དགའ་ལྡན་ཁྲི་ཐོག་བརྒྱ་དང་བཞི་པ་རྗེ་བཙུན་བློ་བཟང་བསྟན་འཛིན་

ཡོང་ཁུངས་Wikipedia

དགའ་ལྡན་ཁྲི་ཐོག་བརྒྱ་དང་བཞི་པ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་ནི། ཕྱི་ལོ་ ༡༩༣༥ ལོར་གཙང་སྟོད་ལྷ་རྩེ་ཁུལ་དུ་སྐུ་འཁྲུངས། དགུང་ལོ་བཅུ་ལ་ཕེབས་པའི་ཚེ་མཁན་ཆེན་བསྟན་འཛིན་རྒྱ་མཚོའི་དྲུང་ནས་རབ་ཏུ་བྱུང་ཞིང་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ། ༸གོང་ས་ལྔ་པས་ཕྱག་བཏབ་པའི་ལྷ་རྩེ་ཆོས་སྡེ་དགོན་དུ་སྒྲིག་ཞུགས་གནང་། དགོན་པའི་སྒྲིག་སྲོལ་ལྟར་ཆོས་སྤྱོད་རབ་གསལ་དང་རྒྱན་འཇུག་སོགས་ཐུགས་འཛིན་གནང་སྟེ་ཚོགས་རྒྱུགས་སུ་ཕུལ། དེ་ནས་བསྡུས་གྲྭ་བློ་རྟགས་དང་། ལྷག་པར་༸གོང་ས་ལྔ་པའི་གསུང་ཕར་ཕྱིན་དང་དབུ་མ་འདུལ་མཛོད་བཅས་ཀྱི་རང་ལུགས་གང་ཡིན་ཐུགས་འཛིན་མཛད་དེ་འདུས་མང་གི་དབུས་སུ་ཚོགས་རྒྱུགས་ཕུལ། དགུང་ལོ་བཅུ་དྲུག་གི་སྐབས་སུ་དབུས་སུ་ཕེབས་ནས་སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་གནང་། སེར་བྱེས་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་ལྷུན་འགྲུབ་ཐབས་མཁས་མཆོག་སོགས་མཁས་གྲུབ་དམ་པ་མང་པོར་བསྟེན་སྟེ་གུས་རྟག་བརྩོན་པ་དྲག་པོས་གཞུང་ཆེན་སློབ་གཉེར་མཛད་ཅིང་། གཞུང་གསར་འཛིན་གྲྭར་ཕེབས་ཚེ་སྦྱོར་ལམ་ཕྱི་རྒོལ་གྱི་ཚོགས་གླེང་མཛད་པས་དེ་ཡོད་རྣམས་ཀྱིས་བསྟོད་བསྔགས་ཀྱི་མེ་ཏོར་འཐོར། དགུང་ལོ་ཉེར་གསུམ་ལ་སླེབས་པ་ན་ལྷ་ལྡན་ནོར་གླིང་གཟིམ་ཆུང་དུ་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་སྐུ་མདུན་ནས་ཚིགས་ཕྱི་མ་བསྙེན་རྫོགས་ཀྱི་སྡོམ་པ་ལེགས་པར་བཞེས་ཏེ། འདུལ་བའི་འཛིན་པའི་མཆོག་ཏུ་གྱུར། དགུང་ལོ་ཉེར་ལྔའི་སྐབས་སུ་རྒྱ་གར་འཕགས་ཡུལ་དུ་ཕེབས་ཏེ་སྦག་ས་ཆོས་སྒར་དུ་བཞུགས་རིང་། སེར་བྱེས་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་དབང་ཕྱུག་དཔལ་བཟང་པོ་དང་། སྐྱབས་རྗེ་ཟོང་རིན་པོ་ཆེ་སོགས་ཀྱི་མདུན་ནས་འདུལ་མཛོད་སོགས་གཞུང་ཆེན་གྱི་སློབ་གཉེར་འཕྲོ་སྐྱོང་། དེ་ནས་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་དུ་སློབ་དཔོན་དང་ལྷ་རམས་པའི་རྒྱུགས་སྤྲོད་རིམ་གྱིས་གནང་སྟེ། ཕྱི་ལོ་ ༡༩༧༨ ལོར་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས། དེ་ནས་གསང་ཆེན་རྒྱུད་སྡེའི་བསྟི་གནས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཆོས་ཞུགས་མཛད་དེ། འགྲེལ་བ་བཞི་སྦྲགས་དང་བསྐྱེད་རྫོགས་ཀྱི་སྐོར་སོགས་རྒྱུད་སྨད་པའི་ཕྱག་བཞེས་ལྟར་གྱི་དབང་ལུང་མན་ངག་ཞུ་བ་སོགས་སྔགས་ཀྱི་འཆད་ཉན་ཀུན་ལེགས་པར་གྲུབ་པར་མཛད། ཕྱི་ལོ་ ༡༩༨༡ ལོར་དོན་གྱི་བདག་པོས་ཕྱག་རྟགས་སྤྱི་ཕེབས་ལྟར་རྒྱུད་པའི་བླ་མ་དབུ་མཛད་ཀྱི་ཐུགས་འགན་བཞེས་ཏེ། བཀའ་དགོངས་གཞིར་བཟུང་གིས་སྔགས་དང་མཚན་ཉིད་ཀྱི་རྩོད་གྲྭ། ཐུན་མོང་རིག་གནས་དང་སྐད་ཡིག་སོགས་སྦྱོང་སའི་སློབ་གྲྭ་གསར་འཛུགས་གནང་ཞིང་དེང་སྐབས་འཕེལ་རྒྱས་ལེགས་པོ་བྱུང་སྟེ་རྒྱུད་པའི་བློ་གསར་བ་རྣམས་ཀྱི་རྨང་གཞིའི་སློབ་གསོའི་ཆ་རྐྱེན་ཆེན་པོར་གྱུར་འདུག ། ཕྱི་ལོ་ ༡༩༨༤ ལོར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་མཁན་ཁྲིར་ཕེབས་ཏེ། དམ་པ་ཁོང་དཔལ་ལྡན་སྨད་རྒྱུད་པའི་བླ་མ་དབུ་མཛད་ཀྱི་སྐབས་དང་མཁན་པོའི་སྐབས་སུ། གྲྭ་ཚང་འདིའི་ཕྱག་བཞེས་ལྟར་གྱི་རྩ་རྒྱུད་ཀྱི་ཊཱིཀ་ལེའུ་དང་པོ་ནས་བརྒྱད་པའི་བར་དང་། གསང་བདེ་འཇིགས་གསུམ་གྱི་བསྐྱེད་རྫོགས་སོགས་གཞུང་ཆེན་མོ་རྣམས་ཀྱི་བརྩི་བཞག་གནང་བ་ན། བྲག་ཐོག་ནས་ཆུ་འཕྱོ་བ་ལྟར་ཐོགས་པ་མེད་ཅིང་། སྒྲ་དག་གསལ་གསུམ་དེ་འདྲ་དཀོན་པོ་ཡིན་ཞེས་རྒྱུད་པའི་གྲྭ་རྒན་པ་རྣམ་པས་གསུངས་པ་ཐོས། དེ་ཙམ་མ་ཟད་གསང་བདེ་འཇིགས་གསུམ་སོགས་ཀྱི་བདག་བསྐྱེད་བདག་འཇུག་སོགས་རྒྱུད་པ་གྲྭ་ཚང་གི་ཞལ་འདོན་ཆོས་སྤྱོད་ཀྱི་རིམ་པ་ཀུན་ཐུགས་ཐོག་ནས་གསུངས་པ་ལ་ཐོགས་པ་མེད་ཅིང་། ཕྱག་ལེན་ཆ་ཕྲ་མོ་ནས་མ་ནོར་བར་མཛད་པ་དང་། བསྐྱེད་རྫོགས་ཀྱི་གཞུང་ཆེན་པོ་དག་གི་དགོངས་དོན་སྨྲ་བ་ལ་མི་འཇིགས་པའི་སྤོབས་པ་གཟེངས་སུ་མཐོ་བ་རྗེ་བཙུན་ཤེས་རབ་སེང་གེ་སླར་ཕེབས་པ་ལྟ་བུ་ཞིག་བྱུང་འདུག ། ཕྱི་ལོ་ ༡༩༨༨ དེ་འདྲ་ཞིག་ནས་ཕྱི་ལོ་ ༢༠༡༠ བར་ལོ་ངོ་ཉེར་གཉིས་ཀྱི་རིང་། སེ་ར་ཐེག་ཆེན་གླིང་དང་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གཉིས་གཙོ་བོར་བྱས་ཏེ། དགོན་པ་ཁག་མང་པོའི་ནང་དུ་མདོ་སྔགས་ཀྱི་གཞུང་ཆེན་པོ་དག་དཔེ་ཁྲིད་དང་འཆད་ཉན་ཉིན་ལྟར་གནང་། དེ་མཚུངས་ཀྱིས་ཡི་དམ་ཁག་གི་བདག་བསྐྱེད་སོགས་ཀྱང་ཆགས་མེད་དུ་མཛད་པ་སོགས་མདོ་སྔགས་ཀྱི་ལམ་ཉམས་ལེན་ལ་གཅིག་ཏུ་འགྲུས་པར་མཛད། རྒྱལ་ཁབ་ཤར་ནུབ་ཀྱི་ཆོས་ཚོགས་དང་དང་དགོན་པ་མང་པོས་གདན་འདྲེན་ཞུས་ཀྱང་། དུས་སྐབས་ཉུང་ཙམ་རེ་མ་གཏོགས་མང་ཆེ་བ་གདན་ས་རང་དུ་བཞུགས་ཏེ་འཆད་ཉན་དང་གཟིགས་རྟོག་གནང་བཞིན་པ་འདི་ཡང་སྐྱེས་བུ་དམ་པའི་རང་རྟགས་ངོ་མཚར་བ་ཞིག་གོ །