དགའ་ལྡན་ཁྲི་ཐོག་བཅོ་ལྔ་པ་པཎ་ཆེན་བསོད་ནམས་གྲགས་པ།

ཡོང་ཁུངས་Wikipedia

དགའ་ལྡན་ཁྲི་ཐོག་བཅོ་ལྔ་པ་མདོ་སྔགས་རབ་འབྱམས་པ་པཎ་ཆེན་བསོད་ནམས་གྲགས་པ་རྣམ་དཔྱོད་མཆོག་གི་སྡེ།

བེ་རི་འཇིགས་མེད་དབང་རྒྱལ།


དཔལ་རྩེད་ཐང་ཞེས་གྲགས་པའི་ཆོས་གྲྭ་ཆེན་པོ་དང་ཉེ་ས་ནང་པར་ལམ་པའམ་ནང་པ་རབ་ལམ་དུ་ཞེས་པའི་སྲས་སུ། རབ་བྱུང་བརྒྱད་པའི་ས་ཕོ་ཁྱི་(༡༤༧༨)ལོར་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་ལས་ཆེན་བསོད་ནམས་བཀྲིས་ལས་སོ་སོར་ཐར་པ་དགེ་བསྙེན་གྱི་སྡོམ་པ་ནོད་དེ། མཚན་ཡང་བསོད་ནམས་གྲགས་པའི་དཔལ་དུ་གསོལ་ཞིང༌། ཡུལ་གྱི་སྲོལ་ལུགས་དང་མཐུན་པར་ཆོས་གྲྭ་ཆེན་པོ་དཔལ་རྩེད་ཐང་དུ་ཆོས་ཀྱི་གྲྭར་ཞུགས་པའི་ཚེ་དབུ་ཞྭ་མ་ཕུད་པར་ཚོགས་པའི་དབུས་སུ་ཕྱག་མཛད་པས་ཚོགས་པ་རྣམས་ཀྱིས་བཞད་མོའི་སྒྲ་ཆེན་པོ་བྱུང་བས། དེ་ཉིད་ནི་སྐུ་ཚེ་འདིར་ཆེན་པོ་དག་ལ་འདུད་མི་དགོས་པར་རང་ཉིད་ཀྱིས་མདོ་སྔགས་ཀྱི་ཆོས་འཁོར་རྒྱ་ཆེན་པོ་བསྐོར་བའི་རྟེན་འབྲེལ་ལེགས་པར་འགྲིགས་པར་བཤད། དེ་ནས་ཚད་མ་རྣམ་འགྲེལ་ཐུགས་འཛིན་མཛད་པ་དེ་དུས་ནམ་མཁའ་ལ་འཕུར་བ་སོགས་མནལ་ལམ་ཁྱད་པར་ཅན་མང་དུ་རྨིས་པ་དེ་དག་གཞན་ལ་བཟླས་པ་ན་ཡབ་ཀྱི་ཚོང་གྲོགས་ཤིག་ཡོད་པ་དེ་རྣམས་ཀྱིས་འདི་ནི་དགེ་བཤེས་བཟང་པོ་ཞིག་ཡོང་བའི་སྔ་ལྟས་ཡིན་ཞེས་གླེང་བ་བྱུང༌། དེ་ནས་གཡའ་བཟང་དུ་ཕེབས་ཏེ་ཆོས་རྗེ་དྭགས་པོ་རབ་འབྱོར་པ་དང༌། འབུམ་རམས་པ་གཉིས་ཀྱི་ཞབས་ལ་གཏུགས་ཏེ་ལོ་ཤས་བར་དུ་རབ་དབྱེ་སོགས་གསན་ཅིང་རིགས་གཞུང་ལ་སྦྱངས་པས་ཐོགས་པ་མེད་པར་མཁྱེན། གསང་ཕུ་དང་ཉི་མ་ཐང་སུའང་ཕེབས་ནས་མཁས་གྲུབ་དུ་མའི་དྲུང་ན་སློབ་གཉེར་མཛད་མུར་། བྱང་སེམས་བདེ་མོ་ཐང་པའི་སྲས་འོད་སྣའི་བླ་མ་ཆོས་རྗེ་སངས་རྒྱས་བཟང་པོ་དང༌། རིན་ཆེན་ཆོས་བཟང་སོགས་ལ་ཚིགས་སྔ་མའི་དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་ལོ་བཅུ་དྲུག་པ་རབ་བྱུང་བརྒཡད་པའི་ཆུ་བྱི་(༡༤༩༢)ལོར་མཁས་གྲུབ་བྱེ་བའི་འབྱུང་གནས་སེ་ར་ཐེག་ཆེན་གླིང་དུ་ཕེབས་ཏེ། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་འཇམ་དབྱངས་དོན་ཡོད་དཔལ་ལྡན་པ་ཆེན་པོ་ལོ་བཅུ་གཉིས་བར་དུ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ནས་ཚད་མ་མདོ། རྣམ་འགྲེལ་རྩ་བ། རྣམ་ངེས། རིགས་ཐིག འདུལ་བ་མདོ་རྩ་བ། ཕར་ཕྱིན། མངོན་པ་གོང་འོག་གཉིས། རྩ་འཇུག གཞི་གསུམ་གྱི་རྣམ་བཞག རྒྱུད་བླ་མ། སྤྱོད་འཇུག་ཆེན་མོ། དྲང་ངེས་རྣམ་འབྱེད། སྟོང་ཐུན་སྐལ་བཟང་མིག་འབྱེད། བྱང་ཆུབ་ལམ་རིམ་ཆེ་ཆུང༌། བྱང་ཆུབ་གཞུང་ལམ་བསླབ་བྱ་ཆེ་ཆུང༌། གཞི་གསུམ་ཆོ་ག ཐུབ་བསྟན་བྱི་དོར། རྗེའི་རྣམ་ཐར། ཁྱད་པར་དཀའ་ཆེན་བཞི་དང་རྩ་འཇུག་གཉིས་ཀྱི་རྣམ་བཤད་ཐར་ལམ་གསལ་བྱེད། རྣམ་བཤད་སྙིང་རྒྱན། ཆོས་མངོན་རྒྱ་མཚོའི་སྙིང་པོ། མཆིམས་ཊྲིཀ་ཆེན་མོ། ཊྲིཀ་ཆེན་རིགས་པའི་རྒྱ་མཚོ། དགོངས་པ་རབ་གསལ་སོགས་ཀྱི་སྟེང་ནས་ཞིབ་བཤད་ལུང་དང་བཅས་པ། གང་བློ་མ་དང༌། འཇམ་དཔལ་མཚན་བརྗོད་ལུགས། གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་དང་ཚེ་ཁྲིད། ནི་གུ་ཆོས་དྲུག གསང་འདུས་རིམ་ལྔ།། གཅོད། སྙིང་དོན་གསུམ། ལྟ་བའི་ཁྲིད། ཞི་ཁྲོ་སྦྲགས་ནས་སྒྲུབ་པའི་ལུང༌། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རྗེས་གནང་སོགས་ཆོས་ཀྱི་རྣམ་གྲངས་མཐའ་ཡས་པ་གསན་པར་མཛད་ཅིང་རྩ་བའི་ཡོངས་འཛིན་མཆེད་ལྔའི་ཡ་གྱལ་གཅིག་ཏུ་གུས་པས་བསྟེན། གཞན་ཡང་ཆོས་རྗེ་འཁོན་སྟོན་དཔལ་འབྱོར་ལྷུན་འགྲུབ་ལས་མངོན་རྟོགས་རྒྱན། མདོ་སྡེ་རྒྱན། དབུས་མཐའ་རྣམ་འབྱེད། ཆོས་དབྱིངས་རྣམ་འབྱེད། རྒྱུད་བླ་མ། བྱམས་ཆོས་སྡེ་ལྔའི་ལུང༌། རྟ་མགྲིན་ཡང་གསང་ཁྲོས་པ་དང༌། ཀུན་རིག་གི་དབང༌། ལྷ་མོ་རྣམ་རྒྱལ་མ། རྡོ་རྗེ་རྣམ་འཇོམས། མགོན་པོ་བར་ཆད་ཀུན་སེལ། རྣམ་སྲས་གསེར་ཆེན་སོགས་ཀྱི་རྗེས་གནང་སོགས་དང༌། སེ་ར་རྩེར་དཔོན་དྷརྨ་ཤྲི་པ་ལས་ཆོས་རྒྱལ་ཕྱི་ནང་གསང་གསུམ་གྱི་རྗེས་གནང༌། སྐྱོར་མོ་ལུང་དུ་རྒྱུད་པ་ཤེས་རབ་བཟང་པོ་ལས་འཛམ་བྷ་ལ་དཀར་པོ་དང༌། རི་ཁྲོད་ལོ་མ་གྱོན་མའི་རྗེས་གནང་བཅས་དང༌། ཉི་སྡིངས་ཆོས་རྗེ་དཔལ་ལྡན་འོད་ཟེར་གྱི་དྲུང་ནས་བཀའ་གདམས་གླེགས་བམ་ཆོས་ཚན་ལྔ་བཅུ་ཐམ་པ་ཡོངས་སུ་རྫོགས་པའི་ལུང༌། གཞན་ཡང་སྔགས་ཀྱི་གཞུང་ཕྲན་ཚེགས་འགའ་ཤས་དང༌། དགའ་ལྡན་དུ་འདར་སྟོན་པ་བློ་བཟང་གྲགས་པ་ལས་འཇམ་དབྱངས་ཆོས་སྐོར་ཡོངས་སུ་རྫོགས་པ་སོགས་གསན་པར་མཛད་པ་ལུང་རིགས་སྨྲ་བའི་མཁས་མཆོག་དམ་པར་གྱུར་ཅིང༌། ཆོས་སྡེ་ཆེན་པོ་དཔལ་རྩེད་ཐང་དུ་གྲྭ་སྐོར་མཛད་བཞེད་དང༌། སྟབས་མཚུངས་སུ་སྔར་རབ་ཏུ་བྱུང་བར་མཛད་པའི་མཁན་པོ་ཆོས་རྗེ་སངས་རྒྱས་བཟང་པོས་མཁན་སློབ་སྦྲགས་མ་མཛད། རིན་པོ་ཆེ་ཆོས་བཟང་པོ་ལ་སོགས་པ་དགེ་འདུན་བཅུ་ཚོགས་པའི་དབུས་སུ་བསྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པ་ཡང་དག་པར་བཞེས། ཆོས་གྲྭ་ཆེན་པོ་དཔལ་རྩེད་ཐང་དུ་རབ་འབྱམས་གྲྭ་སྐོར་མཛད་པས་དེར་འདུས་པའི་མཁས་མང་རྒྱ་མཚོ་ལྟ་བུ་རྣམས་གང་ཉིད་ཀྱི་ལེགས་པར་བཤད་པ་གསར་པས་དགའ་སྟོན་གྱིས་ཡིད་ཚིམས་པ་དང་༌། དངོས་སྟོབས་རིགས་པའི་རྣམ་གྲངས་མཐའ་ཡས་པས་སྤ་བཀོང་བ། མཁྱེན་རབ་གཏིང་མཐའ་མི་མངོན་པ་ལ་ཕེབས་པའི་རླབས་འཕྲེང་ཞི་ཞིང་དུལ་བས་དཔལ་གསུམ་ལྡན་དུ་གནས་པར་མཛད། བཀའ་གདམས་པའི་བསྟན་པའི་མངའ་བདག་ཆེན་པོ་ལས་ཆེན་ཨ་ནནྡྷའི་དྲུང་དུ་ཊྲིཀ་ཆེན་རིན་པོ་ཆེ་འཕྲེང་བའི་སྟེང་རྩ་བའི་ཞིབ་བཤད། མེ་ཏོག་འཕྲེང་རྒྱུད་ཀྱི་བཤད་ལུང་ཚར་གཅིག་གསན་པས་འདུལ་བའི་ཚིག་དོན་མ་ལུས་པ་ཐུགས་སུ་ཆུད། རྗེ་ཉིད་ཀྱི་ཞལ་ནས་ཀྱང་གསུངས་པ་དམ་པ་ཁོང་འདུལ་བའི་ཕྱོགས་ལ་ཤིན་ཏུ་མཁས་པར་འདུག་པ་དང་རང་ལའང་བག་ཆགས་ཡོད་པ་འདྲ་བས་ཕྱོགས་འདིར་མི་འཇིགས་པའི་གདེངས་དང་ལྡན་པར་གྱུར། གཞན་ཡང་དེ་ཉིད་ལས་ལམ་སྒྲོན་རྩ་འགྲེལ། བེའུ་བུམ་སྔོན་པོ་རྩ་འགྲེལ། བེའུ་བུམ་དམར་པོ། བེའུ་བུམ་ཁྲ་བོ། ཤ་ར་བའི་ལམ་རིམ་བརྗེད་བྱང་མ། གླང་རི་ཐང་པའི་ཚིགས་རྐང་བརྒྱད་མ། ཁམས་ལུང་པའི་བློ་སྦྱོང་མཐུན་བརྒྱད་མ། ཧོར་སྟོན་པ་དང་བྱང་སེམས་རྭ་སྒྲེང་པས་མཛད་པའི་བློ་སྦྱོང་སྙན་རྒྱུད་ཆེན་མོའི་རྣམ་བཤད། བློ་སྦྱོང་གི་རྒྱ་གཞུང་མང་པོའི་ལུང༌། གནས་བཅུའི་སྒྲུབ་ཡིག ཉིད་ཀྱིས་མཛད་པའི་བཀའ་གདམས་ཆོས་འབྱུང་ཆེན་མོ་སོགས་བཀའ་གདམས་ཀྱི་ཆོས་སྐོར་ཕལ་ཆེར་གསན་པ་ན་བཀའ་གདམས་ཀྱི་ཆོས་བརྒྱུད་ཕྱོགས་མཐོང་ཙམ་ཡོད་པ་འདི་རྗེ་འདིའི་བཀྲིན་ཡིན་ཞེས་ཡོངས་འཛིན་གྱི་རྩ་བ་གཅིག་ཏུ་མཛད། དེ་ནས་སླར་ཡང་སྐྱིད་ཤོད་ཕྱོགས་སུ་ཕྱག་གཏད་དེ། ཆོས་གྲྭ་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་གྲུབ་པའི་དབང་ཕྱུག་ཆེན་པོ་ཐོན་པ་མཁས་བཙུན་ཡོན་ཏན་རྒྱ་མཚོ་བསྟན་པའི་ཉི་མ་རྒྱལ་མཚན་དཔལ་བཟང་པོ་མཆོག་གུས་པས་བསྟེན་ནས་ཚེ་དཔག་མེད་ལྷ་དགུ། རྣམ་སྣང་མངོན་བྱང་ཀུན་རིག ཕག་མོ་བཅུ་གསུམ་མ། དཔལ་གསང་བ་འདུས་པ་ལྷ་སོ་གཉིས། བདེ་མཆོག་ལུ་དྲིལ་གཉིས། ཕྱག་རྡོར་འཁོར་ལོ་ཆེན་མོ། རྡོ་རྗེ་འཇིགས་བྱེད། དཔལ་དུས་ཀྱི་འཁོར་ལོ་ལ་སོགས་པའི་དབང་དང་གཞན་ཡང་འཇམ་དབྱངས་ཆོས་སྐོར། རྣམ་སྲས་སྐོར། བཀའ་ཆེན་བཅོ་ལྔ།། མགོན་པོའི་བཀའ་ཆེན་བཅུ་གསུམ། གུར་ཞལ་གཉིས། ཕྱག་བཞི་པ། ཛམ་བྷ་ལྷ་དམར་པོ། འཇམ་དབྱངས་ནག་པོ། དམར་པོ་སྐོར་གསུམ། ཤྭ་ན་བཞི་སྐོར་སོགས་ཀྱི་རྗེས་གནང༌། ལྷ་མོ་པྲ་མ་ན། ཕྱག་རྡོར་ཨུ་ཙཱ་ཡ། རྟ་མགྲིན་ནག་པོ། རིམ་ལྔ་གསལ་སྒྲོན་མ། གདན་རྫོགས་ཀྱི་དམར་ཁྲིད། བདེ་མཆོག་ལུ་དྲིལ་གཉིས་ཀྱི་ཁྲིད། ན་རོ་ཆོས་དྲུག གསང་བདེ་དུས་འཁོར་རྣམས་ཀྱི་བསྐྱེད་རིམ་ཟིན་མཐུན། གཤིན་རྗེ་དམར་ནག་འཇིགས་གསུམ་གྱི་རྣལ་འབྱོར་བཞིའི་ཁྲིད། སྤྱོད་རྒྱུད་ཊྲིཀ་སོགས་ཀྱི་ཆོས་ཀྱི་རྣམ་གྲངས་ཟབ་ལ་རྒྱ་ཆེ་བ་དཔག་ཏུ་མེད་པ་གསན་ཅིང་རྩ་བའི་ཡོངས་འཛིན་གཅིག་ཏུ་མཛད།

གཞན་ཡང་མཁས་པ་དང་གྲུབ་པའི་གོ་འཕང་བརྙེས་པའི་དམ་པ་དུ་མའི་དྲུང་ནས་མདོ་ཕྱོགས་ཀྱི་བཀའ་སྡེ་སྣོད་གསུམ་དང་དེའི་དགོངས་འགྲེལ་དུ་མའི་བཤད་པ་དང༌། གསང་བ་སྔགས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུའི་ཟབ་གནད་མཐའ་དག་རང་གི་ཐུགས་ཉམས་སུ་བཞེས་པ་དང་གཞན་ལ་སྟོན་པ་གང་ལ་ཡང་འཇིགས་པ་མེད་པའི་མཁས་པའི་གོ་འཕང་ནི་བརྙེས། དེས་མཚོན་པའི་རང་དང་གཞན་གྱི་གྲུབ་མཐའ་ཀུན་གྱི་གནད་དོན་ཕྲ་རགས་མ་ལུས་པ་ནི་ཐུགས་སུ་ཆུད། ལོག་སྤྱོད་དུག་ཆུའི་དྲི་མས་མ་བསླད་པའི་དབང་ལུང་མན་ངག་རྣམ་པར་དག་པ་གདམས་པའི་བདུད་རྩིར་ཟད་མི་ཤེས་པའི་གཏེར་མཛོད་དུ་གྱུར་པ་སོགས་ཐུབ་བསྟན་ཡོངས་སུ་རྫོགས་པའི་བདག་པོ་ཟླ་མེད་པ་ཉིད་དུ་མངོན་པར་བཞེངས། 

དེའི་དུས་སུ་ནུབ་གཅིག་མནལ་ལམ་དུ་རྗེ་རང་ཉིད་ཇོ་བོ་རིན་པོ་ཆེའི་དྲུང་ན་བཞུགས་འདུག་པ་ན་ཇོ་བོ་རིན་པོ་ཆེའི་ཐུགས་ཁར་ཡོད་ཟེར་བའི་ཡིད་བཞིན་གྱི་ནོར་བུ་དེ་ཇོ་བོའི་ཐུགས་ཁ་ཕྱེ་སྟེ་ཉིད་ཀྱི་ཕྱག་ཏུ་བབས་བྱུང་བ་ན་སྐྱེ་བོ་མང་པོ་རུབ་སྟེ་འཕྲོག་ཏུ་བྱུང་བ་ན་ནམ་མཁའ་ལ་འཕུར་ཏེ། རི་ཤིན་ཏུ་མཐོ་བ་ཁྱད་ལྡན་ཞིག་ཏུ་བསླེབས་པ་ཐུགས་བདེ་ཉམས་བྱས་པའི་མོད་ལ་མནལ་སད་བྱུང་བར་དེ་ཉིན་རྡོ་རྗེ་འཛིན་པ་གང་གི་ཞལ་སྔ་ནས་རྗེ་བཙུན་ཀུ་རུ་ཀུ་ལེའམ་རིག་བྱེད་མ་དམར་མོའི་རྗེས་གནང་བསྩལ་ཐོབ་བྱུང་བ་དང༌། དེ་ནས་བཟུང་ལྷག་པའི་ལྷ་འདི་ཉིད་ཡི་དམ་གྱི་གཙོ་བོར་བསྟེན་ཏེ་བཟླས་བརྗོད་སོགས་ཆག་མེད་དུ་མཛད༌། ཕྱིས་བསྙེན་སྒྲུབ་མཛད་པའི་དུས་སུའང་རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པའི་བུ་མོ་ཡིད་དུ་འོང་བ་མང་པོ་མེ་ཏོག་སྙིམ་པ་གང་བ་འབུལ་བ་སོགས་དང༌། གཞན་ཡང་མ་འོངས་པར་འབྲས་སྤུངས་སོགས་སུ་དངོས་བརྒྱུད་ཅི་རིགས་པར་སྐུའི་སྣང་བ་བསྟན༌། མདོ་སྔགས་ཀྱི་ཆོས་འཁོར་བསྐོར་བ་དང༌། ལེགས་བཤད་ཀྱི་རྩོམ་པ་མཛད་པ་སོགས་ཀྱི་སྐབས་ཐམས་ཅད་དུ་འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་སྒྲུབ་པ་སོགས་འཕྲིན་ལས་རྣམ་བཞི་འབད་མེད་དུ་སྩོལ་བ་དང༌། གཞན་ཡང་མ་འོངས་པ་ན་དགེ་ལྡན་འབྲས་སྤུངས་སོགས་ཀྱི་གདན་ས་འཛིན་པའི་སྒོ་ནས་བསྟན་འགྲོར་གཞན་ཕན་མཐའ་ཡས་པ་འབྱུང་བའི་ལུང་བསྟན་ངོ་མཚར་ཅན་མང་པོ་བྱུང་ཚུལ་སོགས་རྗེ་ཉིད་ཀྱི་སྐུ་གམ་དུ་ཉེ་བར་གནས་པའི་སྡེ་སྣོད་འཛིན་པ་འགར་ཤུགས་བསྟན་དུ་བཀའ་བསྩལ་བ་དང༌། འབྱུང་འགྱུར་དུ་གསུངས་པའི་ལུང་བསྟན་རྣམས་ལ་ནི་འཁྲུལ་པའི་དྲི་ཙམ་ཡང་རྣམ་པ་ཀུན་ཏུ་མི་མངའ་བས་ངེས་པའི་དོན་དུ་ཐུགས་མཁྱེན་ཐོགས་མེད་དུ་མངའ་བ་ཡིན་ནོ་ཞེས་རྗེ་ཉིད་ཀྱི་གསུངས་ལས་སྐྱེས་པའི་རྡོ་རྗེ་སློབ་དཔོན་ཉི་མ་བཟང་པོའི་ཞལ་སྔ་ནས་དངོས་སུ་གསུངས། དགུང་ལོ་སོ་གཅིག་པར་རྡོ་རྗེ་འཛིན་པ་ཆེན་པོ་ཆོས་ལྡན་བློ་གྲོས་པའི་ཞབས་ལ་གཏུགས་ཏེ། རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་དབང་རྒྱུད་འགྲེལ་པ་མན་ངག་དང་བཅས་པ་ཡོངས་སུ་རྫོགས་པའི་ཞིབ་བཤད་ལུང་དང་བཅས་པ་ལུ་དྲིལ་གཉིས་ཀྱི་དབང་གསང་སྔགས་ལམ་རིམ་ཆེན་པོའི་དངོས་གྲུབ་རྒྱ་མཚོ། བདེ་མཆོག འདོད་འཇོ། རྣལ་འབྱོར་ཆེན་མོའི་རྣམ་བཤད་དང་ཁྲིད་ཡིག དྲིལ་བུ་རིམ་ལྔའི་རྣམ་བཤད་དང་ཁྲིད། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཁྲིད། འཁོར་ལོ་ཆེན་པོའི་བྱིན་རླབས་བཞི་ལྡན། གསང་བ་བསམ་གྱི་མི་ཁྱབ་པའི་ཁྲིད། ན་རོ་ཆོས་དྲུག་གི་ཁྲིད། རིམ་ལྔ་དམར་ཁྲིད། འཆི་མེད་འཁྲུལ་འཁོར། མགོན་དཀར་ཡིད་བཞིན་ནོར་བུ་དང༌། སྨན་བླའི་རྗེས་གནང་སོགས་གསན། གཞན་ཡང་གྲུབ་པའི་དབང་ཕྱུག་ཆེན་པོ་ལྷ་རིན་པ་ཀུན་སྤངས་སུ་བཞུགས་པ་ལའང་མགོན་པོ་བར་ཆད་ཀུན་སེལ་གྱི་རྗེས་གནང༌། ཆ་དཀར་ཆོས་རྗེ་ཆོས་འགྲུབ་སྨྲ་བའི་སེང་གེ་ལའང་མགོན་པོ་ལེགས་ལྡན་དང༌། གྲི་གུག ཕྱག་བཞི་པ། ཚེ་བདག ཚོགས་བདག་དཀར་པོ། ཛམ་བྷ་ལ་དཀར་པོ། ཛམ་ལྷ་སེར་པོ། ཡུམ་སྲས་གཏེར་མ། དུར་ཁྲོད་བདག་པོ། ཡེ་ཤེས་ཁྱུང་ཁྲ། འཇམ་དབྱངས་ན་ག་རཀ་ཤིའི་རྗེས་གནང་སོགས་གསན། དེ་ནས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཤིང་རྟ་ཆེན་པོ་ཤེས་རབ་དར། ལེགས་པ་བློ་གྲོས་ཀྱི་དྲུང་དུ་དཔལ་གསང་བ་འདུས་པའི་རྩ་རྒྱུད། འགྲེལ་བ་སྒྲོན་གསལ་ཆ་ལག་དང་བཅས་པ། དེའི་བཤད་རྒྱུད་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་དང༌། ལྷ་མོ་བཞི་ཞུས་ཀྱི་གཞུང་ཊིའཀ བདེ་དགྱེས་གཉིས་ཀྱི་རྒྱུད་འགྲེལ། དྲིལ་བུ་རིམ་ལྔའི་རྣམ་བཤད། རྣམ་གཞག་རིམ་པའི་ཊིའཀ། བསྐྱེད་རིམ་ཊིའཀ་ཆེན། རིམ་ལྔ་གསལ་སྒྲོན། རིམ་ལྔ་མདོར་རྒྱས། རྗེའི་བཀའ་འབུམ། ཀརྨ་ཤ་ཏམ། ཀྱེ་རྡོ་རྗེའི་དབང་ལ་སོགས་པ་ཆོས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་གསན་ཅིང་མདོ་རྒྱུད་ཀྱི་དོན་ལྷག་མ་མེད་པར་སྒྲོ་འདོགས་ཆོད་པར་གྱུར་པས་རྩ་བའི་ཡོངས་འཛིན་མཆེད་ལྔའི་ཡ་གཅིག་ཏུ་མཛད།

དུས་དེའི་ཚེ་བོད་གངས་ཅན་གྱི་ལྗོངས་སུ་བཞུགས་པའི་གསང་ཆེན་རྒྱུད་སྡེ་བཞིའི་དབང་ལུང་མན་ངག་ལ་སོགས་པ་ཕལ་ཆེར་བ་གསན་པས་གསང་ཆེན་རྡོ་རྗེ་ཐེག་པའི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་ལ་མངའ་དབང་འབྱོར་བའི་མཁས་སྙན་གྱི་གྲགས་པས་ཁྱབ་པ་ན་ཉིད་ཀྱི་གསུང་གི་ལེགས་བཤད་དུ་གཉེར་བའི་བློ་གསལ་རིག་པར་སྨྲ་བའི་སྡེ་སྣོད་འཛིན་པའང་མང་དུ་འདུས། 
དེ་ནས་རྒྱུད་པའི་དབྱར་ཆོས་ཀ་ཚལ་ལ་བཏེགས་པའི་སྟེངས་རྡོ་རྗེ་སློབ་དཔོན་ཆེན་པོ་ཆོས་ལྡན་བློ་གྲོས་སམ་རྒྱར་ཝན་མ་རིའི་ཞལ་སྔ་ནས་དེ་ཉིད་ཞིང་གཞན་དུ་གཤེགས་པའི་ཚུལ་བསྟན་པ་ན། དེའི་ཐུགས་དགོངས་རྫོགས་ཐབས་རྣམས་ལེགས་པར་མཛད་ཅིང་༌། རྗེ་རང་ཉིད་དགུང་ལོ་བཞི་བཅུ་པ་རབ་བྱུང་དགུ་པའི་ལྕགས་ལུག་(༡༥༠༠)ལོར་གསང་ཆེན་སྟོད་རྒྱུད་གྲྭ་ཚང་གི་ཆོས་ཀྱི་ཁྲིར་ཞབས་སེན་གྱི་པདྨོ་རྣམ་པར་བཀོད། ལོ་བཅུ་བཞི་རིང་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་འཆད་ཉན་གནང་། དུས་དེའི་ཚེ་འོད་སྣ་དང༌། ཉི་ལྡིང་ལ་སོགས་པའི་ཆོས་སྡེ་ཆེན་པོ་དེ་དག་གིས་ཀྱང་གསོལ་བ་བཏབ་པ་ལ་བརྟེན་ནས་དེ་དག་གི་གདན་སའང་འཛིན་པར་མཛད་ནས་ཕྱོགས་དེའི་སེར་སྐྱ་རྣམས་ལ་གང་ཕན་གྱི་འགྲོ་དོན་རྒྱ་ཆེར་གནང་། གཞན་ཡང་རྡོ་རྗེ་འཛིན་པ་ཆེན་པོ་ཆོས་ལྡན་བློ་གྲོས་ཞལ་སྔ་ནས་ཀྱིས་རྗེ་འདི་ལ་གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་འཆད་ཉན་གྱི་རྒྱུན་ཉམས་པ་མེད་པར་སྐྱོང་དགོས་པའི་བཀའ་ནན་ཕེབས་པ་ལྟར་རྗེ་འདི་ཉིད་ཀྱིས་ཀྱང་ལོ་རེ་བཞིན་གསང་ཆེན་རིག་པ་འཛིན་པའི་འདུས་པའི་སྡེར་རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་བཀའ་སྲོལ་དྲི་མ་མེད་པ་དཔལ་གསང་བ་འདུས་པའི་མཚོན་གསང་སྔགས་རྒྱུད་སྡེ་རྒྱ་མཚོའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བར་མཛད། 

དགུང་ལོ་སོ་དྲུག་པ་ཆུ་བྱ་ལོར་དཔལ་གསང་བ་འདུས་པའི་བསྐྱེད་རིམ་མཁས་པའི་ཡིད་འཕྲོག རྫོགས་རིམ་ཐར་ལམ་གསལ་སྒྲོན་སོགས་བཀའ་རྩོམ་མཛད་དེ། ལོ་རེ་བཞིན་དེ་དག་གི་རྒྱུན་ཡང་འཛུགས་པ་སོགས་རྣམ་དཀར་གྱི་འཕྲིན་ལས་རྒྱ་ཆེར་སྐྱོང་བཞིན་པའི་མུར། ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པའི་མི་འཇིགས་སེང་གེའི་ཁྲི་ལ་དབང་བསྒྱུར་བར་མཛད་པ། རྒྱལ་དབང་སྐུ་ཕྲེང་གཉིས་པ་ཐམས་ཅད་མཁྱེན་པ་རྗེ་དགེ་འདུན་རྒྱ་མཚོ་དཔལ་བཟང་པོས་རྗེ་འདི་ཉིད་ལ་མདོ་སྔགས་ཟབ་ཆོས་ཀྱི་བཀྲིན་མང་དུ་ནོད་པས་རྗེ་འདི་ཉིད་ཀྱི་གཙུག་གི་ཅོད་པཎ་དུ་གྱུར་པར་མ་ཟད་ཐམས་ཅད་མཁྱེན་པ་ཉིད་ནས་ཀྱང་རྗེ་འདི་ཉིད་དགེ་ལྡན་གྱི་མཁས་གྲུབ་ཀུན་གྱི་ནང་ནས་མཁས་བཙུན་བཟང་གསུམ་སོགས་ལུང་རྟོགས་ཀྱི་ཡོན་ཏན་བླ་ན་མངོན་པར་མཐོ་བ་དང༌། རྗེ་རང་ཉིད་ཀྱིས་སྔོན་གྱི་ཐུགས་བསྐྱེད་ལྟར་དཔལ་ལྡན་མཁས་མང་བློ་གསལ་གླིང་གི་ཆོས་ཀྱི་ཁྲིར་བཞེངས་ན་གཞུང་ཆེན་མོའི་ལེགས་བཤད་ཀྱི་རྩོམ་པ་རྒྱ་ཆེན་པོ་འབྱུང་བ་དང༌། བཤད་སྒྲུབ་འཕྲིན་ལས་ཀྱི་སྒོ་ནས་རྗེ་རྒྱལ་བ་གཉིས་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ནུས་པའི་བློ་གསལ་རིགས་པ་སྨྲ་བའི་དགེ་འདུན་གྱི་སྡེ་དབྱར་གྱི་ཆུ་གཏེར་བཞིན་དུ་འཕེལ་བ་སོགས་ལས་སྨོན་གྱི་མཐུ་གྲུབ་པའི་འཕྲིན་ལས་དུས་སུ་བབ་པ་ཡེ་ཤེས་ཀྱིས་གཟིགས་ནས་ཆབ་ཤོག་གི་ལམ་ནས་རྗེ་འདི་ཉིད་ཀྱི་མཁྱེན་རབ་ཕུལ་དུ་བྱུང་བའི་ཚུལ་ལ་བསྔགས་པ་འདི་ལྟར་མཛད་དེ། སྔོན་བསགས་བསོད་ནམས་གསེར་གྱི་རང་བཞིན་རྣམ་དཔྱོད་ནོར་འཛིན་རབ་ཡངས་པར།། མདོ་སྔགས་གཞུང་བརྒྱའི་ཆུ་ཀླུང་རབ་འཁྱིལ་གྲགས་པ་དབུ་བའི་འཛུམ་དཀར་ཅན།། སྙན་ཚིག་རྦ་རླབས་གཟེགས་མ་རབ་འཐོར་ལོ་རྒྱུས་མུ་ཏིག་འཕྲེང་མཛེས་ནི།། སྔོན་མེད་ལེགས་བཤད་གསར་དུ་རབ་སྤེལ་ཕྱོགས་ཀྱི་བུ་མོའི་རྣ་བའི་རྒྱན།། ཞེས་སོགས་བསྔགས་བརྗོད་དང་འབྲེལ་བའི་སྒོ་ནས་དཔལ་ལྡན་བློ་གསལ་གླིང་གི་འཆད་ཉན་གྱི་ཁྲིར་ཕེབས་དགོས་པའི་རྒྱལ་དབང་དགེ་འདུན་རྒྱ་མཚོའི་བཀའ་ཤོག་དང༌། མི་སྣའི་ངག་ལམ་ནས་ཀྱང་གསོལ་བ་འདེབས་པ་ཡང་ནས་ཡང་དུ་ནན་སྐྱེད་ཆེས་པ་ལ་དཔག་སྟེ་ཞལ་གྱིས་འཆེས་པ་ལ་མངོན་པས་ཞུ་ལན་དུ། རྒྱུད་ཀྱི་འཆད་ཉན་བསྐོ་བ་དང༌། དགོན་པ་གཅིག་གཉིས་གཏོད་གྲུབ་ན་བཀའ་མངགས་མ་བཅགས་ཙམ་ཅི་ཡོང་བལྟ་ཞེས་ཕུལ་བའི་སླར་ཡང་ཞུ་ལན་ཐམས་ཅད་མཁྱེན་པའི་བཀའ་ཤོག་ཏུ། དམ་པའི་ཞལ་བཞེས་རྡོ་ཡི་རི་མོ་བཞིན།། གྲགས་པའི་སྙིང་ལ་ཡི་དམ་ཉིད་དུ་བགྱིད།། དེ་དག་བསྒྲུབ་པའི་ཐབས་ལ་མཁས་པ་ཡང༌།། སྨོས་པར་ཅི་འཚལ་ཚུལ་བཞིན་མཛད་དུ་གསོལ།། ཞེས་སོགས་བཀའ་ལུང་སྔ་ཕྱིར་ནན་གྱིས་ཕེབས་པ་ཁུར་དུ་ལྕི་བར་འགྱུར་ཏེ་མི་རིང་བར་ཆོས་རྗེ་དཀོན་དར་བ་ལ་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་འཆད་ཉན་གྱི་ཁུར་ཐམས་ཅད་གཏད་ནས། རབ་བྱུང་དགུ་པའི་ཤིང་སྤྲེལ་(༡༥༢༤)ལོར་མཁས་གྲུབ་བྱེ་བའི་བསྟི་གནས་དམ་པ་དཔལ་ལྡན་འབྲས་སྤུངས་བློ་གླིང་གྲྭ་ཚང་གི་ཆོས་ཀྱི་ཁྲིར་ཞབས་སེན་པདྨོ་རྣམ་པར་བཀོད། ལོ་ངོ་དྲུག་གི་རིང་ཤིང་རྟ་ཆེན་པོ་རྣམ་པ་གཉིས་ཀྱིས་གཙོས་རྒྱ་བོད་ཀྱི་མཁས་གྲུབ་ཆེན་པོ་དམ་པ་རྣམས་ཀྱིས་མཛད་པའི་ལེགས་པར་བཤད་པའི་གཞུང་ཆེན་མོ་རྣམས་ཀྱི་བཤད་པ་ལེགས་པར་མཛད་པས་བཀའ་རབ་འབྱམས་སྨྲ་བའི་མཁས་མང་རྒྱ་མཚོ་ཆེན་པོར་ཆུ་ཀླུང་འབབ་པ་བཞིན་དུ་འདུས་ཤིང༌། བསླབ་གསུམ་བཤད་སྒྲུབ་ཀྱི་ལུས་སྟོབས་ཡོངས་སུ་རྫོགས་ཤིང་ལེགས་པར་བཤད་པའི་དབྱངས་ཀྱིས་མགྲིན་པའི་མདུད་རྒྱ་རྣམ་པར་གྲོལ་བ་ལུང་དང་རིགས་པའི་འདབ་གཤོག་ཡངས་པོར་བསྐྱོད་པའི་མཁས་གྲུབ་ངང་མོའི་ཁྱུ་མཆོག་ཆེས་མང་དུ་འཕེལ་ཏེ། སྔར་མཁན་ཆེན་དཔལ་བློ་དང༌། མཁས་མཆོག་ལེགས་པ་ཆོས་འབྱོར་གཉིས་ཀྱི་སྐབས་དགེ་འདུན་འཕེལ་རྒྱས། བཤད་སྒྲུབ་འཆད་ཉན་སོགས་ལེགས་པར་བྱུང་མོད། དེ་ལས་ཀྱང་ཆེས་ལྷག་པར་འཕེལ་བ་བྱུང་བ་ཡིན་ནོ། །གཞན་ཡང་རིགས་གྲྭ་གཏོང་ས་གཙུག་ལག་ཁང་གི་ཉམས་གསོ་རྟེན་བཞེངས་མཛད་པ་སོགས་རྣམ་དཀར་གྱི་ཕྱག་རྗེས་འགྲན་པའི་ཟླ་དང་བརལ་བར་མཛད། སྤྱི་སྒེར་གྱི་དགེ་འདུན་ཐམས་ཅད་ཐུགས་རབ་ཏུ་མགུ་བར་བྱུང་ཞིང་རང་ཉིད་ཀྱང་རྗེ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་དྲུང་ནས་སྒྲུབ་ཐབས་རྒྱ་མཚོའི་དཔེ་ལུང༌། བཀའ་གདམས་ལྷ་བཞི་དང༌། ཐིག་ལེ་བཅུ་དྲུག་གི་དབང༌། འཇིགས་བྱེད་ཀྱི་སྔགས་བཏུས། འཇམ་དབྱངས་དཀར་པོ། མི་གཡོ་བ་དཀར་པོ། ཇོ་བོ་ལུགས་ཀྱི་སྒྲོལ་མ་ཉེར་གཅིག གུ་རུ་དྲག་པོ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ། ཡེ་ཤེས་ཁྱུང་ཁྲ། མགོན་པོ་ཕྱག་དྲུག ཆོས་རྒྱལ། འདོད་ཁམས་དབང་ཕྱུག རྣམ་སྲས་གསེར་ཆེན་སོགས་ཀྱི་རྗེས་གནང༌། གྲུབ་རྒྱལ་ལུགས་ཀྱི་ཚེ་དབང༌། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པ་བརྗོད་པ་བཤད་པ། བློ་སྦྱོང༌། ཐུགས་རྗེ་ཆེན་པོའི་དམར་ཁྲིད། ཚིམ་བུ་དམར་ཁྲིད། ཉ་ཁྲིད། ནི་གུ་ཆོས་དྲུག་གི་ཁྲིད། ཚེ་ཁྲིད། སྙིང་པོ་དོན་གསུམ་གྱི་ཁྲིད། འཕོ་ཁྲིད། མགོན་པོ་སྙིང་ཞུགས་ཀྱི་ཁྲིད། ལུ་དྲིལ། འཇིགས་བྱེད་སོགས་ཀྱི་བསྐྱེད་རྫོགས་ཀྱི་ཟབ་ཁྲིད། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་དཔལ་བཟང་པོ་རང་ཉིད་ཀྱི་བཀའ་འབུམ་ཡོངས་སུ་རྫོགས་པ་བཅས་མདོ་སྔགས་ཀྱི་ཆོས་སྐོར་མཐའ་ཡས་པ་གསན་ཏེ་མདོ་སྔགས་གཞུང་ལུགས་མ་ལུས་པའི་གདམས་པའི་གཏེར་ཆེན་པོར་གྱུར། དགུང་ལོ་ཞེ་བརྒྱད་པ་ཤིང་བྱ་ལོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་དགོངས་དོན་ཕྱིན་ཅི་མ་ལོག་པ་རྗེ་ཡབ་སྲས་ཀྱི་མན་ངག་སྙིང་པོ་རྒྱན་ཏེ་བཀྲལ་བའི་ཕར་ཕྱིན་གྱི་རྣམ་བཤད་ཆེན་པོ་ཡུམ་དོན་གསལ་བའི་སྒྲོན་མེ་དང༌། ཕར་ཕྱིན་མཐའ་དཔྱོད་ཡུམ་དོན་ཡང་གསལ་སྒྲོན་མེ། ཕར་ཕྱིན་ཊྲིཀ་ཚིག་དོན་རབ་གསལ་སོགས་མདོ་སྔགས་ཀྱི་གཞུང་ལུགས་མཐའ་ཡས་པའི་དགོངས་འགྲེལ་སྔ་ཕྱི་དུ་མར་རྩོམ་པར་མཛད་པ་རྣམས་ལ་ཇི་ལྟར་རྒྱལ་བའི་ལུང་བསྟན་བརྙེས་པའི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་དག་གིས་གཞུང་ལུགས་རྣམས་ལ་མཁས་དབང་ཆོས་ཀྱི་སྤྱན་ལྡན་རིགས་པའི་དབང་ཕྱུག་དག་གིས་ཇི་ཙམ་དཔྱད་ཀྱང་ཁས་བླངས་སྔ་ཕྱི་འགལ་བ་སོགས་སྐྱོན་གྱི་དྲི་ཙམ་ཡང་བརྟག་པར་མི་ནུས་པ་ལྟར་བདག་ཉིད་ཆེན་པོ་འདིས་ཀྱང་མདོ་སྡེ་དང་རྒྱུད་སྡེའི་དགོངས་པ་འགྲེལ་བའི་བསྟན་བཅོས་ཤིན་ཏུ་མང་པོ་འདི་ཙམ་ཞིག་མཛད་པ་ཐམས་ཅད་ལའང་ཡོན་ཏན་དེ་དག་དང་ལྡན་པ་ཡིན་ནོ།། དགའ་ལྡན་ཤར་རྩེ་གྲྭ་ཚང་བཅས་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་རབ་བྱུང་དགུ་པའི་ཤིང་བྱ་ལོར་ཤར་རྩེ་གྲྭ་ཚང་གི་འཆད་ཉན་གྱི་ཁྲིར་ཕེབས་ཏེ་བློ་ཤར་གྲྭ་ཚང་ཡན་མན་གཉིས་ལུགས་གཉིས་ཀྱི་སྒོ་ནས་ལྷན་ཅིག་ཏུ་སྐྱོང་བ་མཛད་ཅིང༌། གྲྭ་ཚང་ཡན་མན་སོ་སོར་བཞུགས་རིང་མདོ་སྔགས་ཀྱི་ཆོས་འཁོར་བསྐོར་བ་དང༌། གཞུང་ཆེན་མོ་རྣམས་ཀྱི་དགོངས་པ་འགྲེལ་བའི་ལེགས་པར་བཤད་པའི་བསྟན་བཅོས་ཀྱི་རྩོམ་ལ་ཤིང་མོ་བྱི་བ་ལོར་ཕར་ཕྱིན་སྤྱི་དོན་ཡུམ་དོན་གསལ་བའི་སྒྲོན་མེ་དང༌། དེའི་རྗེས་ས་ཁྱི་ལོར་དབུ་མའི་སྤྱི་དོན་ཟབ་དོན་གསལ་བའི་སྒྲོན་མེ་བཀའ་རྩོམ་གནང་བ་མཛད་པ་སོགས་བསྟན་པ་རིན་པོ་ཆེའི་གསོས་སུ་སྨིན་པའི་མཛད་པ་རླབས་པོ་ཆེས་དུས་འདའ་བར་མཛད། དེ་ནས་སླར་ཡང་རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་གདན་ས་ཆེན་པོར་ཕན་ཐོགས་རྒྱ་ཆེན་པོ་འབྱུང་ཞིང་གནས་གཞི་དེ་དག་ལ་ཞིག་གསོས་སོགས་ཀྱི་བཀུར་སྟི་ཕུན་སུམ་ཚོགས་པའི་ཞབས་ཏོག་བསྒྲུབ་པར་བཞེད་པ་སོགས་ཀྱི་ཐུགས་འདུན་དང༌། བསྟན་པའི་ཁུར་ཆེན་བསྣམས་པའི་དམ་པ་མང་པོ་དང་གསུང་སྐྱེས་གྲྭ་བུ་སློབ་སྦྱིན་བདག་རྣམས་ཀྱིས་གདུང་ཤུགས་དྲག་པོ་རྒྱུན་མི་ཆད་པས་གསོལ་བ་བཏབ་པའི་ཉེ་བར་ལེན་པ་ལ་བརྟེན་ནས་དགའ་ལྡན་གསེར་ཁྲི་ཆེན་མོར་ཕེབས་བཞེད་ཀྱིས་མཁས་མང་བློ་གླིང་གྲྭ་ཚང་གི་ཆོས་ཀྱི་ཁྲིར་མཁན་ཁྲི་བཅུ་གསུམ་པ་བོ་དོང་རབ་འབྱམས་པ་དགེ་འདུན་དོན་གྲུབ་འཆད་ཉན་པར་བསྐོས། དེ་ནས་རྗེ་རང་ཉིད་ཐོག་མར་དགའ་ལྡན་ཤར་དུ་ཕེབས་ཏེ་ཀུན་སྤང་ཆེན་པོ་ཆོས་ཀྱི་བཤེས་གཉེན་པའི་དྲུང་ནས་དཔལ་དུས་ཀྱི་འཁོར་ལོའི་སྦྱོར་བ་ཡན་ལག་དྲུག་དང་ཚེ་དབང་ཞིག་ཀྱང་གསན་ཏེ་བླ་མའི་གདན་ས་འཛིན་པ་ཆོས་རྗེ་རིན་ཆེན་འོད་ཟེར་པ་ལ་ཟབ་ལམ་བླ་མའི་རྣམ་འབྱོར་གྱི་ཆོས་འབྲེལ་ཞིག་ཀྱང་ཞུ་བར་མཛད་དོ། ། དགུང་ལོ་ང་གཉིས་བཞེས་པ་རབ་བྱུང་དགུ་པ་འགལ་བ་ཞེས་པའི་ས་གླང་(༡༥༢༩)ལོར་ཚུལ་ཞུགས་ཟླ་བའི་ཡར་ངོའི་དུས་ཚེས་བཟང་པོ་ལ་ཁམས་གསུམ་འགྲོ་བའི་བླ་མ་རྗེ་བཙུན་ཆོས་ཀྱི་རྒྱལ་པོ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་ཆོས་ཀྱི་ཁྲིར་རྗེ་བཙུན་བླ་མ་དམ་པ་འདི་ཉིད་མི་འཇིགས་སེང་གེའི་ཁྲིར་རྒྱལ་ཚབ་ཏུ་ལྷ་མི་ཀུན་གྱིས་མངའ་གསོལ་ཏེ་བཞུགས་པ་ན། རྗེ་བླ་མའི་བསྟན་པ་རིན་པོ་ཆེ་ཚང་ལ་མ་ནོར་བ་འདི་ཉིད་ཕྱོགས་དུས་ཀུན་ཏུ་སྤེལ་བའི་ཐུགས་འདུན་ཚད་མེད་པས་ཀུན་ནས་བསླངས་ཏེ་ཐོག་མར། ཆོས་ཀྱི་རྒྱལ་པོ་ཙོང་ཁ་པའི། །ཆོས་ཚུལ་རྣམ་པར་འཕེལ་བ་དང༌། །གེགས་ཀྱི་མཚན་མ་ཞི་བ་དང༌། །མཐུན་རྐྱེན་མ་ལུས་ཚང་བར་ཤོག །ཅེས་པ་ཚིགས་སུ་བཅད་པའི་སྒོ་ནས་ཐུགས་སྨོན་གྱི་མཚམས་སྦྱོར་མཛད། དེ་ནས་བཟུང་རྒྱུན་དུ་འདུས་པ་རྒྱ་མཚོའི་ཚོགས་པར་ལེགས་པར་བཤད་པའི་ཆོས་ཀྱི་དགའ་སྟོན་རྒྱུན་མི་ཆད་བསྩལ་པ་སོགས་ཀྱི་སྒོ་ནས་རྣམ་དཀར་གྱི་མཛད་པ་བཟང་པོས་ཁྲི་ལོ་ཧྲིལ་པོ་བདུན་གྱི་བར་དུ་བསྐྱངས་ཤིང༌། དེ་ཡང་སྟོན་དཔྱིད་གཉིས་སུ་ཀློག་པ་ཐོས་བསམ་དང༌། དབྱར་དགུན་གཉིས་སུ་སྤོང་བ་བསམ་གཏན་སོགས་འཁོར་ལོ་གསུམ་གྱི་རིམ་པས་དུས་འདའ་བའི་ཕྱག་སྲོལ་བཟང་པོ་ཐུགས་ཉམས་སུ་བཞེས་པའི་མཁས་གྲུབ་ཀྱི་དགེ་འདུན་གྲངས་ལས་འདས་པ་འདུས་པ་དེ་དག་བསྡུ་བའི་དངོས་པོ་བཞིའི་སྒོ་ནས་བསྐྱངས་པས་བསླབ་གསུམ་བཤད་སྒྲུབ་ཀྱི་བསྟན་པའི་ཁུར་འཛིན་ནུས་པའི་དམ་པ་ཡང་ཆེས་མང་དུ་འཕེལ། དེའི་ཚེ་བསྟན་པ་དྲི་མ་མེད་པའི་སྲོལ་བཟང་པོ་དུས་ཀྱི་ཐ་མར་དར་ཞིང་རྒྱས་པའི་ཚུལ་ལ་བདུད་རིགས་ཀྱི་སྡེ་དང་བཅས་པ་མི་བཟོད་པའི་ཟུག་རྔུ་དྲག་པོ་ལྡང་བའི་སྟོབས་ཀྱིས་སེར་དམག་སོགས་ཀྱིས་རྒོལ་གཏད་ཆེ་ཆེར་བྱུང་བ་རྣམས་ཐུགས་དམ་ཟབ་མོའི་ཁོར་ཡུག་ཏུ་འདུས་ཏེ་མྱུར་དུ་ཞི་བར་མཛད་ཅིང་རྒོལ་ཕྱོགས་འཛིན་དང་བཅས་པ་ཐམས་ཅད་ལྷན་ཅིག་ཏུ་སྣུམ་ཟད་གྱི་མར་མེ་བཞིན་རིམ་གྱིས་འགྲིབས་ཏེ་རྨེག་མེད་གདོད་མའི་དབྱིངས་སུ་རྒྱས་བཏབ་ཀྱི་ངོ་བོར་སོང༌། རང་ཕྱོགས་ཀྱི་ལུགས་གཉིས་ཀྱི་བཟང་པོ་རྣམས་མི་ཉམས་དར་རྒྱས་རྒྱུན་ཆགས་པ་གནས་པར་གྱུར་ཅིང་གདན་ས་ཆེན་པོར་རྗེ་བླ་མའི་གསེར་སྐུ་ཆེན་པོ་ངོ་མཚར་རྨད་དུ་བྱུང་བ་བསོད་ནམས་ཀྱི་ཞིང་དུ་བཞེངས་པ་དང༌། དམ་ཆོས་འདུལ་བའི་དགོངས་དོན་ལྟར་བསླབ་གསུམ་གྱི་བཅས་ཁྲིམས་དགེ་འདུན་གྱི་ནང་ཁྲིམས་སོགས་ལ་དག་ཐེར་རྨད་པོ་ཆེ་མཛད་ཅིང༌། གཟིམ་ཁང་ལ་ཞིག་གསོས་རྣམ་པར་དག་པ་གནང་བ་སོགས་ཀྱི་སྒོ་ནས་མཐའ་ཡས་པའི་འགྲོ་བ་ཀུན་གྱི་ཕན་བདེའི་གཞི་སྒོ་དམ་པ་སངས་རྒྱས་ཀྱི་བསྟན་པའི་ཡང་སྙིང་ཞྭ་སེར་ཅོད་པཎ་འཆང་བའི་ལུགས་བཟང་དགེ་ལྡན་བཀའ་རྒྱུད་དྲི་མ་མེད་པའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཐམས་ཅད་དུ་དར་ཞིང་རྒྱས་པའི་ཐབས་ཚུལ་རྨད་དུ་བྱུང་བའི་མཛད་པ་བཟང་པོ་ལོ་ངོ་ཧྲིལ་པོ་བདུན་བར་བསྐྱངས་ཏེ་བཀའ་གདམས་གསར་རྙིང་གི་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན་དང་ཕྱི་ལོ་ལྕགས་སྟག་ལ་འདུལ་བའི་རྣམ་བཤད་ལུང་རིགས་ཀྱི་ཉི་མའི་འགྲེལ་བ། ལྕགས་ཡོས་ལོ་དབུ་མའི་མཐའ་དཔྱོད་ཟབ་དོན་ཡང་གསལ་སྒྲོན་མེ་དང༌། ཤིང་རྟ་ལོར་ཚད་མ་རྣམ་འགྲེལ་གྱི་དཀའ་འགྲེལ་དགོངས་པ་རབ་གསལ། གཞན་ཡང་མཛོད་ཊྲིཀ རྒྱུད་བླ་མའི་ཊྲིཀ། རྒྱལ་རབས་འཕྲུལ་གྱི་ལྡེ་མིག་སོགས་བསྟན་བཅོས་མང་པོ་བཀའ་རྩོམ་གནང༌། མྱོང་བྱེད་ཅེས་པ་རབ་བྱུང་དགུ་པའི་ཤིང་ལུག་ཕྱི་ལོ་༡༥༣༥དགུང་ལོ་ལྔ་བཅུ་ང་བརྒྱད་བཞེས་པ་ན་རྡོ་རྗེ་འཛིན་པ་ཆེན་པོ་ཆོས་སྐྱོང་རྒྱ་མཚོ་གདན་སར་བསྐོས་ཏེ་རྗེ་རང་ཉིད་བདེ་བ་ཅན་གཟིམ་ཁང་དུ་ཟུར་བཞུགས་གནང་སྟེ་གཙོ་བོར་ཐུགས་དམ་ཟབ་མོའི་རིམ་པ་ཐུགས་ཉམས་སུ་བསྟར་ཞིང་སྐལ་བ་མཆོག་དང་ལྡན་པའི་དོན་གཉེར་ཅན་རྣམས་ལ་མདོ་དང་རྒྱུད་སྡེ་རྒྱ་མཚོའི་མན་ངག་གི་ཆོས་ཀྱི་འཁོར་ལོ་མཐའ་ཡས་པ་བསྐོར་བ་མཛད་པ་ཀུན་གྱི་རེ་བ་ཡིད་བཞིན་དུ་སྐོང་བར་མཛད་དེ་བཞུགས་པའི་མུར། དུས་དེའི་ཚེ་ན་དཔལ་ལྡན་འབྲས་སྤུངས་ཆོས་སྡེ་ཆེན་པོའི་ཆོས་ཀྱི་ཁྲི་ལ་དབང་བསྒྱུར་པ་པོ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་དཔལ་བཟང་པོ་མཆོག་རེ་ཞིག་ཞིང་ཁམས་གཞན་དུ་གཤེགས་པ་ན་འབྲས་སྤུངས་སྤྱི་སོ་དང༌། སྣེ་གདོང་རྩེ། སྐྱོར་མོ་ལུང༌། དགའ་ལྡན་ཁང་གསར་སོགས་མཆོད་ཡོན་རྣམས་ཀྱིས་མགྲིན་གཅིག་ཏུ་གསོལ་བ་དྲག་ཏུ་བཏབ་པ་ལྟར། རྗེ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་སྤྲུལ་སྐུ་སླར་ཡང་མ་ཕེབས་བར་དུ་དཔལ་ལྡན་འབྲས་སྤུངས་ཀྱི་ཆོས་སྡེ་ཆེན་པོའི་ཐུགས་འཁུར་བཞེས་པའི་ཞལ་བཞེས་གྲུབ། དགུང་གྲངས་རེ་ལྔ་ཆུ་སྟག་ལོར་དུས་ཚིགས་ཆེན་མོ་ལྗགས་རྩོམ་མཛད། དགུང་ལོ་རེ་དྲུག་རབ་བྱུང་དགུ་པའི་ཆུ་ཡོས་(༡༥༤༣)ལོར་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་ཕྱག་ཕེབས་ཏེ་སྲིད་གསུམ་བསྟན་པའི་རྒྱན་གཅིག་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པའི་ཆོས་ཀྱི་ཁྲི་འཕང་མཐོན་པོར་ཞབས་སེན་གྱི་པད་མོ་རྣམ་པར་འཁོད། སྔར་གྱི་སྒྲིག་ལམ་ཅུང་ཟད་ཉམས་པ་རྣམས་ལེགས་པར་འཆོས་པ་དང་གང་ལ་གང་འཚམས་ཀྱི་ཆོས་ཀྱི་འཁོར་ལོ་རྒྱུན་ཆགས་སུ་བསྐོར་བ་དང༌། བསྟན་པ་དང་སེམས་ཅན་གྱི་དོན་དུ་བོད་ཀྱི་རྡོ་རྗེ་གདན་ཆོས་འཁོར་དཔལ་གྱི་ལྷ་སའི་ར་ས་འཁྲུལ་སྣང་གི་གཙུག་ལག་ཁང་དང༌། རྭ་མོ་ཆེ་ཇོ་བོ་རྣམ་གཉིས་ཀྱི་དྲུང་དུ་སྔོན་སྟོན་པ་ཐུགས་རྗེ་ཅན་གྱིས་མཉན་ཡོད་དུ་ཆོ་འཕྲུལ་ཆེན་པོ་བསྟན་པའི་དུས་ཚེས་དང་སྟབས་མཚུངས་སུ་རྗེ་བླ་མ་ཙོང་ཁ་པ་ཆེན་པོ་ལྷ་ལྡན་སྨོན་ལམ་ཆེན་མོ་ཞེས་ཡོངས་སུ་གྲགས་པ་ལོ་རེ་བཞིན་ཆོ་འཕྲུལ་ཟླ་བའི་དུས་མཆོད་འཛུགས་པར་མཛད་པའི་སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་ཕེབས་ཏེ་མཐུན་འགྱུར་གྱི་ལྗགས་བསྔོ་མཛད་པའི་ཐོག་མ། བདག་དང་གཞན་གྱི་དུས་གསུམ་དང༌། །འབྲེལ་བའི་ཚོགས་གཉིས་ལ་བརྟེན་ནས། །རྒྱལ་བ་བློ་བཟང་གྲགས་པ་ཡི། །བསྟན་པ་ཡུན་རིང་འབྲེ་གྱུར་ཅིག །ཅེས་སོགས་ཀྱིས་བསྔོ་བའི་མཚམས་སྦྱོར་མཛད་ཅིང༌། དེ་བཞིན་དུ་རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་སྔར་གྱི་བཞེད་སྲོལ་མཐའ་དག་མི་ཉམས་པ་སྐྱོང་བར་མཛད། ཕྱོགས་དེའི་སྐྱེ་བོ་རྣམས་ལའང་མཐོང་ཐོས་དྲན་རེག་གི་སྒོ་ནས་གང་ལ་གང་འདུལ་གྱིས་ཕན་འདོགས་པར་མཛད། དཔལ་ལྡན་འབྲས་སྤུངས་སུའང་གཙུག་ལག་ཁང༌། གཟིམ་ཁང་སོགས་ཞིག་རལ་སོང་བ་རྣམས་སླར་གསོས་པ་སོགས་ཀྱི་སྒོ་ནས་དགོན་གནས་ཁྱད་པར་ཅན་དེ་ཉིད་ལྷག་པར་དུ་དར་ཞིང་རྒྱས་པ་ལེགས་ཚོགས་ཀྱི་སྒོ་ནས་དབྱར་དུས་ཀྱི་ཆུ་བོའམ་ཡར་ངོའི་ཟླ་བ་ལྟ་བུར་སྤེལ་བའི་ཕྱོགས་འདིར་བཀྲིན་ཕུལ་དུ་བྱུང་བས་ཀུན་གྱིས་རྗེ་བླ་མ་གང་གི་བཀའི་མཚམས་ལས་གཞར་ཡང་མི་འདའ་བས་དགེ་འདུན་རྣམས་ཀྱང་ཐུགས་མཐུན་ཞིང་བཤད་སྒྲུབ་ཆོས་སྤྱོད་ཀྱི་དགའ་སྟོན་ཉིད་ཀྱིས་དུས་འདའ་བར་གྱུར། དཔལ་ལྡན་འབྲས་སྤུངས་ཆོས་ཀྱི་ཁྲིར་ཕེབས་ལོ་རང་དུ་བསྟན་པ་སྟོབས་ཀྱིས་སྐྱོང་པའི་ས་སྐྱོང་མིའི་བདག་མོ་སངས་རྒྱས་དཔལ་འཛོམས་ཡོན་མཆོད་ཀྱིས་ནན་ཆེར་གསོལ་བ་བཏབ་པ་ལ་བསྟེན་ནས་གངས་རིའི་ཁྲོད་ཀྱི་འདུལ་བ་འཛིན་པ་རྣམས་ཀྱི་ཆུ་འགོ། མཁས་ཤིང་གྲུབ་པ་བརྙེས་པའི་དམ་པ་དུ་མས་བྱིན་གྱིས་རླབས་པའི་ཆོས་གྲྭ་ཆེན་པོ་དཔལ་ལྡན་སྐྱོར་མོ་ལུང་གི་མཁན་ཁྲིར་ཕེབས་ཏེ་བསྟན་པའི་བདག་པོ་ཡིན་པའི་མཐུ་ལས་ཆོས་སྲིད་ལུགས་གཉིས་ཀྱི་མངའ་ཐང་གོང་སྤེལ་དུ་སྐྱོང་བར་མཛད། སྐྱོར་མོ་ལུང་གི་སྡེ་སྲིད་ཀྱི་ཡོ་འཁྱོམས་ཆེན་མོ་བློར་མི་ཆུད་པའི་སྡེ་གཟར་བྱུང་བ་རྣམས་ཀྱི་སྐབས་སུའང་ཅི་བྱ་གཏོལ་མེད་དུ་གྱུར་པའི་སྐྱེ་བོའི་སྡེ་ཐམས་ཅད་རྣམ་པར་འཚེ་བའི་འཇིགས་པ་མ་ལུས་པ་ལས་བསྐྱབས་པར་མཛད་པ་སོགས་ཀྱི་སྒོ་ནས་ཕྱོགས་འདིར་བཀྲིན་ལྷག་པར་ཡང་ཆེ་བར་གྱུར༌། དགུང་ལོ་རེ་དགུ་བཞེས་པ་རབ་བྱུང་དགུ་པའི་མེ་རྟ་ལོར་སེ་ར་ཐེག་ཆེན་གླིང་གི་ཆོས་ཀྱི་ཁྲིར་ཕེབས་ཏེ་དགེ་འདུན་གྱི་སྡེ་ཐམས་ཅད་ཆོས་སྲིད་ལུགས་གཉིས་ཀྱི་སྒོ་ནས་སྐྱོང་བར་མཛད། དེ་བཞིན་དུ་འདི་དག་གི་དུས་སྔ་ཕྱི་ཅི་རིགས་པར། ཕག་མོ་ཆོས་སྡེ། ཉི་སྡིངས། ཀླུང་ཤོད་འོད་སྣ། ཆོས་སྡེ་རིན་ཆེན་གླིང་སོགས་ནས་ཀྱང་ཇི་ལྟར་གསོལ་བ་བཏབ་པ་བཞིན་དེ་དག་གི་གདན་སའང་འཛིན་ཅིང༌། དེ་དག་ཐམས་ཅད་ལ་གང་ལ་གང་འཚམས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་སོགས་ཆོས་དང་ཟང་ཟིང་གཉིས་ཀྱིས་ཚུལ་བཞིན་དུ་སྐྱོང་བར་མཛད་ཅིང་ཆོས་སྡེ་དེ་དག་རང་རང་གི་འགྲིག་ལམ་རྣམ་གཞག་འཆོས་པ་ཅི་མཆིས་བྱི་དོར་མཛད་པ་སོགས་བསྟན་པའི་བྱ་བ་འབའ་ཞིག་གི་དུས་འདའ་བར་མཛད་པ་མ་ཟད། དེ་རྣམས་སུ་རང་རང་གི་ཡུལ་སྲོལ་དང་བསྟུན་པའི་སློབ་འཁོར་ཆེ་འབྲིང་ཆུང་གསུམ་ཐམས་ཅད་ལ་རེ་བ་མ་ཆད་པའི་གནང་སྐྱོང་ཀུན་ལ་མཉམ་པར་མཛད་ཅིང་དོན་མེད་དབང་ཤེད་ཀྱིས་ཀུན་ནས་བསླངས་པའི་ཡོ་ལང་ནམ་ཡང་མི་མཛད་པས་ཐམས་ཅད་ཀྱིས་གུས་པས་བཀུར་བས་རྣམ་དཀར་གྱི་འཕྲིན་ལས་ཤིན་ཏུ་རྒྱ་ཆེ། རྗེ་ཉིད་ལ་ལྷ་དང་བླ་མའི་ཞལ་གཟིགས་ཐོབ་ཚུལ་སོགས་སློབ་འཁོར་ནང་མ་འགར་ཐོལ་བྱུང་དུ་བཀའ་བསྩལ་པ་འགའ་ཞིག་བརྗོད་ན། རྒྱ་བོད་གཉིས་སུ་འཕྲིན་ལས་ནམ་མཁའ་དང་མཉམ་པ་དཔལ་མཉམ་མེད་ཇོ་བོ་ཆེན་པོ་ཨ་ཏི་ཤ འཇམ་མགོན་བླ་མ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ། ལྷག་པའི་ལྷ་མོ་དབང་གི་རྒྱལ་མོ་རྗེ་བཙུན་ཀུ་རུ་ཀུ་ལེ། སྒྲོལ་དཀར་ཡིད་བཞིན་འཁོར་ལོ། བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ། འཕགས་པའི་གནས་བརྟན་བཅུ་དྲུག འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག ཁྲོ་བོའི་དབང་པོ་གཙུག་ཏོར་འཁོར་ལོ་བསྒྱུར་བ་སོགས་ལྷག་པའི་ལྷ་དུ་མའི་སྐུ་སྣང་བ་བསྟན་ཏེ་དངོས་སམ་རྨི་ལམ་དུ་བྱ་བ་ཅི་མཛད་ལུང་སྟོན་པར་མཛད་པ་དང༌། ཁྱད་པར་དུ་ལྷག་པའི་ལྷ་མོ་རྗེ་བཙུན་ཀུ་རུ་ཀུ་ལིའ་ཡི་དམ་གྱི་གཙོ་བོ་ལ་བཟུང་སྟེ་བསྟན་པ་དང་འགྲོ་བའི་དོན་མཐར་ཕྱིན་པའི་ཐུགས་སྨོན་མཛད་པས་འཕྲིན་ལས་ནམ་མཁའ་དང་མཉམ་པ་བྱུང་བ་སོགས་ཡིན། མཐར་རབ་བྱུང་དགུ་པའི་ཤིང་སྟག་(༡༥༥༤)ལོའི་མགོ་ཟླ་བའི་ཚེས་བཅུ་བཞིའི་ཐོ་རངས་ཀྱི་དུས་སུ་ཐམས་ཅད་སྟོང་པ་འོད་གསལ་ཆོས་ཀྱི་སྐུ་མངོན་དུ་མཛད། རྗེ་འདིའི་གསུང་གི་ལེགས་བཤད་མཐོང་ཐོས་སུ་ཡོད་པ་རྣམས་ཕྱོགས་གཅིག་ཏུ་བཀོད་ན་པོད་བཅུ་བཞི་ཡོད་པ་རྣམས་ད་ལྟར་བློ་གསལ་གླིང་དང་དགའ་ལྡན་ཤར་རྩེ་གཉིས་ཀས་པར་བསྐྲུབ་བྱས་ཤིང་། ད་དུང་སོག་ཡུལ་དང་པེ་ཅིན་མི་རིགས་རིག་གནས་ཕོ་བྲང་སོགས་སུ་ཡོད་འདུག་པ་དུ་མ་ཞིག་གྲྭ་ཚང་གི་ལག་ཏུ་སོན་མེད། གསུང་ལས་སྐྱེས་པའི་སློབ་མ་ཡང་བགྲངས་ཀྱིས་མི་ལངས་མོད། སློབ་མའི་གཙོ་ཆེ་འགའ་ཞིག་ཆེ་ལོང་ཙམ་བཀོད་ན་ རྒྱལ་མཆོག་སྐུ་ཕྲེང་གསུམ་པ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ། དགའ་ཁྲི་བཅུ་དགུ་པ་ངག་དབང་ཆོས་གྲགས། དགའ་ཁྲི་ཉི་ཤུ་པ་བདེ་བ་ཅན་པ། དགའ་ཁྲི་ཉེར་ལྔ་པ་རྒྱལ་ཁང་རྩེ་བ་དཔལ་འབྱོར་རྒྱ་མཚོ། རྡོ་རྗེ་སློབ་དཔོན་ཉི་མ་བཟང་པོའི་ཞལ་སྔ་ནས་དང་། དཔལ་ངག་དབང་ཆོས་ཀྱི་གྲགས་པ། རྒྱུད་པ་ནམ་མཁའ་གྲགས་པ། རྡོ་རྗེ་འཛིན་པ་དཀོན་ཅོག་དར་རྒྱས། རྡོ་རྗེ་འཛིན་པ་ཆོས་སྐྱོང་རྒྱ་མཚོ། བྱ་བྲལ་བ་ལྷ་དབང་རྒྱ་མཚོ་སོགས་བསྟན་འགྲོའི་ཁུར་ཆེན་འདེགས་ནུས་པའི་མཁས་གྲུབ་ཀྱི་སློབ་མ་ནམ་མཁའི་སྐར་ཚོགས་ལྟར་ལྟར་བྱོན། (རྣམ་ཐར་ཅུང་ཟད་རྒྱས་པ་ཁོ་བོས་བརྩམས་པའི་འཕགས་བོད་ཆོས་འབྱུང་གླེགས་བམ་གཉིས་པའི་ནང་དུ་གསལ་བས་དེར་གཟིགས་དགོས)།