དགའ་ལྡན་ཁྲི་ཐོག་བཅུ་དྲུག་པ་རྒྱ་ར་ཆོས་སྐྱོང་རྒྱ་མཚོ་

ཡོང་ཁུངས་Wikipedia

དགའ་ལྡན་ཁྲི་ཐོག་བཅུ་དྲུག་པ་རྒྱ་ར་ཆོས་སྐྱོང་རྒྱ་མཚོ་ནི། རབ་བྱུང་བརྒྱད་པའི་ཆུ་སྦྲུལ ༡༤༧༣ ལོར་དབུས་སྟོད་ཞོགས་མདའ་རྒྱ་རར་སྐུ་འཁྲུངས། ཆུང་ངུའི་དུས་སུ་སྔར་འགྱུར་རྙིང་མའི་ཆོས་སྐོར་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་རབ་རྣམས་གསན། དེ་རྗེས་བྲག་དབར་དུ་རབ་ཏུ་བྱུང་ནས་དབུ་མ་གསན་ཅིང༌། དེ་ནས་འབྲས་སྤུངས་སུ་བྱོན་ཏེ་བློ་གླིང་ཆོས་རྗེ་ལེགས་པ་ཆོས་འབྱོར་རམ་འཇམ་དབྱངས་དགའ་བློར་བསྟེན་ནས་ཕར་ཚད། འདུལ་མཛོད། དབུ་མ་བཅས་དཀའ་ཆེན་རྣམས་ལ་སྦྱངས་པས་སྟོན་པ་བཟང་བ་དང༌། མཁྱེན་རབ་ཆེ་བས་ལེགས་པར་མཁྱེན་པའི་མཁས་པའི་ཕུལ་དུ་གྱུར། རྒྱུད་སྨད་དུ་བྱོན་ནས་རྗེ་ཤེར་བཟང་པའི་དྲུང་ནས་གསང་འདུས་རྩ་བཤད་ཀྱི་རྒྱུད་ཡོངས་རྫོགས་དང༌། འགྲེལ་པ་རྣམས། བདེ་མཆོག་གི་སྐོར་དང༌། དུས་འཁོར་ལ་སོགས་པའི་རྒྱུད་སྡེ་བཞི་ཀའི་སྐོར་དང༌། ཁྱད་པར་དུ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་རྩ་བཤད་རྒྱུད་འགྲེལ་མན་ངག་བསྐྱེད་རྫོགས་རྣམས་དང༌། འཕྲུལ་འཁོར་དང་དྲུག་ཅུ་པའི་སྐོར་ཀུན་དང༌། ཡེ་ཤེས་མགོན་པོའི་བསྙེན་སྒྲུབ་ལས་གསུམ་གྱི་གདམས་པ་མ་ལུསཔ་གསན་ཅིང༌། དེ་བཞིན་དུ་རྒྱུད་པ་ཚུལ་བཟང་བ་ལ་མདོ་སྔགས་ཀྱི་སྐོར་མང་པོ་གསན་པས་བསྟན་པའི་བདག་པོར་གྱུར། རབ་བྱུང་དགུ་པའི་ལྕགས་འབྲུག་ ༡༥༢༠ ལོར་རྒྱུད་སྨད་ཀྱི་ཁྲིར་ཕེབས་ནས་ཆུ་སྦྲུལ་ལོའི་བར་ལོ་བཅུ་བཞིར་འཆད་ཉན་མཛད། པཎ་ཆེན་ཆོས་འབྱུང་དུ་ལོ་བཅོ་ལྔ་སྐོར་གནང་བར་གསུངས། དེ་ཡང་གསང་བདེ་གཉིས་ཀྱི་རྩ་བཤད་རྒྱུད་འགྲེལ་འགྲེལ་བཤད་ཡོངས་རྫོགསདང༌། རྡོ་རྗེ་འཇིགས་བྱེད་ཀྱི་རྩ་རྒྱུད་དང་འགྲེལ་པ་བཞིར་བསྐྱེད་རྫོགས་ཆེན་མོ་དང་སྦྱར་ནས་གསུངས་པ་དང༌། སྐབས་དེ་ཙམ་ན་རྒྱུད་རྩ་འགྲེལ་མན་ངག་མ་ལུས་པ་འཛིན་པའི་ངེས་དོན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་རིག་པ་འཛིན་པས་བོད་ཁམས་མ་ལུས་པར་ཁྱབ་པར་གྱུར། རྒྱུད་ཆེན་བརྩོན་འགྲུས་འཕགས་པ་སོགས་ཀྱིས་རྗེ་འདི་ལས་གསན་ནས་ཁྲིད་ཆེན་བརྒྱད་སོགས་ཀྱི་བཤད་རྒྱུན་གཙང་དུའང་དར་བ་ཀུན་མཁྱེན་འཇམ་དབྱངས་བཞད་པ་སོགས་ཀྱིས་ཐོབ་ཚུལ་བཤད་ལ། དེ་ལྟར་རྒྱུད་ཀྱི་འཆད་ཉན་གནང་བཞིན་པའི་སྟེང་ནས་བྱང་རྩེར་ཕེབས་ཏེ། མདོ་སྔགས་ཀྱི་ཆོས་འཁོར་རྒྱུན་མི་ཆད་དུ་བསྐོར་བས་སྔར་ལས་ཀྱང་འཕྲིན་ལས་རྒྱ་ཆེན་གོང་འཕེལ་དུ་གྱུར་པ་སྟེ། གསང་བདེ་འཇིགས་གསུམ་གྱི་བསྐྱེད་རྫོགས་སྔར་ཕྱི་མང་པོ་མཛད་ཅིང༌། གསང་འདུས་བསྐྱེད་རྫོགས་ལེགས་པ་ཆེ་ཆུང་གཉིས་ཡོད་པར་ཀུན་མཁྱེན་འཇམ་བཞད་པས་གཟིགས་ཚུལ་གསུངས། དེ་བཞིན་དུ་ཕྱག་རྡོར་འཁོར་ལོ་ཆེན་པོའི་བསྙྙེན་སྒྲུབ་ལས་གསུམ་གྱི་བྱིན་རླབས་བཞི་ལྡན་གྱི་ཁྲིད་ཡིག་དང༌། ཕྱག་རྡོར་གསང་བ་བསམ་གྱིས་མི་ཁྱབ་པའི་ཁྲིད་ཡིག ཆོས་དྲུག་གི་ཁྲིད་ཡིག་རྣམས་ཡོད་ཚུལ་གསུངས། ཆོས་སྐྱོང་རྒྱ་མཚོའི་ལྟ་ཁྲིད་ཅེས་འཇམ་བཞེད་ཞབས་དྲུང་ཨ་ཁུ་ཤེས་རབ་རྒྱ་མཚོའི་གསུང་ཁྲོད་དུ་ཡོད་པ་དང༌། ཁྲིད་ཆེན་བརྒྱད་ཀྱི་ཟིན་བྲིས་རྒྱུད་སྨད་གྲྭ་ཚང་གི་འཆད་ཉན་ནང་ཡོད་པ་དེ་ཡང་རྗེ་འདིས་མཛད། དེ་བཞིན་དུ་དུས་འཁོར་གྱི་སྐོར་ཡང་མང་པོ་གསུངས་ཤིང༌། དགུང་གྲངས་རེ་བཞི་པ་མེ་སྤྲེལ་༡༥༣༦ལོ་ལ་རྒྱལ་བ་གཉིས་པའི་གདན་སར་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་ཁྲིར་ཕེབས་ཏེ། འཆད་རྩོད་རྩོམ་པའི་མི་འཇིགས་སེང་གེའི་སྒྲ་དབྱངས་མཐོན་པོར་སྒྲོགས། རྡོ་རྗེ་འཇིགས་བྱེད་ཀྱི་གསལ་སྣང་དང་ང་རྒྱལ་གྱིས་སྡང་མིགགཡོ་བ་ཙམ་གྱིས་ནག་ཕྱོགས་བདུད་རིགས་དཔུང་ཚོགས་ཕྱིར་མིག་ཙམ་ཡང་བལྟ་བ་མི་བཟོད་པའི་གཟི་བརྗིད་ཉི་མ་འབུམ་ལས་ལྷག་པར་འཕྲོ་ཞིང༌། མཐུ་སྟོབས་རྭ་རྩེ་རྣོན་པོ་འོག་མིན་གྱི་བར་དུ་བསྒྲེངས་པར་མཛད་པས་ནག་ཕྱོགས་ལྷ་མིན་དཔུང་ཚོགས་གནོད་འཚེ་མཚོན་ཆ་མ་ལུས་ཅིག་ཅར་དུ་ས་ལ་ལྷུང་བར་མཛད་ཅིང༌། དྲེགས་ལྡན་ཆེ་རྒུ་མཐའ་དག་ཅིག་ཅར་ཁ་སྦུབ་ཏུ་ཞབས་འོག་ཏུ་གནོན་པར་མཛད་ནས་ནག་ཕྱོགས་ཐམས་ཅད་མིང་གི་ལྷག་མར་བྱས་པས་རྒྱལ་བ་གཉིས་པའི་རིང་ལུགས་ས་གསུམ་མ་ལུས་པ་བདག་གིར་མཛད་དེ། ལེགས་བྱས་ཀྱི་སྒོ་འཕར་ཡངས་པོར་ཕྱེས། རྗེ་དྲུང་ཤེས་རབ་དབང་པོ་སོགས་སྐལ་ལྡན་གྱི་སློབ་མ་མང་པོར་གསང་བ་འདུས་པའི་རྒྱུད་འགྲེལ་ཆ་ལག་དང་བཅས་པ་དང༌། རིམ་ལྔ་གསལ་སྒྲོན། བསྐྱེད་རིམ་རྣམ་བཤད། བརྟག་གཉིས། བདེ་གསང་འཇིགས་གསུམ་གྱི་བསྐྱེད་རྫོགས་འཁྲིད་ལག་རྗེས་རྣམས་དང༌། གཞན་ཡང་མདོ་སྔགས་ཀྱི་ཆོས་མང་པོ་གསུངས། རྗེ་དྲུང་ཤེས་རབ་དབང་པོའི་རྣམ་ཐར་ངོ་མཚར་རྨད་དུ་བྱུང་བ་དད་པའི་འཇུག་ངོགསསོག་གྲངས་༢༥། དེ་ལྟར་ལོ་བཞིའི་བར་དུ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་གཞན་དང་མི་མཉམ་པ་བསྐོར་བས་ན། རྗེ་དགེ་འདུན་རྒྱ་མཚོས་ཀྱང༌། གཞན་ལས་ཕུལ་བྱུང་མ་ཞེས་པའི་ཚིག་དོན་བཟང་པོའི་བསྟོད་པར་མཛད་དོ། བཻ་སེར་དུ་དུས་དེར་འོད་སྣ་སོགས་དབུས་སྟོད་ཀྱི་ཆོས་སྡེ་ཕལ་ཆེར་འབྲི་གུང་པས་བདག་བྱས་ཤིང་ཤར་པ་དང་འབྲེལ་ཆགས་པས་གཏོང་མ་འཕང་རེས་མཛད་པ་ཡིན། ཞེས་ཀྱང་གསུངས། ཕྱག་རྗེས་སུ་ཐུབ་དབང་གི་གོས་སྐུ་ཆེན་པོ་འདི་བཞེངས། དགའ་ལྡན་ཆོས་འབྱུང་བཻ་སེར་དང༌། མཁར་ནག་ལོ་ཙཱ་བས་ཤིང་ལུག་ལ་ཁྲིར་ཕེབས་པར་འདོད་པ་ལྟར་ན་ལོ་ལྔར་ཁྲི་པ་མཛད་པ་དང༌། མཁས་དབང་སྟག་ལུང་བྲག་པས་མེ་སྤྲེལ་གསུངས་པས་ཀུན་མཁྱེན་བླ་མས་དེ་ཁུངས་བཙན་པར་མཛད་སྣང་བས་དེ་ལྟར་ན་ལོ་བཞིར་ཁྲི་པར་མཛད། དགུང་གྲངས་རེ་བདུན་པ་རབ་བྱུང་དགུ་པའི་ས་ཕག་ ༡༥༣༩ ལོར་སྐུ་གཤེགས་པའི་ཚེ་མེ་ཏོག་གི་ཆར་དང་འཇའ་འོད་ཁ་དོག་སྣ་ལྔ་ཟུག་པ་སོགས་ངོ་མཚར་བའི་ལྟས་མང་པོ་བྱུང༌། དུས་མཆོད་ཀྱང་ཚ་བྲ་ཆེན་མོ་དཔོན་བརྒྱུད་ཀྱིས་རིང་པོའི་བར་འཛིན་སྣང༌། གདུང་རྟེན་དངུལ་གྱི་མཆོད་སྡོང་རྒྱ་གུར་ནང་ན་མཁས་གྲུབ་རིན་པོ་ཆེའི་དངུལ་གདུང་གི་གཡོན་ཟུར་དུ་བཞུགས་སོ། ། གསུང་ལས་སྐྱེས་པའི་སློབ་མ་མདོ་སྔགས་རབ་འབྱམས་ལ་མཁས་པའི་གཞན་དོན་མཐར་ཕྱིན་ནུས་པའི་རྡོ་རྗེ་འཛིན་པ་རྒྱུད་ཆེན་རྒྱལ་མཚན་བཟང་པོ། རྒྱུད་ཆེན་ཆོས་གྲགས་བཟང་པོ། རྒྱུད་ཆེན་བརྩོན་འགྲུས་འཕགས་པ། རྒྱུད་ཆེན་དྭགས་པོ་ནམ་མཁའ་གྲགས། ཁྲི་ཆེན་མངོན་དགའ་བྱམས་པ་རྒྱ་མཚོ་ལ་སོགས་པ་མང་པོ་བྱོན།