དགའ་ལྡན་ཁྲི་ཐོག་དོན་གཉིས་པ་གཙང་ཐོབ་རྒྱལ་འཇམ་དཔལ་ཚུལ་ཁྲིམས་

ཡོང་ཁུངས་Wikipedia

དགའ་ལྡན་ཁྲི་ཐོག་དོན་གཉིས་པ་གཙང་ཐོབ་རྒྱལ་འཇམ་དཔལ་ཚུལ་ཁྲིམས་ནི། རབ་བྱུང་བཅུ་གསུམ་པའི་ས་གླང་༡༧༦༩ལོར་གཙང་ཐོབ་རྒྱལ་དུ་སྐུ་འཁྲུངས། སྐུ་ན་ཆུང་དུས་གངས་ཅན་ཆོས་འཕེལ་གླིང་དུ་ཆོས་ཞུགས་གནང་ནས་ཡི་གེ་འབྲི་ཀློག་ལ་བསླབས། སྐུ་ན་སོན་པ་དང་དབུས་སུ་ཕེབས་ནས་སེར་བྱེས་གྲྭ་ཚང་དང་གཙང་པ་ཁང་ཚན་དུ་ཆོས་ཞུགས་མཛད། གཙང་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར་ལས་དགེ་ཚུལ་གྱི་སྡོམ་པ་མནོས། རྒྱལ་དབང་འཇམ་དཔལ་རྒྱ་མཚོའི་དྲུང་ནས་དགེ་སློང་གི་སྡོམ་པ་མནོས། སེར་བྱེས་མཁན་པོ་བློ་བཟང་མཁས་གྲུབ་སོགས་ལ་བསྟེན་ནས་བསྡུས་གྲྭ་ནས་བཟུང་ཚད་མའི་གཞུང་དང༌། དབུ་ཕར། མཛོད་བཅས་པའི་མདོ་ཕྱོགས་ཀྱི་གཞུང་ཆེན་པོའི་སློབ་གཉེར་མཐར་ཕྱིན་ནས་རྒྱུད་སྨད་དུ་ཞུགས། གསང་ཆེན་རྒྱུད་སྡེའི་གཞུང་ལུགས་ལ་བརྩོན་པ་རྒྱ་ཆེར་གནང་ནས་མདོ་སྔགས་གཉིས་ཀར་གཞན་དྲིང་མི་འཇོག་པའི་མཁས་པའི་གོ་སར་བསྙེགས། རྒྱལ་དབང་འཇམ་དཔལ་རྒྱ་མཚོ་དང༌། པཎ་ཆེན་བསྟན་པའི་དབང་ཕྱུག རྗེ་བྱམས་པ་སྨོན་ལམ། བྱ་བྲལ་ངག་དབང་དོན་འགྲུབ། ཁྲི་ཆེན་ངག་དབང་ཚུལ་ཁྲིམས་སོགས་ལས་མདོ་སྔགས་ཀྱི་ལམ་རིམ་དང༌། གཞན་ཡང་རྒྱུད་སྡེ་ཁག་གི་དབང་དང་མན་ངག་ལུང་དང་བཀའ་ཁྲིད་ཤིན་ཏུ་མང་པོ་ཞུས། དེ་ནས་རྒྱུད་སྨད་མཁན་པོ་སྟག་བྲག་སྐུ་ཕྲེང་དང་པོ་ངག་དབང་ཆོས་འཕེལ་རྒྱུད་སྨད་བླ་མ་དང་མཁན་ཁྲི་ལས་ཟུར་པའི་ཚབ་ཏུ་རིམ་བཞིན་རྒྱུད་སྨད་བླ་མ་དང་མཁན་ཁྲིར་ཕེབས་ནས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཁྲི་ཆེན་བརྒྱད་དང་རྟ་དབྱངས་རྡུལ་ཚོན་བཅས་པ་མི་ཉམས་རྒྱུན་འཛིནགྱི་འཆད་ཉན་རྒྱ་ཆེར་གནང༌། བརྒྱུད་འདེབས་ལས། བློབཟང་འཇམ་དཔལ་སྙིང་པོའི་རིང་ལུགས་མཆོག །བཤད་དང་སྒྲུབ་པས་འཛིན་སྐྱོང་སྤེལ་མཛད་ཅིང༌། །ཚུལ་ཁྲིམས་ནོར་བུའི་ཐུགས་རྒྱུད་ཡོངས་གཏམས་པའི། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཞེས་འབྱུང་བ་ཡང་རྗེ་འདི་ཉིད་ཀྱི་གསོལ་འདེབས་ཡིན་ནོ། །དགུང་ལོ་ང་ལྔ་པ་རབ་བྱུང་བཅུ་བཞི་པའི་ཆུ་རྟ་༡༨༢༢ལོར་བྱང་རྩེ་ཆོས་རྗེ་བཅས་ཀྱི་ཁྲིར་ཕེབས། དེ་ནས་དགུང་གྲངས་རེ་གཉིས་པ་རབ་བྱུང་བཅུ་བཞི་པའི་ལྕགས་སྟག་༡༨༣༠ལོར་དགའ་ལྡན་གྱི་ཁྲིར་ཕེབས་ཏེ། འཇམ་མགོན་རྒྱལ་བ་གཉིས་པའི་བསྟན་པ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་བླ་ན་བཏེགས། ཁྲི་ཆེན་འདིའི་སྐབས་སེར་བྱེས་སྦ་ཏི་ཁང་ཚན་གྱི་ཁོངས་གཏོགས་གཙང་པ་མི་ཚན་ལོགས་སུ་ཐོན་ནས་ཕྱེད་སེར་སྨད་དང༌། ཕྱེད་སེར་བྱེས་གྲྭ་ཚང་རང་འཇགས་ཐོག་གཙང་པ་ཁང་ཚན་ཟུར་དུ་བཙུགས་པ་ཡིན་ཞེས་གྲྭ་བགྲེས་འགའི་གསུང་རྒྱུན་ལ་སྣང་ཚུལ་དུང་དཀར་ཚིག་མཛོད་དུ་གསུངས། ཁྲི་ལོ་བདུན་རིང་བསྐྱངས་རྗེས་དགུང་ལོ་རེ་དགུ་པ་རབ་བྱུང་བཅུ་བཞི་པའི་མེ་བྱ་༡༨༣༧ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ། རྣམ་ཐར་ངག་རྒྱུན་ཙམ་ལས་ཡི་གེར་འཁོད་པ་མི་སྣང༌།