དགའ་ལྡན་ཁྲི་པ།
དགའ་ལྡན་ཁྲི་པ་ནི་རི་བོ་དགེ་ལུགས་པའི་བསྟན་འཛིན་ཀུན་གྱི་གཙོ་བོ་ཡིན་ཞིང༌། སྐྱབས་ཞུ་སོགས་ཀྱི་འགོ་བརྗོད་དུ་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཞེས་འགོད་སྲོལ་ཡོད་ལ། ཏཱ་ལའི་བླ་མས་དགའ་ལྡན་གསེར་ཁྲིའི་སྟེང་བཞུགས་ནས་མཛད་སྒོ་གནང་དགོས་ཚེ་མགྲོན་གཉེར་ཆེ་མོ་བས་དགའ་ལྡན་ཁྲི་པར་གནང་བ་ཞུ་དགོས་པ་ཡིན།
ཏཱ་ལའི་བླ་མའི་མཛད་སྒོ་ཆེ་ཁག་ལ་དགའ་ལྡན་ཁྲི་པས་མནྡལ་བཤད་པ་གནང་ཚེ་ཁྲི་སྟེང་དུ་བཞུགས་ནས་གསུངས་པ་ལས་བཞེངས་སྲོལ་མེད་ཐོག ལྷ་སར་ཡང་དགའ་ལྡན་ཁྲི་པའི་མཛད་སྒོ་ཁག་དང༌། ཆིབས་ཧྲག་དང་བཅས་ཕེབས་ཐོན་སྐབས་དབུ་གདུགས་ཕུབ་ནས་ཕེབས་ཀྱི་ཡོད། དགའ་ལྡན་ཁྲི་པ་ཞེས་ཐོག་མར་འབྱུང་སྟངས་ནི་རྗེ་ཙོང་ཁ་པས་དགའ་ལྡན་དགོན་པ་ཕྱག་བཏབ་སྟེ་གསེར་ཁྲིར་བཞུགས་པ་ནས་བཟུང་ཁྲི་སྟེང་དེར་བཞུགས་ནས་རྗེ་ཙོང་ཁ་པའི་རྒྱལ་ཚབ་གནང་མཁན་རིམ་པར་དགའ་ལྡན་ཁྲི་པ་ཞེས་འབོད།
རྗེ་ཙོང་ཁ་པ་ནས་ཁྲི་ཆེན་ཐུབ་བསྟན་ཀུན་དགའ་བར་ཁྲི་ཐོག་དགུ་བཅུ་གོ་དྲུག་བྱུང་འདུག ཁྲི་ཐོག་ཏུ་བཞུགས་རིང་ལྷ་ལྡན་སྨོན་ལམ་ཆེན་མོ་དང༌། ཚོགས་མཆོད་སྨོན་ལམ་གྱི་ཚོགས་དབུ་མཛད་རྒྱུ་དང༌། གཙོ་ཆེར་དགའ་ལྡན་དུ་བཞུགས་ནས་མདོ་སྔགས་ཀྱི་ཆོས་འཆད་ཉན་མཛད་རྒྱུ་དེ་ཡིན་ལ། ཁྲི་ཐོག་ཁང་གི་མཆོད་གཞིས་ཐོག་ནས་དགའ་ལྡན་དུ་གཏོང་སྒོ་གནང་དགོས་པ་ཡིན། དེ་ཡང་རབ་བྱུང་བདུན་པའི་ས་ཕག(༡༤༡༩)ལོར་རྗེ་ཙོང་ཁ་པ་སྐུ་གཤེགས་ནས་ཞག་ཞེ་དགུའི་རིང་འདས་མཆོད་ཞུས་རྗེས་སློབ་དཔོན་འདུལ་བ་འཛིན་པ་གྲགས་པ་རྒྱལ་མཚན་གྱིས་གཙོ་མཛད་དེ་ཡོངས་ཀྱི་དགེ་བའི་བཤེས་གཉེན་རྣམས་ནས་སློབ་དཔོན་དཀའ་བཅུ་བ་དར་མ་རིན་ཆེན་རྗེ་རིན་པོ་ཆེའི་ཆོས་ཁྲིར་བཞུགས་ཏེ་གཟིམ་ཁང(ཁྲི་ཐོག་ཁང)དུ་ཕེབས་ནས་རྗེས་འཇུག་ཡོངས་ཀྱི་གཙུག་རྒྱན་དུ་བཞུགས་པར་གསོལ་འདེབས་མཛད་པ་བཞིན་དཀའ་བཅུ་བ་དར་མ་རིན་ཆེན་དགའ་ལྡན་གསེར་ཁྲིར་བཞུགས་ཤིང༌། སྐབས་དེར་མཁས་གྲུབ་དགེ་ལེགས་དཔལ་བཟང་པོས། དཔལ་ལྡན་ཡོན་ཏན་ཚོགས་ཀྱི་བྱེད་པོ་ཡིས། ། མི་འཇིགས་སེང་གེའི་ཁྲི་ལ་དབང་བསྐུར་བ། ། རྒྱལ་བ་གཉིས་པའི་རྒྱལ་ཚབ་ཆོས་ཀྱི་རྗེ། ། མི་ཕམ་བླ་མ་གཉིས་པ་རྒྱལ་གྱུར་ཅིག ། ཅེས་སོགས་ཀྱི་བསྟོད་ཚིག་གི་མེ་ཏོག་འཐོར་བར་མཛད་པ་ནས་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་ཅེས་པའི་ཆེ་བསྟོད་ཀྱང་དུས་དེ་ནས་བྱུང་བར་སྣང༌། དགའ་ལྡན་ཁྲི་པ་ནི་བླ་སྤྲུལ་གཞན་ལྟར་སྐྱེ་སྤྲུལ་ངོས་འ། ཛིན་ཞུས་ཏེ་བསྐོས་པ་ཞིག་མིན་ཞིང༌། ཁོང་རྣམས་མང་ཆེ་བ་ནི་གྲྭ་རྐྱང་གི་ཐོག་ནས་དཀའ་སྤྱད་དུ་མས་སྦྱངས་བརྩོན་མཛད་དེ་མདོ་སྔགས་གཞུང་ལུགས་ཀུན་ལ་མཁྱེན་པ་ཕུལ་དུ་ཕྱིན་ནས་ཁྲི་པར་ཕེབས་པ་མ་ཟད། ཁྲི་པ་ནི་ཞྭ་སེར་བསྟན་པ་འཛིན་ཅིང་སྤེལ་བར་མཛད་མཁན་ཡིན། མཚན་གནས་དེར་ཕེབས་པར་ཁྱིམ་ཚང་གི་འཁོས་འབྱོར་དང༌། དབང་སྟོབས་ཆེ་ཆུང་སོགས་རིས་སུ་མ་མཆིས་པ་ནི་བོད་ཀྱི་གཏམ་དཔེ་ལའང་ཨ་མའི་བུ་ལ་ཡོན་ཏན་ཡོད་ན་དགའ་ལྡན་གསེར་ཁྲིར་བདག་པོ་མེད་ཅེས་བཤད་སྲོལ་ཡོད་པ་ལྟར་ཡིན། ཁོང་རྣམ་པ་ནི་གའོན་ནུའི་དུས་ནས་རབ་ཏུ་བྱུང་འང༌། གདན་ས་ཆེན་པོ་གསུམ་གང་རུང་ཞིག་ལ་ཆོས་གྲྭར་ཞུགས་ཏེ་མང་ཆེ་བ་ནི་མི་ལོ་ཉི་ཤུ་ཡས་མས་ཙམ་གྱི་རིང་བཤེས་གཉེན་དམ་པ་བསྟེན་ཅིང༌། གྲོགས་བློ་གསལ་རིག་པ་སྨྲ་བ་བརྒྱ་ཕྲག་དུ་མ་དང་ལྷན་ཅིག་ཏུ་འཛམ་གླིང་རྒྱན་དྲུག་མཆོག་གཉིས་རྗེས་འབྲངས་དང་བཅས་པའི་གཞུང་ལུགས་རྣམས་ཚིག་སྤྱི་དང༌། འོལ་སྤྱི་ཙམ་མ་ཡིན་པར་དྲི་མ་མེད་པའི་ལུང་དང་དངོས་སྟོབས་ཀྱི་རིགས་པའི་ལམ་ནས་དྲངས་ཏེ་རྣམ་པར་དཔྱོད་པའི་ཚུལ་ལ་གུས་སྦྱོར་དང༌། རྟག་སྦྱོར་བརྩོན་འགྲུས་ཆུ་བོའི་རྒྱུན་བཞིན་བསྟེན་ནས་སློབ་གཉེར་མཐར་ཕྱིན་པ་བྱས་པའི་འབྲས་རྟགས་སུ་སྨོན་ལམ་ཆེན་མོར་གདན་ས་གསུམ་གྱི་མཁས་པའི་དབུས་སུ་གཞུང་ཆེན་བཀའ་པོད་ལྔའི་གྲྭ་སྐོར་དམ་བཅའ་བཞག་སྟེ་དགེ་བཤེས་ལྷ་རམས་པའི་མཚན་བཞེས་དགོས་པ་དང༌། མཚན་བཞེས་དམ་བཅའི་སྐབས་མཁས་པ་མང་པོས་གཞུང་ཆེན་རྣམས་ཀྱི་གོང་འོག་ཚིག་དོན་ལས་བརྩམས་པའི་བརྒལ་བརྟག་དང་དྲི་བ་ཇི་བྱུང་ལ་གཞུང་དོན་དང་མི་འགལ་བའི་ལན་འདེབས་ཀྱི་རྣམ་དཔྱོད་བཟང་ཞན་ཇི་བྱུང་མཚན་ཞབས་རྣམས་དང༌། མཁན་པོ་གཞུང་ལས་པ་བཅས་ནས་བརྟག་ཞིབ་དང་འབྲེལ་བློ་གྲོས་ཀྱི་སྦྱངས་རྩལ་གཟེངས་སུ་ཐོན་པ་རྣམས་ཨང་རིམ་བཀོད་དེ་ཏཱ་ལའི་བླ་མར་སྙན་འབུལ་དང་འབྲེལ་གཞུང་ས་ནས་ཨང་རིམ་ལྟར་ལེགས་སྐྱེས་གཟེངས་བསྟོད་ཐོབ་རྗེས་གཞི་ནས་སོ་སོའི་ཐོབ་ཁུངས་ལྟར་རྒྱུད་གྲྭ་སྟོད་སྨད་གང་རིགས་སུ་ཞུགས་ཏེ་ལོ་ཤས་རིང་རྒྱུད་གྲྭར་གསང་སྔགས་རྡོ་རྗེ་ཐེག་པའི་བསྐྱེད་རྫོགས་ཀྱི་ཉམས་ལེན་གསན་འཇོག་དང་འབྲེལ་རྒྱུད་གྲྭའི་གསང་སྔགས་ཀྱི་རྩོད་རྒྱུགས་དང༌། དམ་བཅའི་ཨང་རིམ་དང་གཉིས་ཐོབ་པའི་རྗེས་རྒྱུད་གྲྭའི་དགེ་བསྐོས་ཟླ་བ་བཞི་དང༌། དེ་ནས་ལོ་ཤས་རྗེས་བསྐོ་གཞག་བྱུང་མཚམས་བླ་མ་དབུ་མ། ཛད་ལོ་གསུམ། མཁན་པོ་ལོ་གསུམ་བཅས་གནང་ནས་མཁན་ཟུར་ལོ་གང་ཙམ་བཞུགས་མཐར་མཁན་ཟུར་བགྲེས་པ་དེ་རྒྱུད་སྨད་ཡིན་ན་བྱང་རྩེ་ཆོས་རྗེ་དང༌། རྒྱུད་སྟོད་ཡིན་ན་ཤར་རྩེ་ཆོས་རྗེའི་ཁྲིར་ཕེབས་ཏེ་ལོ་བཅུ་བཞི་སོང་རྗེས་དགའ་ལྡན་གསེར་ཁྲིར་ཕེབས་དགོས། འོན་ཀྱང་རང་ཉིད་ཀྱི་གོང་དུ་ཡོད་པའི་ཁྲི་པའམ། ཤར་བྱང་ཆོས་རྗེ་ལས་ཐོག་ཏུ་སྐུ་གཤེགས་པ་ཡིན་ན་ལོ་ཚད་གོང་གསལ་ལྟར་འགོར་གྱི་མེད། དགའ་ལྡན་ཁྲི་པ་ཕལ་ཆེར་གསེར་ཁྲིར་ཕེབས་སྐབས་དགུང་ལོ་དྲུག་ཅུ་བདུན་ཅུར་ཕེབས་ཀྱི་ཡོད་ལ། ཆོས་ཕྱོགས་ཀྱི་ཡོན་ཏན་ནི་མདོ་སྔགས་ཀྱི་གཞུང་ལུགས་དང༌། ལག་ལེན་ཀུན་ལ་མཁས་པའི་མཐར་སོན་པ་ཤ་སྟག་ཡིན། ཁྲི་ཐོག་སོ་ལྔ་པ་འཇམ་དབྱངས་དརྐོན་མཆོག་ཆོས་འཕེལ་བར་ཁྲི་བཞུཀས་ལོ་ཚད་གཏན་འཁེལ་མེད་ཀྱང༌། ཁྲི་ཐོག་སོ་དྲུག་པ་ཀོང་པོ་བསྟན་འཛིན་ལེགས་བཤད་ཀྱི་རྗེས་སུ་དགའ་ལྡན་ཁྲི་འཛིན་ལོ་བདུན་རེ་ཡིན་པར་སྡེ་པ་གཙང་པས་གཏན་ལ་ཕབ། དགའ་ལྡན་ཕོ་བྲང་པའི་དབང་བསྒྱུར་སྐབས་ཀྱང་དེ་དོན་སོར་གནས་ཐོག་དཀའ་ལྡན་ཁྲི་པར་ཆེ་བསྟོད་དང༌། བདག་རྐྱེན་སྔར་ལས་ལྷག་པ་ཞུས་ཏེ་ཁྲི་པའི་ཐོབ་ཐང་འགན་དབང་གཏན་འཁེལ་གྱི་ཡིག་ལམ་དུ་འཁོད་པ་བྱུང༌།
དགའ་ལྡན་ཁྲི་པ་དང༌། ཤར་བྱང་ཆོས་རྗེ་རྣམ་གཉིས་དབྱར་ཆོས་སོགས་ཀྱི་སྐབས་མ་གཏོགས་རྒྱུན་གཏན་ལྷ་སར་བཞུགས་ཤིང༌། ཁྲི་པ་གོང་མ་དེ་ཁྲི་ལོ་གཙང་ནས་དགོངས་ཞུ་མཛད་པའམ། ཡང་ན་ཁྲི་པ་ལས་ཐོག་ཏུ་སྐུ་གཤེགས་པ་བྱུང་ཚེ་ཤར་རྩེ་དང༌། བྱང་རྩེའི་ཆོས་རྗེ་ཁྲི་པར་ཕེབས་རེས་སུ་འཁེལ་བ་དེར་ཁྲི་པའི་འགན་བཞེསོ་དགོས་པའི་ཏཱ་ལའི་བླ་མའི་བཀའ་ཡིག་དེ་རྩེ་འགག་ནས་དགའ་ལྡན་ཁྲི་ཐོག་ཁང་གི་མཛོད་པར་གཏོང་བ་དང༌། ཚེས་ཆ་བཟང་བ་ཞིག་ལ་ཁྲི་ཐོག་ཁང་ཀི་མཛོད་པ་དང༌། དགའ་ལྡན་བླ་སྤྱིའི་འཐུས་མི་བཅས་ཁྲི་པ་གསར་པའི་སར་བཅར་ནས་ཏཱ་ལའི་བླ་མའི་བཀའ་དེ་བརྒྱུད་ཞུ་དང་སྦྲགས་མནྡལ་རྟེན་གསུམ་འདེགས་འབུལ་གྱིས་གང་མགྱོགས་གསེར་ཁྲིར་ཞབས་སོར་འཁོད་པ་དང༌། སྐུ་ཚེ་མཛད་འཕྲིན་རྒྱས་པ་སོགས་ཀྱི་ཞུ་བསྐུལ་བྱས་པ་བཞིན་ཁྲི་པ་གསར་པ་ངེས་ཚེས་ཆ་སྟབས་བསྟུན་གྱིས་ལྷ་ས་ནས་ཕེབས་ཐོན་དང༌། གསེར་ཁྲིར་བཞུགས་རྒྱུའི་དུས་ཚོད་གཏན་འཁེལ་གནང་བ་ལྟར་ཁྲི་པའི་སྣེ་ཤན(རྒྱུས་མངའ་བྱེད་མཁན)རྩེ་དྲུང་དཀྱུས་མ་ཞིག་ཡོད་པ་དེས་རྩེ་འགག་ཏུ་ཁྲི་པ་ལྷ་ས་ནས་ཕེབས་ཐོན་དང༌། ཁྲི་བཞུགས་དུས་ཚོད་སྙན་སེང་དང་འབྲེལ་རྩེའི་སྐུ་ཚབ(ཏཱ་ལའི་བླ་མའི་སྐུ་ཚབ)དང་ཆིབས་ཞབས་དྲུང་རིགས་སེར་སྐྱར་བརྡ་ཐོ་ཡོང་བ་ཞེས་ཞུས་རྗེས་རྩེ་གསོལ་ཐབ་ཏུ་གསོལ་ཇ་དང༌། དཀར་སྤྲོ་སོགས་ཀྱི་སྙན་སེང་ཞུ་དགོས། རྩེ་འགག་ནས་རྩེའི་སྐུ་ཚབ་རྩེ་མགྲོན(རིམ་པ་ལྔ་པའི་དཔོན་རིགས་སེར་མོ་བ)འིག་དང་ཆིབས་ཞབས་རྩེ་དྲུང་དཀྱུས་མ་བཅུ་དང༌། བཀའ་ཤག་ནས་ཤོད་དྲུང་དཀྱུས་མ་བཅུར་བརྡ་ཐོ་བཏང་བ་ལྟར་ཁྲི་པ་ལྷ་ས་ནས་ཕེབས་ཁར་དེ་རྣམས་ཁྲི་པའི་བཞུགས་གནས་སུ་འབྱོར་བ་བྱས་ཏེ་རྩེ་དྲུང་རྣམས་ནས་འཕྱ་གྲུ་འཕྱ་སྟོད་གྱོན་པ་དང༌། དབྱར་ཁ་ཞྭ་དཀར་དང༌། དགུན་ཁ་སྒར་སྤུག་གྱོན་པ། ཤོད་དྲུང་རྣམས་རྒྱ་ལུ་ཆས་གྱོན༌། ཁྲི་པ་དེ་གྲྭ་ས་གང་ནས་ཡིན་ཡང་དེའི་གྲྭ་ཚང་དང༌། ཁང་ཚན་གྱི་ལས་སྣེ། དགའ་ལྡན་བླ་སྤྱིའི་འཐུས་མི། ཁྲི་ཐོག་ཁང་གི་མཛོད་པ། དགའ་ལྡན་གྱི་ཐོབ་ཁུངས་གྲྭ་ཚང་ཁང་ཚན་གྱི་ལས་སྣེ། ཁྲི་པ་སྒེར་གྱི་ཕྱག་མཛོད་དང༌། གསོལ་གཟིམ་བཅས་གཟབ་མཆོར་གང་ལེགས་ཐོག་དབུ་གདུགས་པས་དབུ་གདུགས་འཛིན་པ་(གསོལ་ཐབ་པ་དང་དབུ་གདུགས་པ་རྨེ་རུ་དགོན་ནས་འཛུགས་དགོས)སོགས་ཆིབས་ཧྲག་གཟབ་རྒྱས་དང་བཅས་དགའ་ལྡན་དུ་ཕེབས་ཐོན་གྱིས་ལྷ་སའི་ཤར་ངོས་ཆབ་རྫིང་གླིང་ཀའི་བྱང་དུ་ཡོད་པའི་ཐང་སྡེར(དེང་སང་ཝ་པ་གླིང་སྣེ་འཛོམས་ཐོག་བརྩེགས་ཚོང་ཁང་ངམ་ཕྲེང་རིང་ཚོང་ཁང་ཡོད་ས)དེར་གཞུང་གི་ཐབ་སྐྱེལ་དབུ་གུར་དུ་ཕེབས་ནས་རྩེ་གསོལ་ཐབ་ནས་གསོལ་ཇ་ཇ་ཞུ་དང་དཀར་སྤྲོ་ཕེབས། དེ་ནས་ཕེབས་སྐྱེལ་ཆིབས་ཞབས་རྣམས་ལ་མཇལ་ཁ་གནང་རྗེས་ཁོང་རྣམས་རང་གནས་སུ་ཕྱིར་ཕེབས། ཁྲི་པ་སྐུ་འཁོར་དང༌། རྩེའི་སྐུ་ཚབ། སྣེ་ཤན་རྩེ་དྲུང༌། དགའ་ལྡན་གྱི་ལས་སྣེ་བཅས་ལྷ་གདོང་ཤན་ཁའི་ཀོ་གྲུ་དོན་ཏེ་དོ་ནུབ་བདེ་ཆེན་གསང་སྔགས་མཁར་དུ་ཕེབས་སྐབས་དེ་གའི་བླ་མ་ལས་སྣེ་དང༌། གྲྭ་དམངས་ནས་འཚམས་ཞུ་དང་སེར་སྦྲེངས་ཞུས་ཏེ་དོ་ནུབ་དེ་གར་བཞུགས་ཞག་མཛད། ཕྱི་ཉིན་སྔ་དྲོ་ཕེབས་ཐོན་གྱིས་གཙང་རྟོགས་གཞིས་ཀར་བཞུགས་ཞག་མཛད་པ་དང་སྣེ་ཤན་རྩེ་དྲུང་དང༌། ཁྲི་ཕྱག་སོགས་ནས་སྤོས་སྣེ་ཞུས་ཏེ་ཁྲི་པའི་བཞུགས་གདིང་དེ་སྤོམ་འབོར་ཚང་དུ་ཡོད་པའི་རྗེ་རིན་པོ་ཆེའི་བཞུགས་ཁྲིའི་སྟེང་དུ་སྒྲོན་པའི་མཛད་སྒོའི་སར་རྩེའི་སྐུ་ཚབ་ཀྱང་ཕེབས་ཀྱི་ཡོད། དེའི་སང་ཉིན་ཁྲི་པ་སྐུ་འཁོར་ཆིབས་ཧྲག་དང་བཅས་སྤོམ་འབོར་ཚང་དུ་ཕེབས་ནས་དེ་གར་རྗེ་ཙོང་ཁ་པས་གསོལ་འིབ་འཐག་པར་མཛད་པའི་རང་འཐག་ཆུང་ངུ་ཞིག་ཡོད་པ་དེར་ཁྲི་པ་རིམ་བྱུང་གིས་སྒྲིལ་རྫས་གོས་འབོག་རེ་ཕུལ་བ་དང༌། ཕྱི་སྒྲིལ་ཐོག་དམ་ཕྲུག་ཡོད་པར་རྩེའི་སྐུ་ཚབ་དང༌། དགའ་ལྡན་ཁྲི་པ། བླ་སྤྱི་བཅས་ཀྱིས་དམ་ཕྲུག་ལ་གཟིགས་ཞིབ་གནང་རྗེས་སྒྲིལ་རྫས་བཤིག་སྟེ་སྔོན་ནས་གྲ་སྒྲིག་ཟིན་པའི་གོས་ཆེན་གྱི་ཚོགས་ཁུག་གཅིག་གི་ནང་ཡོས་སྤུས་ལེགས་གང་ཡོད་པ་དེ་ཁྲི་པ་རང་གིས་འཐག་པར་མཛད། གསོལ་ཞིབ་ཞིབ་རྩིང་ལ་ཁྲི་པའི་སྐུ་ཚེ་མཛད་པ་ལེགས་ཉེས་བརྟག་དཔྱད་བྱེད་སྲོལ་ལྟར་རྩེའི་སྐུ་ཚབ་ནས་གསོལ་ཞིབ་ཚོགས་ཁུག་དེ་སྙན་ཞུ་དང་བཅས་ཏཱ་ལའི་བླ་མར་འབུལ་དགོས། མཛད་སྒོ་དེ་གྲུབ་མཚམས་རང་འཐག་ལ་སྒྲིལ་རྫས་གསར་འབུལ་ཐོག་དམ་ཕྲུག་བརྒྱབ་ནས་ཁྲི་པ་སྐུ་འཁོར་ཆིབས་ཧྲག་དང་བཅས་དགའ་ལྡན་དུ་ཕེབས་པའི་ལམ་ཤོམ་ལྤགས་ཐང་དུ་དགའ་ལྡན་བླ་སྤྱིའི་ཐབ་བསུའི་དབུ་གུར་དུ་ཕེབས་ནས་གསོལ་ཇ་བཞེས་འབྲས་བཏེགས་འབུལ་རྗེས་བླ་སྤྲུལ་ལས་སྣེའི་ཆིབས་ཧྲག་རྒྱས་གཤོམ་གྱི་ངང་དགའ་ལྡན་དགོན་པར་ཆིབས་བསྒྱུར་གནང་སྐབས་སེར་སྦྲེངས་དང་དུང་རྒྱའི་སྤྱན་འདྲེན་གཟབ་རྒྱས་ངང་དགོན་པའི་མདུན་གྱི་ཁྲོམ་ཁར་ཕེབས་མཚམས་ཆིབས་ལས་བཤོལ་ཏེ་ཏཱ་ལའི་བླ་མ་དང་དགའ་ལྡན་ཁྲི་པ་སོ་སོས་སྐུ་ཕྱག་གནང་ས་ཕྱག་སྟེགས་གཉིས་ཡོད་པ་ལས་ཁྲི་པའི་ཕྱག་སྟེགས་སྟེང་ནས་དགོན་པར་སྐུ་ཕྱག་གསུམ་གནང་རྗེས་སྤོས་སྣེ་ཕེབས་བསུ་དང་བཅས་ཐོབ་ཁུངས་ཁང་ཚན་དེར་བཞུགས་གནས་མཛད། གསེར་ཁྲིར་དངོས་སུ་ཕེབས་རྒྱུའི་སྔ་ཉིན་དུ་སྣེ་ཤན་རྩེ་དྲུང་དང༌། ཁྲི་ཐོག་ཁང་གི་མཛོད་པ། བླ་སྤྱི། གྲྭ་ཚང༌། ཁང་ཚན་གྱི་ལས་སྣེ་བཅས་ནས་སྤོས་སྣེ་དང་སྦྲགས་ཁྲི་པའི་བཞུགས་གདིང་གསེར་ཁྲི་ཁང་དུ་གདན་ཞུས་ཐོག་གསེར་ཁྲིའི་སྟེང་སྒྲོན་ནས་ཕྱི་ཉིན་ཞོགས་པ་སྔ་པོ་རྩེའི་སྐུ་ཚབ་སོགས་ནས་བཞུགས་གདིང་ལྷུང་བ་དང༌། སྒྲིལ་བ་སོགས་ཡོད་མེད་བརྟག་དཔྱད་ཀྱིས་ཏཱ་ལའི་བླ་མར་སྙན་ཞུ་འབུལ་དགོས(བཞུགས་གདིང་ཁྲི་ཐོག་ནས་ལྷུང་བ་དང༌། སྒྲིལ་བ་སོགས་བྱུང་ན་ཁྲི་པ་དེའི་སྐུ་ཚེའི་མཛད་པ་མཐའ་མི་འཁྱོལ་བའི་ངན་རྟགས་སུ་གྲགས)དེ་ཉིན་ཁྲི་པ་སྐུ་སྒེར་ནས་ཚོགས་ཆེན་དུ་མང་ཇ་དང༌། སྐུ་འགྱེད་གཟབ་རྒྱས་ཐོག་ཉི་མ་རི་རྩེར་ཤར་བ་དང་བསྟུན་སྣེ་ཤན་རྩེ་དྲུང་དང༌། བླ་སྤྱི། ཁྲི་ཕྱག དེ་མིན་བླ་སྤྲུལ་ལས་སྣེ་བཅས་ནས་སྤོས་སྣེ་དང༌། སེར་སྦྲེངས་བཅས་གསེར་ཁྲི་ཁང་དུ་ཕེབས་ཏེ་གསེར་ཁྲིར་ཞབས་སོར་འཁོད། རྩེའི་སྐུ་ཚབ་ཀྱང་མཛད་སྒོར་ཞུགས་ཐོག་ཚོགས་ཆེན་དབུ་མཛད་ཀྱིས་དབུ་སྐུལ་བཞིན་མནྡལ་རྒྱས་པ་འབུལ་བ་དང༌། མཁན་པོ་བགྲེས་པ་དེས་མནྡལ་བཤད་པ་ཕུལ། རྩེའི་སྐུ་ཚབ་ཀྱིས་ཕྱག་སྲུང་དང༌། མཇལ་དར་གནང་ཆ་རྣམས་ཕུལ་རྗེས་བླ་སྤྱིས་མནྡལ་རྟེན་གསུམ་ཕུལ། ཁྲི་ཕེབས་མཛད་སྒོ་གྲུབ་རྗེས་ཁྲི་པའི་བཞུགས་གནས་ཁྲི་ཐོག་ཁང་དུ་ཕེབས་ནས་གཏན་བཞུགས་མཛད། དེ་ཉིན་ད་དུང་ཐོབ་ཁུངས་གྲྭ་ཚང་དང༌། ཁང་ཚན་ལ་ཡང་གསོལ་ཇ་དང་སྐུ་འགྱེད་གནང་སྲོལ་ཡོད། ཤར་བྱང་ཆོས་རྗེ་སུ་ཁྲི་པར་ཕེབས་རྗེས་རྒྱུད་གྲྭ་སྟོད་སྨད་ཀྱི་མཁན་ཟུར་བགྲེས་པ་དེར་རྩེ་འགག་ནས་ཆོས་རྗེ་གསར་པའི་བཀའ་བསྒྱུར་ཐོག་ཚེས་ཆ་སྟབས་བསྟུན་གྱིས་ཏཱ་ལའི་བླ་མར་བཀའ་བསྒྱུར་མཇལ་དར་ཕུལ་རྗེས་དགའ་ལྡན་དུ་ཕེབས་ཐོན་གྱིས་ཆོས་རྗེའི་ཁྲིར་ཕེབས་ཀྱི་མཛད་སྒོ་གནང་སྐབས་ཤར་བྱང་གྲྭ་ཚང་གང་ཡིན་དེར་གཏོང་སྒོ་གནང་སྲོལ་བཅས་ཡོད། དགའ་ལྡན་ཁྲི་པ་ལྷ་སར་བཞུགས་སྐབས་ཀྱི་མཛད་སྒོ་གཙོ་བོ་ནི། དུས་རབས་བཅུ་དྲུག་པའི་སྨད་ཆར་ཁྲི་ཐོག་ཉེར་གསུམ་པ་ཆོས་རྗེ་ཚེ་བརྟན་རྒྱ་མཚོ་ནས་བཟུང་ཁྲི་པ་རིམ་བྱོན་ལོ་ལྟར་ལྷ་ལྡན་སྨོན་ལམ་ཆེན་མོའི་ཚོགས་དབུར་་་་་ཕེབས་སྲོལ་བྱུང་བ་དང༌།ལྷ་སའི་སྨོན་ལམ་སྐབས་སྔ་དྲོ་གསུང་ཆོས་ར་བར་་་་་་་་་གསུང་ཆོས་དང༌། ཉིན་དགུང་སྐམ་ཚོགས་སུ་བསྔོ་སྨོན། གཏོར་རྒྱག་སྐབས་གཏོར་བརྒྱབ། བྱམས་པ;གདན་འདྲེན་ཉིན་ཁྲུས་གསོལ། ཇོ་བོ་རགས་རྒྱག་སྐབས་རབ་གནས་སོགས་ལ་དགའ་ལྡན་ཚོགས་ཆེན་ཞལ་ངོ་གཉིས་ནས་གསེར་ཟངས་ཀྱི་སྤོས་ཕོར་འཁྱེར་བ(སྤོས་འཛིན)དང་ཚོགས་ཆེན་དབུ་མཛད། ཇ་ཚུལ་སྡེ་པས་འབོག་ལྕག་འཁྱེར་བ(གཟིམ་འགག)ཁྲི་ཐོག་ཁང་གི་མཛོད་པ་དང༌། བླ་མ་སྨན་སྦྱིན་པ(སྨན་པ)སོགས་ནས་གོས་སྟོད་གྱོན་པ་བཅས་ཀྱི་ཐོག་འབྲས་སྤུངས་ཀྱི་དགེ་གཡོག་གཅིག་གིས་སྔོན་དུ་ལམ་བཤངས་རྗེས་གདུགས་དང༌། རྒྱལ་མཚན། རྔ་རོལ་སོགས་སེར་སྦྲེངས་དང༌། ཁྲི་པ་སྐུ་འཁོར་རྣམས་གྲལ་བསྟར་བསྒྲིགས་ཏེ་ཁྲི་པའི་སྐུ་རྒྱབ་ཏུ་དབུ་གདུགས་པས་དབུ་གདུགས་འཛིན་པ། ལོ་དེའི་དགེ་བཤེས་ལྷ་རམས་པ་ཚོས་དབུ་ཞྭ་སྒྲོ་ལྷུག་དང༌། ཆོས་གོས་གསོལ་ཞིང་སྐུ་རྒྱབ་ཏུ་ཕེབས། ཁྲི་པ་རང་ཡང་དབུ་ལ་པཎ་ཞྭ་སེར་པོ་དང༌། ཞབས་ལ་འཇའ་ཆེན་སེར་པོ་བཞེས་པ། གཏོར་རྒྱག་སྐབས་དབུ་ཞྭའི་མདུན་དུ་སྟོང་སྐུད་ནག་པོའི་དོམ་ར་གསོལ་བ་སོགས་མཛད། ལོ་ལྟར་བོད་ཟླ༡ཚེས༡༥ཉིན་གསུང་ཆོས་ར་བར་གསུང་ཆོས་དང༌། སྐམ་ཚོགས་ལ་བསྔོ་སྨོན་སོགས་ཏཱ་ལའི་བླ་མས་མཛད་སྲོལ་ཡང་ཏཱ་ལའི་བླ་མ་ལྷ་སར་མ་བཞུགས་པའམ། ཕེབས་མ་ཐུབ་ཚེ་དགའ་ལྡན་ཁྲི་པས་གནང་དགོས། དགའ་ལྡན་པའི་ལྗོངས་རྒྱུའི་མཛད་སྒོའི་ཉིན་ཁྲི་པས་ཆིབས་ཧྲག་དང་བཅས་ཏཱ་ལའི་བླ་མའི་མཇལ་ཁར་ཕེབས། རྒྱུན་གཏན་གཞུང་གི་ཞབས་བརྟན་གལ་ཆེ་དང་གཙུག་ལག་ཁང་དུ་སྟོང་མཆོད་འབུལ་མིའི་སྦྱིན་བདག་འགའ་ཞིག་གིས་དབུ་བཞུགས་སུ་གདན་དྲངས་ན་ཁྲི་པ་དང༌། ཤར་བྱང་ཆོས་རྗེ་རྣམས་ཕེབས་སྲོལ་ཡོད། སྨོན་ལམ་གྲོལ་རྗེས་དུས་རབས་བཅོ་བརྒྱད་པའི་ནང་དར་བའི་རྨེ་རུ་དཔྱིད་ཆོས་ཞེས་རྨེ་རུ་དགོན་པར་གསུང་ཆོས་ཉིན་བཅུ་གྲངས་ཤིག ཚོགས་མཆོད་སྐབས་སྨོན་ལམ་དང་འདྲ་མཚུངས་ཀྱི་གནང་སྒོ་ཁག སྨོན་ལམ་འཕར་མ་ཚུགས་པ་དང༌། ལྷ་སའི་གཙུག་ལག་ཁང་དུ་རབ་གནས་འཕར་མ་ཚུགས་ཚེ་དབུ་བཞུགས། བོད་ཟླ༤ཚེས༡༥ཉིན་ནོར་གླིང་གྲུ་འཛིན་ཕོ་བྲང་དུ་རྩེ་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་ཁག་གཅིག་གིས་སྤྱན་རས་གཟིགས་ཀྱི་ཆོ་ག་གནང་སར་དབུ་བཞུགས་སོགས་ལ་ཕེབས་དགོས། དགའ་ལྡན་དུ་དབྱར་གནས་སྐབས་ཁྲི་ཐོག་ཁང་གི་ཆོས་རར་ཁྲི་པ་དང༌། ཤར་བྱང་སོ་སོའི་ཆོས་རར་ཆོས་རྗེ་སོ་སོས་གསུང་ཆོས་གནང་དགོས། ཁྲི་པ་དགའ་ལྡན་ནས་ལྷ་ས་དང༌། ལྷ་ས་ནས་དགའ་ལྡན་སོགས་ལ་ཡར་མར་ཕེབས་སྐབས་གཞུང་ཞབས་སེར་སྐྱ་ཉི་ཤུས་ཆིབས་ཞབས་སུ་བཅར་ནས་ཆབ་རྫིང་གླིང་ཁའི་བྱང་ངོས་ཐང་སྡེར་དུ་ཕེབས་སྒྲིག་གི་དབུ་གུར་ཡོད་ས་བར་ཕེབས་བསུའི་ཆིབས་ཧྲག་ཏུ་བཅར་དགོས་པ་བཅས་ཡིན། དགའ་ལྡན་ཁྲི་པ་གནང་མཁན་རྣམས་སྐུ་གཤེགས་ཚེ་དགའ་ལྡན་དགོན་པར་གདུང་རྟེན་དངུལ་གདུང་རེ་བཞེངས་སྲོལ་ཡོད་ལ་གྲྭ་ས་སེ་འབྲས་ནས་ཡིན་པའི་ཁྲི་པ་རེ་འགའི་གདུང་རྟེན་དགའ་ལྡན་དུ་ཡོད་པ་མ་ཟད། སེ་འབྲས་ཀྱི་ཐོབ་ཁུངས་གྲྭ་ཚང་ངམ་ཚོགས་ཆེན་དུའང་དངུལ་གདུང་བཞེངས་པ་ཡོད། གདན་ས་གསུམ་གང་དུ་དགའ་ལྡན་ཁྲི་པ་རེ་བྱུང་ཚེ་དེའི་ཁང་ཚན་གྱི་ཡང་སྟེང་རྒྱལ་མཚན་རེ་འཛུགས་སྲོལ་དང༌། དགའ་ལྡན་དུ་ཁྲི་པ་བྱུང་བའི་ཁང་ཚན་དེ་ཚོས་ཚོམས་ཇ་ཚོགས་སྐབས་ཚོགས་བརྡ་ཡང་སྟེང་ནས་རོལ་མོ་དཀྲོལ་སྲོལ་འདུག ཏཱ་ལའི་བླ་མ་དང༌། པཎ་ཆེན་རིན་པོ་ཆེ་རྣམ་གཉིས་རབ་བྱུང་སྡོམ་བཞེས་དང༌། བསྙེན་རྫོགས་བཞེས་ཚེ་ཁྲི་པ་གདན(ལས་ཐོག)ཟུར་དང༌། ཆོས་རྗེ་གཉིས་ལས་གྲལ་དུ་ཕེབས་དགོསེ་ཐོག་ཁྲི་པ་རེ་འགས་ཡོངས་འཛིན་དང་མཁན་སློབ་གནང་བ་མ་ཟད། སྲིད་སྐྱོང་ཡང་གནང་མཁན་བྱུང་ཡོད།
- ཁྲི་ཐོག་དང་པོ་ནས་ཁྲི་ཐོག་བདུན་པ་བློ་གྲོས་བརྟན་པ་ཡན<<དེབ་ཐེར་སྔོན་པོ>>ལེ་ཚན་ལྔ་བཅུ་པའི་ཤོག་གྲངས༨པར་དང༌། ཁྲི་ཐོག་བཅུ་པ་ཡེ་ཤེས་བཟང་པོ་ཡན<<ཆོས་འབྱུང་གསལ་བའི་སྒྲོན་མེ>>ནང་གསལ།
- ཁྲི་ཐོག་ཞེ་དྲུག་པ་བཀའ་འགྱུར་བ་སྦྱིན་པ་རྒྱ་མཚོ་ཡ་ན<<བེེཌཱུརྱ་སེར་པོ>>ཤོག་གྲངས༦༠ནས༧༨པར་གསལ།
- གཞན་ཡང་ཁྲི་ཐོཀ་ཉེར་དགུ་པའི་བར་གྱི་ལོ་རྒྱུས<<བསྟན་རྩིས་གསལ་བའི་སྒྲོན་མེའི>>ནང་གསལ།
- དེ་ནས་ཁྲི་ཐོག་དྲུག་བཅུ་རེ་ལྔ་པ་བར་ནི་མཁན་པོ་གྲགས་པ་མཁས་གྲུབ་ཀྱིས་བརྩམས་པའི་ཁྲི་པ་རིམ་བྱོན་གྱི་རྣམ་ཐར་རྒྱས་པོ་ཡོད་ལ། འགའ་ཞིག་བསྡུས་ཙམ། འགའ་ཞིག་ལ་གཏན་ནས་མི་སྣང༌།
- ཚིག་མཛོད་འདིའི་ནང་གོང་གསལ་དཔྱད་གཞི་ཁག་ནས་ཕྱོགས་བསྡུས་ཀྱིས་ཁྲི་ཐོག་དང་པོ་ནས་གསུམ་པ་བར་ཏེ་རྗེ་ཡབ་སྲས་གསུམ་གྱི་མཛད་རྣམ་མདོར་བསྡུས་ཀ་མད་གོ་རིམ་གྱི་སྡེ་ཚན་ཁུངས་སོ་སོའི་ནང་བཀོད་ཡོད་ལ་དགའ་ལྡན་ཁྲི་ཐོག་བཞི་པ་ནས་གོ་དྲུག་བར་གྱི་མཚན་བྱང་དང་མཛད་རྣམ་མདོར་བསྡུས་གོང་གསལ་ཁ་སྡེའི་ཁྲི་ཆེན་ཞེས་པའི་ནང་གཟིགས།