང་མས་འཆང་བུ་བཟོས་ནས་རང་རང་གི་མགོ་ནས་རྐང་པའི་བར་རེག་ཙམ་བྱས་ནས་:
'ལོ་གཅིག་རྒྱལ་བའི་དཀྱིལ་འཁོར་ཞག་མ་སུམ་བརྒྱ་དྲུག་བཅུའི་གེགས་དང་བར་ཆད་ཐམས་ཅད་ཁུར་ཅིག ལུས་འདོམས་གང་གྲུ་བཞིའི་ནད་རིགས་བཞི་བརྒྱ་རྩ་བཞི་དག་པར་གྱུར་ཅིག་'
བཤད་ཅིང་། རང་གི་གོས་ཀྱི་སྤུ་རྐང་རེ་ཙམ་བཏོགས་ནས་འཆང་བུར་བཏབ་ནས་ཐུག་ལྷག་དང་ཕྱགས་བྱས་པའི་དུ་བ་བཅས་མཉམ་དུ་རྫ་ཁོག་ཆག་རོའི་ནང་བླུགས་ནས་སྒོ་རྒྱབ་དུ་བཞག
གདོན་བགེགས་ཕྱིར་འབུད།
[རྩོམ་སྒྲིག]དེ་ནས་ས་སྲིབ་མཚམས་སུ་སྐྱེས་པ་ཞིག་གི་སོག་ཆག་པ་བསྡམས་པ་ཞིག་ལ་མེ་སྤར་ནས་ཁང་པ་ཚང་མའི་ནང་དུ་འཛུལ་ཙམ་བྱས་པ་དང་། ཆབས་གཅིག་གདོན་དང་བགེགས་ཐམས་ཅད་དོན་ཤོག དོན་ཤོག མར་དོན་ཤོག་བརྗོད་པ་ཡིན། དེ་ནི་གདོན་བགེགས་ཕྱིར་འབུད་བྱེད་པའི་དོན་ཡིན། མེ་འཁྱེར་བས་ཁ་ཕྱིར་ལྟས་མ་སློག་པར་ལམ་གསུམ་མདོ་འགག་ཅིག་ཏུ་གཡུགས་དགོས་སོ།།